ཀུན་མཁྱེན་རྣམ་འགྲེལ་མཐའ་དཔྱོད་ལས་ལྟར་སྣང་གི་ཁྱད་པར་ཡང་དག་ཏུ་འདུ་བ་དགག་པ།

གཉིས་པ་ལྟར་སྣང་གི་ཁྱད་པར་ཡང་དག་ཏུ་འདུ་བ་དགག་པ་ལ། གཞན་གྱིས་བཀོད་པའི་རྟགས་ལྷག་ལྡན་དུ་བཤད་པ་དང་། དེར་སྒྲུབ་དང་། ལྷག་ལྡན་གྱི་མིང་དོན་གསུམ། དང་པོ་ལ་རྒྱུ་ཁ་ཡར་བས་འབྲས་བུ་སྐྱེ་རུང་དཔོག་པའི་ལྷག་ལྡན་དང་། འབྲས་བུ་སྤྱིས་རྒྱུ་ཁྱད་པར་བ་དཔོག་པའི་ལྷག་ལྡན་གཉིས། དང་པོ་འཆད་པར། རྒྱུ་མ་ཚོགས་པར་འབྲས་བུ་ནི། །རྗེས་སུ་དཔོག་པ་གང་ཡིན་པ། །ལྷག་མ་དང་ལྡན་ནུས་མེད་ཕྱིར། །ལུས་ལས་འདོད་ཆགས་རྗེས་དཔོག་བཞིན། །ཞེས་བྱུང་། འཕྲོས་ཚུལ་ཡོད་དེ། མདོའི་རང་འགྲེལ་ལས། རྒྱུ་ཡོད་པ་བདེན་དུ་ཆུག་ན་ཡང་། ནས། རྒྱུ་གཞན་མ་ཚོགས་པ་སྲིད་པའི་ཕྱིར་ཞེས་པའི་བྱེ་རིག་གི་སྔ་མ་ཅན་གྱི་རྒྱུ་མ་ཚོགས་པ་ལས་འབྲས་བུ་དཔོག་པར་འདོད་པ་དང་། རྒྱང་ཕན་དང་དཔྱོད་པ་བས་ཀྱང་རྒྱུ་ཁ་ཡར་བ་ལུས་ཀྱིས་ཆགས་ཅན་དཔོག་པ་དང་གྲངས་ཅན་གྱིས་འདུས་པ་སོགས་མིག་སོགས་གཞན་དོན་བྱེད་པར་སྒྲུབ་པའི་གཏན་ཚིགས་གཉིས་ཀ་ཡང་། རྩ་བར། གཏན་ཚིགས་ལྟར་སྣང་དེ་ལས་གཞན། །ཞེས་པའི་ནང་གི་མ་ངེས་པ་དང་ལྷག་ལྡན་ཡིན་ཞེས་འཆད་པར། རྒྱུ་མ་ཚོགས་པར་འབྲས་བུ་ནི། །རྗེས་སུ་དཔོག་པ་གང་ཡིན་པ། །ལྷག་མ་དང་ལྡན། ཞེས་བྱུང་། དེ་ལ་གོང་དུ་འཕེལ་ཀྱང་འབྲས་བུ་འབྱུང་རུང་བ་ཙམ་གྱི་ནུས་པ་ཡང་མེད་པའི་ཕྱིར་ཞེས་འཆད་པར། ནུས་མེད་ཕྱིར། ཞེས་བྱུང་། དཔེར་ན་དཔྱོད་པ་བས་ལུས་རྒྱས་དབང་པོ་དྭངས་བློ་གསལ་བ་ལས་འདོད་ཆགས་རྗེས་སུ་དཔོག་པ་དེ་བཞིན་དུ་ལྷག་ལྡན་ཡིན་ཞེས་འཆད་པ་ལ། ལུས་ལས་འདོད་ཆགས་རྗེས་དཔོག་བཞིན། །ཞེས་བྱུང་། འདིའི་འཕྲོས་གཞི་གཏན་ཚིགས་ལྟར་སྣང་སོགས་བྲམ་ཟེ་དང་ཕྱོགས་སྔ་དཔྱོད་པ་བ་སོགས་ཡིན་ཏེ། བྲམ་ཟེས། གཏན་ཚིགས་ལྟར་སྣང་དེ་ལས་གཞན། ཞེས་བྱ་བ་བཤད་པའི་ཕྱིར་རྒྱུ་མ་ཚོགས་པའི་ཞེས་སྨོས་སོ། །ཞེས་དང་། ཤཱཀྱས། དཔྱོད་པ་ཅན་ལ་སོགས་པ་གང་དག་རྒྱུ་མ་ཚོགས་པ་ལས་ཀྱང་སོགས་དང་། རྣམ་བཤད་ལས། དཔྱོད་པ་བ་ལ་སོགས་པ་དག་ན་རེ། ཞེས་པའི་སོགས་ཁོང་ནས་སྔར་ལྟར་འདོན་ནོ། །
གཉིས་པ་འབྲས་སྤྱིའི་རྒྱུ་དཔོག་པའང་ཐེ་ཚོམ་ཟ་བའི་ལྷག་ལྡན་སྔར་བཤད་པའི་གཏན་ཚིགས་ལྟར་སྣང་ཡིན་ཞེས་འཆད་པར། མི་མཐུན་ཕྱོགས་ལ་མ་མཐོང་བ། །ཙམ་གྱིས་འབྲས་སྤྱི་མཐོང་བ་ལས། །གཏན་ཚིགས་ཤེས་པ་ཚད་ལྟར་སྣང་། །ཞེས་བྱུང་། དཔེའི་སྟེང་ནས་མཚན་གཞི་འཆད་པར། ཚིག་ལས་ཆགས་ཅན་ལ་སོགས་བཞིན། །ཞེས་བྱུང་། གཉིས་པ་ནི་ཚད་མ་མདོ་ལས། ལྷག་ལྡན་ལ་ཡང་ལྟ་བུར་རམ། །ཞེས་སོགས་ཀྱིས་གཞན་གྱི་ལྷག་ལྡན་བཀག་ནས་མདོའི་ལུགས་ཀྱི་ལྷག་ལྡན་འཆད་པར། མི་མཐུན་ཕྱོགས་ལ་མ་མཐོང་བ། སོགས་བྱུང་། དོན་དྲིལ་ན་གཞན་གྱི་རྟགས་བཀོད་པ་ལྷག་ལྡན་དུ་འགྱུར་ཚུལ་རྟགས་དེ་དེ་སྒྲུབ་ལ་ཐེ་ཚོམ་སོགས་ཀྱིས་འཁྲུལ་མེད་མ་ཡིན་པར་ཐལ། གཞན་སྡེ་བྱེ་རིག་གྲངས་སེར་རྒྱང་ཕན་གཅེར་དཔྱོད་རྣམས་ཀྱིས་མཐུན་པར་རྟགས་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་དེ་སྒྲུབ་ཀྱི་ལྡོག་ཁྱབ་གྲུབ་པར་འདོད་པ་དེའི་ཕྱིར། ཞེས་འཆད་པར། མི་མཐུན་ཕྱོགས་ལ་མ་མཐོང་བ། །ཙམ་གྱིས་འཁྲུལ་བ་མེད་པ་མིན། །ཞེས་བྱུང་། དེ་ལ་ཁྱབ་པར་ཐལ། དེ་འདྲའི་ལྡོག་ཁྱབ་ལ་འཁྲུལ་བ་སྲིད་པ་ཅན་ཉིད་ཡིན་པའི་ཕྱིར། དཔེར་ན། ཕྲུ་བ་གཅིག་ཏུ་བཙོས་པའི་རྟགས་ཀྱིས་དེ་ནང་གི་འབྲས་ཀུན་ཚོས་པར་སྒྲུབ་པ་བཞིན་ཡིན་པའི་ཕྱིར། འཆད་པར། འཁྲུལ་པར་སྲིད་པ་ཅན་ཉིད་ཕྱིར། །ཕྲུ་བའི་འབྲས་ནི་ཚོས་པ་བཞིན། །ཞེས་བྱུང་། གསུམ་པ་ནི། ཚད་མ་མདོ་ལས། འབྲེལ་གཞན་ལས་ཀྱང་རྟོགས་མི་འགྱུར། །ལྷག་མ་དང་ལྡན་ལས་འགྱུར་མིན། །ཞེས་སོགས་དང་།དེའི་རང་འགྲེལ་ལས། གང་དུ་ལྷག་མ་དང་ལྡན་པས་ལྷག་མ་དང་ལྡན་པ་ཡིན་ན་ནི་ཞེས་སོགས་ཀྱིས་བྱེ་རིག་གི་ལྷག་ལྡན་གྱི་སྒྲ་དོན་བཀག་ཚུལ་དང་མདོ་རང་ལུགས་ཀྱི་ལྷག་ལྡན་གྱི་སྒྲ་དོན་འཆད་པར། གང་ཞིག་མ་མཐོང་བ་ཙམ་གྱིས། །ལྡོག་པ་རབ་ཏུ་སྟོན་བྱེད་པ། །དེ་ནི་ཐེ་ཚོམ་རྒྱུ་ཡིན་ཕྱིར། །དེ་ལ་ལྷག་མ་ལྡན་ཞེས་བརྗོད། །ཅེས་བྱུང་།
འདིའི་མཐའ་དཔྱད་པ་ལ། རྣམ་བཤད་དང་སྤྱི་དོན་ལྟར་ཅུང་ཟད་དཔྱད་ན། སྔ་མ་ཁ་ཅིག་ན་རེ། ཁྱོད་དེ་སྒྲུབ་ཀྱི་མ་ངེས་པའི་གཏན་ཚིགས་ཡིན་ན་ཁྱོད་དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཁྱབ་པ་ལ་ཐེ་ཚོམ་ཟ་བས་ཁྱབ་ཅེས་ཟེར་ན། གཞལ་བྱ་ཆོས་ཅན། སྒྲ་རྟག་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་དེ་སྒྲུབ་ཀྱི་ཁྱབ་པ་ལ་ཐེ་ཚོམ་ཟ་བར་ཐལ། ཁྱོད་དེ་སྒྲུབ་ཀྱི་མ་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་གཞལ་བྱ་ཡིན་ན་རྟག་པ་ཡིན་པས་ཁྱབ་པ་མེད་ངེས་སུ་རྟོགས་པའི་ཕྱིར། དེར་ཐལ། དེས་གཞལ་བྱ་དང་མི་རྟག་པའི་གཞི་མཐུན་རྟོགས་པའི་ཕྱིར། རྣམ་བཤད་ལས། དེ་ལ་མ་ངེས་པའི་རྟགས་ཞེས་སོ། །གཞན་ཡང། ཁ་ཅིག །ལྷག་ལྡན་ཡིན་ན་ཁྱབ་པ་ལ་ཐེ་ཚོམ་ཟ་བས་ཁྱབ་ཟེར་ན། ངག་སྨྲ་བ་ཆོས་ཅན། ཁྱོད་ངག་སྨྲ་བ་དེ་སྐྱེས་བུ་གཞན་ཆགས་བྲལ་དུ་སྒྲུབ་པ་ལ་འགལ་བ་ལྷག་ལྡན་དུ་སོང་བའི་གང་ཟག་གི་ངོར་ཁྱོད་དེ་སྒྲུབ་ཀྱི་ཁྱབ་པ་ལ་ཐེ་ཚོམ་ཟ་བའི་གཏན་ཚིགས་ཡིན་པར་ཐལ། ཁྱོད་གང་ཟག་དེ་འདྲའི་ངོར་དེ་སྒྲུབ་ཀྱི་མ་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར། ཁྱབ་པ་ཁས། འཁོར་གསུམ། དེར་ཐལ། ཁྱོད་དེ་སྒྲུབ་ཀྱི་འགལ་བ་ལྷག་ལྡན་གྱི་གཏན་ཚིགས་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། གང་ཟག་དེ་འདྲ་དེ་ཁྱོད་ཡིན་ན་ཆགས་བྲལ་ཡིན་པས་ཁྱབ་པ་ལ་སུན་འབྱིན་ཡང་དག་འཇུག་པར་མཐོང་བའི་གང་ཟག་ཡིན་པའི་ཕྱིར། དེར་ཐལ། དེ་འདྲའི་གང་ཟག་གིས་ཁྱོད་སྐྱེས་བུ་གཞན་ཆགས་བྲལ་དུ་སྒྲུབ་པའི་མཐུན་ཕྱོགས་ལ་མ་མཐོང་ཞིང་མི་མཐུན་ཕྱོགས་ལས་ཡོད་པར་ཚད་མས་མཐོང་བའི་གང་ཟག་ཡིན་པའི་ཕྱིར། དེར་ཐལ། དེའི་རྒྱུ་མཚན་གྱིས་གང་ཟག་དེ་འདྲ་དེས་ཁྱོད་མཐུན་ཕྱོགས་ལ་ཐེ་ཚོམ་ཟ་ལ་རྗེས་འགྲོའི་ཁྱབ་པར་ཐེ་ཚོམ་མི་ཟ་བའི་ཕྱིར། དེར་ཐལ། ཁྱོད་གང་ཟག་དེ་འདྲས་མཐུན་ཕྱོགས་ལ་ཐེ་ཚོམ་ཟ་ལ་མི་མཐུན་ཕྱོགས་ལ་ཚད་མས་གྲུབ་པའི་ཕྱིར། རྣམ་བཤད་ལས། ལྷག་ལྡན་ཁྱབ་པ་ལ་ཐེ་ཚོམ་ཟ་བར་འདོད་ན་ཡང་། ནས། དེས་ན་མི་མཐུན་པའི་ཕྱོགས་ལ་ཐེ་ཚོམ་དང་བཅས་པ་ཞེས་བྱ་ཡི་རྗེས་ཁྱབ་ལ་ཐེ་ཚོམ་ཟ་བ་མ་ཡིན་ནོ། །ཞེས་སོ། །
མཚན་ཉིད་ལ་ཁ་ཅིག་ན་རེ། ཁྱོད་དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཁྱབ་པ་མ་ངེས་པ་དེ་དེ་སྒྲུབ་ཀྱི་མ་ངེས་པའི་རྟགས་ཀྱི་མཚན་ཉིད་ཟེར་ན། སྐྱོན་སྔར་ལྟར་གཏོང། གོ་ཐོབ་བྱས་ཀྱང་མཉན་བྱ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཁྱབ་པ་མ་ངེས་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་མ་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར། ཁྱབ་པ་ཁས། དེར་ཐལ། དེ་སྒྲུབ་ཀྱི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར། དེར་ཐལ། ཕྱོགས་གླང་གིས་ཕྱོགས་ཆོས་འཁོར་ལོ་ལས། བྱས་དང་མཉན་བྱ་རྩོལ་ལས་བྱུང་། །ཞེས་དང་། དབུས་ན་ཐུན་མོང་མིན་པ་འོ། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། མཉན་བྱ་ཡིན་ན་མི་རྟག་པ་ཡིན་པས་ཁྱབ་པའི་ཕྱིར། ཡང་ཁ་ཅིག །ཁྱོད་དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཁྱབ་པ་རྣལ་མར་ཡང་མ་ངེས། ཕྱིན་ཅི་ལོག་ཏུ་ཡང་མ་ངེས་པ་དེ་དེའི་མཚན་ཉིད་ཟེར་ན། སྐྱོན་སྔ་མ་དང་། གཞན་ཡང་མཉན་བྱ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་སྒྲ་རྟག་པར་སྒྲུབ་པའི་ཁྱབ་པ་ཕྱིན་ཅི་ལོག་ཏུ་མ་ངེས་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་མ་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར། དེར་ཐལ། ཁྱོད་སྒྲ་རྟག་སྒྲུབ་ཀྱི་མཐུན་ཕྱོགས་ལ་མེད་ནས་མ་མཐོང་ཞིང་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་ཡོད་ཀྱང་ཡོད་པ་ལྟར་མ་ངེས་པའི་རྟགས་གང་ཞིག །ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ལ་ཡོད་ཀྱང་ཡོད་པ་ལྟར་ཕྱི་རྒོལ་གྱིས་མ་གྲུབ་ཅིང་མི་མཐུན་ཕྱོགས་ལ་མེད་ནས་མ་མཐོང་བའི་མ་ངེས་པའི་རྟགས་ཡང་ཡིན་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། ཕྱོགས་གླང་གིས་ཚད་མ་རིགས་པའི་སྒོ་ལས། ཐུན་མོང་མ་ཡིན་པ་ནི། མཉན་བྱ་ཉིད་ཀྱི་ཕྱིར་སྒྲ་རྟག་ཅེས་པ་ལྟ་བུའོ། །དེ་ནི་རྟག་མི་རྟག་གི་ཕྱོགས་དག་ལས་ལྡོག་པ་ཉིད་ཀྱི་ཕྱིར་དང་། རྟག་མི་རྟག་གི་རྣམ་པར་ངེས་པ་སྤངས་པའི་གཞན་ཡང་མེད་པའི་ཕྱིར། མཉན་བྱ་འདི་ཇི་ལྟར་ན་ཐེ་ཚོམ་ཀྱི་རྒྱུ་ཉིད་དོ་ཞེས་གསུངས་པའི་ཕྱིར། ཐུན་མོང་མ་ཡིན་པའི་མ་ངེས་པའི་རྟགས་ཀྱི་མཚན་ཉིད་ལ། ཁ་ཅིག་ན་རེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་དེ་སྒྲུབ་ཀྱི་མཐུན་ཕྱོགས་མི་མཐུན་ཕྱོགས་གང་ལའང་མ་མཐོང་བ་ཟེར། ལ་ལ་ན་རེ། གཞན་འདྲ་བ་ལས་དེ་སྒྲུབ་ཀྱི་ཕྱོགས་གཉིས་གང་ལ་ཡང་ཚད་མས་མ་མཐོང་བ་ཞེས་ཟེར། གཞན་དག་ན་རེ། རང་ཉིད་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་དེ་ལྟར་མ་མཐོང་བ་ཟེར། ཡང་ཁ་ཅིག །དེ་སྒྲུབ་ཀྱི་ཤེས་འདོད་ཀྱི་མཚན་ཉིད་ཡིན་པ་ཟེར་བ་དག་སྔར་བཤད་པས་ཁེགས་ལ། གཞན་ཡང་། དང་པོ་གསུམ་མི་འཐད་པར་ཐལ། མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་ཐུན་མོང་མ་ཡིན་པའི་མ་ངེས་པ་གང་ཞིག ། དེ་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་མཐོང་བའི་ཕྱིར། དང་པོ་སླ། གཉིས་པ་དེར་ཐལ། དེ་དེ་འདྲའི་གང་ཟག་གི་སྒྲ་འཛིན་མངོན་སུམ་གྱི་མི་རྟག་པར་མཐོང་བའི་ཕྱིར། མ་གྲུབ་ན། མཉན་བྱ་ཆོས་ཅན། དེ་འདྲའི་གང་ཟག་གི་སྒྲ་འཛིན་མངོན་སུམ་གྱིས་ཁྱོད་མི་རྟག་པར་མཐོང་བར་ཐལ། དེའི་མངོན་སུམ་གྱིས་སྒྲ་མི་རྟག་པར་མཐོང་བ་གང་ཞིག ། ཁྱོད་མི་རྟག་པ་དང་སྒྲ་མི་རྟག་པ་གཉིས་ཡུལ་དུས་རང་བཞིན་གང་ལ་ལྟོས་ཏེ་གྲུབ་བདེ་རྫས་གཅིག་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། འདི་ཉིད་ལས། དེ་ཕྱིར་དངོས་པོ་མཐོང་བ་ཡིས། །ཡོན་ཏན་མཐའ་དག་མཐོང་བ་ཉིད། །ཅེས་གསུངས་པའི་ཕྱིར། དམ་བཅའ་བཞི་པ་ལ། སྲོག་ལྡན་ཆོས་ཅན། གསོན་ལུས་ཀྱི་མཚན་ཉིད་ཡིན་པར་ཐལ། ཁྱོད་གསོན་ལུས་གང་ཟག་གི་བདག་བཅས་སུ་སྒྲུབ་པའི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཤིང་། རྟགས་གྲུབ་སྟེ། དེ་དེ་སྒྲུབ་ཀྱི་ཕྱི་རྒོལ་བར་མཐུན་དཔེ་མེད་པའི་ཐུན་མོང་མ་ཡིན་པར་འགྲོ་ཚུལ་ཉན་བྱས་སྒྲ་མི་རྟག་པར་དཔོག་པ་དང་འདྲ་བའི་ཕྱིར། འཁྲུལ་པ་ཉིད་ཀྱི་མཉན་བྱ་དང་། །སྲོག་སོགས་འདིར་ནི་མཚུངས་པར་འགྱུར། །ཞེས་དང་། རིགས་ཐིགས་ཕྱོགས་སྔ་བསྡུས་བར་ཀ་ཤཱིས། བྱེ་བྲག་པ་ནི་རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཐུན་མོང་མ་ཡིན་པ་མ་ངེས་པ་ཡང་དངོས་སུ་གཏན་ཚིགས་ཡིན་པར་ཁས་ལེན་ཏེ། དཔེར་ན། གསོན་པོའི་ལུས་ནི་བདག་དང་བཅས་པ་ཡིན་ཏེ། སྲོག་ལ་སོགས་པ་དང་ལྡན་པའི་ཕྱིར་རོ་ཞེས་ཟེར་བ་ལྟ་བུའོ། །ཞེས་གསུངས་པའི་ཕྱིར།
བྱས་པ་ལ་ཁོ་ན་རེ། ཉན་བྱ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཁྱབ་པ་རྣལ་མར་མ་ངེས་པར་ཐལ། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྗེས་ཁྱབ་ཀྱང་རྣལ་མར་མ་ངེས། ཁྱོད་ཀྱི་རྟགས་ཀྱིས་ལྡོག་ཁྱབ་ཀྱང་རྣལ་མར་མ་ངེས་པའི་ཕྱིར་ན་མ་ཁྱབ། མ་གྲུབ་ན། མཉན་བྱ་ཆོས་ཅན། ཁྱོད་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་ཚུལ་གསུམ་རེ་རེ་ནས་ཡིན་པ་དེའི་ཕྱིར། རྟགས་དངོས། ཁོ་རང་ལ། མཉན་བྱ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་སྒྲ་རྟག་སྒྲུབ་ཀྱི་ཁྱབ་པ་ཕྱིན་ཅི་ལོག་ཏུ་མ་ངེས་པར་ཐལ། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་ལྡོག་ཁྱབ་མ་ངེས་པའི་ཕྱིར། ཁྱབ་པ་ཁས་ཤིང་འགྲིག འདོད་མི་ནུས་ཏེ། མཉན་བྱ་ཡིན་ན་རྟག་པ་ཡིན་པས་ཁྱབ་པ་ཕྱིན་ཅི་ལོག་ཏུ་ངེས་པའི་ཕྱིར། ཡང་ཁོ་ན་རེ། ཉན་བྱ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་སྒྲ་རྟག་སྒྲུབ་ཀྱི་ཐལ་འགྱུར་གྱི་ཁྱབ་པ་ཕྱིན་ཅི་ལོག་ཏུ་ངེས་པར་ཐལ། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཁྱབ་པ་ཕྱིན་ཅི་ལོག་ཏུ་ངེས་པའི་ཕྱིར་ན། འདོད་བྱས་པར་དེ་མ་ངེས་པར་ཐལ། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྗེས་ཁྱབ་ཕྱིན་ཅི་ལོག་ཏུ་ཡང་མ་ངེས། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་ལྡོག་ཁྱབ་ཀྱང་མ་ངེས་པའི་ཕྱིར། རྟགས་དང་པོ་མ་གྲུབ་པར་བཤད་ཟིན་ཏོ། །ཡང་ཁ་ཅིག །དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག །ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་རྣལ་མར་ཡང་མ་ངེས། དེའི་དེ་ཕྱིན་ཅི་ལོག་ཏུ་ཡང་མ་ངེས་པ་དེ་དེ་མ་ངེས་པའི་གཏན་ཚིགས་ཀྱི་མཚན་ཉིད་ཟེར་ན། བྱས་པ་ཆོས་ཅན། ཁྱོད་སྒྲ་རྟག་པར་སྒྲུབ་པའི་མ་ངེས་པའི་གཏན་ཚིགས་ཡིན་པར་ཐལ། ཁྱོད་སྒྲ་རྟག་སྒྲུབ་ལ་མཚན་ཉིད་དེའི་ཕྱིར། འདོད་མི་ནུས་ཤིང་། རྟགས་དང་པོ་གྲུབ་སྟེ། དེ་སྒྲུབ་ཀྱི་འགལ་རྟགས་ཡིན་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། སྒྲ་ཆོས་ཅན། རྟག་པར་ཐལ། བྱས་པའི་ཕྱིར། ཁྱབ་པ་དངོས། འཁོར་གསུམ། རྟགས་གསུམ་པ་མ་གྲུབ་ན། རི་བོང་རྭ་ཆོས་ཅན། བྱས་པ་མ་ཡིན་པ་མ་ཡིན་པར་ཐལ། རྟག་པ་མ་ཡིན་པའི་ཕྱིར། ཁྱབ་པ་ཁས་སོ། །གཞན་ཡང་། བྱས་པ་ཆོས་ཅན། ཁྱོད་སྒྲ་རྟག་དངོས་སུ་སྒྲུབ་པའི་མ་ངེས་པའི་གཏན་ཚིགས་ཡིན་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག །ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་རྣམ་མར་ཡང་མ་ངེས། དེ་ཕྱིན་ཅི་ལོག་ཏུ་ཡང་མ་ངེས་པའི་ཕྱིར། འདོད་མི་ནུས་པ་དང་རྟགས་དང་པོ་གྲུབ་པ་གཉིས་ཀ་ཡིན་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་འགལ་རྟགས་ཡིན་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། བྱས་པ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་རྣལ་མར་ངེས་པར་ཐལ། མ་གྲུབ་པ་དེའི་ཕྱིར། འདོད་ན། སྒྲ་ཆོས་ཅན། རྟག་དངོས་སུ་ཐལ། བྱས་པ་ཡིན་པའི་ཕྱིར། ཁྱབ་བ་བྱས་རྟགས་ཀྱིས་སྒྲ་རྟག་དངོས་སྒྲུབ་ཀྱི་རྗེས་ཁྱབ་རྣལ་མར་ངེས་པ་ལ་ཁས། གསུམ་པ་མ་གྲུབ་ན། བྱས་པ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་སྒྲ་རྟག་དངོས་སུ་སྒྲུབ་པའི་ལྡོག་ཁྱབ་ཕྱིན་ཅི་ལོག་ངེས་པར་ཐལ། མ་གྲུབ་པ་དེའི་ཕྱིར། འདོད་ན། རི་བོང་རྭ་ཆོས་ཅན། བྱས་པར་ཐལ། རྟག་དངོས་མ་ཡིན་པའི་ཕྱིར། ཡང་ཁ་ཅིག །དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག་ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྗེས་ཁྱབ་རྣལ་མར་ཡང་མ་ངེས། དེ་ཕྱིན་ཅི་ལོག་ཏུ་མ་ངེས་པ་དེ་དེའི་མཚན་ཉིད་ཟེར་ན། གཞལ་བྱ་ཆོས་ཅན། སྒྲ་རྟག་སྒྲུབ་ལ་མཚན་ཉིད་དེར་ཐལ། དེ་སྒྲུབ་ཀྱི་མ་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར། རིགས་སྒོ་ལས། དེ་ལ་ཐུན་མོང་ནི་འདི་ལྟར་གཞལ་བྱ་ཉིད་ཀྱི་ཕྱིར་སྒྲ་རྟག་ཅེས་པའོ། །ཞེས་གསུངས་པའི་ཕྱིར། འདོད་ན། འཁོར་གསུམ་གྱི་འཕྲེང་བ་བྱ་ལ། སྔར་བཤད་པའི་རྟགས་ལྟར་སྣང་གི་འདོད་ཚུལ་འདི་དག་གིས་རྟགས་ཀྱི་ཚུལ་དང་། དངོས་ཁྱབ་སོགས་མ་ཕྱེད་པའི་གཏམ་ཡིན་པས་སོ་སོར་འབྱེད་ཤེས་པར་ཀྱིས།
རང་ལུགས་ལ་མ་ངེས་པའི་མཚན་ཉིད་བཤད་ཟིན། དབྱེ་ན། ཕྱོགས་གླང་གིས། དྲུག་ཡང་བཤད་དེ། རིགས་སྒོ་ལས། མ་ངེས་པ་ནི་དྲུག་ཏུ་དབྱེ་སྟེ། ཐུན་མོང་དང་། ཐུན་མོང་མ་ཡིན་པ་དང་། མཐུན་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་ལ་མི་མཐུན་ཕྱོགས་ལ་ཁྱབ་པ་དང་། མི་མཐུན་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་ལ་མཐུན་ཕྱོགས་ལ་ཁྱབ་པ་དང་། གཉིས་ཀའི་ཕྱོགས་གཅིག་གི་ཡུལ་ལ་ཡོད་པ་དང་། འགལ་བ་ལ་མི་འཁྲུལ་བ་ཡང་ཞེས་པའོ། །ཞེས་གསུངས་པའི་ཕྱིར། མཚན་གཞིའི་གོ་དོན་བཤད་ན། དང་པོ་ནི། གཞལ་བྱ་ཆོས་ཅན། སྒྲ་རྟག་སྒྲུབ་ཀྱི་ཐུན་མོང་བའི་མ་ངེས་པའི་གཏན་ཚིགས་ཡིན་ཏེ་ཁྱོད་རྟག་པ་དང་མི་རྟག་པ་གཉིས་ལ་ཐུན་མོང་དུ་འདྲ་བར་ཁྱབ་ཅིང་། དེ་སྒྲུབ་ཀྱི་མ་ངེས་པའི་རྟགས་ཡིན་པའི་ཕྱིར། གཉིས་པ་ནི མཉན་བྱ་ཆོས་ཅན། སྒྲ་རྟག་སྒྲུབ་ཀྱི་ཐུན་མོང་མ་ཡིན་པའི་མ་ངེས་པའི་དེ་ཡིན་ཏེ། ཁྱོད་དེ་སྒྲུབ་ཀྱི་ཤེས་འདོད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡིན་པའི་སྒོ་ནས་ཤེས་འདོད་སྒྲ་མི་རྟག་པར་མ་ངེས་པར་དུ་ཁྱོད་མི་རྟག་པར་ངེས་པ་མི་སྲིད་པའི་ཕྱིར། དཔེར་ན། སྒྲའི་ལྡོག་པ་དང་སྒྲ་དང་གཅིག་དང་སྒྲའི་ཆོས་དང་སྒྲའི་རྫས་དང་སྒྲའི་བྱས་པ་དང་སྒྲའི་དངོས་པོའི་རྟགས་ཀྱིས་དེ་སྒྲུབ་ཀྱི་བྱས་པ་ལྟ་བུ་སྟེ། འདི་དེ་སྒྲུབ་ཀྱི་ཐུན་མོང་མ་ཡིན་པ་ཡིན་ནོ། །རིགས་སྒོ་ལས། དེ་ནི་རྟག་མི་རྟག་གི་ཕྱོགས་དག་ལས་ལྡོག་པ་ཉིད་ཀྱི་ཕྱིར་ཞེས་དང་། གཏན་ཚིགས་དེ་ཉིད་ལས། མཉན་བྱ་ཡིན་པའི་ཕྱིར། ཞེས་བྱ་བའི་གཏན་ཚིགས་ནི་མཐུན་ཕྱོགས་དང་མི་མཐུན་པའི་ཕྱོགས་ལ་མི་འཇུག་པས་ཐུན་མོང་མ་ཡིན་པའི་མ་ངེས་པའོ། །ཞེས་གསུངས་པའི་ཕྱིར། འདིའི་མི་འཇུག་པ་དང་རིགས་སྒོའི་ཕྱོགས་གཉིས་ལས་ལྡོག་པ་དོན་འདྲ་ལ་མི་འཇུག་ཚུལ་ཡོད་དེ། སྡེ་བདུན་རྒྱན་ལས། མཉན་བྱ་སྒྲ་ལས་གཞན་ལ་མི་འཇུག་ཅེས་པའི་དོན་ནི་མཉན་བྱ་དེ་སྒྲ་ཁོ་ནའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡིན་པའི་སྒོ་ནས་ཞེས་སོགས། གསུམ་པའི་མཚན་གཞི་མི་རྟག་པའི་རྟགས་ཀྱིས་དུང་སྒྲ་རྩོལ་བྱུང་མ་ཡིན་པར་སྒྲུབ་པ་ལྟ་བུ་ཡིན་ཏེ། མི་རྟག་པས་རྩོལ་བྱུང་མ་ཡིན་པའི་ཕྱོགས་གཅིག་གློག་སོགས་ལ་ཡོད། རྟག་པ་སོགས་ལ་མེད་ཅིང་མི་མཐུན་ཕྱོགས་རྩོལ་བྱུང་ཐམས་ཅད་ལ་ཁྱབ་པའི་ཕྱིར། བཞི་པ་ནི། སྒྲ་ཆོས་ཅན། རྩོལ་བ་ལས་བྱུང་བ་ཡིན་ཏེ། མི་རྟག་པའི་ཕྱིར། ཞེས་པ་ལྟ་བུ་ཡིན་ཏེ། མི་རྟག་པ་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཁྱབ་བྱེད་དང་། མི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པའི་ཕྱིར། ལྔ་པ་ནི། སྒྲ་ཆོས་ཅན། རྟག་སྟེ། ལུས་ཅན་མ་ཡིན་པའི་ཕྱིར། ལྟ་བུ་ཡིན་ཏེ། ལུས་ཅན་མ་ཡིན་པ་དེ་དེ་སྒྲུབ་ཀྱི་མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ཀར་རྣམ་གཉིས་སུ་འཇུག་པའི་ཕྱིར། དྲུག་པ་ནི། རིགས་སྒོ་ལས་འགལ་བ་ལ་མི་འཁྲུལ་བ་འདི་ཇི་ལྟར་སྒྲ་མི་རྟག་སྟེ། བྱས་པའི་ཕྱིར། བུམ་པ་བཞིན། སྒྲ་རྟག་སྟེ། མཉན་བྱ་ཉིད་ཀྱི་ཕྱིར། སྒྲ་བཞིན་ཞེས་པ་འགལ་བའི་དོན་དག་གཅིག་ལ་ཡོད་པ་ནི་གཉིས་ཀ་ལ་ཐེ་ཚོམ་གྱི་རྒྱུའོ་ཞེས་གསུངས། ཛེ་ཏཱ་རིས་འདི་རྟགས་སྐྱོན་མ་ཡིན་པར་བཤད་དེ། གཏན་ཚིགས་ཀྱང་དེ་ཉིད་ལས། འགལ་བ་ལ་མི་འཁྲུལ་བ་ཞེས་བྱ་བ་ནི་གང་དུ་ཡང་གཏན་ཚིགས་ཀྱི་སྐྱོན་མ་ཡིན་པས་ཞེས་སོ། །
ཡང་མ་ངེས་པའི་གཏན་ཚིགས་བརྒྱད་ཀྱང་དབྱེར་རིགས་ཏེ། སྔ་མ་བཞིའི་སྟེང་ལ་ལྷག་ལྡན་ནམ་ཐེ་ཚོམ་ཟ་བ་བཞི་བསྣན་ནས་བརྒྱད་ཀྱང་མཁས་པ་དུ་མས་བཤད་པའི་ཕྱིར། རིགས་ཐིགས་ཀྱི་དོན་བསྡུ་ཛི་ན་མི་ཏྲས་མཛད་པ་ལས། མ་ངེས་པ་ལ་བརྒྱད་དུ་འདོད་ཅེས་དང་། ཛེ་ཏཱ་རིས། བརྒྱད་པོ་འདི་དག་ནི་མ་ངེས་པའི་གཏན་ཚིགས་ལྟར་སྣང་བ་ཞེས་བསྟན་ཏོ་ཞེས་གསུངས་པའི་ཕྱིར། ཐེ་ཚོམ་ཟ་བ་བཞི་ནི་མི་མཐུན་ཕྱོགས་ལ་ཐེ་ཚོམ་དང་མཐུན་ཕྱོགས་ལ་མཐོང་བའི་མ་ངེས་པ་ཀུན་མཁྱེན་ལྐོག་གྱུར་གྱི་ངོར་ངག་སྨྲ་བའི་རྟགས་ཀྱིས་སེེར་སྐྱ་སོགས་ཀུན་མཁྱེན་མ་ཡིན་པར་སྒྲུབ་པ་ལྟ་བུ་དང་མཐུན་ཕྱོགས་ལ་ཐེ་ཚོམ་དང་མི་མཐུན་ཕྱོགས་ལ་ཡོད་བའི་མ་ངེས་པ་ནི། ཀུན་མཁྱེན་བསྐལ་དོན་གྱི་ངོར་བསྟན་བཅོས་བྱེད་པའི་རྟགས་ཀྱིས་ཁྱུ་མཆོག་དང་འཕེལ་བ་སོགས་ཀུན་མཁྱེན་དུ་སྒྲུབ་པ་ལྟ་བུ་དང་། རྗེས་སུ་འགྲོ་ཞིང་ལྡོག་པར་ཐེ་ཚོམ་ཟ་བའི་མ་ངེས་པ་ནི་སྲོག་ལྡན་བདག་བཅས་སུ་སོང་ལ། བདག་མེད་ལ་ལྐོག་གྱུར་ཏུ་སོང་བའི་ངོར་གསོན་ལུས་བདག་བཅས་སུ་སྒྲུབ་པ་ལ་སྲོག་ལྡན་བཀོད་པ་ལྟ་བུ་དང་། ཡང་དེའི་ངོར་གསོན་ལུས་བདག་མེད་མ་ཡིན་པར་སྒྲུབ་པ་ལ་སྲོག་སོགས་མེད་པར་ཐལ་བར་འགྱུར་བ་བཀོད་པ་ལྟ་བུ་ནི་རྗེས་སུ་འགྲོ་ལྡོག་གཉིས་ཀར་ཐེ་ཚོམ་ཟ་བའི་མ་ངེས་པ་ལྟ་བུ་ཡིན་ནོ། །ཡང་དེ་སྒྲུབ་ཀྱི་ཐུན་མོང་བའི་མ་ངེས་པའི་རྟགས་ལ་དེ་སྒྲུབ་ཀྱི་དངོས་ཀྱི་མ་ངེས་པ་དང་དེ་སྒྲུབ་ཀྱི་ལྷག་ལྡན་གྱི་མ་ངེས་པར་བཏགས་པ་གཉིས་ཡོད། སྔར་བཤད་པའི་དང་པོ་བཞི་ལྟ་བུ་མཚན་གཞི་ཡིན། དེ་སྒྲུབ་ཀྱི་མ་ངེས་པའི་གཏན་ཚིགས་ཡང་ཡིན། ཁྱོད་དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས། ཁྱོད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡོད་པར་ཚད་མས་ངེས་ནས་མི་མཐུན་ཕྱོགས་ལ་ཐེ་ཚོམ་ཟ་བའམ། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་ཡོད་པར་ཚད་མས་ངེས་ནས་མཐུན་ཕྱོགས་ལ་ཚོམ་ཟ་བའམ། དེ་སྒྲུབ་ཀྱི་རྗེས་སུ་འགྲོ་ལྡོག་གཉིས་ཀར་ཐེ་ཚོམ་ཟ་བ་ཡང་ཡིན་པའི་གཞི་མཐུན་པ་དེ། དེ་སྒྲུབ་ཀྱི་ལྷག་ལྡན་དུ་བཏགས་པའི་གཏན་ཚིགས་ཀྱི་མཚན་ཉིད། འདི་ལྟར་བྱས་ན་སྡེ་བདུན་རྒྱན་དང་ཛེ་ཏཱ་རིའི་གཞུང་སོགས་དང་འགྲིག་ཅིང་ལེགས་པ་ཡིན་ཏེ། ལྷག་ལྡན་གྱི་དོན་ཕྱོགས་ཆོས་ཅན་དུ་སོང་བའི་ཚུལ་ལྷག་མ་གཉིས་གང་རུང་དང་ཁྱབ་པ་ཅི་རིགས་ལ་ཐེ་ཚོམ་གྱིས་ལྷག་མ་དང་བཅས་པར་བཤད་དགོས་པའི་ཕྱིར། ཡང་ན་དེ་སྒྲུབ་ཀྱི་ཐུན་མོང་བའི་མ་ངེས་པའི་རྟགས་ཀྱང་ཡིན་ཁྱོད་དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས། ཁྱོད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡོད་པར་ཚད་མས་ངེས་ནས་མི་མཐུན་ཕྱོགས་ལ་ཐེ་ཚོམ་ཟ་བའམ། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་ཡོད་པར་ཚད་མས་ངེས་ནས་མཐུན་ཕྱོགས་ལ་ཐེ་ཚོམ་ཟ་བ་ཡང་ཡིན་པའི་གཞི་མཐུན་དེ་དེ་ལྟར་བཏགས་པའི་མཚན་ཉིད་བྱས་ན། སྤྱི་དོན་དང་རྣམ་བཤད་གཉིས་ན་མཚན་ཉིད་མི་འདུག་ཀྱང་མཐུན་པར་སེམས། དེ་སྒྲུབ་ཀྱི་ཕྱོགས་ཆོས་གྲུབ་ཅིང་རྟགས་དེ་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཚད་མས་མཐོང་བའི་རྗེས་འགྲོ་དང་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་ལྡོག་ཁྱབ་ཕྱོགས་གླང་ཡན་ཆད་ཀྱི་རང་སྡེ་མང་པོ་དང་གཞན་སྡེ་ཀུན་འདོད་པས་ལྟར་ན་རྟགས་དེ་རྟགས་ཡང་དག་ཡིན་དགོས་ལ་ཕྱོགས་གླང་སོགས་ཀྱིས་ལྷག་ལྡན་དུ་འདོད་པས་ཡང་དག་ལྷག་ལྡན་དང་། དེ་མཐུན་ཕྱོགས་ལ་མ་མཐོང་ཞིང་མི་མཐུན་ཕྱོགས་ལ་མཐོང་བས། དེའི་རྗེས་འགྲོ་མ་གྲུབ་ལ་ལྡོག་ཁྱབ་གྲུབ་པར་འདོད་ཅིང་ཕྱོགས་ཆོས་གྲུབ་པས་ན་འགལ་རྟགས་སུ་འདོད་ཀྱང་ལྷག་ལྡན་ཡིན་པས་འགལ་བ་ལྷག་ལྡན་ཞེས་བྱ། ལྷག་ལྡན་གྱི་སྒྲ་དོན་ཡོད་དེ། རྟགས་ཀྱི་ཚུལ་གསུམ་ལས་དང་པོ་གྲུབ་ཅིང་ལྷག་མ་ཅི་རིགས་མ་གྲུབ་བས་ན་ལྷག་ལྡན་དང་ཞེས་དོན་སྐྱོན་ནས་བཤད་པ་དང་རྟགས་ཀྱི་ཚུལ་གསུམ་གྱི་དང་པོ་ཚད་མས་གྲུབ་ཅིང་ལྷག་མ་གཉིས་ལ་ཐེ་ཚོམ་གྱི་ལྷག་མ་ཅན་ཡིན་པས་ལྷག་ལྡན་ཞེས་བློ་སྐྱོན་གྱིས་འཆད་རིགས་པའི་ཕྱིར། དོན་སྐྱོན་གྱི་འཆད་ཚུལ་དེ་ལྟར་ཡིན་ཏེ། བྲམ་ཟེའི་འགྲེལ་བཤད་ལས། ཕྱོགས་དང་མཐུན་པའི་ཕྱོགས་དང་མི་མཐུན་ཕྱོགས་ཀྱི་ཆོས་ཅན་རྣམ་པ་གསུམ་ལས། གཅིག་ནི་གཏན་ཚིགས་ཡོད་པ་ཡིན་པས་དེ་ལས་མི་མཐུན་པའི་ཕྱོགས་གཅིག་ཏུ་ལྷག་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། མི་མཐུན་ཕྱོགས་ནི་ཚུལ་གྱི་ཐ་མ་ཁོ་ན་ལྷག་མ་ཡིན་གྱི་དེ་ལ་ཚུལ་གྱི་ལྷག་མ་མེད་ཅེས་བཤད་དགོས་པའི་ཕྱིར། འགྲེལ་བཤད་དེ་ཉིད་ལས། ལྷག་མ་ནི་ལྡོག་མཚམས་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདིས་ཚུལ་དང་པོ་ཐེ་ཚོམ་ཅན་ཡོད་ཀྱང་ལྷག་ལྡན་མ་ཡིན་པ་དང་རྗེས་འགྲོའི་ལྷག་ལྡན་ཡོད་ཚུལ་ཤེས་པར་གྱིས། བློ་སྐྱོན་གྱི་ལྷག་མ་བཤད་ཚུལ་ལྟར་ཡིན་ཏེ། རྣམ་ངེས་ཊིཀ་ཆེན་ལས། ཁྱབ་པ་ཐེ་ཚོམ་གྱི་ལྷག་མ་ལུས་པས་ལྷག་མ་དང་ལྡན་པ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར། ལྷག་ལྡན་གྱི་ལྡན་སྒྲ་ལ་མཚུངས་རྐྱེན་ཡང་བྱིན་པར་གཞན་སྡེ་འདོད་དེ་ལྷག་མ་འབྲས་བུ་དང་མཚུངས་པ་ཞེས་བཤད་པར་འདོད་པའི་ཕྱིར། དེར་ཐལ། སྔ་མ་ཅན་དང་ལྷག་མ་ཅན་ཞེས་པའི་ཅན་ནམ་ལྡན་སྒྲ་ནི་མཚུངས་རྐྱེན། དཔེར་ན། ཙནྡྲ་པ་ལས། འདྲ་བ་ལ་བཏིའོ་ཞེས་དང་། དབྱངས་ཅན་མ་ལས། མཉམ་པ་ལ་བཏའོ། །ཞེས་གསུངས་པ་ལྟར་བྱིན་པར་འདོད་པ་བཀག་པའི་ཕྱིར། དེར་ཐལ། སཱུ་རྻ་བཱ་དང་། ཤེ་ཥ་བཱ་ཞེས་པ་ལྡན་རྐྱེན་མ་ཏུ་བའི་དོན་ཅན་དཔེར་ན་ཙནྡྲ་བ་ལས། དེ་འདིའི་ཡོད་ལ་འདིར་ཞེས་པ་མ་ཏུ་པའོ། །ཞེས་སོགས་དང་། དབྱངས་ཅན་མ་ལས། ཡོད་པའི་དོན་ལ་མ་ཏུ་པའོ། །ཞེས་དང་། མ་དང་ཨ་མཐའི་ཨུ་པ་དྷཱར་ལས་བ་ཏུ་ཨི་ན་དག་གོ་ཞེས་གསུངས་པ་ལྟར་གྱི་བ་ཏུ་བྱིན་ཤུལ་ཡིན་པས་མཚུངས་པ་ལ་མི་འཇུག་ཅེས་བཀག་པའི་ཕྱིར། མདོ་ལས། སྔ་མ་ལྡན་ཞེས་བྱ་འདི་ལ། །ཐམས་ཅད་སྲིད་ཕྱིར་ལྟ་བུ་མིན། །ཞེས་དང་། དེའི་རང་འགྲེལ་ལས། སྔ་མ་དང་མཚུངས་པས་ན་སྔ་མ་ལྟ་བུའོ་ཞེས་དང་། མདོ་ལས། ལྷག་ལྡན་ལ་ཡང་ལྟ་བུར་རམ་ཞེས་དང་། དེའི་རང་འགྲེལ་ལས། ལྷག་མ་ལྟ་བུ་ཞེས་ཡང་གལ་ཏེ་ལྟ་བུར་བྱེད་ན་ཞེས་དང་། དེའི་འགྲེལ་བཤད་དུ་རྒྱལ་དབང་བློས། ལྷག་མ་ནི་འབྲས་བུ་སྟེ། དེ་འདི་ལ་ཡོད་དོ་ཞེས་པ་ལྷག་མ་དང་འདྲ་བ་སྟེ་རྒྱུའོ་ཞེས་གསུངས་པ་ལྟར་འདོད་པ་དགག་པར། འགྲེལ་བཤད་དེ་ཉིད་ལས། འདིར་མ་ཏུ་པའི་ས་སྔ་མ་དང་འདྲ་བ་ཉིད་སྲིད་པ་མ་ཡིན་ནོ་ཞེས་པ་ཏིའི་ས་སྦྱར་བར་བྱའོ་ཞེས་གསུངས་པའི་ཕྱིར། འཆད་རྩོད་རྩོམ་མཁན་དག་གིས་ཀྱང་ལྷག་ལྡན་གྱི་སྒྲ་དོན་རང་གཞན་སོ་སོའི་འདོད་ཚུལ་གྱི་སྒྲ་དང་དོན་ཞལ་མཇལ་ཙམ་མཛད་ན་ལེགས་པར་སེམས་སོ། །
འདི་ཡང་རྒྱལ་དབང་གོང་མས་རྗེ་རིན་པོ་ཆེའི་རྟོགས་བརྗོད་དཔེར་བཀོད་ནས་སྦྱངས་པ་ལྟར་བྱས་པའི་ལག་རྗེས་མཆོད་སྤྲིན་དུ་བྱས་ལ་དཔྱོད་ལྡན་རྣམས་ཀྱང་ཡིད་རངས་པར་མཛོད་ཅིག།།དེ་རྣམས་ཀྱི་རགས་བཤད་སྐྱ་རིས་ཙམ་བྱས་ནས་རིགས་པའི་དབང་ཕྱུག་གཉིས་ཀྱི་གསུང་ལའང་འཕགས་ཡུལ་ཤིང་རྟ་ཆེན་པོ་དག་དང་རྗེ་ཡབ་སྲས་ཀྱི་དཔྱད་ཚུལ་གྱི་རིགས་པའི་སྒོ་རེ་བྱས་ན་མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་ཐུན་མོང་མ་ཡིན་པའི་མ་ངེས་པའི་རྟགས་སུ་གསུངས་པ་དེ་སྒྲུབ་ཀྱི་ཕྱི་རྒོལ་གང་ལའང་དེ་སྒྲུབ་ཀྱི་ཐུན་མོང་མ་ཡིན་པའི་མ་ངེས་པར་ཐལ། དེ་སྒྲུབ་ཀྱི་དཔེ་མེད་པས་ཐུན་མོང་མ་ཡིན་པར་རིགས་སྒོ་སོགས་ལས་བཤད་པ་དེའི་ཕྱིར་ན་པཎ་ཆེན་ཆོས་མཆོག་དང་ཤནྟི་བ་གཉིས་ན་རེ། དེ་ལ་མ་ཁྱབ་པ་ཁོ་ནར་ཐལ། དབང་རྟུལ་ལ་ཉན་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཁྱབ་པ་ངེས་གཞིིའི་དཔེ་མེད་པས་ཐུན་མོང་མ་ཡིན་པའི་མ་ངེས་པ་ཡིན་ཀྱང་དབང་རྣོན་ལ་མཉན་བྱ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཏུ་དཔེ་མི་དགོས་པར་འགྲོ་བ་ཡོད་པའི་ཕྱིར། དེར་ཐལ། དང་པོ་གང་ཞིག །ཕྱི་མ་དེའི་ཕྱིར། རྟགས་དང་པོ་གྲུབ་སྟེ། མཉན་བྱ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་ཀྱང་དབང་རྟུལ་གྱི་ཕྱི་རྒོལ་ལ་ཐུན་མོང་མ་ཡིན་པའི་མ་ངེས་པར་འགྲོ་བ་བློ་སྐྱོན་གྱིས་ཡིན་པའི་ཕྱིར། ཇི་སྐད་དུ་རིན་ཆེན་འབྱུང་གནས་ཞི་བས། ནང་ཁྱབ་ལས། ཐུན་མོང་མ་ཡིན་གཏན་ཚིགས་ཀྱི། །ཉེས་པ་རྨོངས་ལ་ལྟོས་པ་ཡིན། །ཞེས་དང་། དེའི་རང་འགྲེལ་ལས། དེ་ལྟར་ན་ཐུན་མོང་མ་ཡིན་པའི་མ་ངེས་པ་ཇི་ལྟར་གསུངས་ཞེས་དང་། འདི་སྐད་བསྟན་ཏེ་བློ་རྨོངས་པ་ཉིད་ཆོས་གཞན་ཉིད་ལ་ཞུགས་པས་དེའི་མངོན་པའི་ང་རྒྱལ་ལ་ལྟོས་ནས་མཉན་པར་བྱ་བ་ཡིན་པའི་ཕྱིར། ཞེས་པ་ཐུན་མོང་མ་ཡིན་པའི་མ་ངེས་པ་ཡིན་པའི་བར་བསྟན་ཏོ། །ཞེས་གསུངས་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། སྒྲ་དང་མཉན་བྱའི་ལྡོག་པ་སོ་སོར་མཚན་མཚོན་དུ་མ་ངེས་ཤིང་མཉན་བྱ་དོན་བྱེད་ནུས་པའི་དངོས་པོར་སྒྲུབ་ནས་དོན་བྱེད་ནུས་པའམ། དངོས་པོ་ལ་མི་རྟག་པས་ཁྱབ་པ་གྲུབ་པའི་དབང་རྣོན་གྱི་ཕྱི་རྒོལ་ལ་དཔེ་མེད་ཀྱང་མཉན་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་དང་། བསྒྲུབ་བྱ་རིམ་ཅན་དུ་འགྲུབ་པ་ཞིག་ཡོད་པའི་ཕྱིར། ནང་ཁྱབ་ལས། བློ་གཡེར་བག་ཅན་ལ་ནི་དཔེའི་སྦྱོར་བ་ལ་ལྟོས་པ་མ་ཡིན་ནོ་ཞེས་དང་། དེའི་ཕྱིར་དཔེ་ལ་ཆགས་རྣམས་ལ། །བུམ་བའི་དཔེ་ནི་བསྟན་པ་མཛད། །དེ་མི་དགོས་ལ་དོན་མེད་ཡིན། །ནང་གི་ཁྱབ་པ་བློ་ལྡན་ལའོ། །ཞེས་དང་། འཐད་ལྡན་ལས་ཀྱང་། ཅི་སྟེ་མཉན་བྱ་ཉིད་ཅི་ཉན་པའི་ཤེས་པས་རྟོག་པའི་དོན་བྱེད་པ་ཙམ་ཞིག་ཡིན་ནམ། གལ་ཏེ་དེ་ལྟ་ཡིན་ན་ནི་གོ་བར་བྱེད་པ་ཉིད་ཡིན་ནོ་སོགས་དང་། རྣམ་ངེས་རྣམ་བཤད་ལས། སྒྲ་དང་མཉན་བྱའི་མིང་དོན་གྱི་འབྲེལ་བ་མ་ངེས་པའི་སྔ་རོལ་ཉན་བྱའི་ལྡོག་པ་ཚད་མས་ངེས་ཤིང་དེས་ཉན་ཤེས་སྐྱེད་པའི་བྱ་བ་བྱེད་པར་ངེས་པ་ན་མཉན་བྱ་དོན་བྱེད་ནུས་པ་ཡིན་པའི་ཕྱོགས་ཆོས་གྲུབ་ཅིང་། དོན་བྱེད་ནུས་པ་ལ་མི་རྟག་པས་ཁྱབ་པར་ངེས་པར་བྱས་ནས། རྟགས་དེ་ལ་བརྟེན་ནས་མཉན་བྱ་ལ་མི་རྟག་པས་ཁྱབ་པ་ངེས་ནུས་སོ། །ཚུལ་དེ་ལྟར་ན་མཉན་བྱ་ལ་མི་རྟག་པས་ཁྱབ་པ་ངེས་པར་བྱེད་པ་ལས་དཔེ་དགོས་པའི་དོན་མེད་དོ་ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་དཔེ་མེད་ཀྱང་མཉན་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་གྲུབ་ཅིང་ཁྱབ་འབྲེལ་གྲུབ་པའི་རྟགས་འཛིན་སེམས་ཀྱི་རྗེས་སུ་བསྒྲུབ་བྱ་ངེས་པའི་རྗེས་དཔག་དབང་རྣོན་ལ་སྐྱེད་པ་ཡོད་པར་ཐལ། དབང་རྣོན་ལ་དངོས་པོ་ལ་མི་རྟག་པས་ཁྱབ་པ་གྲུབ་ཟིན་མ་བརྗེད་པ་དེའི་རྗེས་སུ་སྒྲ་དང་མཉན་བྱའི་མིང་དོན་གྱི་འབྲེལ་བ་གྲུབ་པས་དེ་སྒྲུབ་ཀྱི་ཕྱོགས་ཆོས་གྲུབ་པ་གང་ཞིག །དེའི་རྗེས་སུ་ཁྱབ་པ་གྲུབ་ཟིན་དྲན་པའི་རྟགས་འཛིན་སེམས་ལས། སྒྲ་མི་རྟག་པར་གསར་རྟོགས་ཀྱི་རྗེས་དཔག་སྐྱེ་བའི་ཕྱིར། དང་པོ་གྲུབ་སྟེ། དེའི་ཕྱོགས་ཆོས་གྲུབ་ཚུལ་སོགས་དཔེ་ཡོད་པ་དང་ཐུན་མོང་བ་ཡིན་པའི་ཕྱིར། འཐད་ལྡན་ལས། ཅི་སྟེ་མཉན་བྱ་ཉིད་ཅི་ཞེས་པའི་ལན་དུ། དེ་ཉིད་ལས། ཉན་པའི་ཤེས་པས་རྟོག་པའི་དོན་བྱེད་པ་ཙམ་ཞིག་ཡིན་ནམ་དེ་ལྟར་ཡིན་ན་ནི་གོ་བར་བྱེད་པ་ཡིན་ནོ་ཞེས་དང་། རྣམ་ངེས་རྣམ་བཤད་ལས། ཁྱབ་པ་གྲུབ་ཟིན་མ་བརྗེད་པའི་རྗེས་སུ་སྒྲ་དང་མཉན་བྱ་གཉིས་ཀྱི་མིང་དོན་གྱི་འབྲེལ་བ་ངེས་པར་བྱས་པས་མཉན་བྱས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་གྲུབ་ལ་ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། ཕྱོགས་ཆོས་དེ་ལྟར་ངེས་པ་ལས་ཁྱབ་པ་དྲན་པའི་རྟགས་འཛིན་སེམས་སྐྱེ་བས་དེས་རྟགས་ཅན་རྗེས་དཔག་སྐྱེ་བའི་ཕྱིར། དར་ཊིཀ་ལས། དེའི་རྗེས་སུ་རྟགས་དེ་ལ་བརྟེན་ནས་སྒྲ་མི་རྟག་པར་གསར་དུ་ངེས་པར་བྱར་ཡོད་པ་ཡིན་ནོ་ཞེས་དང་། འཐད་ལྡན་ལས། འོན་ཀྱང་དེ་ནི་ཐུན་མོང་བ་ཡིན་ཏེ། ཡོད་པ་ཙམ་ནི་ཐམས་ཅད་ལ་ཡོད་པའི་ཕྱིར་རོ། །ཞེས་གསུངས་ལ་འདིའི་ཡོད་པ་ནི་བྷ་བ་ཞེས་པ་དངོས་པོ་ཡིན་ནོ། །ཤནྟི་པས། ཕྱོགས་ཀྱི་ཆོས་ཉིད་བཟུང་བ་དང་། །འབྲེལ་བ་ཡང་ནི་དྲན་པ་ཡིས། །རྗེས་སུ་དཔག་པར་ཁྱེད་འདོད་ན། །དེ་བཞིན་ནང་ཁྱབ་ཀྱང་འདོད་ཀྱིས། །ཞེས་དང་། གང་ཡོད་པ་དེ་ནི་སྐད་ཅིག་མ་ཡིན་ཏེ། ཞེས་བྱ་བ་ནི་རྗེས་སུ་འགྲོ་བ་སྒྲུབ་པར་བྱ་བའི་ཆོས་ཅན་ལ་གཟུང་བ་ཡིན་ཏེ། དེ་ལ་མཐོང་པའི་གཏན་ཚིགས་ཀྱིས་ཁྱབ་པ་གཟུང་བའི་ཕྱིར་དང་ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། དེའི་རྟགས་ཀྱིས་དེ་སྒྲུབ་ཀྱིས་ཁྱབ་པ་ངེས་པའི་སྔ་རོལ་ཏུ་ཕྱོགས་ཆོས་ངེས་པའི་གང་ཟག་ལ་རྟག་འཛིན་སེམས་ཀྱི་རྗེས་སུ་སྒྲ་མི་རྟག་པར་གསར་རྟོགས་ཡོད་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། མཉན་བྱ་ལ་མི་རྟག་པས་ཁྱབ་པ་ངེས་པ་དེས་སྒྲ་ལ་ཡང་མི་རྟག་པས་ཁྱབ་པར་ངེས་ནུས་པས་རྟགས་ཡང་དག་ཏུ་མི་འགྲོ་བའི་ཕྱིར།
ཡང་ཁོ་ན་རེ། དེ་སྒྲུབ་ཀྱི་ཐུན་མོང་མ་ཡིན་པའི་མ་ངེས་པའི་རྟགས་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པར་ཐལ། མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་གང་ཞིག །དེེ་སྒྲུབ་ཀྱི་ཐུན་མོང་མ་ཡིན་པའི་མ་ངེས་པའི་རྟགས་ཡིན་པའི་ཕྱིར་ན། རྟགས་དང་པོ་མ་གྲུབ་བོ། །བྱས་པ་ལ་ཁོ་ན་རེ། རྟགས་དང་པོ་དེར་ཐལ། དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཏུ་སོང་བའི་རྒོལ་བ་སྲིད་པའི་ཕྱིར་ན་ཤིན་ཏུ་མ་ཁྱབ་སྟེ། དམིགས་བསལ་དེ་འདྲ་སྲིད་ཀྱང་སྤྱིར་བཏང་ལ་དེ་དེ་སྒྲུབ་ཀྱི་ཐུན་མོང་མ་ཡིན་པའི་གཏན་ཚིགས་ཡིན་ལ་དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་པའི་ཁྱད་པར་འབྱེད་དགོས་པའི་ཕྱིར། དེར་ཐལ། དེ་ལྟར་མ་ཡིན་ན་སྤྱིར་བཏང་འཇོག་ཚུལ་མེད་པར་འགྱུར་བའི་ཕྱིར། དཔལ་མགོན་ཀླུ་སྒྲུབ་ཀྱིས། སྤྱིར་བཏང་དམིགས་ཀྱིས་བསལ་བ་དག །བསྟན་བཅོས་ཀུན་ལ་རབ་ཏུ་གཅེས། །ཞེས་གསུངས་པའི་ཕྱིར། ཁོ་རང་ལ་སྒྲ་ཆོས་ཅན། མིག་ཤེས་ཀྱི་བཟུང་བྱ་ཡིན་པར་ཐལ། ཁྱོད་མིག་ཤེས་ཀྱི་བཟུང་བྱར་བྱེད་པའི་གང་ཟག་ཡོད་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། སངས་འཕགས་ཀྱི་མིག་ཤེས་ཀྱི་བཟུང་བྱ་ཡིན་པའི་ཕྱིར།
སྨྲས་པ།
གངས་ཅན་རྟོག་གེའི་བློ་གྲོས་ཡོལ་གོ་རུ། །
ཤོང་མིན་རྟགས་ཚུལ་གྲངས་དང་དེ་འདོད་གང་། །
ལྷག་ལྡན་སྒྲ་དོན་གཏན་ཚིགས་གྲངས་ངེས་སོགས། །
ཕྲ་ཞིབ་ཀུ་ཤའི་རྩེ་བཞིན་ལུགས་རྒྱས་བསྒྲུབས། །
བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
རྩོམ་སྒྲིག་པ། མང་ར་བ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn
