ཀུན་མཁྱེན་རྣམ་འགྲེལ་མཐའ་དཔྱོད་ལས་འབྲེལ་བ་ངེས་བྱེད་ཀྱི་ཚད་མ་བཤད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-05-10 21:16:25     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

 

77996044631369659.jpg

                  གསུམ་པ་འབྲེལ་བ་ངེས་བྱེད་ཀྱི་ཚད་མ་བཤད་པ་ལ། ཤེས་བྱ་ཆོས་ཅན། བྱས་རྟགས་ཀྱིས་དེ་སྒྲུབ་ཀྱི་རྗེས་ཁྱབ་དང་དེ་ཉིད་ཀྱི་ཆ་ཤས་བྱས་པ་མི་རྟག་པ་ལ་འབྲེལ་བ་ངེས་བྱེད་ཀྱི་ཚད་མ་ཡོད་དེ། འབྲེལ་བའི་དོན་ལྡོག་གི་ཕྱོགས་གཅིག་བྱས་པ་མི་རྟག་པ་ཐ་དད་མངོན་སུམ་གྱིས་གྲུབ་ཅིང༌། དེའི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་གཉིས་རྗེས་དཔག་གིས་འགྲུབ་པའི་ཕྱིར། རྗེས་དཔག་དེ་ཆོས་ཅན། ཁྱོད་ཀྱི་རྟེན་གཏན་ཚིགས་ཡོད་དེ། སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་སྒྲུབ་བྱེད་ལྟོས་མེད་ཀྱི་རྟགས་དང་ལྡོག་ཁྱབ་སྒྲུབ་པ་གནོད་པ་ཅན་གྱི་རྟགས་གཉིས་ཡོད་པའི་ཕྱིར། དང་པོ་ལ། རྟགས་འགོད་པ་དང་ཚུལ་སྒྲུབ་པ་གཉིས་ལས། དང་པོ་ནི། བྱས་པ་ཆོས་ཅན། རང་གྲུབ་ཙམ་ནས་འཇིག་པའི་ངོ་བོ་ཡིན་ཏེ། ཁྱོད་འཇིག་པར་འགྱུར་བ་རང་ལས་ཕྱིས་འབྱུང་གི་རྒྱུ་སོགས་ལ་ལྟོས་པ་མེད་པར་རང་རྒྱུ་ལས་འཇིག་པར་སྐྱེས་པའི་ཕྱིར། དཔེར་ན་གློག་བཞིན་ཞེས་སོ། །གཉིས་པ་ནི། ཁྱབ་པ་དེ་དཔེའི་སྟེང་དུ་མངོན་སུམ་གྱི་སྟོབས་ཀྱིས་ངེས་པར་བྱེད་ཅིང་ཕྱོགས་ཆོས་ནི། ཕྱིས་འབྱུང་གི་རྒྱུས་བྱས་པའི་ངོ་བོ་དངོས་མེད་ཀྱང་མི་སྐྱེད། བྱས་པའི་ངོ་བོ་དངོས་པོ་ཡང་མི་སྐྱེད་པའི་ཕྱིར། རང་ཉིད་འཇིག་པ་རང་ལས་ཕྱིས་འབྱུང་གི་རྒྱུ་ལ་མི་ལྟོས་པའི་དངོས་པོ་ཆོས་ཅན། ཁྱོད་བྱས་པ་མི་རྟག་པ་དང་འབྲེལ་བའི་རང་ལྡོག་གི་ཕྱོགས་གཅིག་སྒྲུབ་བྱེད་ལྟོས་མེད་ཀྱི་རྟགས་ཡིན་ཏེ། བྱས་པ་མི་རྟག་པ་དང་ཐ་དད་མི་རྟག་པ་ལོག་སྟོབས་ཀྱིས་བྱས་པ་ལྡོག་པ་དེ་དེ་དང་འབྲེལ་བའི་རང་ལྡོག་གི་དོན་ཡིན་ལ། དེའི་ཆ་སྔ་ཕྱི་ནི་རང་ལྡོག་གི་ཕྱོགས་རེ་ཡིན་པས་དེའི་ཆ་སྔ་མ་ཐ་དད་པ་མངོན་སུམ་གྱིས་གྲུབ་ཅིང༌། ཁྱོད་དེའི་ཆ་ཕྱི་མ་སྒྲུབ་བྱེད་ཀྱི་གཏན་ཚིགས་ཡིན་པས་ན་ཕྱོགས་གཅིག་སྒྲུབ་བྱེད་དང༌། ཕྱིས་འབྱུང་གི་རྒྱུ་ལ་མི་ལྟོས་པའི་རྟགས་སུ་བཀོད་པས་ན་ལྟོས་མེད་ཀྱི་རྟགས་ཞེས་བཤད་པ་ཡིན་པའི་ཕྱིར། བྱས་པའི་རྟགས་སུ་བཀོད་པས་ན་བྱས་རྟགས་ཞེས་བཤད་པ་བཞིན་ཇི་སྐད་དུ། རྣམ་ངེས་དར་ཊིཀ་ལས། བྱས་པ་མི་རྟག་པ་དང་འབྲེལ་བའི་དོན་དུ། མི་རྟག་པ་དང་ཐ་དད་མི་རྟག་པ་ལོག་པའི་སྟོབས་ཀྱིས་ལྡོག་པའི་ཟུར་སྔ་མ་ནི་མངོན་སུམ་ཚད་མས་གྲུབ་ལ་ཕྱི་མ་ནི་ཞེས་དང༌། མཁས་གྲུབ་ཊིཀ་ཆེན་ལས། བྱས་པ་མི་རྟག་པ་དང་འབྲེལ་བའི་དོན་ལྡོག་ནི་བྱས་མི་རྟག་ཐ་དད། མི་རྟག་པ་བཀག་ན་བྱས་པ་ཁེགས་པ་ཡིན་ལ་བྱས་མི་རྟག་ཐ་དད་དུ་བྱས་མི་རྟག་གི་དོན་སོ་སོར་ཤར་བའི་རྟོག་པ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་གྱིས་ཤུགས་ལ་གྲུབ་ཅེས་དང༌། སྡེ་བདུན་རྒྱན་ལས། ཁྱབ་པ་ནི་རྗེས་དཔག་ཚད་མས་ངེས་པར་བྱེད་པ་ཡིན་པས་དེའི་རྟེན་རྟགས་ལ་རྗེས་ཁྱབ་སྒྲུབ་པ་ལྟོས་མེད་ཀྱི་རྟགས་དང་ཞེས་གསུངས་པའི་ཕྱིར། ཞར་ལ་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ངེས་བྱེད་ཀྱི་ཚད་མ་ཡོད་དེ། དབང་རྣོན་གྱིས་མངོན་སུམ་ཚད་མས་ངེས། དབང་རྟུལ་ཁ་ཅིག་ཐ་སྙད་སྒྲུབ་ཀྱི་རྟགས་ལ་བརྟེན་པའི་རྗེས་དཔག་གིས་ངེས་པའི་ཕྱིར་རོ། །

           གཉིས་པ་ལྡོག་ཁྱབ་ངེས་བྱེད་གནོད་པ་ཅན་གྱི་རྟགས་ལ་རྟགས་དགོད་པ་དང༌། ཚུལ་སྒྲུབ་པ་གཉིས། དང་པོ་ནི། རྟག་པ་ཆོས་ཅན། བྱས་པས་སྟོང་སྟེ། རིམ་དང་ཅིག་ཅར་གྱི་དོན་བྱེད་པས་སྟོང་པའི་ཕྱིར། དཔེར་ན། འདུས་མ་བྱས་ཀྱི་ནམ་མཁའ་བཞིན། ཞེས་པའོ། །གཉིས་པ་ལ་ཁྱབ་པ་ཡོད་དེ། རིམ་དང་ཅིག་ཅར་གང་རུང་མ་ཡིན་པའི་དོན་བྱེད་ཚུལ་མེད་པའི་ཕྱིར། ཕྱོགས་ཆོས་ནི་ཅིག་ཅར་འབྲས་བུ་ཐམས་ཅད་མི་སྐྱེད་པར་ཐལ། འབྲས་བུ་རྣམས་རིམ་གྱིས་སྐྱེ་བར་མངོན་སུམ་གྱིས་གྲུབ་པའི་ཕྱིར། རིམ་གྱིས་འབྲས་བུ་སྐྱེ་ན། འོ་ན་རྒྱུ་ཡང་སྔ་ཕྱི་རིམ་པ་དུ་མ་ཡོད་པར་ཐལ། འབྲས་བུ་རྣམས་རིམ་གྱིས་སྐྱེ་བ་དེའི་ཕྱིར། འདོད་ན། རྟག་པ་གཅིག་པུར་འདོད་པ་ཉམས་སོ། །རིམ་དང་ཅིག་ཆར་གྱི་དོན་བྱེད་པས་སྟོང་པ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་ཁྱབ་དང་བྱས་པ་མི་རྟག་པ་དང་འབྲེལ་བའི་དོན་ལྡོག་གི་ཕྱོགས་གཅིག་སྒྲུབ་བྱེད་གནོད་པ་ཅན་གྱི་རྟགས་ཡིན་ཏེ། དེ་དེ་དང་འབྲེལ་བའི་དོན་ལྡོག་གི་ཕྱོགས་གཅིག་མི་རྟག་པ་ལོག་ན་བྱས་པ་ལྡོག་མི་དགོས་སྙམ་པ་ལ་གནོད་པར་བྱེད་པའི་རྟགས་ཡིན་པའི་ཕྱིར། དེས་ན་ཚུལ་གསུམ་སྒྲུབ་བྱེད་སོ་སོར་བཤད་པ་དག་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚད་མ་གསུམ་སོ་སོའི་སྒྲུབ་བྱེད་ཀྱང་ཡིན་ཏེ། ཕྱོགས་ཆོས་སྒྲུབ་བྱེད་ནི་རྟགས་ཀྱི་མཚན་གཞི་སྒྲུབ་བྱེད་དང༌། ཕྱོགས་ཆོས་ངེས་པའི་ཚད་མ་རྟགས་ཀྱི་མཚན་གཞི་ངེས་པའི་ཚད་མར་འགྱུར། རྗེས་ཁྱབ་སྒྲུབ་བྱེད་ཀྱིས་དགག་བྱའི་ཆོས་དང་བསྒྲུབ་བྱའི་ཆོས་འགལ་བ་ཤུགས་ལ་སྒྲུབ་ཅིང༌། ཚད་མས་ཀྱང་དེ་ལྟར་རྟོགས། ལྡོག་ཁྱབ་སྒྲུབ་བྱེད་གནོད་པ་ཅན་གྱི་རྟགས་ནི་དགག་བྱའི་ཆོས་འགོག་བྱེད་དངོས་ཡིན་ལ་དགག་ཆོས་སྒྲུབ་ཆོས་འགལ་བ་ཤུགས་ལ་འཕེན་པའི་ཕྱིར། རྣམ་བཤད་ལས། གནོད་པ་ཅན་གྱི་རྟགས་ལ་བརྟེན་ནས་སྒྲུབ་པ་ཡིན་ཏེ། སྔར་རྗེས་ཁྱབ་འགྲུབ་པ་ལ་ཚད་མ་གསུམ་དགོས་པར་བཤད་པའི་ཐ་མའོ་ཞེས་དང༌། སྡེ་བདུན་རྒྱན་ལས། དེས་ན་རྟགས་འདི་ལ་བརྟེན་ནས་བྱས་པ་མི་རྟག་པ་དང་འབྲེལ་བའི་དོན་ལྡོག་གིས་མི་རྟག་པ་ལོག་པའི་གཞི་ལ་བྱས་པ་ལོག་པས་ཁྱབ་པ་ཞེས་བྱ་བ་དེ་ཉིད་ངེས་པ་དང་རྟགས་བྱས་པ་ངེས་པའི་ཚད་མ་གཅིག་དང་གཉིས་ལ་ལྟོས་ནས་དེ་སྒྲུབ་ཀྱི་རྗེས་སུ་འགྲོ་ལྡོག་ངེས་པར་བྱེད་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར། དེ་སྒྲུབ་ཀྱི་རྗེས་ཁྱབ་ངེས་པ་ལ་རྟགས་ཀྱི་མཚན་གཞི་ངེས་པའི་ཚད་མ་དང་དེ་སྒྲུབ་ཀྱི་ཕྱོགས་ཆོས་ངེས་པའི་ཚད་མ་སྔོན་དུ་འགྲོ་དགོས་ཀྱང་སྔོན་དུ་འགྲོ་བས་མ་ཁྱབ་སྟེ། སྔོན་ལ་དེ་སྒྲུབ་ཀྱི་ཕྱོགས་ཆོས་བསྟན་དེ་ནས་ཁྱབ་པ་མཁས་པས་བསྒྲུབ་བྱ་ལ་རྗེས་དཔག་སྐྱེ་རིམ་གང་ཞིག །དེ་ལྟར་ཡིན་ཀྱང་འགའ་ཞིག་ལ་ཁྱབ་འབྲེལ་ལ་ལོག་རྟོག་ཆེ་བས་ཁྱབ་འབྲེལ་སྔོན་ལ་བསྒྲུབས་ནས་ཕྱོགས་ཆོས་རྗེས་སུ་སྒྲུབ་པ་ཡང་ཡོད་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། འདི་ཉིད་ལས། ཕྱོགས་ཆོས་དེ་ཆས་ཁྱབ་པ། ཞེས་དང༌། མདོ་དང་རྣམ་ངེས་ལས། རྗེས་དཔག་བྱ་དང་སོགས་ཀྱིས་ཕྱོགས་ཆོས་སྔོན་ལ་བསྟན་ཅིང༌། རིགས་ཐིགས་ལས་ཀྱང༌། ཚུལ་གསུམ་པའི་རྟགས་ནི་རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་དང༌། མཐུན་པའི་ཕྱོགས་ཞེས་སོགས་དང༌། གཏན་ཚིགས་ཐིགས་པ་ལས་ཀྱང༌། ཕྱོགས་ཆོས་དེ་ཆས་ཁྱབ་པ་ཞེས་བཤད་ཅིང༌། དེ་དག་གི་འགྲེལ་པ་ཀུན་དང་ཛེ་ཏཱ་རི་རིན་ཆེན་གྲགས་པ་ཐར་འབྱུང་བ་སོགས་དུ་མས་བཤད་པའི་ཕྱིར། དེ་བཤད་པའི་རིམ་པ་ཡིན་རྩོད་ཚེ་མིན་ཞེས་ཀྱང་སྨྲ་མི་རིགས་པར་ཐལ། རང་དོན་སྐབས་དང་གཞན་དོན་གཉིས་ཀ་མི་རུང་བའི་ཕྱིར། སློབ་དཔོན་འཕགས་པས། རང་གིས་ངེས་བཞིན་གཞན་དག་ལ། །ཞེས་དང༌། ཕྱོགས་གླང་གིས་ཀྱང༌། རང་གིས་ངེས་པ་བཞིན་གཞན་ལ་ཞེས་དང༌། ཤིནྟ་བས་ཀྱང༌། དང་པོ་ཡོད་པའི་གཏན་ཚིགས་ལ་ཕྱོགས་ཀྱི་ཆོས་ཀྱི་ཡུལ་ཅན་ཉིད་ཀྱི་ཚད་མ་ལ་མངོན་དུ་ཕྱོགས་ཏེ་ཚད་མ་དེས་ཆོས་ཅན་ལ་ཡོད་པར་གྲུབ་པ་ན། ཕྱིས་ཁྱབ་པ་ཚད་མ་གཞན་གྱིས་འཛིན་ཏེ་ཞེས་དང༌། ཁྱོད་ཀྱིས་ཕྱོགས་ལ་ཡང་དཔེའི་ཆོས་ཅན་ལ་གཏན་ཚིགས་འཛིན་ཅིང་ཕྱིས་ནི་ཁྱབ་པའོ་ཞེས་བྱ་བའི་རིམ་པ་འདི་ཡིན་ནོ། །ཞེས་གསུངས་པའི་ཕྱིར། རྩ་རྟགས་གཉིས་པ་གྲུབ་སྟེ། འདི་ཉིད་ལས། མཁས་པ་རྣམས་ལ་ནི། གཏན་ཚིགས་འབའ་ཞིག་བརྗོད་པར་ཟད། །ཅེས་དང༌། དེའི་རང་འགྲེལ་ལས། གང་དག་ལ་དེའི་ངོ་བོ་དང་རྒྱུའི་ངོ་བོ་དག་རབ་ཏུ་གྲུབ་པའི་མཁས་པ་རྣམས་ལ་ནི། གཏན་ཚིགས་འབའ་ཞིག་བརྗོད་པར་ཟད། །ཅེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་སྒྲུབ་ཀྱི་སྒྲུབ་རྟགས་དག་གི་འབྲེལ་བ་ཤེས་པའི་མཁས་པ་རྣམས་ལ་རང་བཞིན་གྱི་རྟགས་ཀྱི་སྐབས་གཏན་ཚིགས་འབའ་ཞིག་སྟེ། རྟགས་རྩོད་གཞིར་གྲུབ་ཚུལ་དང༌། འབྲས་རྟགས་སྐབས་རྒྱུ་ཡིན་ཚུལ་གྱི་ཕྱོགས་ཆོས་འབའ་ཞིག་སྒྲུབ་ཅེས་བཤད་པའི་ཕྱིར། དེའི་སྔ་འབྲེལ་གྱི་འགྲེལ་བཤད་དུ་ཤཱཀྱས། ཕྱོགས་ཀྱི་ཆོས་ཙམ་མ་ངེས་པའི་མཁས་པ་དེ་རྣམས་ལ་ནི། དེའི་ངོ་བོ་དང་རྒྱུའི་ངོ་བོའི་ཕྱིར་གཏན་ཚིགས་འབའ་ཞིག་ཅེས་བྱ་བ་སྟེ། ཕྱོགས་ཀྱི་ཆོས་ཁོ་ནའོ་ཞེས་གསུངས་པའི་ཕྱིར་དང༌། ཕྱོགས་ཀྱི་ཆོས་མ་ངེས་པ་ཞེས་གསུངས་པས་ཚུལ་གཞན་གཉིས་ངེས་པར་བཤད་པའི་ཕྱིར་རོ། །

           གཞན་ཡང་དེ་སྒྲུབ་ཀྱི་རྗེས་ཁྱབ་ངེས་པ་ལ་ཕྱོགས་ཆོས་སམ་དེ་སྒྲུབ་ཀྱི་རྟགས་ཀྱི་མཚན་གཞི་ངེས་པའི་ཚད་མ་ངེས་པ་སྔོན་དུ་འགྲོ་བས་མ་ཁྱབ་པར་ཐལ། དེ་སྒྲུབ་ཀྱི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་གཉིས་ཚད་མས་སྔོན་ལ་ངེས་ནས་དེ་སྒྲུབ་ཀྱི་ཕྱོགས་ཆོས་ངེས་དགོས་ཤིག་ཡོད་པའི་ཕྱིར། གཏན་ཚིགས་འབའ་ཞིག་སོགས་ཀྱི་ཕྱིའི་རང་འགྲེལ་ལས། གང་གི་དོན་དུ་དཔེ་བརྗོད་པའི་དོན་དེ་རབ་ཏུ་གྲུབ་པ་ཁོ་ན་ཡིན་པས། དེའི་ཚེ་དེ་བརྗོད་པས་ཅི་ཞིག་བྱ་ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། གང་གི་དོན་དུ་ཞེས་པ་ཁྱབ་པ་གཉིས་ཀྱི་དོན་དུ་ཡིན་ན་དོན་དེ་གྲུབ་ཟིན་ལ་ཁྱབ་པ་དེ་བརྗོད་པས་ཅི་ཞིག་བྱ་ཞེས་བཤད་པའི་ཕྱིར། དེའི་འགྲེལ་བཤད་དུ་ཤཱཀྱས། གང་གི་དོན་དུ་ཞེས་བྱ་བ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་ངེས་པར་བྱ་བའི་དོན་དུའོ་བསྟན་པར་བྱ་བའི་དོན་དེ་ཉིད་རང་ཉིད་ཀྱིས་གྲུབ་པ་ཁོ་ན་ཡིན་པས་དེའི་ཚེ་ཞེས་བྱ་བ་རྗེས་སུ་འགྲོ་བ་དང་ལྡོག་པ་ངེས་པའི་ཚེ། དེ་བརྗོད་པས་དཔེ་བརྗོད་པས་ཅི་ཞིག་བྱ་ཞེས་གསུངས་པའི་ཕྱིར། ཤེས་བྱེད་དང་རིགས་པ་འདི་འདྲ་ཐུགས་ལ་བཞག་ནས། སྡེ་བདུན་རྒྱན་ལས། ཁྱབ་འབྲེལ་ཤེས་པའི་མཁས་པ་ཕྱོགས་ཆོས་མི་ཤེས་པ་རྣམས་ལ་ནི་གཏན་ཚིག་འབའ་ཞིག་ངེས་བྱེད་ཀྱི་ཐབས་བརྗོད་པའི་ཚད་མ་སྟོན་དགོས་པར་ཟད་ཀྱི་ནས། རང་འགྲེལ་ཤཱཀྱ་བློ་བྲམ་ཟེ་ཆེན་པོའི་འགྲེལ་བཤད་སོགས་ན་ཆེས་གསལ་བར་ཡོད་པས་ཞེས་གསུངས་པའི་ཕྱིར། འདིས་བྱས་པ་མི་རྟག་པ་ཁོ་ན་ལ་འཇུག་པ་ལ་ཚད་མ་གསུམ་སྔོན་དུ་དང་རྗེས་ཁྱབ་ངེས་པ་ལ་དེ་གསུམ་སྔོན་དུ་འགྲོ་དགོས་ཟེར་བའི་བླུན་པོ་དང་མཁས་རློམ་དག་གི་ཁའི་དབུགས་རྒྱུ་བ་ཙམ་ཡང་མེད་པར་བྱས་མོད། རྒྱལ་དབང་གོང་མའི་གསུང་ལས། ཕ་བསད་བུ་ལའང་ལབ་རྒྱུ་ཡོད་གསུངས་པ་ལྟར་རྫི་མེད་པ་འདྲ་ཡིད་དུང་ལབ་ལབ་བྱས་ཡོད་སྲིད་ཀྱང་ཁྱི་རྒན་ཟུག་པའི་རྣམ་ཐར་ཙམ་མོ། །

          བདུན་པ་སྐབས་སུ་བབ་པའི་དོགས་གཅོད་ལ་དམ་བཅའ་བ་དང༌། སྒྲུབ་བྱེད་གཉིས་ལས། དང་པོ་ནི། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་གི་རྒྱུད་ཀྱི་བྱས་ན་མི་རྟག་པས་ཁྱབ་པ་འཇལ་བའི་རྗེས་དཔག་དེས་བྱས་པའི་གསལ་བའི་དབྱེ་བ་མཐའ་དག་ལ་མི་རྟག་པས་ཁྱབ་པ་རྟོགས་ཀྱང༌། དེས་བྱས་པའི་གསལ་བའི་དབྱེ་བ་མཐའ་དག་ཁྱད་གཞིར་བཟུང་ནས་བྱས་པ་ལ་མི་རྟག་པས་ཁྱབ་པ་ཚད་མས་མ་ངེས། ངེས་པར་བྱེད་ནུས། སྒྲའི་བྱས་པ་ལ་མི་རྟག་པས་ཁྱབ་པ་ཡང་ཚད་མས་མ་ངེས་ཀྱང་ངེས་པར་བྱེད་ནུས། རྗེས་དཔག་དེས་བྱས་པའི་གསལ་བའི་དབྱེ་བ་མཐའ་དག་ལ་གཅིག་ཏུ་ཞེན་པའི་རྟགས་འཛིན་གྱི་སྒྲོ་འདོགས་དང་སོམ་ཉིའི་རྟག་འཛིན་གྱི་སྒྲོ་འདོགས་གཉིས་ཆོད་ཀྱང་དེས་སྒྲའི་བྱས་པ་དང་སྒྲ་གཉིས་ལ་སོ་སོ་ནས་གཅིག་ཏུ་ཞེན་པའི་རྟག་འཛིན་གྱི་སྒྲོ་འདོགས་ཆོད་ཀྱང་སོམ་ཉིའི་རྟག་འཛིན་གྱི་སྒྲོ་འདོགས་མ་བཅད་གཅོད་པར་བྱེད་ནུས། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་གི་རྒྱུད་ཀྱི་བྱས་པ་མི་རྟག་པར་འཇལ་བའི་རྗེས་དཔག་དེས་བྱས་པའི་གསལ་བའི་དབྱེ་བ་མཐའ་དག་མི་རྟག་པར་རྟོགས་ཀྱང་དེ་མཐའ་དག་ཁྱད་གཞིར་བཟུང་ནས་མི་རྟག་པར་མ་རྟོགས། དེས་སྒྲའི་བྱས་པ་མི་རྟག་པར་མ་རྟོགས་ཀྱང་རྟོགས་པར་བྱེད་ནུས། དེས་བྱས་པའི་གསལ་བའི་དབྱེ་བ་མཐའ་དག་ལ་སོམ་ཉིའི་རྟག་འཛིན་གྱི་སྒྲོ་འདོགས་མ་ཆོད་ཀྱང་གཅིག་ཏུ་རྟག་འཛིན་གྱི་སྒྲོ་འདོགས་བཅད། དེས་སྒྲའི་བྱས་པ་དང་སྒྲ་གཉིས་ལ་ཡང་སོམ་ཉིའི་རྟག་འཛིན་གྱི་སྒྲོ་འདོགས་མ་བཅད་ཅིང་གཅོད་པར་བྱེད་པའི་ཚད་མས་ངེས་པ་འདྲེན་པར་བྱེད་ནུས། དེ་གཉིས་ལ་གཅིག་ཏུ་རྟག་འཛིན་གྱི་སྒྲོ་འདོགས་བཅད། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་གིས་ཀྱང་བྱས་པའི་གསལ་བའི་དབྱེ་བ་མཐའ་དག་མི་རྟག་པར་རྟོགས་ཀྱང་དེ་མཐའ་དག་ཁྱད་གཞིར་བཟུང་ནས་མི་རྟག་པར་མ་རྟོགས་པ་ནས། སྒྲོ་འདོགས་གཉིས་གཅོད་ཚུལ་བྱས་པ་མི་རྟག་པ་རྟོགས་པའི་རྗེས་དཔག་ལྟར་ཡིན། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་གི་རྒྱུད་ཀྱི་བྱས་པ་རྟག་སྟོང་དུ་རྟོགས་པའི་རྗེས་དཔག་དེས་བྱས་པ་རྟག་པའི་གསལ་བའི་དབྱེ་བ་མཐའ་དག་གིས་སྟོང་པར་རྟོགས། དེས་བྱས་པ་སྒྲའི་རྟག་པས་སྟོང་པར་རྟོགས་ཀྱང་དེས་སྒྲའི་རྟག་སྟོང་དང༌། དེས་བྱས་པའི་དབྱེ་བ་མཐའ་དག་རྟག་སྟོང་དུ་མ་རྟོགས། དེས་སྒྲའི་བྱས་པ་རྟག་སྟོང་དུ་མ་རྟོགས། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་གི་རྒྱུད་ཀྱི་རྟག་པ་བྱས་སྟོང་དུ་རྟོགས་པའི་རྗེས་དཔག་དེས་རྟག་པ་བྱས་པའི་དབྱེ་བ་མཐའ་དག་གིས་སྟོང་བར་རྟོགས། དེས་རྟག་པ་སྒྲའི་བྱས་པས་སྟོང་བར་རྟོགས། དེས་རྟག་པའི་དབྱེ་བ་མཐའ་དག་བྱས་སྟོང་དུ་རྟོགས་ཀྱང༌། རྟག་པའི་དབྱེ་བ་མཐའ་དག་ཁྱད་གཞིར་བཟུང་ནས་བྱས་སྟོང་དུ་རྟོགས་མི་དགོས། སྒྲ་རྟོག་གཉིས་རང་ཡུལ་ལ་སེལ་འཇུག་ཡིན་པར་མཚུངས་ཀྱང་རྟག་པ་བྱས་སྟོང་དུ་རྟོགས་པའི་རྗེས་དཔག་གིས་བྱས་པ་རྟག་པ་ལ་མེད་པར་མ་རྟོགས་ཀྱང༌། རྟག་པ་ལ་བྱས་པ་མེད་པར་སྟོན་པའི་སྒྲ་དེས་བྱས་པ་རྟག་པ་ལ་མེད་པར་སྟོན་པ་སོགས་རིགས་པའི་ཕྲ་ཞིབ་གཅེས་སོ། །

           གཉིས་པ་སྒྲུབ་བྱེད་ནི། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱིར་རྒོལ་ཡང་དག་གི་རྒྱུད་ཀྱི་བྱས་ན་མི་རྟག་པས་ཁྱབ་པ་རྟོགས་པའི་རྗེས་དཔག་ཆོས་ཅན། ཁྱོད་ཀྱིས་བྱས་པའི་དབྱེ་བ་མཐའ་དག་ལ་མི་རྟག་པས་ཁྱབ་པ་རྟོགས་པར་ཐལ། ཁྱོད་ཀྱིས་བྱས་པ་ཡིན་ཚད་ལ་མི་རྟག་པས་ཁྱབ་པ་རྟོགས་པའི་ཕྱིར། དེར་ཐལ། ཁྱོད་བྱས་པ་ཡིན་ན་མི་རྟག་པས་ཁྱབ་པ་རྟོགས་པའི་ཚད་མ་ཡིན་པའི་ཕྱིར། འཁོར་གསུམ། དེར་ཐལ། དེ་ལྟར་རྟོགས་པའི་རྗེས་དཔག་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། རྗེས་དཔག་དེ་ཆོས་ཅན། བྱས་པའི་དབྱེ་བ་མཐའ་དག་ལ་རེ་རེ་ནས་མི་རྟག་པས་ཁྱབ་པ་རྟོགས་པར་ཐལ། ཁྱོད་ཀྱི་བྱས་པའི་དབྱེ་བ་མཐའ་དག་ལ་མི་རྟག་པས་ཁྱབ་པ་རྟོགས་པའི་ཕྱིར་ན་མ་ཁྱབ་སྟེ། ཁྱོད་ཀྱིས་བྱས་པའི་དབྱེ་བ་མཐའ་དག་ཅེས་བྱས་པར་བསྡུས་ནས་བྱས་ན་མི་རྟག་པས་ཁྱབ་པ་རྟོགས་ཀྱང༌། བྱས་པའི་དབྱེ་བ་མཐའ་དག་སོ་སོར་བཀར་ནས་བྱས་ན་མི་རྟག་པས་ཁྱབ་པ་རྟོགས་པ་མ་ཡིན་པའི་ཕྱིར། དེར་ཐལ། བྱས་པའི་དབྱེ་བ་མཐའ་དག་བྱས་ན་ཞེས་བྱས་པར་བསྡུས་པ་ལ་བློ་ཁ་ཕྱོགས་ནས་མི་རྟག་པས་ཁྱབ་པ་སྤྱིར་རྟོགས་ཀྱང་བྱས་པའི་དབྱེ་བ་མཐའ་དག་ལ་སོ་སོར་བློ་ཁ་མ་ཕྱོགས་པས་མི་རྟག་པས་ཁྱབ་པ་མ་རྟོགས་པའི་ཕྱིར། དཔེར་ན། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་རྟོགས་པའི་རྗེས་དཔག་གིས་བྱས་སྟེང་དུ་སྒྲའི་རྟག་སྟོང་རྟོགས་ཀྱང་སྒྲའི་སྟེང་དུ་རྟག་སྟོང་མ་རྟོགས་པའི་ཕྱིར། དེར་ཐལ། དེ་སྒྲ་ལ་བློ་ཁ་མ་ཕྱོགས་པའི་ཕྱིར། རྣམ་བཤད་ལས། རྗེས་ཁྱབ་ངེས་པའི་ཚད་མ་དེས་ཁྱད་གཞི་བྱས་པའི་སྟེང་དུ་སྒྲའི་རྟག་པས་སྟོང་པར་གྲུབ་ཀྱང་སྒྲ་ཁྱད་གཞིར་བཟུང་བ་ལ་རྟག་པ་མ་ཁེགས་པའི་ཕྱིར་རོ། །ཞེས་གསུངས་བའི་ཕྱིར་དང༌། ནང་ཁྱབ་ལས་པཎ་ཆེན་ཤིནྟ་བས། དེ་ཡང་ཐམས་ཅད་ཉེར་སྡུད་པས། །སྤྱི་ཉིད་ལ་ནི་དམིགས་པ་སྟེ། །ཞེས་དང༌། དེའི་རང་འགྲེལ་ལས། ཐམས་ཅད་བསྡུས་པ་དང་ལྡན་པའི་ཁྱབ་པ་ནི། བསྒྲུབ་པར་བྱ་བ་འགྲུབ་པའི་ཡན་ལག་ཡིན་ལ། དེ་བས་ན་ཆོས་ཅན་གྱིས་ཁྱབ་པར་ལྟོས་པ་མེད་པར། ཞེས་གསུངས་པ་འདིས། སྤྱི་ཁྱབ་བསྒྲུབ་བྱ་རྟོགས་པའི་ཡན་ལག་དང་ཆོས་ཅན་གྱི་ཁྱད་པར་ལ་མི་ལྟོས་པར་བཤད། སླར་ཡང་ཆོས་ཅན་མེད་ཀྱང་ཁྱབ་པ་འགྲུབ་པ་མི་གནོད་པའི་ཕྱིར། རང་འགྲེལ་དེ་ཉིད་ལས། དེ་མེད་པས་ཀྱང་སྤྱི་ལ་དམིགས་པའི་ཁྱབ་པ་ཡོངས་སུ་གཅོད་པ་གྲུབ་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། དེ་ལྟར་ན་སྤྱིར་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་གི་རྒྱུད་ཀྱི་དེ་ལྟར་འཇལ་བའི་རྗེས་དཔག་ཆོས་ཅན། ཁྱོད་ཀྱིས་བྱས་པའི་དབྱེ་བ་མཐའ་དག་ལ་མི་རྟག་པས་ཁྱབ་པ་རྟོགས་ཀྱང་བྱས་པའི་དབྱེ་བ་མཐའ་དག་སོ་སོ་ནས་བསྒྲུབ་བྱའི་ཁྱད་གཞིར་བྱས་ནས་མི་རྟག་པས་ཁྱབ་པ་དང་སྒྲ་དང་སྒྲའི་བྱས་པ་ལ་མི་རྟག་པས་ཁྱབ་པ་གཉིས་མ་རྟོགས་པར་ཐལ། ཁྱོད་དེ་དག་ལ་བསྒྲུབ་བྱའི་ཁྱད་གཞིར་བྱས་ནས་བློ་ཁ་མ་ཕྱོགས་པའི་ཕྱིར། ཁྱོད་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་གི་རྒྱུད་ཀྱི་རྗེས་ཁྱབ་འཇལ་བའི་རྗེས་དཔག་ཡིན་པའི་ཕྱིར། ཁྱབ་སྟེ། དེ་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་ཡིན་ན་སྒྲའི་བྱས་པ་མི་རྟག་པར་མ་རྟོགས་པས་ཁྱབ་པའི་ཕྱིར། དེར་ཐལ། སྒྲའི་བྱས་པ་རྟག་མི་རྟག་ཐེ་ཚོམ་ཟ་བས་ཁྱབ་པའི་ཕྱིར་ཏེ། དེ་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་ཡིན་པའི་ཕྱིར། རྣམ་ངེས་ཊིཀ་ཆེན་དང་རིགས་པའི་རྒྱན་གཉིས་ལས། སྒྲ་དང་སྒྲའི་བྱས་པ་གང་ལ་ཡང་དངོས་ཤུགས་གང་དུ་ཡང་བློ་ཁ་ཕྱོགས་པ་མེད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། དེས་སྒྲའི་བྱས་པ་དང་སྒྲ་གཉིས་མི་རྟག་པར་ངེས་པར་བྱེད་ནུས་ཏེ། རང་ཉིད་ཀྱིས་བར་མ་ཆད་པར་རྟགས་འཛིན་སེམས་དང་བསྒྲུབ་བྱ་ངེས་པའི་རྗེས་དཔག་སྐྱེད་པའི་ཕྱིར། དེ་འདྲའི་རྗེས་དཔག་ཆོས་ཅན། ཁྱོད་ཀྱིས་བྱས་པའི་དབྱེ་བ་མཐའ་དག་ལ་གཅིག་ཏུ་རྟག་འཛིན་གྱི་སྒྲོ་འདོགས་དང་ཐེ་ཚོམ་གྱི་རྟག་འཛིན་གྱི་སྒྲོ་འདོགས་གཉིས་ཀ་ཆོད་པར་ཐལ། ཁྱོད་བྱས་པའི་གསལ་བའི་དབྱེ་བ་མཐའ་དག་ལ་མི་རྟག་པས་ཁྱབ་པ་ཚད་མས་ངེས་པའི་ཕྱིར། རྟགས་སླ། ཁྱབ་པར་ཐལ། ཇི་སྲིད་དུ་ཡུལ་དེ་ལ་སྒྲོ་འདོགས་དང་ཐེ་ཚོམ་གྱི་ཚད་མིན་གཉིས་རྒྱུད་ལ་ལྡན་པའི་གང་ཟག་དེའི་རྒྱུད་ལ་ཡུལ་དེ་ངེས་པའི་ཚད་མ་འཇུག་མི་སྲིད་པའི་ཕྱིར། དེར་ཐལ། དེ་གཉིས་གྲང་དྲོ་གཉིས་བཞིན་དུ་ལྷན་ཅིག་མི་གནས་འགལ་ཡིན་པས་གཞི་གཅིག་ལ་མི་གནས་པས་ཁྱབ་པའི་ཕྱིར་ཏེ། ཚད་ཆེན་ལས། གལ་ཏེ་དེར་ནི་ཚད་མིན་གཉིས། །དོགས་པ་འཇུག་པར་འགྱུར་བ་ན། །53འཁྲུལ་པས་དེ་ཡི་ཡུལ་བྱས་པས། །ཞེས་དང༌། དེའི་དཀའ་འགྲེལ་ལས་ཀྱང་རྒྱལ་སྲས་པདྨའི་ངང་ཚུལ་གྱིས་ངེས་པ་དང་འགལ་བའི་ཐེ་ཚོམ་དང་ཕྱིན་ཅི་ལོག་དག་གིས། དེས་ཡུལ་བྱས་པའི་ངོ་བོ་ཉིད་ལ་ཁྱབ་པའི་ཕྱིར། དེ་ལ་ངེས་པའི་གོ་སྐབས་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གཞན་ཡང༌། དེ་འདྲའི་རྗེས་དཔག་གིས་སྒྲའི་བྱས་པ་དང་སྒྲ་གཉིས་ལ་གཅིག་ཏུ་རྟག་འཛིན་གྱི་སྒྲོ་འདོགས་ཆོད་ཀྱང་ཐེ་ཚོམ་གྱི་སྒྲོ་འདོགས་མ་ཆོད་པར་ཐལ། དེས་སྒྲ་དང་སྒྲའི་བྱས་པ་གཉིས་ལ་གཅིག་ཏུ་རྟག་འཛིན་གྱི་སྒྲོ་འདོགས་ཆོད་པ་གང་ཞིག །ཐེ་ཚོམ་གྱི་སྒྲོ་འདོགས་མ་ཆོད་པའི་ཕྱིར། དང་པོ་གྲུབ་སྟེ། དེས་བྱས་པ་རྟག་འཛིན་གྱི་ཡུལ་སུན་ཕྱུང་བའི་ཕྱིར། ཁྱབ་སྟེ། བློ་དེ་སུན་ཕྱུང་ན་དེ་དང་རིགས་མཐུན་མཐའ་དག་སུན་ཕྱུང་བར་འགྱུར་བར་རིགས་པའི་དབང་ཕྱུག་དག་བཞེད་པའི་ཕྱིར། མ་ཁྱབ་མཚམས་ལ་རྟགས་དེར་ཐལ། དེ་རྒྱུད་ལ་ལྡན་པའི་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་གིས་སྒྲ་རྟག་པར་དམ་མི་བཅའ་བའི་ཕྱིར། ཁྱབ་སྟེ། ཕྱི་རྒོལ་དེས་སྔར་སྒྲ་རྟག་པར་སྒྲོ་འདོགས་ཀྱང་ད་ལྟ་རྟག་པར་སྒྲོ་འདོགས་མི་བྱེད་པ་དེ་ངེས་ཤེས་ཀྱིས་སྒྲོ་འདོགས་བསལ་བའི་དོན་ཡིན་པའི་ཕྱིར། ཚད་ཆེན་ལས། དེ་ནི་སྐྱེ་བར་གྱུར་པ་ན། །ཕྱིན་ལོག་ཐེ་ཚོམ་རྟེན་མེད་འགྱུར། །ངེས་པ་དང་ནི་སྒྲོ་འདོགས་ཡིད། །གནོད་བྱ་གནོད་བྱེད་ངོ་བོའི་ཕྱིར། །འདིར་ནི་སྒྲོ་འདོགས་དབེན་པ་ལ། །འཇུག་ཅེས་གསུངས་པའི་ཕྱིར། མ་ཁྱབ་མཚམས་ལ་རྟགས་དེར་ཐལ། དེ་སྒྲ་རྟག་མི་རྟག་ཐེ་ཚོམ་ཟ་བའི་གང་ཟག་ཡིན་པའི་ཕྱིར། བྱས་རྟགས་ཀྱིས་དེ་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་ཡིན་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། དེ་འདྲའི་ཕྱི་རྒོལ་གྱིས་སྒྲ་མི་རྟག་པར་མ་རྟོགས་པ་ཐེ་ཚོམ་གྱི་དབང་གིས་ཀྱང་ཡིན་པའི་ཕྱིར། དེར་ཐལ། སྒྲ་མི་རྟག་པར་ཐེ་ཚོམ་པ་དང་སྒྲ་མི་རྟག་པར་ངེས་པའི་ངེས་པ་གཉིས་ལྷན་ཅིག་མི་གནས་འགལ་ཡིན་པའི་ཕྱིར། ཚད་ཆེན་ལས། ཇི་སྲིད་ངེས་པ་མ་སྐྱེས་པ། །དེ་སྲིད་ཁོ་ནར་ཐེ་ཚོམ་ཡོད། །ཅེས་དང༌། དཀའ་འགྲེལ་ལས་ཀྱང༌། ངེས་པ་ནི་སྒྲོ་འདོགས་པ་ལས་ཟློག་པའི་རྣམ་པ་ཅན་ཡིན་པའི་ཕྱིར་རོ། །དེའི་ཡུལ་མ་བསལ་བར་བདག་ཉིད་གནས་པར་འགྱུར་བ་མ་ཡིན་ཏེ། དྲོ་བའི་རེག་པ་གྲང་བ་བཞིན་ནོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། རྩ་བ་དེས་འགལ་ཟླའི་ངེས་པ་མ་སྐྱེས་བར་དུ་ཐེ་ཚོམ་འཇུག་པ་དང་དཀའ་འགྲེལ་གྱིས་སྒྲོ་འདོགས་དང་འགལ་ཟླའི་ངེས་པ་གྲང་དྲོ་བཞིན་དུ་ལྷན་ཅིག་མི་གནས་འགལ་དུ་བཤད་པའི་ཕྱིར། དེར་ཐལ། དེ་ལྟར་བཤད་ནས་འགལ་ཟླའི་ངེས་པ་སྐྱེས་ན་དེའི་ཟློག་ཕྱོགས་ཀྱི་དོགས་པ་བཟློག་ཚུལ་དཔེ་དང་བཅས་ཏེ་བཤད་པའི་ཕྱིར། དེར་ཐལ། དངོས་པོ་གང་གི་ངོ་བོ་ལ་ཡིན་ཚུལ་ལ་ངེས་པ་སྐྱེས་ན་དེའི་འགལ་ཟླའི་དོགས་པ་ལྡོག་པས་ཁྱབ་པའི་ཕྱིར། དཔེར་ན། དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་ངེས་པས་མེ་མེད་པར་སྒྲོ་འདོགས་པ་ལོག་པ་བཞིན་ཞེས་པའི་དོན་དེ་འཆད་པར། ཚད་ཆེན་ལས། གང་ཕྱིར་དངོས་པོ་གང་ལ་ནི། །ངོ་བོ་གང་ལ་ངེས་སྐྱེས་ན། །དེ་ལས་ཟློག་པའི་དོགས་པ་ནི། །རང་ཉིད་ཀྱིས་ནི་ལྡོག་པར་འགྱུར། །ཞེས་གསུངས། དཔེ་དེ་འཆད་པར། ཚད་ཆེན་ལས། ཇི་ལྟར་དུ་སོགས་རྟགས་དག་གིས། །མེ་སོགས་ཡོད་པར་ངེས་པ་དང༌། །དེ་མེད་ཐེ་ཚོམ་རྣམ་པར་གཅོད། །ཅེས་གསུངས་པའི་ཕྱིར།

 (53) པར་ཐེངས་གཉིས་པ། འགྲུབ་པས།

           གལ་ཏེ་ཁ་ཅིག་གིས། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་འཇལ་བའི་ཚད་མ་སྒྲ་ལ་བློ་ཁ་མ་ཕྱོགས་པར་ཐལ། སྤྱི་དོན་དང་རྣམ་ངེས་དར་ཊིཀ་གིས་བློ་ཁ་མ་ཕྱོགས་ཞེས་པའི་དོན་ཡོད་པའི་ཕྱིར་ན་མ་ཁྱབ་སྟེ། ཁྱད་གཞིའི་ཚུལ་གཅིག་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཚུལ་འཇལ་བའི་ཚད་མ་དེ་སྒྲ་ལ་བློ་ཁ་ཕྱོགས་པའི་ཕྱིར། དེར་ཐལ། ཚུལ་འཇལ་བའི་ནང་གི་ཕྱོགས་ཆོས་ཚད་མ་སྒྲ་ལ་བློ་ཁ་ཕྱོགས་པའི་ཕྱིར། ཡང་ཁོ་ན་རེ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་དང༌། དེའི་རྒྱུད་ཀྱི་བྱས་རྟགས་ཀྱིས་དེ་སྒྲུབ་ཀྱི་ཚུལ་འཇལ་བའི་ཚད་མ་ཁྱད་གཞིའི་ཚུལ་གྱིས་སྒྲ་ལ་བློ་ཁ་མ་ཕྱོགས་པར་ཐལ། ཊིཀ་སྤྱི་གཉིས་ཀའི་བློ་ཁ་མ་ཕྱོགས་ཞེས་པའི་དོན་ཡོད་པའི་ཕྱིར་ན་མ་ཁྱབ་སྟེ། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱི་ཁྱད་གཞིའི་ཚུལ་གྱིས་བློ་ཁ་ཕྱོགས་ན་ཤེས་འདོད་དེ་ལ་བློ་ཁ་རྟགས་ཀྱི་ཁྱད་གཞིར་ཕྱོགས་ཀྱང་རྟོགས་མི་ཐུབ་པའི་ཁྱད་པར་རིགས་པའི་ཕྱིར། དཔེར་ན། རྩོལ་སྒྲ་རྟག་སྟོང་དུ་སྒྲུབ་པའི་ཚེ་དེ་རྟག་སྟོང་དུ་རྟོགས་པ་ལ་དེ་རྟག་སྟོང་ཁྱད་གཞིར་བྱས་ནས་བློ་ཁ་ཕྱོགས་དགོས་པ་བཞིན་ཡིན་པའི་ཕྱིར། རྣམ་བཤད་ལས། དེ་ལ་ཕྱོགས་ཆོས་ཀྱི་བློ་ཁ་ཕྱོགས་ཤིང་ནས། དེ་རྟོགས་པ་ལ་རྩོལ་སྒྲ་དེ་རྟག་པས་སྟོང་བའི་ཁྱད་པར་གྱི་གཞི་ཆོས་ཅན་གྱི་ཚུལ་གྱིས་བློ་ཁ་ཕྱོགས་དགོས་ན་ཚུལ་འཇལ་བའི་ཚད་མ་ལ་དེ་མེད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཕྱི་རྒོལ་དེ་དང༌། དེའི་རྒྱུད་ཀྱི་ཚུལ་འཇལ་བའི་ཚད་མ་གཉིས་ཀ་སྒྲ་ལ་ཁྱད་གཞིའི་ཚུལ་གྱིས་བློ་ཁ་ཕྱོགས་པའི་ཕྱིར། དེར་ཐལ། དེ་གཉིས་ཀྱིས་སྒྲ་ཁྱད་གཞི་དང་བྱས་པ་དེའི་ཁྱད་ཆོས་ཀྱི་ཚུལ་གྱིས་རྟོགས་པའི་ཕྱིར། དེར་ཐལ། དེ་གཉིས་ཀྱིས་བྱས་པ་དེ་སྒྲུབ་ཀྱི་ཕྱོགས་ཆོས་སུ་རྟོགས་པའི་ཕྱིར། འཁོར་གསུམ། ཁྱབ་སྟེ། ཕྱོགས་དེ་རྩོད་གཞི་དང་ཆོས་ཞེས་པས་ཁྱད་ཆོས་སུ་སྟོན་ཚུལ་སྔར་ཕྱོགས་ཆོས་སྐབས་སུ་བཤད་ཟིན་ལྟར་ཡིན་པའི་ཕྱིར། འདི་ལྟར་ཕྲ་ཞིབ་ཀྱི་རིགས་པའི་རལ་གྲིས་ཕྱི་རྒོལ་གྱི་སོམ་ཉིའི་དྲ་བ་གཅོད་པར་བྱ་ཡི། དཀའ་གནད་དང་གསུང་རབ་ཀྱི་དོན་ལ་མི་རེག་པའི་རྩོད་པ་དེ་མདུང་རྩེད་ཀྱི་མཆེད་ཟླ་ཡིན་ནོ། །གཞན་རྣམས་དེས་གོ་ནུས། རྟག་པ་ལ་བྱས་པ་མེད་པར་སྟོན་པའི་སྒྲ་དེས་བྱས་པ་རྟག་པ་ལ་མེད་པར་སྟོན་ཡང་རྟག་པ་བྱས་སྟོང་དུ་རྟོགས་པའི་རྗེས་དཔག་གིས་བྱས་པ་རྟག་པ་ལ་མེད་པར་རྟོགས་པ་མ་ཡིན་པར་ཐལ། དེ་འདྲའི་སྒྲ་དེས་བྱས་པ་རྟག་པ་ལ་མེད་པར་སྟོན་པ་གང་ཞིག །རྟག་པ་བྱས་སྟོང་དུ་རྟོགས་པའི་རྗེས་དཔག་གིས་བྱས་པ་རྟག་པ་ལ་མེད་པར་མ་རྟོགས་པའི་ཕྱིར། དང་པོ་གྲུབ་སྟེ། བློ་སོ་སོ་བ་གསུམ་གྱི་བཟུང་བའི་དོན་སྟོན་འདོད་ནས་ངག་གཅིག་སྨྲས་པ་ཡོད་པའི་ཕྱིར། ཁྱབ་སྟེ། རྣམ་འགྲེལ་ངེས་ལས། སྒྲ་ནི་བརྗོད་འདོད་རྗེས་འབྲང་ཕྱིར། །ཞེས་གསུངས་པའི་ཕྱིར། མ་ཁྱབ་མཚམས་ལ་རྟགས་གྲུབ་སྟེ། རྟག་ན་མ་བྱས་པས་ཁྱབ། དཔེར་ན་ནམ་མཁའ་བཞིན། སྒྲ་ནི་བྱས་ཞེས་པའི་ངག་དེས་བྱས་པ་རྟག་པ་ལ་མེད་པར་བརྗོད་ཅིང་བསམ་པ་ལྟར་དེ་སྒྲུབ་ཀྱི་ཚུལ་གསུམ་ཡང་བཤད་པའི་ཕྱིར། རྩ་རྟགས་གཉིས་པ་གྲུབ་སྟེ། རྟག་ན་མ་བྱས་པས་ཁྱབ་པ་འཇལ་བའི་རྗེས་དཔག་གིས་བྱས་པ་རྟག་པ་ལ་མེད་པར་མ་རྟོགས་པའི་ཕྱིར། དེར་ཐལ། རྟག་པ་མ་བྱས་པར་རྟོགས་པའི་རྗེས་དཔག་དང༌། བྱས་པ་མི་རྟག་པར་རྟོགས་པའི་རྗེས་དཔག་གཉིས་ཀྱི་གཞལ་བྱ་ལ་འཇུག་ཚུལ་འགལ་བའི་ཕྱིར།

           གསུམ་པ་རྩོད་སྤོང་ལ་ཁོ་ན་རེ། ཚུལ་གསུམ་ག་གཏན་ཚིགས་བྱས་པ་ལ་འཇོག་པར་ཐལ། བྱས་པ་དེ་སྒྲུབ་ཀྱི་ཚུལ་གསུམ་ག་ལ་འཇོག་པའི་ཕྱིར། རྟགས་ཁས། འདོད་ན། ཕྱོགས་ཆོས་དེ་ཆས་ཁྱབ་པ་ཞེས་པའི་དངོས་བསྟན་གྱི་ཁྱབ་པ་རྟགས་ཁོ་ན་ལ་འཇོག་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་དངོས་བསྟན་གྱི་ཁྱབ་པ་དེ་ལ་ཁྱབ་པར་བྱ་བ་ཁོ་ནས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། གཏན་ཚིགས་ཐིགས་པ་ལས། དེ་ལ་ཁྱབ་པར་བྱེད་པ་ཡོད་པ་ཁོ་ནའམ། ཡང་ན་དེ་ཁོ་ན་ལ་ཁྱབ་པར་བྱ་བ་ཡོད་པའོ་ཞེས་གསུངས་པ་མི་འཐད་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ་སྟེ། སྔར་བཤད་པ་ལྟར་ཡིན་པའི་ཕྱིར། ཡང་ཁོ་ན་རེ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་དངོས་སུ་འཇལ་བའི་རྗེས་དཔག་གིས་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་ཁྱབ་ཤུགས་ལ་མ་གཞལ་བར་ཐལ། བྱས་ན་མི་རྟག་པས་ཁྱབ་པ་དངོས་སུ་འཇལ་བའི་རྗེས་དཔག་གིས་རྟག་ན་མ་བྱས་པས་ཁྱབ་པ་ཤུགས་ལ་མ་གཞལ་བའི་ཕྱིར་ན་མ་ཁྱབ་སྟེ། རྗེས་ཁྱབ་དངོས་སུ་འཇལ་བའི་རྗེས་དཔག་གིས་ལྡོག་ཁྱབ་ཤུགས་ལ་གཞལ་བའི་དོན་ལའང་རྣམ་བཅད་དོན་ཁྱད་པར་ཅན་ཞིག་ཡོད་པའི་དབང་གིས་ཡིན་པའི་ཕྱིར། དེར་ཐལ། དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ནར་ཡོད་པ་ཞིག་རྟོགས་དགོས་ལ་བྱས་ན་མི་རྟག་པས་ཁྱབ་པ་གཞལ་བ་ལ་དེ་ལྟར་མི་དགོས་པའི་ཕྱིར། དེར་ཐལ། བྱས་པ་མི་རྟག་པ་ཁོ་ནར་ཡོད་དང་བྱས་པ་མི་རྟག་པར་ཡོད་ཅེས་པའི་ཚིག་གཉིས་ཀྱི་ཤུགས་བསྟན་ཆེ་ཆུང་མི་འདྲ་བའི་ཕྱིར། ཁོ་རང་ལ་འོ་ན། མི་རྟག་པས་ཁྱད་པར་དུ་བྱས་པའི་སྒྲ་འཇལ་བའི་རྗེས་དཔག་གིས་སྒྲ་མི་རྟག་པར་མ་རྟོགས་པར་ཐལ། སྒྲ་འཇལ་བའི་རྗེས་དཔག་གིས་སྒྲ་མི་རྟག་པར་མ་རྟོགས་པའི་ཕྱིར། ཁྱབ་པ་འགྲིགས། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་ཆོས་ཅན། ཁྱོད་ཀྱིས་སྒྲ་ལ་རྟག་འཛིན་གྱི་སྒྲོ་འདོགས་མ་ཆོད་པར་ཐལ། ཁྱོད་ཀྱི་རྒྱུད་ལ་རྟག་འཛིན་གྱི་སྒྲོ་འདོགས་ཡོད་པའི་ཕྱིར་ན་མ་ཁྱབ། འོ་ན། ཉན་ཐོས་མཐོང་ལམ་པ་ཆོས་ཅན། ཁྱོད་ཀྱིས་སྒྲ་ལ་རྟག་འཛིན་གྱི་སྒྲོ་འདོགས་མ་ཆོད་པར་ཐལ། ཁྱོད་ཀྱི་རྒྱུད་ལ་སྒྲ་ལ་རྟག་འཛིན་གྱི་སྒྲོ་འདོགས་ཡོད་པའི་ཕྱིར། ཁྱབ་པ་འགྲིགས། རྟགས་གྲུབ་སྟེ། ཁྱོད་ཀྱི་རྒྱུད་ལ་སྒྲ་རྟག་འཛིན་གྱི་སྒྲོ་འདོགས་ལྷན་སྐྱེས་ཡོད་པའི་ཕྱིར། དེར་ཐལ། ཁྱོད་ཀྱི་རྒྱུད་ལ་རྟག་འཛིན་གྱི་སྒོམ་སྤང་ཡོད་པའི་ཕྱིར། དེར་ཐལ། ཉན་ཐོས་མཐོང་ལམ་པ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་པར་ཐལ། ཁྱོད་ཀྱིས་སྒྲ་རྟག་འཛིན་མངོན་སུམ་གྱི་སྒོ་ནས་སུན་ཕྱུང་བའི་ཕྱིར། དེར་ཐལ། ཁྱོད་ཀྱིས་དེའི་ཞེན་ཡུལ་མེད་པར་མངོན་སུམ་དུ་རྟོགས་པའི་ཕྱིར། དེར་ཐལ། ཁྱོད་ཀྱིས་སྒྲ་མི་རྟག་པར་མངོན་སུམ་དུ་རྟོགས་པའི་ཕྱིར། ཁྱོད་འཕགས་པ་ཡིན་པའི་ཕྱིར། ལུང་འགལ་དྲུག་དང་ལྷག་མའི་རིགས་པ་རྣམ་བཤད་བལྟས་པ་ཙམ་གྱིས་གོ་བར་སྣང་བས་མ་བྲིས་ཤིང༌། སྒྲུབ་ངག་ནི་ལེའུ་བཞི་པར་རྒྱས་པར་འཆད་པར་འགྱུར་བས་འདིར་ཟློས་ཆུང་ཞིག་མི་དགོས་སོ། །འདི་ཡན་ཆད་དཀའ་གནས་ཡིན་པས་ཅུང་ཟད་སྤྲོས་ལ། འདི་མན་ལ་དཀའ་གནས་མཐའ་དཔྱད་པ་ཙམ་བྱའོ། །

སྨྲས་པ།

ཁྱབ་པའི་སྒྲ་དོན་བྱ་བྱེད་གསུམ་ལྡན་ལ། །

སྦྱོར་ཚུལ་མི་ཤེས་གངས་ལྗོངས་རྟོག་གེ་རྣམས། །

ནོར་སྐྱོང་སྐད་ངན་ཇི་བཞིན་དགག་སྒྲུབ་ཀྱི། །

འཁང་ཚིག་མི་སྙན་ཤེས་ལྡན་རྣ་བ་འཚེར། །

          འདིས་ཁྱབ་འདིར་ཁྱབ་འདི་ལ་ཡོད་དོ་ཞེས། །ཁྱབ་པའི་སྒྲ་དོན་སིན་དྷུ་ཝ་རའི་ཁ། །སྒྲ་དང་རིགས་པའི་སྐེད་ཕྲའི་འགྲམ་ཆང་གིས། །བློ་ལྡན་དགའ་སྐྱེད་འདབ་བརྒྱའི་རི་མོ་བཀྲ། །ལེགས་བཤད་དྲི་གསུང་ཕྱོགས་ཀྱི་འཁོར་ལོ་འགེང༌། །རྣམ་དཔྱོད་རྩ་བརྟན་ཚད་མ་རྒྱན་འཕྱང་འཕྲུལ། །ཟླ་བྲལ་རིགས་གཞུང་ཡོངས་འདུའི་ལྗོན་པ་འདི། །རྒྱལ་བ་སྲས་བཅས་མཆོད་པའི་སྤྲིན་དུ་འབུལ། །

                                                                 རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                               དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།