ཀུན་མཁྱེན་རྣམ་འགྲེལ་མཐའ་དཔྱོད་ལས་མཚན་གཞིའི་སྟེང་དུ་མཚན་ཉིད་ངེས་བྱེད་རྒྱས་བཤད།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-04-20 22:02:46     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

193020473643635551.jpg

                 གསུམ་པ་མཚན་གཞིའི་སྟེང་དུ་མཚན་ཉིད་ངེས་བྱེད་ཚད་མ་རྒྱས་པར་བཤད་པ་ལ། རྟགས་ཡང་དག་གི་ཁྱབ་པ་སྒྲུབ་པ་འབྲེལ་བ་ལ་རག་ལས་པར་བསྟན་པ་དང་། འབྲེལ་བ་ངེས་བྱེད་ཚད་མ་རྒྱས་པར་བཤད་པ་གཉིས། དང་པོ་ལ་རྟགས་ཡང་དག་གི་ལྡོག་ཁྱབ་སྒྲུབ་པ་འབྲེལ་བ་ལ་རག་ལས་པར་མི་འདོད་པ་དགག་པ་དང་། བཀག་པའི་གྲུབ་དོན་དང་། མཇུག་བསྡུ་བ་གསུམ། དང་པོ་ལ་ལྡོག་ཁྱབ་འགྲུབ་པ་འབྲེལ་བ་ལ་ལྟོས་པ་ཕྱོགས་གླང་བཞེད་པ་དང་། མི་བཞེད་པ་ལ་འགལ་བ་བསྟན་པ་དང་། མ་མཐོང་བ་ཙམ་ལྡོག་ཁྱབ་ཏུ་འདོད་པའི་གཞན་སྡེ་དགག་པ་གསུམ། དང་པོ་འཆད་པར། གཏན་ཚིགས་ཀྱི་ནི་ཚུལ་གསུམ་ལའང་ཞེས་སོགས་ཚིགས་བཅད་གཅིག་བྱུང་། འདི་ལ་འཕྲོས་ནི། མདོ་ལས། རྗེས་དཔག་བྱ་དང་དེ་མཚུངས་ལ། །ཡོད་དང་མེད་ལ་མེད་པ་འོ། །ཞེས་པ་རྩ་འགྲེལ་དང་། རིགས་སྒོ་ལས། ཚུལ་གསུམ་དེ་གང་ཞེ་ན། ཕྱོགས་ཀྱི་ཆོས་ཉིད་དང་མཐུན་པའི་ཕྱོགས་ཉིད་ལ་ཡོད་པར་ངེས་པ་དང་། མི་མཐུན་ཕྱོགས་ཉིད་མེད་པ་ཉིད་དུ་ངེས་པར་ཡང་ངོ་ཞེས་པ་གཉིས་ལས་འཕྲོས། འཕྲོས་ཚུལ་རྟགས་ཡང་དག་གི་རྗེས་སུ་འགྲོ་ལྡོག་སྒྲུབ་བྱེད་ཀྱི་གཙོ་བོ་འབྲེལ་བ་ལ་རག་ལས་ཤིང་དེ་ལྟར་མ་ཡིན་ན་ཚུལ་མཐོང་གིས་ངེས་མི་ནུས་ཤིང་དེ་ལྟར་མི་འདོད་པར་རྟགས་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་གྱིས་ལྡོག་ཁྱབ་གྲུབ་པར་འདོད་པ་མི་འཐད་པས་ཕྱོགས་གླང་གིས་ཚུལ་སོ་སོའི་མཚན་ཉིད་ལ་ངེས་པ་བརྗོད་པའི་དགོས་པ་འདི་ལྟར་ཞེས་འཆད་པར་དྲངས་མ་ཐག་བྱུང་སྟེ། ལྡོག་ཁྱབ་དེ་དེ་ལྟར་འདོད་པའི་རང་སྡེ་དབང་ཕྱུག་སྡེ་སོགས་སློབ་དཔོན་གྱི་ལུང་དྲུག་དང་འགལ་ཞེས་སྟོན་པར། འཁྲུལ་བ་ཅན་གྱི་གཉེན་པོར་ནི། །ཞེས་པ་ནས། མི་ལྡན་འཁྲུལ་བ་མེད་པ་ཅན། །ཞེས་པའི་བར་བྱུང་། དེ་ལྟར་འདོད་པའི་རང་གཞན་གྱི་སྡེ་གཉིས་ཀ་ལ་མངོན་སུམ་དང་འགལ་བ་སྟོན་པར། ཡུལ་ལ་སོགས་པའི་ཁྱད་པར་ནི། །ཞེས་སོགས་ཤོ་ལོ་ཀ་གཅིག་བྱུང་གཞན་སྡེ་ལ་ནང་འགལ་གྱི་སྐྱོན་འཆད་པར། བདག་དང་ས་ལ་ཤེས་ཡོད་སོགས། །ཚིགས་བཅད་གཅིག་བྱུང་། མདོ་རྩ་འགྲེལ་དང་རིགས་སྒོས་གཏན་ཚིགས་ཀྱི་ནི་སོགས་འཕྲོས་ཚུལ་ནི། ཤཱཀྱས། གང་གི་ཕྱིར་དེ་ལྟར་ཡིན་པའི་རྒྱུ་དེས་གཏན་ཚིགས་ཀྱི་ཚུལ་ཞེས་པ་ནས། སློབ་དཔོན་གྱིས་ཚད་མ་ཀུན་བཏུས་ལ་སོགས་པ་ལས་གཉིས་ཀ་ལ་རབ་ཏུ་གྲུབ་པ་ནི་སྒྲུབ་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་ངེས་པ་བརྗོད་པ་མཛད་པ་ཡིན་ནོ་ཞེས་བྱུང་ངོ༌། །

                 འདིའི་མཐའ་དཔྱད་པ་ལ་དགག་བཞག་སྤང་གསུམ། དང་པོ་ལ་རགས་པའི་འཁྲུལ་བ་དགག་པ་དང། དོན་ལ་བཅར་བའི་འཁྲུལ་བ་དགག་པ་གཉིས། དང་པོ་ལ་ཚུལ་སོ་སོའི་མཚན་ཉིད་དང་། མཚན་གཞི་དང་། སྒྲུབ་བྱེད་ལ་དཔྱད་པ་གསུམ་ལས། དང་པོ་ལ། ཁ་ཅིག་ན་རེ། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་དེ་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཀྱི་མཚན་ཉིད་ཟེར། ཡང་ཁ་ཅིག །དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་དེ་དང་ཐ་དད་པའི་ཚུལ་གྱིས་འགོད་པ་དེ་དེའི་མཚན་ཉིད་ཟེར་ན། སྡེ་བདུན་རྒྱན་གྱིས་བཤད་པ་ལྟར་འགོད་ཚུལ་དང་མཐུན་པ་ཡོད་པའི་དོན་ཡིན་འགོད་ལ་རྩོད་གཞི་དེ་རྟགས་དེ་ཡིན་པ་དང་། ཡོད་འགོད་ལ་རྟགས་ཆོས་ཅན་དེ་ལ་ཡོད་པར་འདོད་པ་ཙམ་གྱི་དོན་དུ་སྔ་མ་ཀུན་མཐུན་ནོ། །དེ་ལྟར་ན་ཤིན་ཏུ་མི་འཐད་ཚུལ་ནི། སྔ་མ་ལ་སྒྲ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཡིན་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་སྒྲའི་སྟེང་དུ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ངེས་པའི་ཕྱིར། དེར་ཐལ། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་འགོད་ཚུལ་ཡིན་འགོད་ཡིན་པ་གང་ཞིག །སྒྲ་ཁྱོད་ཡིན་སྒྲ་ཆོས་ཅན་གྱི་སྟེང་དུ་ཁྱོད་ཡིན་པའི་ཕྱིར། རྟགས་དང་པོ་དེར་ཐལ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་འགོད་ཚུལ་ཡིན་འགོད་ཡིན་པའི་ཕྱིར། མ་གྲུབ་ན། བྱས་པ་དེ་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་པར་ཐལ། བྱས་པ་ཡོད་ན་མི་རྟག་པས་མ་ཁྱབ་པའི་ཕྱིར། འཁོར་གསུམ། རྩ་རྟགས་ཕྱི་མ་གཉིས་དེར་ཐལ། སྒྲ་དང་གཅིག་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། གཞི་རྟགས་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། མ་གྲུབ་ན། སྒྲ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་ཁྱོད་མི་རྟག་པར་སྒྲུབ་པ་གཞི་རྟགས་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པར་ཐལ། ཁྱོད་བདག་མེད་ཡིན་པའི་ཕྱིར། ཆོས་ཅན་ཡན་གར་བ་གཞིར་ཞོག་ཅིག །དམ་བཅའ་གཉིས་པ་ལ། མི་རྟག་པ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཡིན་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་དེ་དང་ཐ་དད་པའི་ཚུལ་གྱིས་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པའི་ཕྱིར། ཁྱབ་པ་ཁས། འཁོར་གསུམ། རྟགས་དེར་ཐལ། ཁྱོད་སྒྲ་དང་ཐ་དད་སྒྲའི་སྟེང་དུ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ངེས་པའི་ཕྱིར། དང་པོ་སླ་གཉིས་པ་སྔ་མ་ལྟར་སྒྲུབ། རྩ་བར་འདོད་མི་ནུས་ཏེ། ཆོས་རྟགས་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། མ་གྲུབ་ན། ཆོས་ཅན་ཁ་ཡར་བ་གཞིར་ཞོག །མི་རྟག་པ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་སྒྲ་ཁྱོད་དུ་སྒྲུབ་པ་རྟགས་ཆོས་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པར་ཐལ། ཁྱོད་བདག་མེད་ཡིན་པའི་ཕྱིར།

           ཡང་ཁ་ཅིག་ན་རེ། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྟགས་ཆོས་དོན་གསུམ་ཕན་ཚུན་ཐ་དད་པའི་ཚུལ་གྱིས་དེ་སྒྲུབ་ཀྱི་ཤེས་འདོད་ཀྱི་སྟེང་དུ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ངེས་པ་དེ་དེའི་མཚན་ཉིད་ཟེར་ན། བྱས་པ་ཆོས་ཅན། ཁྱོད་སྒྲའི་སྟེང་དུ་སྒྲ་རྟག་དངོས་སུ་སྒྲུབ་པའི་རྟགས་ཆོས་དོན་གསུམ་ཕན་ཚུན་ཐ་དད་པའི་ཚུལ་གྱིས་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པར་ཐལ། ཁྱོད་སྒྲ་རྟག་དངོས་སུ་སྒྲུབ་པའི་ཕྱོགས་ཆོས་ཡིན་པའི་ཕྱིར། འཁོར་གསུམ། ཁྱབ་པ་དངོས། རྟགས་དེར་ཐལ། ཁྱོད་དེ་སྒྲུབ་ཀྱི་འགལ་རྟགས་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྟགས་ཆོས་དོན་གསུམ་ཕན་ཚུན་ཐ་དད་མ་ཡིན་པའི་ཕྱིར། འཁོར་གསུམ། དེར་ཐལ། དེ་སྒྲུབ་ཀྱི་རྟགས་ཆོས་དོན་གསུམ་མེད་པའི་ཕྱིར། མ་གྲུབ་ན། དེ་སྒྲུབ་ཀྱི་ཆོས་ཡོད་པར་ཐལ། མ་གྲུབ་པ་དེའི་ཕྱིར། འཁོར་གསུམ། འདོད་ན། རྟག་པའི་དངོས་པོ་ཡོད་པར་ཐལ་ལོ། །འདོད་པའི་ཕྱིར། གཞན་ཡང་སྒྲ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཡིན་པར་ཐལ། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྟགས་ཆོས་དོན་གསུམ་ཕན་ཚུན་ཐ་དད་པ་དེ་སྒྲུབ་ཀྱི་ཤེས་འདོད་སྟེང་དུ་འགོད་ཚུལ་དང་མཐུན་པར་ཡོད་པའི་ཕྱིར། འཁོར་གསུམ། དེར་ཐལ། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྟགས་ཆོས་དོན་གསུམ་ཕན་ཚུན་ཐ་དད་གང་ཞིག །ཁྱོད་སྒྲའི་སྟེང་དུ་འགོད་ཚུལ་དང་མཐུན་པར་ཚད་མས་ངེས་པའི་ཕྱིར། དང་པོ་དེར་ཐལ། ཁྱོད་དང་མི་རྟག་པ་དང་སྒྲ་གསུམ་ཕན་ཚུན་ཐ་དད་ཡིན་པའི་ཕྱིར། མ་གྲུབ་ན། དེ་གསུམ་ཆོས་ཅན། གཅིག་ཡིན་པར་ཐལ། ཡོད་པ་གང་ཞིག །ཕན་ཚུན་ཐ་དད་མ་ཡིན་པའི་ཕྱིར། འཁོར་གསུམ། འདོད་ན། སྒྲ་དང་མི་རྟག་པ་གཉིས་གཅིག་ཡིན་པར་ཐལ་ལོ། །འདོད་པའི་ཕྱིར། འདོད་ན། མི་རྟག་པ་ཡིན་ན་སྒྲ་ཡིན་པས་ཁྱབ་པར་ཐལ་ལོ། །འདོད་པའི་ཕྱིར། ཡང་ཁ་ཅིག་ན་རེ། དེ་གསུམ་ལ་སྐྱོན་བློ་སྒོ་འབྱེད་ཚུལ། ཁྱོད་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་ཆོས་དེ་གཞི་དེར་སྒྲུབ་པའི་འགོད་ཚུལ་ཡིན་འགོད་ཡིན་པ་གང་ཞིག །ཁྱོད་ཆོས་དེའི་སྟེང་དུ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་ན་ཆོས་དེ་ཁྱོད་ཡིན་དགོས་པར་ཐལ། ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་འགོད་ཚུལ་ཡིན་འགོད་གང་ཞིག །ཁྱོད་སྒྲའི་སྟེང་དུ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་ན་སྒྲ་ཁྱོད་ཡིན་དགོས་པའི་ཕྱིར་ན་འདིར་མ་ཁྱབ། འདོད་ན་སོང་། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། དེ་སྒྲུབ་ཀྱི་རྟགས་ཡང་དག་ཡོད་པའི་ཕྱིར། འདོད་ན། བྱས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན་སོང་། བྱས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་ཁྱོད་ཡིན་པར་ཐལ། ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་མི་རྟག་པར་སྒྲུབ་པའི་འགོད་ཚུལ་ཡིན་འགོད་གང་ཞིག །ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་དེའི་སྟེང་དུ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པའི་ཕྱིར། འཁོར་གསུམ་ཁས། རྟགས་དང་པོ་དེར་ཐལ། ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་འགོད་ཚུལ་ཡིན་འགོད་ཡིན་པའི་ཕྱིར་སོགས་བྱ།

          གཞན་ཡང་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་ལ་འགོད་ཚུལ་མཐུན་པར་ཡོད་པའི་དོན་སྔར་བཤད་པ་ལྟར་ཡིན་པར་བསམས་ནས་ཕྱོགས་གླང་གྲགས་པ་སོགས་རིགས་པའི་དབང་ཕྱུག་ཀུན་དང་མི་མཐུན་པའི་མཚན་ཉིད་སྣ་ཚོགས་སྨྲས་ཏེ། འདི་ལྟར་སྔར་བཤད་པ་དག་དང་། ཡང་ཁ་ཅིག །ཆོས་དེ་ཁྱོད་ཀྱི་རྟགས་ཀྱིས་གཞི་དེར་སྒྲུབ་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་གང་། ཁྱོད་ཆོས་དེའི་སྟེང་དུ་ཐ་དད་པའི་ཚུལ་གྱིས་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་ཅེས་དང་། ལ་ལས་སྒྲ་དེ་ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་གང་། ཁྱོད་སྒྲ་མི་རྟག་སྒྲུབ་ལ་རྟགས་སུ་བཀོད་པའི་གང་ཟག་དེ་དང་འགོད་ཡུལ་གཉིས་ལས། ཁྱོད་སྒྲའི་སྟེང་དུ་ཐ་དད་པའི་ཚུལ་གྱིས་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ངེས་པ་ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཀྱི་མཚན་ཉིད་ཅེས་འཇོག་ཀྱང་ཕྱོགས་ཆོས་སྤྱིའི་མཚན་ཉིད་མེད་པར་འདོད། ཡང་ཁ་ཅིག །གཞན་དེ་འདྲ་ལ་ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་འགོད་པ་པོ་དང་འགོད་ཡུལ་གཉིས་ལས་ཞེས་དང། ཡང་གཞན་དག་དེ་སྒྲུབ་ཀྱི་ཚུལ་དང་པོ་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཀྱི་མཚན་ཉིད་ཅེས་སོགས་སྣ་ཚོགས་སྨྲས་སོ། །ཨེ་མ་རྨོངས་པའི་གདོན་གྱིས་ཟིན་པའི་བརླབ་རྡོལ་ལ་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང་རྒྱན་དྲུག་སོགས་མཁས་པ་རྣམས་ཀྱིས་མ་གཟིགས་སམ། དེ་དག་ཐམས་ཅད་ལ་འོ་ན། དེ་སྒྲུབ་ཀྱི་རྗེས་སུ་དཔག་བྱ་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ངེས་པ་དེ་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཀྱི་མཚན་ཉིད་སྐྱོན་མེད་མ་ཡིན་པར་ཐལ། ཁྱེད་ཅག་གི་འགོད་ཚུལ་དང་མཐུན་པར་ཡོད་པའི་དོན་འཐད་པའི་ཕྱིར། འདོད་ན། སྒྲ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་སུ་དཔག་བྱ་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ངེས་པར་ཐལ། ཁྱོད་དེ་ལྟར་ཚད་མས་ངེས་པ་ཡིན་ལ། སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་མ་ཡིན་པའི་སྐྱོན་ཡིན་པའི་ཕྱིར། འཁོར་གསུམ། འདོད་ན། སྒྲ་ཆོས་ཅན། ཁྱོད་དེ་སྒྲུབ་ཀྱི་ཤེས་འདོད་ལ་འགོད་ཚུལ་དང་མཐུན་པར་ཡོད་པའི་གཏན་ཚིགས་མ་ཡིན་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་ཤེས་འདོད་ལ་འགོད་ཚུལ་དང་མཐུན་པར་མེད་པའི་གཏན་ཚིགས་ཡིན་པའི་ཕྱིར། འཁོར་གསུམ། དེར་ཐལ། ཁྱོད་དེ་སྒྲུབ་ཀྱི་ཤེས་འདོད་ལ་འགོད་ཚུལ་དང་མཐུན་ཀྱང་དེའི་མཚན་ཉིད་ཟུར་གྱི་ཡོད་པ་ཞེས་པའི་དོན་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། འཁོར་གསུམ། དེར་ཐལ། ཁྱོད་དེ་སྒྲུབ་ཀྱི་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། འཁོར་གསུམ། རྟགས་སྔར་བསྒྲུབས་ཟིན། མ་ཁྱབ་ན། མཚན་ཉིད་ཟུར་དུ་ཡོད་པ་སྨོས་པ་དེ་དེ་སྒྲུབ་ཀྱི་མ་གྲུབ་པའི་གཏན་ཚིགས་རྣམས་གསལ་བའི་ཆེད་མ་ཡིན་པར་ཐལ། མ་གྲུབ་པ་དེའི་ཕྱིར། འཁོར་གསུམ། འདོད་ན། པཎ་ཆེན་ཆོས་མཆོག་གི་འཐད་ལྡན་ཆུང་བ་ལས། དེ་ལ་ཡོད་པའི་ཚིག་གིས་ནི། མིག་གིས་བཟུང་བར་བྱ་བ་ཡིན་པའི་ཕྱིར། ཞེས་བྱ་བ་ལ་སོགས་པ་མ་གྲུབ་པ་བསལ་བ་ཡིན་ནོ་ཞེས་གསུངས་པ་མི་འཐད་པར་ཐལ། འདོད་པ་དེའི་ཕྱིར། འཁོར་གསུམ། འདོད་ན། རྨོངས་པ་ཁྱོད་ཀྱིས་མདོ་དང་སྡེ་བདུན་རྩ་འགྲེལ་བཀག་ནས་འོལ་ཚོད་ཀྱི་ལུགས་འཇོག་རིགས་པར་ཐལ། འདོད་པའི་ཕྱིར། འདོད་ན། སྲིན་བུ་མེ་ཁྱེར་གྱིས་འོད་སྟོང་ལྡན་པ་ཟིལ་གྱིས་མནན་ནས་མེ་ཁྱེར་གྱི་འོད་འབྱུང་བར་ཐལ་ལོ། །འདོད་པའི་ཕྱིར། གཞན་ཡང་མཁས་གྲུབ་ཆེན་པོ་ཛ་ཏཱ་རིས་གཏན་ཚིགས་ཀྱི་དེ་ཉིད་ལས། ཕྱོགས་ལ་ཡོད་པ་ཉིད་ནི་ཚུལ་གཅིག་གོ་ཞེས་པ་འདི་ལྟར་ཕྱོགས་ཆོས་ཀྱི་མཚན་ཉིད་ཚིག་བསྡུས་ན་འདིས་མི་ཆོག་པར་ཐལ། ཁྱོད་ཀྱི་དམ་བཅའ་འཐད་པའི་ཕྱིར། འཁོར་གསུམ། འདོད་མི་ནུས་ཏེ། ཕྱོགས་ལ་ཡོད་ཅེས་པས་དེ་སྒྲུབ་ཀྱི་མ་གྲུབ་པའི་གཏན་ཚིགས་རྣམས་སེལ། ཉིད་སྨོས་པས་ཤེས་འདོད་ཀྱི་ཕྱོགས་གཅིག་ལ་མ་གྲུབ་པ་སོགས་སེལ། ཡོད་ཅེས་པས་འཕང་བས་འོག་གི་ངེས་པས་བློ་སྐྱོན་སེལ་བའི་ཕྱིར། དེར་ཐལ། པཎ་ཆེན་དུལ་བའི་ལྷས་རིགས་ཐིགས་ཀྱི་འགྲེལ་པ་སློབ་ཕན་ལས། རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་དང་ཞེས་བྱ་བ་ནི། ཞེས་པ་ནས། དེ་ལ་ཡོད་པ་སྨོས་པས་ནི་མིག་གི་བཟུང་བྱ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་བཀག་གོ་བརྣན་པ་སྨོས་པས་ནི་ཕྱོགས་ལ་ཕྱོགས་གཅིག་མ་གྲུབ་པ་ལ་སོགས་པ་བསལ་ཏོ་ཞེས་དང། ངེས་པའོ་ཞེས་ཐ་མར་སྨོས་པའི་ཕྱིར་གསུམ་ཆར་ལ་ཡང་ངེས་པ་ཉིད་རིག་པར་བྱའོ་ཞེས་གསུངས་པའི་ཕྱིར། བརྣན་པ་སྟེ། ཉིད་སྒྲས་ཕྱོགས་ལ་ཕྱོགས་གཅིག་མ་གྲུབ་པ་སེལ་ཚུལ་ཤེས་འདོད་ནི་ཕྱོགས་དང་དེའི་ཆ་གཅིག་མ་གྲུབ་པ་སེལ་ཞེས་པའོ། །

          གཞན་ཡང་མི་རྟག་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་ཤེས་འདོད་ལ་ཡོད་པ་ཉིད་དུ་ངེས་པར་ཐལ། དེ་སྒྲུབ་ཀྱི་ཤེས་འདོད་ལ་དེ་ལྟར་ངེས་ལ་དེ་སྒྲུབ་ཀྱི་ཕྱོགས་ཆོས་མ་ཡིན་པའི་སྐྱོན་ཡིན་པའི་ཕྱིར། རྟགས་ཁས། འཁོར་གསུམ། འདོད་ན། མི་རྟག་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་ཤེས་འདོད་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པར་ཐལ་ལོ། །འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་དེ་སྒྲུབ་ཀྱི་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། རྟགས་སྔར་བཞིན། ཁྱབ་སྟེ། དེ་སྒྲུབ་ཀྱི་ཤེས་འདོད་ལ་ཡོད་ཅེས་པ་དང་ཉིད་སྒྲ་དང་ངེས་སྒྲ་གསུམ་ལས་རིམ་བཞིན་དོན་སྐྱོན་མ་གྲུབ་པ་གཉིས་དང་ཕྱི་མས་བློ་སྐྱོན་གྱི་མ་གྲུབ་པ་སེལ་བ་སྐབས་སྟོབས་ཀྱིས་ཤེས་པའི་ཕྱིར། དེར་ཐལ། ཚུལ་དང་པོའི་སྐབས་ཀྱི་ཤེས་འདོད་ལ་ཡོད་ཅེས་པ་དེ་སྒྲུབ་ཀྱི་འགོད་ཚུལ་དང་མཐུན་པར་མ་གྲུབ་པ་མ་ཡིན་པའི་གཏན་ཚིགས་ལ་གོ་བ་རྟོག་གེ་ལ་གྲགས་པས་གྲུབ་ལ། དེའི་སྐབས་མ་ཡིན་པའི་དུས་སྒྲ་ལ་བྱས་པ་ཡོད་བྱས་པ་དང་མི་འདྲ་བའི་ཁྱད་པར་བཤད་པའི་ཕྱིར། དཔེར་ན་ཕྱོགས་སྒྲ་དོན་གསུམ་ལ་འཇུག་ཀྱང་ཚུལ་དང་པོའི་ཕྱོགས་སྒྲ་ཤེས་འདོད་ཀྱི་མིང་ལ་གོ་བ་གྲགས་པ་མ་ཡིན་པ་བཞིན་ཡིན་པའི་ཕྱིར། རྣམ་ངེས་འགྲེལ་བའི་དེ་ལྟར་གྲགས་དང་ནུས་ཕྱིར་རོ་ཞེས་པའི་འགྲེལ་པ་འཐད་ལྡན་ལས། དཔེར་ན་སྒྲའི་དོན་རྟོགས་པ་འཇིག་རྟེན་གྱི་གྲགས་པའི་རྗེས་སུ་འབྲང་བ་ལས་རྒྱུ་མཚན་གཞན་མེད་པ་དེ་བཞིན་དུ་སྒྲའི་དོན་ལས་གཞན་ལྡོག་པ་ཡང་གྲགས་པ་ལས་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་གསུངས་པའི་ཕྱིར་དང་། དེ་བཞིན་དུ་མཁས་པ་གྲགས་ཚུལ་ཡང་། རྣམ་ངེས་ཊིཀ་ཆེན་ལས། ཕྱོགས་ཆོས་ཀྱི་མཚན་ཉིད་སྟོན་པ་ན་རྗེས་སུ་དཔག་བྱ་ལ་ཡོད་པ་ཁོ་ནར་ངེས་པ་ཞེས་པའི་ཚིག་གི་25ནུས་པས་ཞེས་པ་ནས། བཞིས་རིམ་པ་བཞིན་དུ་རྗེས་སུ་དཔག་བྱ་ལ་གཏན་མེད་པ་དང་། དེ་ལ་ཡོད་ཀྱང་ཁྱབ་བྱེད་དུ་མེད་པའི་དོན་སྐྱོན་ཞུགས་པ་དང་། དེ་ལྟར་དོགས་པའི་བློ་སྐྱོན་ཞུགས་པ་རྣམས་སེལ་ཏེ་ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་ལྟར་བཤད་པ་པཎ་གྲུབ་རིགས་སྨྲ་རྣམས་ཀྱི་དགོངས་པ་དྲི་མེད་ཡིན་པའི་ཕྱིར། རྣམ་ངེས་ལས། རྗེས་སུ་དཔག་པར་བྱ་བ་ནི་འདིར་ཤེས་པར་འདོད་པའི་བྱེ་བྲག་དང་ལྡན་པའི་ཆོས་ཅན་ཏེ། དེ་ལ་མངོན་སུམ་མམ་རྗེས་སུ་དཔག་པས་མཐོང་བའོ་ཞེས་དེ་སྒྲུབ་ཀྱི་རྟགས་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་ལ་འགོད་ཚུལ་དང་མཐུན་པར་མངོན་རྗེས་ཀྱི་ཚད་མས་མཐོང་བར་བཤད་པ་དང་། འཐད་ལྡན་ཆེ་བ་ལས། འཆད་པར་འགྱུར་བའི་རྗེས་སུ་དཔག་པར་བྱ་བའི་རང་བཞིན་ལ་ཡོད་པ་དང་ཞེས་དང་། མདོའི་རང་འགྲེལ་ལས། ཆོས་ཅན་དེ་ལ་མངོན་སུམ་མམ་རྗེས་སུ་དཔག་པས་མཐོང་གི་ཞེས་དང་། པཎྜི་ཏ་ཐར་པ་འབྱུང་གནས་སྤས་པའི་རྟོག་གེ་སྐད་ལས། ཆོས་ཅན་ལ་རྟགས་ཡོད་པ་ཉིད་དུ་ངེས་པ་གང་དེ་ནི་ཚུལ་གཅིག་སྟེ་ཕྱོགས་ཆོས་ཉིད་ཀྱི་མིང་ཅན་ནོ། །འདིར་ཡོད་པ་སྨོས་པས་མ་གྲུབ་པ་བསལ་ཏེ། དཔེར་ན་སྒྲ་མི་རྟག་སྟེ། མིག་གི་བཟུང་བར་བྱ་བ་ཉིད་ཀྱི་ཕྱིར་ཞེས་པ་བཞིན་ནོ་ཞེས་དང་། ཁོ་ནའི་སྒྲས་ཕྱོགས་ཀྱི་ཕྱོགས་གཅིག་ལ་མ་གྲུབ་པ་སྟེ་སོགས་དང་། ངེས་པ་སྨོས་པས་ཐེ་ཚོམ་ཟ་བའི་མ་གྲུབ་པ་སྟེ་ཞེས་སོགས་དང་། བྱིས་པ་འཇུག་པའི་རྟོག་གེ་ལས། རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་དུ་ངེས་པ་སྟེ་ཞེས་དང་། ཡོད་པའི་ཚིག་སྨོས་པས་ནི་མ་གྲུབ་པ་སེལ་ལོ། །ངེས་པ་སྨོས་པས་ནི་ཐེ་ཚོམ་ཟ་བ་མ་གྲུབ་པ་སེལ་ལོ་ཞེས་གསུངས་པ་ལྟ་བུ་མང་བའི་ཕྱིར། དེ་སྐད་དུ་སྡེ་བདུན་རྒྱན་ལས། དོན་འདི་ནི་སློབ་དཔོན་གྱི་གཞུང་ལུགས་དག་ལས་གསལ་བར་བསྟན་ཏེ། ཞེས་པ་ནས། གཏན་ཚིགས་ཐིགས་པ་སོགས་ལས་ཀྱང་དེ་དང་མཐུན་པར་གསུངས་སོ། །ཞེས་གསུངས་པའི་ཕྱིར། འདི་དག་ནི་གྲགས་ཆེ་བར་བསྟན་པའི་ཕྱིར་ལུང་མང་པོ་དྲངས་པ་ཡིན་ནོ།  །

(25) པར་ཐེངས་གཉིས་པ། ནུས་ས་ཞེས།

           གཞན་ཡང་སྤྱིར་སྒྲ་ལ་ཡོད་པ་ཉིད་ཅེས་པ་དང་རྟགས་ཚུལ་དང་པོའི་སྐབས་སུ་རྗེས་སུ་དཔག་བྱ་ལ་ཡོད་པ་ཉིད་ཅེས་པ་གཉིས་ཀྱིས་དེ་སྒྲུབ་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་སྟོན་མི་སྟོན་གྱི་ཁྱད་པར་འབྱེད་མི་རིགས་པར་ཐལ། རྟགས་ཚུལ་དང་པོའི་སྐབས་སུ་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་ལ་ཡོད་པ་ཉིད་ཡིན་ཞེས་པས་སྒྲ་བྱས་པ་ཡིན་པ་ཙམ་ལས་མི་སྟོན་པའི་ཕྱིར། རྟགས་ཁས། འཁོར་གསུམ། དེར་ཐལ། རྟགས་ཚུལ་དང་པོའི་མཚན་ཉིད་དཔྱད་པ་ན་སྒྲ་སྒྲ་མི་རྟག་པར་སྒྲུབ་པའི་རྩོད་གཞི་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་ཡིན་ཞེས་པས་སྒྲ་སྒྲ་ཡིན་ཙམ་ལས་མི་སྟོན་པའི་ཕྱིར། རྟགས་ཁས། མ་ཁྱབ་ན་དངོས། ཁྱབ་པར་ཐལ། སྒྲ་བྱས་པ་ཡིན་ཙམ་ནི་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་ལ་འགོད་ཚུལ་དང་མཐུན་ཞེས་པས་བསྟན་ཟིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དེ་གཉིས་ཀྱི་ཚིག་ཟིན་ལ་མེད་ཀྱང་སྐབས་སྟོབས་ཀྱིས་འཕེན་པར་དགོངས་ནས་དེ་ལྟར་བཤད་པའི་ཕྱིར། མ་གྲུབ་ན། ཚིག་འདྲ་ཡང་སྨྲ་བ་པོའི་འདོད་པའི་དབང་གིས་ཚིག་ཏུ་མ་བརྗོད་པའི་དོན་སྟོན་མི་སྟོན་ལ་ཁྱད་པར་ཆེན་པོ་མེད་པར་ཐལ། ཚིག་སྔ་མ་གཉིས་ལ་སྟོན་ཚུལ་ཁྱད་པར་མེད་པ་དེའི་ཕྱིར། འདོད་མི་ནུས་ཏེ། མདོ་ལས་བདག་ཡོད་པར་བཤད་པས་ཀྱང་བདག་མེད་པར་ཡང་བཤད། མུ་སྟེགས་པས་བདག་ཡོད་པར་བཤད་པས་བདག་མེད་པར་མ་བཤད་པར་ལང་གཤེགས་ལས་བཤད་པ་ལྟར་སྐབས་འདིར་སྨྲ་བ་པོའི་བསམ་པའི་དབང་གིས་བསྟན་པར་ཁས་ལེན་དགོས་པའི་ཕྱིར། འདི་ཉིད་ཀྱི་བཞི་བ་ལས། དེ་སྦྱར་མེད་ཀྱང་བརྗོད་འདོད་ལས། །དེའི་དོན་ཉིད་ནི་རྟོགས་པར་འགྱུར། །ཞེས་དང༌། མ་བརྗོད་ན་ཡང་འདོད་པས་ཁྱབ། །བདག་གི་དོན་བཞིན་བསྒྲུབ་བྱར་འདོད། ཅེས་དང་། སྒྲ་ནི་བརྗོད་འདོད་རྗེས་འབྲང་ཕྱིར། །ཞེས་པའི་འཐད་ལྡན་ལས་ཀྱང་། སྒྲ་ནི་གང་གི་དོན་བསྟན་པར་འདོད་པའི་བསམ་པ་བརྗོད་པར་འདོད་པ་དེའི་རྗེས་སུ་འབྲང་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འཁོར་གསུམ། གཞན་ཡང་གཏན་ཚིགས་ཐིགས་པ་ལས། དེ་ལས་བསྒྲུབ་པར་བྱ་བའི་ཆོས་ཅན་ལ་ཕྱོགས་ཀྱི་ཆོས་མངོན་སུམ་མམ་རྗེས་སུ་དཔག་པའི་སྒོ་ནས་རབ་ཏུ་གྲུབ་པ་ནི་ངེས་པ་སྟེ། དཔེར་ན་ཕྱོགས་ན་དུ་བའམ། སྒྲ་ལ་བྱས་པ་ཉིད་ལྟ་བུའོ། །ཞེས་གསུངས་པ་འདིས་རྟགས་དེ་སྒྲུབ་ཀྱི་དཔག་བྱའི་ཤེས་འདོད་ཆོས་ཅན་ལ་མངོན་སུམ་མམ་རྗེས་དཔག་གང་རུང་གིས་གྲུབ་པ་ཕྱོགས་ཆོས་སུ་བཤད་པ་ལྟར་ཁས་ལེན་མི་རིགས་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། དེ་ལྟར་སྒྲུབ་པས་ཕྱོགས་ཆོས་གྲུབ་ཅིང་ཕྱོགས་ཆོས་ངེས་བྱེད་ཀྱི་ཚད་མ་ཡང་དུ་ལྡན་གྱི་ས་ཕྱོགས་ན་དུ་བ་ལྟ་བུ་མངོན་སུམ་གྱིས་གྲུབ་ཅིང་། སྒྲ་ལ་བྱས་པ་དེས་མི་འགྲུབ་པས་རྗེས་དཔག་གིས་གྲུབ་ཚུལ་བཤད་པ་ལྟར་ཡིན་པའི་ཕྱིར། དེར་ཐལ། ཕྱོགས་ཀྱི་ཆོས་ཞེས་པ་ཡན་ཆད་ཀྱིས་ཕྱོགས་ཆོས་བཤད། མངོན་སུམ་མམ་ནས། ངེས་པ་སྟེ་ཞེས་པས་ཚད་མ་གཉིས་ཀྱིས་གྲུབ་ཚུལ་བཤད། དཔེར་ན་མན་ཆད་ཀྱིས་ཚད་མ་གཉིས་ཀྱི་ངེས་བྱའི་ཕྱོགས་ཆོས་གཉིས་རིམ་པས་བཀོད་པའི་ཕྱིར། དེ་སྐད་དུ་བྲམ་ཟེ་ཨཚ་ཊའི་འགྲེལ་བ་ལས། ཕྱོགས་ཀྱི་ཆོས་ངེས་པ་ཞེས་བྱ་བར་སྦྱར་རོ། །རབ་ཏུ་གྲུབ་པ་འདི་ཅི་ཞིག་ཡིན་ཞེ་ན་རྟོགས་པའོ། །གང་ལ་ཞེ་ན་བསྒྲུབ་པར་བྱ་བའི་ཆོས་ཅན་ལའོ། །གང་གིས་ཞེ་ན། མངོན་སུམ་དང་རྗེས་སུ་དཔག་པའི་སྒོས་སོ་ཞེས་དང་། འདིར་དཔེ་ནི་རིམ་པ་ཇི་ལྟ་བ་བཞིན་དུ་དཔེར་ན་ཕྱོགས་ལ་དུ་བ་ཞེས་བྱ་བ་སྨོས་སོ་ཞེས་གསུངས་པའི་ཕྱིར།

          གཞན་ཡང་། ཁྱེད་ཅག་གི་ཚུལ་གསུམ་སོ་སོའི་མཚན་ཉིད་དང་། ཕྱོགས་ཆོས་ཀྱི་མཚན་ཉིད་དང་གོ་དོན་དེ་འཕགས་ཡུལ་དབུ་སེམས་ཀྱི་མཁས་དབང་ཤིང་རྟ་ཆེན་པོ་དག་དང་རྗེ་ཡབ་སྲས་གཅིག་གི་ཡང་བཞེད་པ་མ་ཡིན་པར་ཐལ། དེ་དག་གི་རྟགས་དེ་དེ་སྒྲུབ་ཀྱི་དཔག་བྱའི་ཆོས་ཅན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ངེས་པའི་དོན་ཅན་ཁོ་ན་དེ་ཚིག་རྒྱས་བསྡུས་ཅི་རིགས་ཀྱི་ཕྱོགས་ཆོས་ཀྱི་མཚན་ཉིད་དུ་བཤད་ལ་ཁྱེད་ཅག་གིས་དེ་ལ་མ་གྲུབ་པའི་རྟགས་སྐྱོན་བཤད་པའི་ཕྱིར། མདོ་ལས། རྗེས་དཔག་བྱ་དང་དེ་མཐུན་ལ། ཡོད་སོགས་དང་། དེ་དང་མཐུན་པར་རྣམ་ངེས་ལས། རྗེས་དཔག་བྱ་དང་དེ་མཚུངས་ལ། སོགས་རྩ་འགྲེལ་དྲངས་པ་དག་དང་། རིགས་ཐིགས་ལས། རྟགས་ནི་རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་དང་ཞེས་དང་། དེའི་འགྲེལ་པར་ཆོས་མཆོག་གིས། ཚུལ་གསུམ་ཡང་གང་ཞེ་ན། འཆད་པར་འགྱུར་བའི་མཚན་ཉིད་རྗེས་སུ་དཔག་པར་བྱ་བ་དེ་ལ་རྟགས་ཡོད་པ་ཉིད་དུ་ངེས་པ་ནི་ཚུལ་གཅིག་ཡིན་ནོ། །ཞེས་དང་། དུལ་བ་ལྷས་ཀྱང་། རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་དང་ཞེས་བྱ་བ་ནི་འོག་ནས་འབྱུང་བའི་རྗེས་སུ་དཔག་པར་བྱ་བའི་མཚན་ཉིད་ལ་ཡོད་པ་ཉིད་ནི་ཚུལ་གཅིག་ཡིན་ཏེ་ཞེས་དང་། ཤནྟི་པས་ཀྱང་། ཇི་ལྟར་རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་དང་། ཞེས་དང་། བྱིས་པ་འཇུག་པའི་རྟོག་གེ་ལས། རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་དུ་ངེས་པ་སྟེ་སོགས་དང་། རྟོག་གེའི་དེ་ཉིད་ལས། ཕྱོགས་ལ་ཡོད་པ་ཉིད་ནི་ཚུལ་གཅིག་གོ་ཞེས་དང་། རྟོག་གེ་སྐད་ལས་ཀྱང་། རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཁོ་ནར་ངེས་པའོ། །ཞེས་དང་། འགྲེལ་བཤད་སྤྱན་རས་གཟིགས་བརྟུལ་ཞུགས་ལས་ཀྱང་། དེ་ལ་ཚུལ་གསུམ་ནི་རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་དང་། ཞེས་གསུངས་པ་ལྟར་དབུ་མ་པ་དུ་མས་ཀྱང་བཤད་ལ། དེ་བཞིན་དུ་མདོའི་དར་ཊིཀ་མཐར་འཛིན་གདུང་སེལ་ལས་ཀྱང་། ཕྱོགས་ཆོས་ཀྱི་མཚན་ཉིད་རྗེས་སུ་དཔག་བྱ་ཤེས་པར་འདོད་པའི་བྱེ་བྲག་དང་ལྡན་པའི་ཆོས་ཅན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཁོ་ནར་ངེས་པའོ་ཞེས་དང་། སྡེ་བདུན་རྒྱན་ལས། ཕྱོགས་ཆོས་ཀྱི་མཚན་ཉིད་དེ་སྒྲུབ་ཀྱི་འགོད་ཚུལ་དང་མཐུན་པའི་སྒོ་ནས་རང་གི་གཞི་ཤེས་འདོད་ཆོས་ཅན་དེའི་ཆོས་སུ་ཡོད་པ་ཁོ་ནར་ངེས་པའི་གཏན་ཚིགས་ཞེས་དང་། རིགས་རྒྱན་ལས། ཕྱོགས་ཆོས་ཀྱི་མཚན་ཉིད་རང་གི་རྟེན་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ངེས་པ་ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། སྲས་ཀྱི་མཆོག་གསུམ་གྱིས་མཐུན་པར་བཤད་པས་རྗེ་རིན་པོ་ཆེའི་བཞེད་པ་དྲི་མ་མེད་པ་ཡིན་པའི་ཕྱིར། གཞན་ཡང་། ཁྱེད་ཅག་གི་ཚུལ་གསུམ་སོ་སོའི་མཚན་ཉིད་དང་ཕྱོགས་ཆོས་ཀྱི་མཚན་ཉིད་དེ་དག་མི་འཐད་པར་ཐལ། དེ་དག་གི་ཚིག་ཚོགས་ཆེན་པོ་སྨྲས་ཀྱང་རིགས་པའི་དབང་ཕྱུག་དག་གི་ཚུལ་གསུམ་སོ་སོའི་མཚན་ཉིད་ཟུར་གྱི་རྣམ་བཅད་ཡོངས་གཅོད་ཀྱི་ཚིག་དང་དོན་གང་ཡིན་མི་གོ་ལ་དེ་དག་དང་མི་མཐུན་པར་མངོན་སུམ་གྱིས་གྲུབ་པའི་ཕྱིར། ཁྱབ་སྟེ། ལམ་རིམ་ལས། མན་ངག་རྣམ་པར་དག་པ་ཞིག་ཡིན་ན་གཞུང་ཆེན་མོ་རྣམས་ལ་ངེས་པ་སྟེར་བ་ཞིག་དགོས་ཀྱི་ཞེས་དང། བཀའ་དང་དགོངས་འགྲེལ་ཆེན་པོ་རྣམས་ཀྱི་དོན་ལ་ངེས་པ་སྟེར་མི་ནུས་པའམ། དེ་དག་དང་མི་མཐུན་པའི་ལམ་སྟོན་ན་ནི་དོར་བར་བྱ་བ་ཁོ་ནའོ་ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། སྒྲ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ངེས་པའི་གཏན་ཚིགས་ཡིན་པར་ཐལ། ཁྱོད་སྒྲ་མི་རྟག་པར་སྒྲུབ་པར་ཤེས་འདོད་ཆོས་ཅན་ལ་འགོད་ཚུལ་དང་མཐུན་པར་ཡོད་པའི་གཏན་ཚིགས་ཡིན་པའི་ཕྱིར་ན་སྤྱིར་རྣམ་པ་གཅིག་ཏུ་མ་ཁྱབ་མོད། འདིར་ཡང་རྟགས་མ་གྲུབ་བོ་བྱས་པ་ལ། རྟགས་དེར་ཐལ། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་ལ་འགོད་ཚུལ་དང་མཐུན་པར་ཡོད་པའི་ཕྱིར་ན་ཁ་ཅིག་མ་ཁྱབ་ཟེར། རྟགས་དེར་ཐལ། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་ལ་འགོད་ཚུལ་དང་མཐུན་པར་ཚད་མས་གྲུབ་པའི་ཕྱིར་ན་འདིར་མ་ཁྱབ་སྟེ། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་ལ་འགོད་ཚུལ་དང་མཐུན་པར་ཚད་མས་ངེས་ཀྱང་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་ལ་འགོད་ཚུལ་དང་མཐུན་པར་ཡོད་པའི་རྟགས་ཞེས་པའམ་ཡོད་པའི་དོན་ཚང་བས་མ་ཁྱབ་པའི་ཕྱིར། དེར་ཐལ། འདིའི་ཚིག་ཟུར་གྱི་ཡོད་པ་ཞེས་པ་དེ་འགོད་ཚུལ་དང་མཐུན་པར་སྟོན་བྱེད་མ་ཡིན་པའི་ཕྱིར། དེར་ཐལ། རྟགས་དེ་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་དང་འགོད་ཚུལ་དང་མཐུན་ཞེས་པས་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་ལ་འགོད་ཚུལ་དང་མཐུན་པ་བསྟན་ཟིན་ཅིང་། ཡོད་པ་ཞེས་པས་རྟགས་ཀྱི་ངོ་བོ་མ་གྲུབ་པ་དང་གཞི་རྟགས་ཐ་དད་མེད་ནས་མ་གྲུབ་པ་དང་རྟགས་ཆོས་ཐ་དད་མེད་ནས་མ་གྲུབ་པ་དག་སེལ་བ་སྟོན་བྱེད་ཡིན་པའི་ཕྱིར། ཁྱབ་ཅིང་། རྟགས་གྲུབ་སྟེ། དེ་ལྟར་ཤེས་འདོད་ཆོས་ཅན་ལ་འགོད་ཚུལ་དང་མཐུན་པ་སྟོན་བྱེད་དང་རྟགས་མ་གྲུབ་པ་སྟོན་ཚུལ་ཐ་དད་ཡིན་པའི་ཕྱིར། དེར་ཐལ། ཉིད་ཡོད་པའི་སྔར་མ་སྨོས་པས་ཐུན་མོང་མ་ཡིན་པའི་ཆོས་རྟགས་མ་གྲུབ་པ་བསལ་བའི་ཕྱིར། ཆོས་མཆོག་གིས་རིགས་ཐིགས་འགྲེལ་བ་ལས། ཡོད་པའི་ཚིག་གིས་ནི་མིག་གི་གཟུང་བྱ་ཡིན་པའི་ཕྱིར། ཞེས་བྱ་བ་ལ་སོགས་པའི་མ་གྲུབ་པ་བསལ་ལོ། །ཉིད་ཀྱི་ཚིག་གིས་ཕྱོགས་གཅིག་ལ་མ་གྲུབ་པ་བསལ་ཞེས་དང་། ཡོད་པའི་ཚིག་གིས་རྗེས་ལ་ཉིད་སྨོས་པས་ནི་ཐུན་མོང་མ་ཡིན་པའི་ཆོས་བསལ་བ་ཡིན་ནོ་ཞེས་དང་། རྟོག་གེ་སྐད་ལས་ཀྱང་། ཡོད་པ་སྨོས་པས་མ་གྲུབ་པ་བསལ་ཏེ་ཞེས་དང་། ཁོ་ནའི་སྒྲས་ཕྱོགས་ཀྱི་ཕྱོགས་གཅིག་ལ་མ་གྲུབ་པ་ཞེས་དང་། ཡོད་པའི་སྒྲའི་ཕྱིས་ཁོ་ནའི་སྒྲས་ཐུན་མོང་མ་ཡིན་པ་སྟེ་ཞེས་གསུངས་པའི་ཕྱིར།

           གཞན་ཡང་ལུང་དེ་དག་དང་འགལ་བར་མ་ཟད་རིགས་པས་ཀྱང་དེ་ལྟར་མི་འཐད་ཏེ། སྒྲ་ཆོས་ཅན། ཁྱོད་སྒྲ་མི་རྟག་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཞེས་སྨོས་མི་དགོས་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་ལ་འགོད་ཚུལ་དང་མཐུན་ན་དེ་སྒྲུབ་ཀྱི་ཆོས་ཅན་ལ་འགོད་ཚུལ་དང་མཐུན་པར་ཡོད་པས་ཁྱབ་པ་གང་ཞིག །དེ་སྒྲུབ་ཀྱི་ཆོས་ཅན་ལ་འགོད་ཚུལ་དང་མཐུན་པར་ཡོད་ན་ཡང་དེ་སྒྲུབ་ཀྱི་ཆོས་ཅན་ལ་འགོད་ཚུལ་དང་མཐུན་པས་ཁྱབ་པའི་ཕྱིར། འཁོར་གསུམ། དང་པོ་གྲུབ་སྟེ། དེ་སྒྲུབ་ཀྱི་ཆོས་ཅན་ལ་འགོད་ཚུལ་དང་མཐུན་པའི་དོན་ཡིན་འགོད་ཡིན་ན་ཆོས་ཅན་དུ་འགྲོ་རྒྱུ་དེ་རྟགས་སུ་བཀོད་པ་དེ་ཡིན་པ་དེ་དེའི་དོན་ཡིན་ལ་མཐུན་པར་ཡོད་པའི་དོན་ཡང་ཡིན་པའི་ཕྱིར། རྟགས་ཁས། མ་གྲུབ་ན་དངོས། དེའི་ཟུར་གྱི་ཡོད་པ་ལ་དོན་གཞན་མེད་པའི་ཕྱིར་སོགས་བྱ། རྟགས་གཉིས་པའང་དེས་གྲུབ་བོ། །ཡང་ཁ་ཅིག །སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་དང་འབྲེལ་སྟོབས་ཀྱིས་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་ཡོད་པ་ཉིད་དུ་ཚད་མས་ངེས་པ་དེ་དེ་སྒྲུབ་ཀྱི་རྗེས་ཁྱབ་ཀྱི་མཚན་ཉིད་ཟེར། ཡང་ཁ་ཅིག །གཞན་འདྲ་བ་ལ་མཐུན་ཕྱོགས་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་ཟེར་ན། རང་ལྡོག་ལ་འཁྲིས་ན་མི་རྟག་པ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་ཡིན་པར་ཐལ། དེ་སྒྲུབ་ཀྱི་མཚན་ཉིད་དེའི་ཕྱིར། ཁྱབ་པ་ཁས། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་དང་འབྲེལ་བ་གང་ཞིག །སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། ཁྱོད་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་དང་ཐ་དད་ཁྱོད་དེ་ཡིན་ཅིང་དེ་མེད་ན་ཁྱོད་མེད་དགོས་པའི་ཕྱིར། གཉིས་པ་གྲུབ་སྟེ། ཁྱོད་ལ་མི་རྟག་པས་ཁྱབ་པ་ཁོ་ན་ཡིན་པའི་ཕྱིར། རྩ་བར་འདོད་ན། མི་རྟག་པ་ཆོས་ཅན། མི་རྟག་པ་དང་འབྲེལ་བར་ཐལ། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་ཡིན་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། རྟགས་སུ་འགོད་རྒྱུ་དེ་དེ་སྒྲུབ་ཀྱི་ཆོས་སུ་བཟུང་རྒྱུ་དང་མ་འབྲེལ་ན་རྟགས་དེའི་རྗེས་ཁྱབ་ལྡོག་ཁྱབ་གང་ཡང་མི་འགྲུབ་པས་ཁྱབ་པའི་ཕྱིར། རང་འགྲེལ་ལས། འབྲེལ་བ་མེད་པར་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ངེས་པ་མེད་དེ། ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག །མི་རྟག་པ་དང་འབྲེལ་སྟོབས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་ཟེར་ན། མི་རྟག་པ་མ་ཡིན་པ་ལས་ལོག་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་ཡིན་པར་ཐལ་ལོ། །མཚན་ཉིད་དེའི་ཕྱིར། དེར་ཐལ། ཁྱོད་མི་རྟག་པ་དང་འབྲེལ་བ་གང་ཞིག །སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པའི་ཕྱིར། དང་པོ་སླ། གཉིས་པ་གྲུབ་སྟེ། ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་འགོད་ཚུལ་ཡིན་འགོད་ཡིན་སྒྲུབ་ཚུལ་ཡིན་སྒྲུབ་གང་། ཁྱོད་མི་རྟག་པ་ཡིན་ཁྱོད་ཡིན་པ་ཡོད་ཁྱོད་ཡིན་ན་མི་རྟག་པས་ཁྱབ་པའི་ཕྱིར། འདི་དག་ནི་རང་ཚིག་གིས་དངོས་འགལ་བསྟན་པ་ཡིན་ནོ། །དེ་དག་གསུམ་ག་ལ་ཐུན་མོང་དུ་འོ་ན། སྒྲ་མི་རྟག་པར་སྒྲུབ་པའི་26མཐུན་ཕྱོགས་ལ་ཆ་གཉིས་སུ་འཇུག་པའི་རྟགས་ཡང་དག་མེད་པར་ཐལ་ལོ། །དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་ན་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པས་ཁྱབ་པའི་ཕྱིར། རྟགས་ཁས། འཁོར་གསུམ། ཁྱབ་སྟེ། དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་ཞེས་གཞན་ལྡན་རྣམ་གཅོད་དང་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཞེས་མི་ལྡན་རྣམ་གཅོད་གཉིས་ཀ་བྱེད་མི་རུང་བའི་ཕྱིར། དེར་ཐལ། དེ་སྒྲུབ་ཀྱི་རྗེས་ཁྱབ་ལ་གཞན་ལྡན་རྣམ་གཅོད་བྱེད་དགོས་པ་གང་ཞིག །དེ་སྒྲུབ་ཀྱི་རྗེས་ཁྱབ་ལ་མི་ལྡན་རྣམ་གཅོད་མི་རུང་བའི་ཕྱིར། དང་པོ་གྲུབ་སྟེ། ཉིད་དམ་ཁོ་ནའི་སྒྲ་ཡོད་པའི་སྔ་རོལ་ཏུ་སྨོས་པ་ནི་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡོད་ཀྱང་མ་ཁྱབ་པའི་རྩོལ་བྱུང་རྟགས་ཀྱིས་དུང་སྒྲ་མི་རྟག་པར་སྒྲུབ་པ་ལྟ་བུའི་རྣམ་གཉིས་སུ་འཇུག་པའི་རྟགས་ཡང་དག་བསྟན་པའི་ཆེད་ཡིན་པའི་ཕྱིར། དེར་ཐལ། རིགས་ཐིགས་ལས། མཐུན་པའི་ཕྱོགས་ཉིད་ལ་ཡོད་པ་ཞེས་དང་། རིགས་སྒོ་ལས་ཀྱང་། མཐུན་པའི་ཕྱོགས་ཉིད་ལ་ཡོད་པར་ངེས་པ་དང་། ཞེས་དང་། ཛེ་ཏཱ་རིས་ཀྱང་། མཐུན་པའི་ཕྱོགས་ཉིད་ལ་ཡང་ཡོད་པར་ངེས་པ་ཞེས་གཞུག་གོ །ཞེས་དང་། རྟོག་གེ་སྐད་ལས་ཀྱང་། ཕྱོགས་དང་མཐུན་པ་ཁོ་ན་ལ་་ཡོད་པར་ངེས་པ་ཞེས་པ་རྗེས་སུ་འགྲོ་བའི་མིང་ཅན་ཚུལ་གཉིས་པའོ། །ཞེས་གསུངས་པ་ལྟར་མཁས་པ་དག་གིས་དེ་ལྟར་གསུངས་པའི་དགོས་པ་ཡོད་པའི་ཕྱིར། རྟགས་27གྲུབ་ཅིང་ཁྱབ་པ་ཡོད་པ་གཉིས་ཀ་ཡིན་པར་ཐལ། འཐད་ལྡན་ཆུང་བ་ལས། ཡོད་པ་28སྨོས་པ་ལས་སྔར་ངེས་པར་གཟུང་བ་སྨོས་པ་ནི་ཡོད་པ་ཡིན་ཡང་མཐུན་པའི་ཕྱོགས་ལ་མ་ཁྱབ་པ་རྩོལ་བ་ལས་བྱུང་བ་དག་ཀྱང་གཏན་ཚིགས་ཉིད་དུ་བསྟན་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ངེས་གཟུང་ཞེས་པ་ཉིད་དམ་ཁོ་ན་དང་། ཡོད་པ་ཡིན་ཡང་ཞེས་པ་མཐུན་ཕྱོགས་ལ་ཡོད་པ་ཡིན་ཡང་ཞེས་པའི་དོན་དང་། མཐུན་ཕྱོགས་ལ་29མ་ཁྱབ་པ་སོགས་ཀྱིས་རྣམ་གཉིས་སུ་འཇུག་པའི་རྟགས་ཡང་དག་གི་མཚན་གཞི་བསྟན་པའི་ཕྱིར། དེར་ཐལ། རྟོག་གེ་སྐད་ལས་ཀྱང་། ཡོད་པའི་སྒྲའི་སྔོན་དུ་ཁོ་ནའི་ཡི་གེས་ནི་ཕྱོགས་དང་མཐུན་པ་ཐམས་ཅད་ལ་ཁྱབ་པར་བྱེད་པ་མ་ཡིན་ཡང་རྩོལ་བ་ལས་བྱུང་བ་གཏན་ཚིགས་ཉིད་དུ་བཤད་དེ་ཞེས་གསུངས་པའི་ཕྱིར། འདི་དག་རྟགས་གཉིས་ཀའི་ཡང་ཤེས་བྱེད་ཡིན་ནོ། །རྩ་རྟགས་གཉིས་པ་གྲུབ་སྟེ། དེ་སྒྲུབ་ཀྱི་རྗེས་ཁྱབ་ལ་ཉིད་དམ་ཁོ་ན་ཡོད་པའི་རྗེས་སུ་སྨོས་ཏེ་མི་ལྡན་རྣམ་གཅོད་བྱས་ན་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་རྟགས་སུ་འགོད་རྒྱུ་དེ་ཁོ་ནས་ཁྱབ་པར་བསྟན་པར་འགྱུར་བའི་ཕྱིར། ཁྱབ་ཅིང་རྟགས་གྲུབ་པ་གཉིས་ཀར་ཐལ། དེ་སྒྲུབ་ཀྱི་རྣམ་གཉིས་སུ་འཇུག་པའི་རྟགས་ཡང་དག་ཡང་ཡོད་པའི་ཕྱིར། འཐད་ལྡན་ཆུང་བ་ལས། ཕྱིས་ངེས་པར་གཟུང་བ་བྱས་ན་ནི། དོན་འདིར་འགྱུར་ཏེ་གང་དག་མཐུན་པའི་ཕྱོགས་ལ་ཡོད་པ་ཉིད་གཏན་ཚིགས་ཡིན་པར་འགྱུར་རོ། །ཞེས་དང་།

(26) པར་ཐེངས་གཉིས་པ། མཐུན་ཕྱོགས་ཆ་གཉིས།

(27) པར་ཐེངས་གཉིས་པ། གྲུབ་ཅིང་ཡོད་པ།

(28) པར་ཐེངས་གཉིས་པ། སྨོས་པ་ལ།

(29) པར་ཐེངས་གཉིས་པ། མ་ཁྱབ་སོགས།

           མདོའི་དར་ཊིཀ་ལས། རྗེས་ཁྱབ་ལ་མི་ལྡན་རྣམ་གཅོད་ཀྱི་ཚུལ་དུ་ངེས་གཟུང་མི་སྦྱར་ཏེ་མཐུན་ཕྱོགས་ལ་ཆ་གཉིས་པ་ལ་རྗེས་ཁྱབ་མ་གྲུབ་པར་འགྱུར་རོ་ཞེས་གསུངས་པའི་ཕྱིར། ཁྱབ་པར་ཐལ། དེ་སློབ་དཔོན་ཕྱོགས་གླང་གིས་དངོས་སུ་གསུངས་པའི་དགོངས་པ་བླ་མེད་ཡིན་པའི་ཕྱིར། མདོའི་རང་འགྲེལ་ལས། དེ་དང་མཐུན་པ་ཁོ་ན་ལ་ཡོད་ཅེས་ངེས་པར་གཟུང་བའི་ཕྱིར་རོ། །དེ་དང་མཐུན་པ་ལ་ཡོད་པ་ཁོ་ནའོ་ཞེས་ནི་བརྗོད་པར་མི་བྱ་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་ལ་ཡོད་ན་དེ་ལ་ཡོད་པས་ཁྱབ་པར་ཐལ། ཆོས་དེ་གཞི་དེ་ཡིན་ན་ཆོས་དེ་གཞི་དེ་ཁོ་ན་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། ཚིག་ཡིན་ན་ངེས་གཟུང་གི་ཚིག་ཡིན་དགོས་པའི་30ཕྱིར་ཟེར། འོ་ན། སྲིད་སྒྲུབ་འཕོང་སྐྱེན་པ་ཞེས་པ་དེ་དེ་འཕོང་སྐྱེན་པ་ཁོ་ན་ཞེས་མི་ལྡན་རྣམ་གཅོད་དུ་སྟོན་པའི་ངག་ཡིན་བར་ཐལ། སྲིད་སྒྲུབ་འཕོང་སྐྱེན་ཞེས་པའི་དམ་བཅའི་ངག་དེ་སྲིད་སྒྲུབ་འཕོང་སྐྱེན་པ་ཁོ་ན་ཡིན་པར་དམ་བཅའི་ངག་ཡིན་པའི་ཕྱིར། འཁོར་གསུམ། དེར་ཐལ། ཚིག་ཡིན་ན། ངེས་གཟུང་གི་ཚིག་ཡིན་དགོས་ཚུལ་དེ་ལྟར་བཤད་པའི་ཕྱིར། འཁོར་གསུམ། རྩ་བར་འདོད་ན། སྲིད་སྒྲུབ་འཕོང་སྐྱེན་ཞེས་པ་དེ་མི་ལྡན་རྣམ་གཅོད་གཞན་ལྡན་རྣམ་གཅོད་མི་སྲིད་རྣམ་གཅོད་གསུམ་ལས་གཞན་ལྡན་རྣམ་གཅོད་ཁོ་ན་ཡིན་པའི་དཔེར་བརྗོད་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ནི་ནུས་ཏེ། སྲིད་སྒྲུབ་ཁོ་ན་འཕོང་སྐྱེན་ཞེས་པའི་དོན་ཅན་ཡིན་ཕྱིར། དེར་ཐལ། ཚིག་དེ་ལ་སྲིད་སྒྲུབ་ཁོ་ན་ཞེས་ཚིག་ཕྲད་དངོས་སུ་སྦྱར་མེད་ཀྱང་དེའི་དོན་ཅན་དུ་སྐབས་སྟོབས་ཀྱིས་སྔར་བཤད་པ་ལྟར་རྟོགས་ནུས་པའི་ཕྱིར། བཞི་པ་ལས། དེ་སྦྱར་མེད་ཀྱང་བརྗོད་འདོད་ལས། །དེ་དོན་ཉིད་ནི་རྟོགས་པར་འགྱུར། །ཞེས་དང་། སྲིད་སྒྲུབ་འཕོང་སྐྱེན་ཞེས་པའམ། །ཞེས་གསུངས་པའི་ཕྱིར། བཞི་པ་ལས། གང་ཕྱིར་ངག་འབྲས་རྣམ་གཅོད་ཕྱིར། །དཔེར་ན་ནག་པ་འཕོང་སྐྱེན་པའམ། །སྲིད་སྒྲུབ་འཕོང་སྐྱེན་ཞེས་པའམ། །སྔོན་པོ་མཚོ་སྐྱེས་འགྱུར་ཞེས་བཞིན། །ཞེས་གསུངས་པ་མི་འཐད་བར་ཐལ། ཚིག་འདི་གསུམ་ལ་ཕྲད་མ་སྦྱར་ཡང་ཚིག་གི་དཔེ་གསུམ་རིམ་བཞིན་མི་ལྡན་རྣམ་གཅོད་དང་གཞན་ལྡན་རྣམ་གཅོད་དང་མི་སྲིད་རྣམ་གཅོད་གསུམ་ལ་སྦྱོར་མི་རིགས་པའི་ཕྱིར། རྟགས་ཁས། དེར་ཐལ། དེ་གསུམ་ག་མི་ལྡན་རྣམ་གཅོད་ཡིན་པའི་ཕྱིར། འཁོར་གསུམ། གཞན་ཡང་ཚིག་ཡིན་ན་ངེས་བཟུང་ཅན་གྱི་ཚིག་ཡིན་པས་ཁྱབ་པར་ཐལ། ཁྱོད་ཀྱི་ཁོ་ནའི་དོན་འཐད་པའི་ཕྱིར། འདོད་ན། སྨྱོན་པས་བྱུང་རྒྱལ་དུ་ངེས་བཟུང་མེད་པར་ཡོད་ལས་ཆེ་མེད་ལས་ཆེ། ཞེས་པའི་ཚིག་ཆོས་ཅན། དེར་ཐལ། དེའི་ཕྱིར། འཁོར་གསུམ། འདོད་མི་ནུས་ཏེ། དོན་འདི་སྟོན་གྱི་ངེས་བཟུང་བརྗོད་འདོད་མེད་པའི་བྱུང་རྒྱལ་གྱི་སྨྱོན་པའི་ཚིག་ཡིན་པའི་ཕྱིར། མ་ཁྱབ་ན། བཞི་པ་ལས། སྒྲ་ནི་བརྗོད་འདོད་རྗེས་འབྲང་ཕྱིར། །ཞེས་གསུངས་པ་མི་འཐད་པར་ཐལ། མ་ཁྱབ་པ་དེའི་ཕྱིར། གཞན་ཡང་། ཁྱད་པར་ཏེ་ཁྱད་ཆོས་ལ་ཕྲད་སྦྱར་བ་དང་ཁྱད་པར་ཅན་ཏེ་ཁྱད་གཞི་ལ་ཕྲད་སྦྱར་བ་གཉིས་ལ་ཁྱད་པར་མེད་པར་ཐལ། ཕྲད་དེ་དག་གང་དུ་སྦྱར་ཡང་མི་ལྡན་རྣམ་གཅོད་ཀྱི་ངག་ཡིན་དགོས་པའི་ཕྱིར། འདོད་ན། རྣམ་ངེས་ལས། ཁྱད་པར་དང་ཁྱད་པར་ཅན་དང་འབྲེལ་བའི་ཚིག་ཕྲད་ཀྱང་ཁྱད་པར་མེད་པར་འགྱུར་རོ། །ཞེས་གསུངས་པའི་མི་འདོད་པའི་ཐལ་བ་ལ་འདོད་རིགས་པར་ཐལ་ལོོ། །འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་ལྟར་ན་སྐྱོན་དུ་མར་འགྱུར་བའི་ཕྱིར། དེར་ཐལ། འཐད་ལྡན་ལས། སྐྱོན་འདིར་མ་ཟད། འོན་ཀྱང་ཁྱད་པར་དང་ཁྱད་པར་ཅན་དང་འབྲེལ་བའི་ཚིག་ཕྲད་ཀྱང་སྟེ། དེ་དག་གི་ཚིག་ཕྲད་ཁྱད་པར་མེད་པར་འགྱུར་རོ། །ཞེས་བྱ་བའི་དོན་ཏོ་ཞེས་གསུངས་པའི་ཕྱིར།

(30) པར་ཐེེེངས་གཉིས་པ། ཕྱིར།

           ཡང་ཁ་ཅིག་ན་རེ། མི་ལྡན་རྣམ་གཅོད་དང་གཞན་ལྡན་རྣམ་གཅོད་ཀྱི་ཚིག་གམ་ཕྲད་ཀྱི་གཞི་མཐུན་མེད་པར་ཐལ། ཚིག་ཡིན་ན་མི་ལྡན་རྣམ་གཅོད་ཀྱི་ཚིག་ཡིན་མི་དགོས་པའི་ཕྱིར་ན་མ་ཁྱབ་སྟེ། གཞན་ལྡན་རྣམ་གཅོད་ཁོ་ན་ཡིན་པའི་ཚིག་ཡོད་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཤེས་པ་ཁོ་ན་གསལ་རིག་ཁོ་ན་ཡིན་ཞེས་པའི་ཚིག་འདི་མི་ལྡན་རྣམ་གཅོད་དང་གཞན་ལྡན་རྣམ་གཅོད་གཉིས་ཀའི་ཚིག་ཡིན་པའི་ཕྱིར། དེར་ཐལ། ཚིག་དེ་མི་ལྡན་རྣམ་གཅོད་ཀྱི་ཚིག་གང་ཞིག །གཞན་ལྡན་རྣམ་གཅོད་ཀྱི་ཚིག་ཡིན་པའི་ཕྱིར། རྟགས་དང་པོ་དེར་ཐལ། ཁྱོད་ཁྱད་པར་ཅན་གྱི་ཁྱད་པར་ལ་ཚིག་ཕྲད་སྦྱར་ནས་སྟོན་པའི་ཚིག་ཡིན་པའི་ཕྱིར། ཁྱབ་སྟེ། བཞི་པ་ལས། ཆོས་ཀྱི་ཚིག་ཕྲད་ཐ་དད་པར། །བྱེད་པས་མི་ལྡན་གཞན་ལྡན་པ། །ཤིན་ཏུ་མི་སྲིད་རྣམ་གཅོད་བྱེད། །ཁྱད་པར་ཁྱད་པར་ཅན་དག་དང་། །བྱ་བ་དག་ནི་ལྷན་ཅིག་བརྗོད། །ཅེས་གསུངས་པའི་ཕྱིར། ཁྱབ་སྟེ། ཚིག་ཕྲད་ཐ་དད་པར། །བྱེད་པས་མི་ལྡན་རྣམ་གཅོད་བྱེད། །ཁྱད་པར་ཅན་དག་ལྷན་ཅིག་བརྗོད། །ཅེས་སྦྱར་ནས་བཤད་དགོས་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། ཁྱོད་ཁྱད་པར་གྱི་ཁྱད་གཞི་ལ་ཚིག་ཕྲད་སྦྱར་ནས་སྟོན་པའི་ཚིག་ཡིན་པའི་ཕྱིར། ཁྱབ་སྟེ། ཚིག་ཕྲད་ཐ་དད་པར། །བྱེད་པས་ཞེས་དང་། གཞན་ལྡན་རྣམ་གཅོད་བྱེད། །ཁྱད་པར་ཅན་དག་ལྷན་ཅིག་བརྗོད། །ཅེས་སྦྱར་ནས་བཤད་དགོས་པའི་ཕྱིར། འདིས་རྣམ་ངེས་ཀྱི་དོན་ཡང་ཤེས་སོ།  །ཡང་སྨྲ་སྒོའི་རྗེས་འབྲང་ཁ་ཅིག་ཚིག་ཕྲད་ལ་བརྗོད་བྱ་མེད་པས་ཁྱབ་ཟེར་བ་མི་འཐད་པར་ཐལ། བརྗོད་བྱ་ཡོད་པའི་ཚིག་ཕྲད་ཤིན་ཏུ་མང་བའི་ཕྱིར། ཙནྡྲ་བ་ལས། བཱསྟ་བྱའོ་ཞེས་དང་.....གོས་བྱེད་དོ་ཞེས་དང་། ཨཱཝ་ཏྱ་.....ཁ་ན་མ་ཐོ་བ། པཎྱ་.....ཚོང་ཟོག ཝཏྱ་.....ཁྱེད་འདམ་མ་རྣམས་སྨད་བྱ་བཙོང་བྱ་འགོག་པ་མེད་པ་རྣམས་ལའོ། །ཝ་དྱཾ་བྱེད་པའོ།.....།ཐོབ་པར་བྱེད། ཨརྱ་ཇོ་བོ་དང་རྗེ་རིགས་དག་ལའོ་ཞེས་པའི་ཚིག་ཕྲད་དེ་འདྲ་ཤིན་ཏུ་མང་བའི་ཕྱིར། ཡང་ཚོགས་གསུམ་གསལ་བའི་རྗེས་འབྲང་ཁ་ཅིག །ཚིག་ཕྲད་ལ་ཚིག་གཞན་ལ་མ་ལྟོས་ཀྱང་བརྗོད་བྱ་ཡོད་པས་ཁྱབ་པར་འདོད་པ་མི་འཐད་པར་ཐལ། དེ་ནི་ཚིག་ཕྲད་དམ་ནི་པ་ཏ་ཞེས་པ་ངེས་ཚིག་ཅེས་པའི་དོན་མ་རྟོགས་པའི་རྣམ་འགྱུར་ཡིན་པའི་ཕྱིར། ཚིག་གཞན་དང་ཕྲད་ནས་དོན་སྟོན་གྱི་རང་དབང་དུ་མི་སྟོན་པས་ན་ཚིག་ཕྲད་དང། ངེས་བཟུང་གི་ཚིག་ཡིན་པས་ན་ངེས་ཚིག་གམ་ནི་པ་ཏ་ཞེས་བཤད་པ་ཡིན་པའི་ཕྱིར་ཏེ། འཐད་ལྡན་ཆེ་བ་ལས། ཚིག་ཕྲད་ནི་གསལ་བར་བྱེད་པ་ཡིན་ལ། ཞེས་པ་ནས། རང་དབང་དུ་ནི་བརྗོད་པར་བྱེད་པའི་དོན་དང་ལྡན་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ཨརྱ་དང་ཨཱ་ཝ་དྱ་སོགས་ཆོས་ཅན། ཁྱོད་ཀྱི་དོན་སྟོན་པ་ཚིག་གཞན་ལ་ལྟོས་པར་ཐལ། ཁྱོད་ཚིག་ཕྲད་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། སྨྲ་སྒོ་དང་འཐད་ལྡན་སོགས་ཀྱིས་ཕྲད་ཁོ་ན་ཡིན་པའི་དབང་དུ་བྱས་ལ། འདི་དག་ཚིག་ཕྲད་གཙོ་ཆེ་བའི་ཚིག་ལ་ཚིག་ཕྲད་དུ་བཤད་པ་དང་ཕྲད་རྐྱེན་གྱིས་སྒྲུབ་པའི་ཚིག་ཕྲད་དུ་བཞག་པའི་ཚིག་ཡིན་གྱི་ཚིག་ཕྲད་རྐྱང་བ་མ་ཡིན་པའི་ཕྱིར། འདི་སྐོར་ལ་ཕྱོགས་རེའི་མིག་ཅན་རྟོག་གེ་བ་དང་ཐ་སྙད་པ་དག་གིས་ཚོང་ཟོང་བཀྲམ་པ་མང་ཡང་དེས་གོ་ནུས་པས་མ་སྤྲོས་སོ། །

          གཉིས་པ་མཚན་གཞི་ལ། སོ་སོའི་མཚན་ཉིད་རིགས་ཐིགས་ལྟར་བཞག་ནས་སྒྲ་བྱས་པ་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་དང་ཕྱོགས་ཆོས་ཀྱི་ཚུལ་གཉིས་ཡིན། བྱས་ན་མི་རྟག་པས་ཁྱབ་པ་དེ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་དང་རྗེས་ཁྱབ་ཀྱི་ཚུལ་གཉིས་ཀ་ཡིན། རྟག་ན་མ་བྱས་པས་ཁྱབ་པ་དེ་དེའི་རྟགས་ཀྱིས་དེ་སྒྲུབ་ཀྱི་ལྡོག་ཁྱབ་དང་དེའི་ཚུལ་གཉིས་ཀ་ཡིན་ལ། བྱས་པ་དེ་དྲུག་ཀ་མིན་ཟེར། ཡང་ཁ་ཅིག །སྒྲ་བྱས་པ་དེ་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཡིན་ཀྱང་དེའི་ཚུལ་མིན། རྗེས་སུ་འགྲོ་ལྡོག་ལའང་སྔ་མ་ཡིན་ལ་དེའི་ཚུལ་མིན་ཚུལ་མཚན་གཞི་གོང་ལྟར་བཤད། མཚན་ཉིད་རིགས་ཐིགས་ལྟར་སྨྲ་ཤིང་། བྱས་པ་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཡིན་ཀྱང་ཕྱོགས་ཆོས་སོགས་མིན་ཟེར། ཡང་ཁ་ཅིག་མཚན་ཉིད་དང་མཚན་གཞི་དེ་ལྟར་བྱས་ནས་རྗེས་ཁྱབ་མཐུན་དཔེ་ཁོ་ནའི་སྟེང་དུ་ཡོད་པ་དང་། ལྡོག་ཁྱབ་མི་མཐུན་དཔེ་ཁོ་ནའི་སྟེང་དུ་ཡོད་པར་འདོད། དེ་ལྟར་འདོད་པ་ལ་རྗེས་སུ་འགྲོ་ལྡོག་གཉིས་འགལ་བར་འདོད་པ་དང་མི་འགལ་བར་འདོད་པ་གཉིས་སོགས་བྱུང་ངོ༌། །འདི་དག་འགོག་ཚུལ་རྒྱས་པར་རྣམ་བཤད་དང་སྡེ་བདུན་རྒྱན་རིགས་རྒྱན་དང་ཡིག་རྙིང་སྔ་མ་དག་ཏུ་བལྟ་ལ་འགོག་ཀྱང་སླ་སྟེ། དངོས་འགལ་གྱི་འཁོར་ལོ་ཡིན་པས་སོ། །འོ་ན། སྒྲ་བྱས་པ་ཆོས་ཅན། ཁྱོད་ཡིན་ན་མི་རྟག་པ་ཡིན་པས་ཁྱབ་པར་ཐལ། ཁྱོད་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཡིན་ཞིང་། བྱས་པ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། འཁོར་གསུམ། བྱས་ན་མི་རྟག་པས་ཁྱབ་པ་ཆོས་ཅན། ཁྱོད་ལ་རྟག་མི་རྟག་དུ་མ་མེད་པར་ཐལ། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཁོ་ན་ལ་ཡོད་པའི་ཕྱིར། འཁོར་གསུམ། རྟགས་ཁས། མ་ཁྱབ་ན་ཁྱབ་པར་ཐལ། དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་ཡོད་པ་ཞེས་སྨྲས་པས་རྟགས་དེ་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཀར་ཡོད་པའི་ཐུན་མོང་གི་མ་ངེས་པ་ཡིན་པ་གཅོད་པའི་ཕྱིར། ཛེ་ཏཱ་རིས་བྱིས་རྟོག་ལས། ཉིད་སྨོས་པས་ཐུན་མོང་བ་གཅོད་དོ་ཞེས་དང་། རྟོག་གེ་སྐད་ལས་ཀྱང་། ཁོ་ནའི་ཡི་གེས་ཐུན་མོང་གི་རྟགས་བསལ་ཏེ་སྒྲ་རྟག་སྟེ། གཞལ་བྱ་ཉིད་ཀྱི་ཕྱིར་རོ་ཞེས་པ་ལྟ་བུའི་ཞེས་གསུངས་པའི་ཕྱིར་དང་། དེ་སྐད་དུ། མདོའི་དར་ཊིཀ་མཐར་འཛིན་གདུང་སེལ་ལས་ཁོ་ནའི་ངེས་གཟུང་ནི་ཞེས་པ་ནས། མི་མཐུན་ཕྱོགས་ལ་ཡོད་པ་དགག་པའི་དོན་ཅན་ནོ་ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། བདག་མེད་ཡིན་ན་ཁྱོད་ཡིན་པས་ཁྱབ་པའི་ཕྱིར། གཞན་ཡང་། བྱས་ན་མི་རྟག་པས་ཁྱབ་པ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཁོ་ན་ལ་ཡོད་པ་མ་ཡིན་པར་ཐལ། ཁྱོད་མི་རྟག་པ་ཁོ་ན་ལ་ཡོད་པ་མ་ཡིན་པའི་ཕྱིར། དེར་ཐལ། རྟག་པ་ལ་ཁྱོད་ཀྱིས་ཁྱབ་པ་གྲུབ་ཅིང་ཁྱོད་རྟག་པར་གྲུབ་པའི་ཕྱིར། རྟགས་གྲུབ་ཅིང་། ཐལ་བ་སྔ་ཕྱི་གཉིས་ཀར་ཁྱབ་པར་ཐལ། མཐུན་ཕྱོགས་ཁོ་ན་ལ་ཞེས་པའི་ངེས་བཟུང་གིས་བྱས་པ་དེ་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་ལ་ཡོད་པ་མི་གཅོད་ལ། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་རྟག་པ་ལ་ཡོད་པ་གཅོད་ཞེས་ཆོས་ཀྱི་གྲགས་པས་གསུངས་པའི་ཕྱིར། དེར་ཐལ། དེ་སྒྲུབ་ཀྱི་མཐུན་ཕྱོགས་ཉིད་དམ་ཁོ་ནས་ཆོས་ཅན་ལ་ཡོད་པ་གཅོད་དགོས་ཞེས་རྩོད་པ་གང་ཞིག །དེའི་ལན་དུ་ཤེས་འདོད་ཆོས་ཅན་ལ་མ་ཡིན་ལ་མཐུན་ཕྱོགས་ལས་གཞན་པ་མི་མཐུན་ཕྱོགས་ལ་མེད་པ་དགག་པའི་ཆེད་ཡིན་ཞེས་བཤད་པའི་ཕྱིར། དང་པོ་གྲུབ་སྟེ། རྣམ་ངེས་ལས། རྗེས་དཔག་བྱ་དང་དེ་མཚུངས་ལ། ཡོད་དང་ཞེས་པའི་ཚིག་ཟུར་གྱི་དེ་མཚུངས་ལ་ཡོད་དང་ཞེས་པའི་རང་འགྲེལ་ལས། དེ་དང་མཚུངས་པ་ཉིད་ལ་ཞེས་ངེས་པར་བཟུང་བའི་ཕྱིར་ཆོས་ཅན་ལ་མེད་པར་འགྱུར་རོ་ཞེ་ན། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འདིའི་དེ་དང་31མཚུངས་པ་ཞེས་པ་མཐུན་ཕྱོགས་ཀྱི་དོན་ཡིན་པའི་ཕྱིར། དེའི་འགྲེལ་བཤད་འཐད་ལྡན་ལས། མཐུན་པའི་ཕྱོགས་ཉིད་ལ་ཡོད་པ་ཞེས་ངེས་པར་བཟུང་བ་དེའི་ཕྱིར། བསྒྲུབ་བྱའི་ཆོས་ཅན་ལ་མེད་པར་ཏེ་མི་བདོག་པར་འགྱུར་རོ་ཞེས་གསུངས་པའི་ཕྱིར་དང་། དར་ཊིཀ་ནའང་ཤིན་ཏུ་གསལ་ལོ། །རྟགས་གཉིས་པ་གྲུབ་སྟེ། རང་འགྲེལ་ལས། མ་ཡིན་ཏེ་གཞན་དགག་པའི་དོན་གྱིས་སོ་སོགས་དང། དེའི་འགྲེལ་བཤད་འཐད་ལྡན་ལས། དེ་ལྟར་ནི་མ་ཡིན་ཏེ། ཆོས་ཅན་ལ་མེད་པར་ཐལ་བ་མ་ཡིན་ནོ། །གཞན་དགག་པའི་དོན་གྱི་ཕྱིར་རོ་ཞེས་བྱ་བ་ནི་གཞན་མི་མཐུན་པའི་ཕྱོགས་ལ་དགག་པའི་དོན་དགོས་པ་ངེས་པར་བཟུང་བ་ཞེས་གསུངས་པའི་ཕྱིར་དང་། མདོའི་དར་ཊིཀ་ལས། ཁོ་ནའི་ངེས་གཟུང་ནི་ཞེས་པ་ནས། འདིའི་དོན་རྣམ་ངེས་སུ་བཤད་པ་ཞིབ་ཏུ་མ་རྟོགས་པའོ། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། དེ་སྒྲུབ་ཀྱི་རྗེས་ཁྱབ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འཁོར་གསུམ།

(31) པར་ཐེངས་གཉིས་པ། མཚུངས་པ་ལ།

           གཞན་ཡང་རྟག་ན་མ་བྱས་པས་ཁྱབ་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་མེད་པ་ཉིད་ཡིན་པར་ཐལ། དེ་སྒྲུབ་ཀྱི་ལྡོག་ཁྱབ་ཡིན་པའི་ཕྱིར། རྟགས་ཁས། འཁོར་གསུམ། མ་ཁྱབ་ན་ཁྱབ་པར་ཐལ། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མེད་པ་ཉིད་དུ་ངེས་པ་དེ་དེ་སྒྲུབ་ཀྱི་ལྡོག་ཁྱབ་ཀྱི་མཚན་ཉིད་དམ་དོན་ཡིན་པའི་ཕྱིར། རིགས་ཐིགས་ལས། མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དུ་ངེས་པའོ། །ཞེས་དང་། དེའི་འགྲེལ་བ་འཐད་ལྡན་ཆུང་བ་ལས། མི་མཐུན་པའི་ཕྱོགས་འཆད་པར་འགྱུར་བའི་མཚན་ཉིད་དེ་ལ་མེད་པ་ཉིད་དུ་ངེས་པ་ནི་ཚུལ་གསུམ་པ་ཡིན་ནོ། །ཞེས་དང་། རིགས་སྒོས་ཀྱང་། མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དུ་ངེས་པར་ཡང་ངོ་ཞེས་དང་། བྱིས་འཇུག་རྟོག་གེ་ལས། མི་མཐུན་པའི་ཕྱོགས་ལ་ཡང་མེད་པ་ཉིད་དུ་ངེས་པ་ཞེས་གཞུག་གོ་ཞེས་དང་། རྟོག་གེ་སྐད་ལས་ཀྱང་། མི་མཐུན་ཕྱོགས་ལ་མེད་པ་ཁོ་ནར་ངེས་པ་ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་གང་ལའང་མ་གྲུབ་པར་ཐལ། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མེད་པ་ཉིད་ཡིན་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། མེད་པ་སྨོས་པས་འགལ་རྟགས་གཅོད། ཉིད་སྨོས་པས་མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ཀར་ཡོད་པའི་ཐུན་མོང་བའི་མ་ངེས་པ་གཅོད་པའི་ཕྱིར། བྱིས་འཇུག་རྟོག་གེ་ལས། མེད་པའི་སྒྲས་ནི་ཐུན་མོང་བ་སེལ་ལོ། །ཉིད་སྨོས་པས་ནི་མི་མཐུན་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཞུགས་པ་སེལ་ལོ་ཞེས་དང༌། དུལ་ལྷའི་རིགས་ཐིགས་འགྲེལ་པ་སློབ་ཕན་ལས། འདིར་མེད་པ་ཞེས་པས་ནི་ཐུན་མོང་ལ་མ་ངེས་པ་དང་འགལ་བ་བསལ་ཏོ་བརྣན་པ་སྨོས་པས་ནི་མི་མཐུན་ཕྱོགས་ལ་ཕྱོགས་གཅིག་ལ་ཡོངས་སུ་སྤངས་སོ་ཞེས་དང༌། འཐད་ལྡན་ཆུང་བ་ལས། དེ་ལ་མེད་པ་སྨོས་པས་ནི་འགལ་བ་བསལ་བ་ཡིན་ཏེ། འགལ་བ་ནི་མི་མཐུན་པའི་ཕྱོགས་ལ་ཡོད་པ་ཡིན་ནོ། །ཉིད་སྨོས་པས་ནི་མི་མཐུན་པའི་ཕྱོགས་གཅིག་ལ་ཐུན་མོང་དུ་ཡོད་པ་བསལ་བ་ཡིན་ཏེ། ཞེས་དང༌། རྟོག་གེ་སྐད་ལས་ཀྱང༌། འདིར་ཡང་མེད་པ་ཉིད་གཟུང་བས་འགལ་བ་བསལ་ལོ། །ཁོ་ནའི་ཡི་གེས་ཐུན་མོང་བའོ་ཞེས་གསུངས་པའི་ཕྱིར། གོང་དུ་འདོད་མི་ནུས་ཏེ། རྟག་པ་ཡིན་ན་ཁྱོད་ཡིན་དགོས་པ་དང་རྟག་པ་གཉིས་ཀ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། འོ་ན། ཉིད་སྨོས་མི་དགོས་པར་ཐལ། མེད་པ་སྨོས་པས་འགལ་བ་དང་ཐུན་མོང་བ་སེལ་བའི་ཕྱིར་ན་མ་ཁྱབ་སྟེ། ལོག་རྟོག་སེལ་ཚུལ་དང་གསལ་བར་བྱ་བའི་ཆེད་ཡིན་པའི་ཕྱིར། ཁྱོད་རང་ལ་འོ་ན། དེ་སྒྲུབ་ཀྱི་ལྡོག་ཁྱབ་མི་དགོས་པར་ཐལ། རྗེས་ཁྱབ་གྲུབ་པ་ན་དེ་ཡང་གྲུབ་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་ཅིང༌། འདོད་མི་རིགས་པར་ཐལ། སྦྱོར་བ་ལ་ཆོས་མཐུན་སྦྱོར་དང་ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་སོ་སོར་གོ་བ་སོགས་ཀྱི་དགོས་པ་ཡོད་པའི་ཕྱིར། རྣམ་ངེས་རང་འགྲེལ་ལས། རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་ཁྱབ་པ་ངེས་པ་དང་ལྡན་པའི་ཚུལ་གཅིག་སྦྱར་བས་ཀྱང་དོན་གྱིས་གོ་བས་གཉིས་པ་རྟོགས་པར་བྱེད་པ་ཡིན་ནོ། །ཞེས་སྦྱོར་བ་བསྟན་པའི་དོན་དུ་ཡིན་པའི་ཕྱིར་སྐྱོན་མེད་དོ། །ཞེས་དང༌། འཐད་ལྡན་ལས་ཀྱང༌། གཅིག་སྦྱར་བས་ཤུགས་ཀྱིས་སོ། །ཤུགས་ལ་རྟོགས་པ་ནི་དོན་གྱིས་གོ་བ་སྟེ། དེས་གཉིས་པ་རྟོགས་པར་བྱེད་དེ་ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། རང་འགྲེལ་དང་འགྲེལ་བཤད་གཉིས་ཀྱི་དོན་གྱི་གོ་ཚུལ་དང་གཉིས་པ་རྟོགས་པར་བྱེད་ཚུལ་ཡོད་པའི་ཕྱིར། གཞན་ཡང༌། རང་འགྲེལ་ལས། འབྲེལ་བ་མེད་པར་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་ངེས་པ་མེད་དེ། ཞེས་གསུངས་པ་མི་འཐད་པར་ཐལ། དེ་སྒྲུབ་ཀྱི་རྗེས་ཁྱབ་དང་ལྡོག་ཁྱབ་གང་ཡིན་ན་ཡང༌། དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་དང་འབྲེལ་བས་མ་ཁྱབ་པའི་ཕྱིར། དེར་ཐལ། དབང་སྔོན་ཡིན་ན་ཙིནྟ་མ་ཎི་ཡིན་པས་ཁྱབ་པ་དེ། དབང་སྔོན་གྱི་རྟགས་ཀྱིས་ལྷའི་ཨིནྟྲ་ནཱི་ལ་ཡིད་བཞིན་ནོར་བུར་སྒྲུབ་པའི་རྗེས་ཁྱབ་མ་ཡིན་པའི་ཕྱིར། མ་ཁྱབ་ན། བྱས་ན་མི་རྟག་པས་ཁྱབ་པ་དེ་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་མ་ཡིན་པར་ཐལ། མ་ཁྱབ་པ་གང་ཞིག །དབང་སྔོན་རྟགས་ཀྱིས་དེ་སྒྲུབ་ཀྱི་རྗེས་ཁྱབ་ཡོད་པའི་ཕྱིར་ཏེ། དེ་སྒྲུབ་ཀྱི་རྟགས་ཡང་དག་ཡོད་པའི་ཕྱིར། མ་ཁྱབ་མཚམས་ལ་མ་གྲུབ་ན། དབང་སྔོན་ཡིན་ན་ཙིནྟ་མ་ཎི་ཡིན་པས་ཁྱབ་པ་དེ་སྒྲུབ་ཀྱི་ཆོས་དང་འབྲེལ་བར་ཐལ། མ་གྲུབ་པ་དེའི་ཕྱིར། འདོད་ན། ཙིནྟ་མ་ཎི་ཚད་མས་མ་དམིགས་པའི་ས་ཕྱོགས་ཆོས་ཅན། དབང་སྔོན་ཡིན་ན་ཙིནྟ་མ་ཎི་ཡིན་པས་ཁྱབ་པ་མེད་པར་ཐལ། ཙིནྟ་མ་ཎི་མེད་པའི་ཕྱིར། འཁོར་གསུམ། མ་ཁྱབ་ན། ཁྱབ་པར་ཐལ། དེ་དེ་དང་འབྲེལ་བའི་ཕྱིར། དེ་བཞིན་དུ་ལྡོག་ཁྱབ་ཀྱང་གཤགས།

                  གཞན་ཡང་རྣམ་ངེས་འགྲེལ་པ་ལས། ཚུལ་གཅིག་སྦྱར་བས་ཀྱང་དོན་གྱིས་གོ་བས་གཉིས་པ་རྟོགས་པར་བྱེད་པ་ཡིན་ནོ་ཞེས་དང༌། འདིའི་རང་འགྲེལ་ལས་ཀྱང༌། མཐུན་པ་ཁོ་ན་ལ་ཡོད་པ་ཞེས་བྱ་བས་མི་མཐུན་པའི་ཕྱོགས་ལས་ལྡོག་པ་གྲུབ་མོད་ཀྱི་ཞེས་དང༌། ཤཱཀྱའི་འགྲེལ་བཤད་ལས། དེ་ལ་ནི་མཐུན་པ་ཁོ་ན་ལ་ཡོད་པ་ཞེས་བྱ་བའི་ངེས་པར་གཟུང་བ་འདི་ཁོ་ནས་གཏན་ཚིགས་མི་མཐུན་པ་ལས་ལྡོག་པ་གྲུབ་མོད་ཅེས་དང༌། བྱིས་འཇུག་ལས། མཐུན་པའི་ཕྱོགས་ཉིད་ལ་ཡོད་པ་སྨོས་པས་ཆོག་མོད། མི་མཐུན་ཕྱོགས་ལ་མེད་པ་ཉིད་དུ་ངེས་པ་ཞེས་བྱ་བའི་ཡང་དོན་གོ་བ་ཉིད་དེ། དེ་ཅི་འདིས་ཐ་དད་དུ་བྱས། བདེན་ཏེ། ཞེས་དང༌། དེ་ལྟར་དུ་བྲམ་ཟེ་སོགས་དུ་མས་བཤད་པ་མི་འཐད་པར་ཐལ། སྦྱོར་སྐོར་གཅིག་གི་རྗེས་ཁྱབ་གྲུབ་ན་ལྡོག་ཁྱབ་གྲུབ་པས་ཁྱབ་པ་དང་ལྡོག་ཁྱབ་གྲུབ་ན་རྗེས་ཁྱབ་གྲུབ་པས་ཁྱབ་པ་མེད་པའི་ཕྱིར། མ་གྲུབ་ན། ཤེས་བྱ་ཆོས་ཅན། མིག་ཤེས་ཡིན་ན་ཚད་མ་ཡིན་ཏེ། གཟུགས་ཡིན་ན་གཞལ་བྱ་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བ་ཆོས་ཅན། ཁྱོད་ཀྱི་རྗེས་ཁྱབ་གྲུབ་པར་ཐལ། ཁྱོད་ལྡོག་ཁྱབ་གྲུབ་པའི་སྦྱོར་སྐོར་གཅིག་ཡིན་པའི་ཕྱིར། ཁྱབ་པ་ཁས། འཁོར་གསུམ། རྟགས་གྲུབ་སྟེ། དེའི་ལྡོག་ཁྱབ་ཁས་བླང་གིས་གྲུབ་པ་གང་ཞིག །དེ་འདྲའི་སྦྱོར་སྐོར་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། མིག་ཤེས་ཡིན་ན་ཚད་མ་མ་ཡིན་གཟུགས་ཡིན་ན་གཞལ་བྱ་མིན་པ་དེ་དེའི་ལྡོག་ཁྱབ་ཡིན་པ་དེའི་ཕྱིར། འཁོར་གསུམ། གཉིས་པ་གྲུབ་སྟེ། བདག་མེད་ཡིན་པའི་ཕྱིར། རྩ་བར་འདོད་ན། གཟུགས་ཡིན་ན་གཞལ་བྱ་ཡིན་ན་མིག་ཤེས་ཡིན་ན་ཚད་མ་ཡིན་པར་ཐལ། གཟུགས་ཡིན་ན་གཞལ་བྱ་ཡིན་ན་མིག་ཤེས་ཡིན་ན་ཚད་མ་ཡིན་པ་དེ་སྦྱོར་སྐོར་གཅིག་གི་ཚུལ་གསུམ་ནང་གི་རྗེས་ཁྱབ་ཡིན་ཞིང༌། སྦྱོར་སྐོར་སྔ་མའི་རྗེས་ཁྱབ་གྲུབ་པའི་ཕྱིར། འཁོར་གསུམ་ཁས། དང་པོ་མ་གྲུབ་ན། བྱས་ན་མི་རྟག་པས་ཁྱབ་པ་དེ་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་མ་ཡིན་པར་ཐལ། མ་གྲུབ་དེའི་ཕྱིར། འཁོར་གསུམ། གོང་དུ་འདོད་ན། རབ་རིབ་ཅན་གྱི་མིག་ཤེས་ཀྱང་ཚད་མ་ཡིན་པར་ཐལ། མིག་ཤེས་ཡིན་ན་ཚད་མ་ཡིན་པ་དེའི་ཕྱིར། རྟགས་ཁས། འཁོར་གསུམ། འདོད་ན། ལོག་ཤེས་སུ་གྱུར་པའི་མིག་ཤེས་མེད་པར་ཐལ་ལོ། །འདོད་པའི་ཕྱིར། འཁོར་གསུམ།

           གཞན་ཡང༌། མདོའི་རང་འགྲེལ་ལས། མེད་པ་ཉིད་ལ་མེད་པ་ཞེས་པ་ནི། །སླར་ཡང་དེ་ཉིད་ངེས་པའི་དོན་དུ་སྟེ་ཞེས་དང༌། རྒྱལ་དབང་བློའི་འགྲེལ་བཤད་ལས། དེ་དང་མཚུངས་པ་ཉིད་ལ་ཡོད་པར་འགྱུར་བ་ཞེས་པ་འདིས་རྗེས་སུ་འགྲོ་བ་རྟོགས་པར་བྱ་ཞིང་དེ་ཡང་ལྡོག་པ་མེད་པར་མེད་ལ། མེད་པ་ལ་མེད་པ་ཞེས་པ་འདིས་ཀྱང་ལྡོག་པ་སྟེ། དེ་ཡང་རྗེས་སུ་འགྲོ་བ་མེད་པར་མ་ཡིན་ན་ཞེས་དང༌། བྲམ་ཟེ་ཤཾ་ཀར་གྱི་རྣམ་འགྲེལ་འགྲེལ་བཤད་ལས་ཀྱང༌། མཐུན་པ་ཁོ་ན་ལ་ཡོད་པ་ཞེས་བྱ་བ་འདིས་མཐུན་པའི་ཕྱོགས་ལ་ཡོད་པ་ཉིད་དུ་ངེས་པར་བསྟན་ནས། མཐུན་པའི་ཕྱོགས་མ་ཡིན་པ་ལས་ལྡོག་པ་གྲུབ་མོད་ཀྱི་ཞེས་གསུངས་པ་ལྟར་ཆོས་མཆོག་དང༌། ཞི་འཚོ་ཡབ་སྲས་སོགས་དུ་མས་སྦྱོར་སྐོར་གཅིག་གི་ཚུལ་གསུམ་གྱི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་གཉིས་གང་རུང་གཅིག་གྲུབ་ན། རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་གཉིས་ཀ་གྲུབ་པས་ཁྱབ་པར་བཤད་པ་མི་འཐད་པར་ཐལ། སྦྱོར་སྐོར་གཅིག་གི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་གཉིས་གང་རུང་གཅིག་གྲུབ་ན་གཅིག་ཤོས་ཀྱང་གྲུབ་པས་མ་ཁྱབ་པའི་ཕྱིར། མ་གྲུབ་ན་སོང༌། སྐྱེས་བུ་ཆོས་ཅན། ཡོད་ངེས་ཡིན་ཏེ། བདག་དང་བཅས་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་བདག་དང་བཅས་པ་ལ་ཡོད་ངེས་ཀྱིས་ཁྱབ་པར་ཐལ། ཡོད་ངེས་མ་ཡིན་ན་བདག་དང་བཅས་པ་མ་ཡིན་པས་ཁྱབ་པའི་ཕྱིར། ཁྱབ་སྟེ། དེ་ནི་སྦྱོར་སྐོར་བཀོད་མ་ཐག་པའི་རྗེས་ཁྱབ་གྲུབ་ན་ལྡོག་ཁྱབ་གྲུབ་པའི་ཚུལ་ཡིན་པའི་ཕྱིར་དང༌། མདོའི་འགྲེལ་བཤད་ལས། རྗེས་སུ་འགྲོ་བ་རྟོགས་པར་བྱ་ཞིང་དེ་ཡང་ལྡོག་པ་མེད་པར་མེད་ལ་ཞེས་དང༌། སྡེ་བདུན་རྒྱན་ལས། ཐམས་ཅད་ཀྱི་ཐུན་མོང་གི་འདོད་པ་སྦྱོར་སྐོར་གཅིག་གི་རྟགས་ལ་བསྒྲུབ་བྱའི་ཆོས་ཀྱིས་ཁྱབ་པ་རྗེས་ཁྱབ་དང་ཆོས་ལོག་ལ་རྟགས་ལོག་གིས་ཁྱབ་པ་ལྡོག་ཁྱབ་ཏུ་འདོད་པ་མི་འཐད་དེ། ཞེས་སོགས་གསུངས་པའི་ཕྱིར། འདོད་ན། བདག་དང་བཅས་པ་མ་ཡིན་ན་མེད་ངེས་ཡིན་པར་ཐལ། བདག་བཅས་ལ་ཡོད་ངེས་ཀྱིས་ཁྱབ་པའི་ཕྱིར། མ་ཁྱབ་ན་ཁྱབ་པར་ཐལ། བདག་དང་བཅས་པ་མ་ཡིན་ན་མེད་ངེས་ཡིན་པས་ཁྱབ་པ་དེ་རྩ་བའི་སྦྱོར་སྐོར་བཀོད་མ་ཐག་དེའི་ལྡོག་ཁྱབ་ཀྱི་རྗེས་ཁྱབ་ཡིན་པའི་ཕྱིར། རྟགས་ཁས་ཤིང་སླ། མ་ཁྱབ་ན་དངོས། ཁྱབ་པར་ཐལ། སྦྱོར་སྐོར་གཅིག་གི་རྗེས་ཁྱབ་གྲུབ་ན་དེའི་ལྡོག་ཁྱབ་གྲུབ་པས་ཁྱབ། དེའི་ལྡོག་ཁྱབ་གྲུབ་ན་རྗེས་ཁྱབ་གྲུབ་པས་ཁྱབ་པ་གང་ཞིག །ཁྱོད་ཀྱི་དེ་དག་གི་མཚན་གཞི་བཀོད་པ་ལྟར་འདོད་པ་དེའི་ཕྱིར། རྟགས་གཉིས་པ་དངོས། དང་པོ་གྲུབ་སྟེ། སྡེ་བདུན་རྒྱན་ལས། སྦྱོར་བ་སྐོར་གཅིག་གི་རྗེས་ཁྱབ་དང་ལྡོག་ཁྱབ་གང་རུང་གཅིག་གྲུབ་ན་གཅིག་ཤོས་ཀྱང་གྲུབ་དགོས་པར་སྨྲ་བ་རིགས་པ་སྨྲ་བ་དག་གི་སྤྱིའི་ཚུལ་ཡིན་ཞིང་ཁྱེད་ཀྱང་འདོད་པའི་ཕྱིར། ཞེས་དང༌། རྟོག་གེ་སྐད་ལས་ཀྱང༌། ཕྱོགས་དང་མཐུན་པ་ཁོ་ན་ལ་ཡོད་པ་ཞེས་བརྗོད་པ་ན་ཤུགས་ཁོ་ན་ལ་ཕྱོགས་དང་མཐུན་པ་མ་ཡིན་པ་ལ་མེད་པ་ཉིད་རྟོགས་ཏེ་ཞེས་དང༌། འཐད་ལྡན་ཆེ་བ་ལས། ཁྱབ་པ་དང་ལྡན་པ་གཅིག་བརྗོད་པས་གཉིས་པ་འཕེན་པ་དེའི་ཕྱིར་ཞེས་དང༌། སྔར་བཤད་པའི་ལུང་དེ་དག་གིས་གྲུབ་པའི་ཕྱིར། སོགས་སྤྲོ་སླ། འདི་དག་རང་རང་གིས་ཁས་བླངས་ཀྱི་ཚུལ་སོ་སོའི་ངོས་འཛིན་གྱིས་ཁོ་རང་ལ་གནོད་པ་བསྟན་པ་ཡིན་ལ་སྔར་མ་ངེས་པའི་རྟགས་ཀྱི་སྐབས་སུ་ཡང་བཤད་ཟིན་ཏོ། །འདི་དག་ལ་གནོད་བྱེད་རྒྱས་པར་རྣམ་བཤད་གསུམ་དང་སྤྱི་དོན་རིགས་རྒྱན་དང་སྡེ་བདུན་རྒྱན་དང་ཡིག་རྙིང་སོགས་ལས་ཤེས་པར་བྱའོ། །

                                                                                                                        རྩོམ་སྒྲིག་པ། མང་ར་བ།

             གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                         དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།