ཀུན་མཁྱེན་རྣམ་འགྲེལ་མཐའ་དཔྱོད་ལས་གསུམ་ཉིད་དུ་སྒྲུབ་པ།

གཉིས་པ་ཡང་དག་གི་ཁྱད་པར་གསུམ་ཉིད་དུ་སྒྲུབ་པ་ལ་ཡང་དག་གསུམ་དུ་མ་འདུས་པར་འདོད་པ་དགག་པ་དང་། ལྟར་སྣང་ཡང་དག་ཏུ་འདོད་པ་དགག་པ་གཉིས། དང་པོ་ལ། སྔ་ཕྱི་ལ་ལྟོས་པའི་རྩོད་པ་དང་། དུས་མཉམ་ལ་རྩོད་པ་གཉིས། དང་པོ་འཆད་པར། རྒྱུ་ཚོགས་པ་ལས་འབྲས་སྐྱེ་བར། །ཞེས་སོགས་བྱུང་། འདི་ལ་གཞུང་དོན་དང་མཐའ་ཅུང་ཟད་དཔྱད་པ་གཉིས། དང་པོ་ནི། མཁས་གྲུབ་ཊིཀ་ཆེན་ལྟར་མདོ་དང་སྦྱར་ན་ངེས་པ་ཆེན་པོ་སྟེར་བས་རིག་པ་ཅན་སྔ་མ་ཅན་དང་ལྷག་མ་ཅན་དང་སྤྱིར་མཐོང་ཅན་གྱི་རྗེས་དཔག་གསུམ་འདོད་པའི་རྟེན་རྟགས་ཀྱི་རྒྱུ་ལས་འབྲས་བུ་དཔག་པར་འདོད་པ་དང་། བྱེ་བྲག་པས་ཀྱང་དེ་ལྟར་འདོད། སྔ་མ་འགོག་ཚུལ་དུ་མ་ཡོད་པས་ལྡན་དོན་དགག་པར། མདོ་ལས། འཁྲུལ་བའི་ཕྱིར་ན་ལྡན་པ་མིན། །ཞེས་པའི་དོན་འཆད་པར། རང་འགྲེལ་ལས། ལྡན་པ་བྱེད་པ་ནི་རིགས་ན། སྔར་འདི་རྒྱུ་ཡོད་དོ་ཞེས་འབྲས་བུ་སྔ་མ་དང་ལྡན་པར་བྱེད་ན་ནི། ཡུལ་དེ་ཤེས་པ་ཡང་སྔ་མ་དང་ལྡན་པར་འགྱུར་ལ། གང་རྒྱུ་ལས་འབྲས་བུར་ཤེས་པར་བྱེད་པ་དེ་ལྟར་ནི་འཁྲུལ་བའི་ཕྱིར་ཚད་མ་མ་ཡིན་ནོ། །རྒྱུ་ཡོད་པ་བདེན་དུ་ཆུགས་ན་ཡང་གེགས་སྲིད་པའི་ཕྱིར། ཞེས་པ་ནས། འབྲས་བུ་མི་འབྱུང་བ་སྲིད་པ་ཡིན་ནོ་ཞེས་པ་རྩ་འགྲེལ་གྱི་དོན་དང་། བྱེ་བྲག་པའི་འདོད་ཚུལ་ལ་ཡང་། མདོ་ལས། རྒྱུ་ལས་འབྲས་བུ་གྲུབ་པ་མེད། །ཅེས་པ་རྩ་འགྲེལ་གྱི་དོན་རྟགས་ཡང་དག་གསུམ་གྱི་གྲངས་ངེས་ལ། རྩོད་ཚུལ་ལ་སྦྱར་ནས་འཆད་པ་ལ། རྒྱུ་ཚོགས་པ་ལས་འབྲས་སྐྱེ་བར། །ཞེས་སོགས་ཚིགས་བཅད་གཉིས་བྱུང་། དོན་ནི། གཞན་སྡེ་རིག་པ་ཅན་དང་བྱེ་བྲག་པ་སོགས་ཀྱི་སྟོན་པ་ཁ་ཅིག་ན་རེ། དེ་གསུམ་དུ་མ་ངེས་པར་ཐལ། ནས་ས་ཆུ་ལུད་ཚོགས་པ་ཚང་བའི་དཔྱིད་དུས་ཀྱི་ཞིང་དེ། དེ་འདྲའི་ཞིང་ཤར་མ་རང་འབྲས་ནས་མྱུག་སྐྱེ་བར་སྒྲུབ་པའི་རྟགས་གསུམ་གང་རུང་མ་ཡིན་པའི་ཕྱིར། དེར་ཐལ། དེ་སྒྲུབ་ཀྱི་འབྲས་རྟགས་ཡང་དག་ཀྱང་མ་ཡིན། རང་བཞིན་གྱི་རྟགས་ཡང་དག་ཀྱང་མ་ཡིན། དེ་སྒྲུབ་ཀྱི་མ་དམིགས་པའི་རྟགས་ཡང་དག་ཀྱང་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དེ་འདྲའི་ཞིང་དེ་རང་འབྲས་ནས་མྱུག་སྐྱེ་བའི་འབྲས་བུ་མ་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། དེ་འདྲའི་ཞིང་དེ་རང་འབྲས་ནས་མྱུག་སྐྱེ་བ་དང་རྫས་གཅིག་མ་ཡིན་པའི་ཕྱིར། གསུམ་པ་གྲུབ་སྟེ། དེ་འདྲའི་ཞིང་དེ་དེ་སྒྲུབ་ཀྱི་དགག་བྱ་མེད་ཙམ་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པའི་ཕྱིར། དེར་ཐལ། དེ་འདྲའི་ཞིང་དེ་རང་འབྲས་ནས་མྱུག་སྐྱེ་བར་སྒྲུབ་པའི་ཕྱིར། ཞེས་མི་འཐད་པའི་རྩོད་ཚུལ་འཆད་པར་རང་འགྲེལ་ལས། འོ་ན། རྒྱུ་ཚོགས་པས་འབྲས་བུ་སྐྱེ་བར་རྗེས་སུ་དཔོག་པར་བྱེད་པ་བཤད་པ་གང་ཡིན་པ་དེ་ཇི་ལྟར་གཏན་ཚིགས་རྣམ་པ་གསུམ་གྱི་ནང་དུ་འདུ་ཞེ་ན་ཞེས་དང་། བྲམ་ཟེའི་འགྲེལ་བཤད་ལས། གཏན་ཚིགས་གཞན་སྲིད་པ་དགག་པའི་དོན་དུ་སོགས་དང་ཤཱཀྱས། གཞན་གྱིས་འོ་ན། རྒྱུ་ཚོགས་པས་ཞེས་བྱ་བ་སོགས་བྱུང་། ལན་ནི་སྐྱོན་དེ་མི་འཐད་པར་ཐལ། དེ་འདྲའི་ཞིང་དེ། དེ་འདྲའི་དཔྱིད་དུས་ཀྱི་ཞིང་ཤར་མ་རང་འབྲས་ནས་མྱུག་སྐྱེ་རུང་དུ་སྒྲུབ་པའི་རྟགས་གསུམ་གང་རུང་མ་ཡིན་པའི་ཕྱིར་ཟེར། རྟགས་གསུམ་དུ་མི་འཐད་པའི་སྐྱོན་མེད་དེ། དེ་འདྲའི་ཞིང་དེ་དེ་འདྲའི་ཞིང་ཤར་མ་རང་འབྲས་ནས་མྱུག་སྐྱེད་ངེས་སུ་སྒྲུབ་པའི་རྟགས་ཡང་དག་གསུམ་གང་རུང་མ་ཡིན་པའི་ཕྱིར་ཟེར་ཀྱང་སྐྱོན་མེད་པའི་ཕྱིར། དང་པོ་གྲུབ་སྟེ། དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་ཡིན་པའི་ཕྱིར། དེར་ཐལ། རང་འབྲས་ནས་མྱུག་སྐྱེ་རུང་དེ་དེ་འདྲའི་ཚོགས་པ་ཚང་བའི་ཞིང་དང་བདག་ཉིད་གཅིག་ཡིན་པའི་ཕྱིར། དེར་ཐལ། དེ་ལས་སྐྱེ་རུང་དང་དེ་སྐྱེ་བར་སྲིད་པར་སྒྲུབ་པ་དོན་གཅིག་པའི་ཕྱིར། ཞེས་འཆད་པར། རྒྱུ་ཚོགས་པ་ལས་འབྲས་སྐྱེ་བར། །ནས། དེ་ནི་རང་བཞིན་ཡིན་པར་བརྗོད། །ཅེས་བྱུང་། ཇི་སྐད་དུ་རང་འགྲེལ་ལས། དེ་ལ་ནི་རྒྱུ་ཚོགས་པ་ལས་འབྲས་བུ་སྐྱེ་བ་སྲིད་པར་རྗེས་སུ་དཔོག་པ་འབའ་ཞིག་ཏུ་ཟད་དེ། ཚོགས་པ་རྣམས་ཀྱི་འབྲས་བུ་སྐྱེ་བར་རུང་བ་ཉིད་རྗེས་དུ་དཔོག་པའི་ཕྱིར། རུང་བ་ཉིད་ཀྱང་ཚོགས་པ་ཙམ་དང་འབྲེལ་བ་ཡིན་པས་རང་བཞིན་དུ་གྱུར་པ་ཁོ་ན་རྗེས་སུ་དཔོག་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། དེའི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ཚད་མས་མ་ངེས་པའི་ཕྱིར། འཆད་པར། ཚོགས་པའི་འབྲས་བུ་ནུས་པ་རྣམས། །འགྱུར་བ་དང་འབྲེལ་འབྲས་བུ་ལ། །མ་ངེས་པ་ནི་ཉིད་ཡིན་ཏེ། །གེགས་བྱེད་པ་དག་སྲིད་ཕྱིར་རོ། །ཞེས་བྱུང་།
མཐའ་དཔྱད་པ་ལ་ཁ་ཅིག་ན་རེ། ནས་ས་ཆུ་ལུད་དྲོད་གཤེར་ཚོགས་པ་ཚང་བའི་དཔྱིད་དུས་ཀྱི་ཞིང་ཡང་ཡིན་རང་འབྲས་ནས་མྱུག་མི་སྐྱེ་བ་ཡང་ཡིན་པའི་གཞི་མཐུན་སྲིད་དམ་མི་སྲིད། མི་སྲིད་ན་དེ་འདྲའི་ཚོགས་ཚང་ལ་འབྲས་བུ་སྐྱེད་ངེས་ཡིན་པས་མ་ཁྱབ་སྨྲས་པ་མི་འཐད་པར་ཐལ། དེ་མི་སྲིད་པའི་ཕྱིར་ཟེར་ན། ཁྱབ་པ་ལ་ཐེ་ཚོམ་ཟ། སྲིད་ན། དེ་ཆོས་ཅན། རང་འབྲས་ནས་ཀྱི་མྱུ་གུ་སྐྱེ་རུང་དུ་ཐལ། དེ་འདྲའི་ཞིང་ཡིན་པའི་ཕྱིར་ན། རྟགས་ཁྱབ་གཉིས་ལ་ཐེ་ཚོམ་ཟ། འདོད་མི་ནུས་ཏེ། མྱུ་གུ་མི་སྐྱེད་པར་ཚད་མས་ངེས་པའི་ཕྱིར་ན་རྟགས་ལ་ཐེ་ཚོམ་ཟ་སྟེ། མདུན་གྱི་གཞི་འདིར་ཤ་ཟ་སྲིད་མི་སྲིད་ལ་སྦྱར་ནས་ཤེས་དགོས་པའི་ཕྱིར་ཏེ། རྣམ་བཤད་ལས། སྔར་བཤད་པའི་ཞིང་ཡང་ཡིན་ནས་ཀྱི་མྱུ་གུ་མི་སྐྱེ་བ་ཡང་ཡིན་པའི་གཞི་མཐུན་སྲིད་དམ་མི་སྲིད་ཅེས་པ་ནས། ཆོས་ཅན་ཉིད་ལ་ཐེ་ཚོམ་ཟ་བར་ཀུན་ནས་མཚུངས་སོ། །ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། མ་ངེས་པ་ནི་ཉིད་ཡིན་ཏེ། །ཞེས་གསུངས་པ་མི་འཐད་པར་ཐལ། དམ་བཅའ་འཐད་པའི་ཕྱིར་ན་མ་ཁྱབ་སྟེ། ནས་ས་ཆུ་ལུད་ཚོགས་པ་ཚང་པའི་ཞིང་དེ་ཡིན་ན་མྱུ་གུ་སྐྱེད་པས་ཁྱབ་པ་མ་ངེས་ཏེ། དེ་འདྲའི་ཞིང་ཡང་ཡིན་མྱུ་གུ་མི་སྐྱེད་པ་ཡང་ཡིན་པའི་གཞི་མཐུན་སྲིད་པའི་ཕྱིར་ཞེས་པའི་དོན་ཡིན་པས་ཁྱབ་པ་ཚད་མས་མ་ངེས་པའི་དོན་ནོ། །ཡང་ཁ་ཅིག་ན་རེ། ནས་ཀྱི་རྒྱུ་ནས་ས་ཆུ་ལུད་དྲོད་གཤེར། ཚོགས་པ་གྲངས་ཚང་གི་དཔྱིད་ཞིང་དེ། དེ་འདྲའི་དཔྱིད་ཞིང་ཤར་མ་རང་འབྲས་ནས་མྱུག་སྐྱེ་རུང་དུ་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་ཡིན་ཀྱང༌། རང་འབྲས་ནས་མྱུག་སྐྱེ་ངེས་སུ་སྒྲུབ་པའི་རྟགས་ཡང་དག་མིན་ཟེར་ཞིང་། རྒྱུའི་མཚན་ཉིད་རང་འབྲས་སྐྱེད་པར་འདོད་པ་ནང་འགལ་སོགས་ཉེས་པ་དུ་མར་འགྱུར་ཏེ། དེ་འདྲའི་དཔྱིད་ཞིང་དེ། དེ་འདྲའི་དཔྱིད་ཞིང་ཤར་མ་རང་འབྲས་ནས་མྱུག་སྐྱེེ་རུང་དུ་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་མ་ཡིན་པར་ཐལ། དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་པའི་ཕྱིར། དེ་ཐལ། དེ་དེ་སྒྲུབ་ཀྱི་ཕྱོགས་ཆོས་མ་ཡིན་པའི་ཕྱིར། དེར་ཐལ། རྩོད་གཞི་ལ་རྟགས་དེ་གྲུབ་པ་ནས་རྩོད་གཞིའི་ཞིང་དེ་ནས་མྱུག་འབྱུང་རུང་ཡིན་མིན་ཐེ་ཚོམ་ཟ་བ་མེད་པའི་ཕྱིར། དེར་ཐལ། ཞིང་དེ་དེའི་རྒྱུར་ངེས་ན་ཞིང་དེས་དེ་སྐྱེད་པར་ངེས་པས་ཁྱབ་པའི་ཕྱིིར། རྟགས་ཁས། དེར་ཐལ། རང་འབྲས་སྐྱེད་པ་རྒྱུའི་མཚན་ཉིད་དུ་ཁས་བླངས་པའི་ཕྱིར། གཞན་ཡང། དེ་འདྲའི་དཔྱིད་ཞིང་ཆོས་ཅན། ཁྱོད་ཀྱིས་རང་འབྲས་ནས་མྱུག་སྐྱེད་པར་ཐལ། ཁྱོད་རང་འབྲས་ནས་མྱུག་གི་རྒྱུ་ཡིན་པའི་ཕྱིར། ཁྱབ་པ་ཁྱོད་རང་གི་རྒྱུ་འབྲས་ཀྱི་མཚན་ཉིད་ཀྱིས་གྲུབ་རྟགས་ཁས་བླངས་དང་ཆོས་ཅན་གྱིས་གྲུབ། འདོད་ན། དེ་འདྲའི་དཔྱིད་ཞིང་ཆོས་ཅན། རང་འབྲས་ནས་མྱུག་སྐྱེད་པར་ཚད་མས་ངེས་པར་ཐལ་ལོ། །འདོད་པའི་ཕྱིར། ཐལ་བ་སྔ་ཕྱི་གཉིས་ཀར་འཁོར་གསུམ་ཁས། འདོད་ན། དངོས་འགལ་ལོ། །བྱས་པ་ལ་ཁོ་ན་རེ། དེ་སྐྱེད་པ་ལ་སྐྱེད་ངེས་ཀྱིས་མ་ཁྱབ་པོ་ཞེ་ན། འོ་ན། དེ་ཆོས་ཅན། ཁྱོད་དེ་ལྟར་རྟོགས་པའི་ཚད་མ་ཞེན་ཡུལ་ལ་འཁྲུལ་བའི་ལོག་ཤེས་སུ་ཐལ། ཚད་མས་ཁྱོད་དེ་ལྟར་རྟོགས་པ་གང་ཞིག །ཁྱོད་དེ་ལྟར་མ་ངེས་པའི་ཕྱིར། རྟགས་ཁས། འཁོར་གསུམ། མ་ཁྱབ་ན། ལོག་ཤེས་མི་སྲིད་པར་ཐལ། མ་ཁྱབ་པ་དེའི་ཕྱིར། འཁོར་གསུམ་ཁས། འདི་སྐོར་ཀྱི་རྣམ་བཤད་གསུམ་དང་སྤྱི་དོན་ལ་འཁྲུལ་ནས་ཁ་ཅིག་ན་རེ། ནས་མྱུག་གི་རྒྱུ་ཡིན་ན་རང་འབྲས་ནས་མྱུག་སྐྱེད་པར་ཚད་མས་ངེས་པས་ཁྱབ། དེ་ལྟར་སྐྱེད་པར་ཚད་མས་ངེས་ན་རང་འབྲས་ནས་མྱུག་འབྱུང་ངེས་ཀྱིས་ཁྱབ་ཟེར་ན། འོ་ན་རང་འབྲས་ནས་མྱུག་གི་རྒྱུ་ཡིན་ན་རང་འབྲས་ནས་མྱུག་གི་རྒྱུ་ཁ་ཡར་བ་མ་ཡིན་པས་ཁྱབ་པར་ཐལ། རང་འབྲས་ནས་མྱུག་གི་རྒྱུ་ཡིན་ན་དེའི་རྒྱུ་ཚོགས་གྲངས་ཚང་ཡིན་པས་ཁྱབ་པའི་ཕྱིར། འཁོར་གསུམ། དེར་ཐལ། དེའི་རྒྱུ་ཡིན་ན་དེ་སྐྱེད་པར་ཚད་མས་ངེས་པས་ཁྱབ་པའི་ཕྱིར། རྟགས་ཁས། འཁོར་གསུམ། མ་ཁྱབ་ན་ཁྱབ་པར་ཐལ། དེའི་རྒྱུ་ཚོགས་པ་མ་ཚང་བར་དེ་སྐྱེ་རུང་ཙམ་ཡང་སྒྲུབ་མི་ཐུབ་དེ་སྐྱེད་པར་ཚད་མས་ངེས་པར་ཚད་མས་ངེས་པས་ཁྱབ་པ་ལྟ་ཅི་སྨོས་པའི་ཕྱིར། འདི་ཉིད་ལས། རྒྱུ་མ་ཚོགས་པར་འབྲས་བུ་ནི། །རྗེས་སུ་དཔོག་པ་གང་ཡིན་ཏེ། །ལྷག་མ་དང་ལྡན་ནུས་མེད་ཕྱིར། །ཞེས་དང་། རྣམ་བཤད་ལས། རྒྱུ་ལ་ཚོགས་པ་དང་མ་ཚོགས་པ་གཉིས་ལས། ཕྱི་མས་འབྲས་བུར་མ་ཟད་རུང་བ་དཔོག་པའང་མི་ནུས་པ་རྒྱུ་མ་ཚོགས་ཞེས་པ་དང་ཞེས་གསུངས་པའི་ཕྱིར་དང་། རང་འགྲེལ་ལས་ཀྱང་། རུང་བ་ཉིད་ཀྱང་རྒྱུ་ཚོགས་པ་དག་ཁོ་ནས་བྱེད་དེ་ཞེས་གསུངས་པའི་ཕྱིར། འཁོར་གསུམ། རྩ་བར་འདོད་ན། ནས་མྱུག་གི་རྒྱུ་ཁ་ཡར་བ་མེད་པར་ཐལ། ནས་མྱུག་གི་རྒྱུ་ཡིན་ན་དེ་ཁ་ཡར་བ་མ་ཡིན་པས་ཁྱབ་པའི་ཕྱིར། འཁོར་གསུམ། འདོད་ན། ནས་མྱུག་གི་ཉེ་བར་ལེན་པའི་རྒྱུ་ཁོ་ན་ཡིན་པ་དང་བྱེད་རྒྱུ་དང་བདག་པོའི་རྒྱུ་སོ་སོ་བ་མེད་པར་ཐལ་ལོ། །འདོད་པའི་ཕྱིར། ཐལ་བ་སྔ་ཕྱི་གཉིས་ཀར་འདོད་མི་ནུས་ཏེ། ནས་མྱུག་གི་རྒྱུ་ལ་ཚོགས་པའི་དུས་ཀྱི་རྒྱུ་དང་མ་ཚོགས་པའི་ས་བོན་ལྟ་བུའི་ཁ་ཡར་བ་དང་རྒྱུ་སོ་སོ་བ་དུ་མ་ཡོད་པའི་ཕྱིར། རྣམ་བཤད་ལས། རྒྱུ་ལ་ཚོགས་པ་དང་མ་ཚོགས་གཉིས་ལས་སོགས་དང་། རང་འགྲེལ་ལས་མ་ཚོགས་པ་ནི་ཤིན་ཏུ་ནུས་པ་མེད་དེ། ཞེས་དང་། ཤཱཀྱས་ཀྱང་། མ་ཚོགས་པ་ནི་མ་ཚང་བའོ། །རྗེས་སུ་དཔག་པ་ལྷག་མ་དང་ལྡན་པ་ནི་མ་ངེས་པ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་གསུངས་པ་རྩ་ཚིག་གིས་མ་ངེས་པ་དང། ལྷག་ལྡན་གྱི་དོན་བཤད་པ་གྲུབ་པའི་ཕྱིར་རོ། །
གཞན་ཡང་ནས་མྱུག་གི་རྒྱུ་ལ་དེའི་མ་ངེས་པའི་རྒྱུ་དང་ངེས་པའི་རྒྱུ་དང་ནས་མྱུག་དང་གྲོ་མྱུག་སོགས་ཀྱི་ཐུན་མོང་གི་རྒྱུ་སོགས་ཆེས་མང་པོ་དབྱེ་མི་རིགས་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འཁོར་གསུམ། གཞན་ཡང་། རྒྱུ་དེ་འབྲས་བུ་དེ་སྐྱེད་པ་ལ་ཞུགས་ཀྱང་འབྲས་བུ་སྐྱེད་པའི་བྱ་བ་བྱེད་པ་ལས་མ་རྫོགས་པ་དང་འབྲས་བུ་སྐྱེད་པའི་བྱ་བ་བརྩམ་མ་ཐག་དང་འབྲས་བུ་སྐྱེད་པའི་བྱ་བ་ཚང་ནས་དངོས་རྒྱུ་ལ་སླེབས་པའི་སྐབས་དུ་མ་མི་འདོད་པར་ཐལ། རང་གི་འབྲས་བུ་སྐྱེད་པའི་རྒྱུ་ཡིན་ན་ངེས་པར་འབྲས་བུ་དེ་འབྱུང་བས་ཁྱབ་པའི་ཕྱིར། མ་ཁྱབ་ན་ཁྱབ་པར་ཐལ། དེ་ལྟར་རྒྱུ་ལ་དངོས་རྒྱུ་མ་ཡིན་པར་འབྲས་བུ་ལ་འཁྲུལ་བར་བཤད་པ་དང་འགལ་བའི་ཕྱིར། འདི་རྣམ་བཤད་གསུམ་དང་རང་འགྲེལ་གྱི་གཞུང་མང་ངོ༌། །འདོད་ན། ནས་མྱུག་སྐྱེད་ཚུལ་མཐོང་བའི་མངོན་སུམ་དང་འགལ་ལ་དེ་བཞིན་དུ། ཚོགས་པའི་འབྲས་བུ་ནུས་པ་རྣམས། །འགྱུར་བ་དང་འབྲེལ་ཞེས་དང་། དེའི་རང་འགྲེལ་ལས། འབྲས་བུ་སྐྱེ་བ་ནི་ཚོགས་པ་ལས་སྐྱེ་བ་ཅན་གྱི་ནུས་པ་རྣམས་ཀྱི་འགྱུར་བ་ལ་ལྟོས་པའི་ཕྱིར་རོ། ཞེས་དང་། ནུས་པ་ཕྱི་མ་ཕྱི་མ་འགྱུར་བས་ཞེས་དང་། ཤཱཀྱས། འདི་ལྟར་ཚོགས་པ་སྔ་མ་ལས་ཕྱི་མ་ནུས་པའི་མཚན་ཉིད་སྐྱེ་ལ་ཞེས་དང་། དེ་ཉིད་གསལ་བར་བྱ་བའི་ཕྱིར་ནུས་པ་ཕྱི་མ་ཕྱི་མ་འགྱུར་བས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐད་ཅིག་སྔ་མ་སྔ་མ་རྒྱུར་བྱས་ནས་ནུས་པའི་སྐད་ཅིག་ཕྱི་མ་ཕྱི་མ་སྐྱེ་བ་ནི་ནུས་པ་ཕྱི་མ་ཕྱི་མ་འགྱུར་བའོ་ཞེས་སོགས་དང་། བཞི་བརྒྱ་པ་ལས་ཀྱང་། སྐྱེ་བཞིན་པ་ནི་ཕྱེད་སྐྱེས་ཕྱིར། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ནུས་པའི་སྔ་མ་སྔ་མའི་སྐབས་སུ་ཡང་ནས་མྱུག་གི་རྒྱུ་དེ་ནས་མྱུག་སྐྱེ་བའི་བྱ་བ་བ་ལ་ཞུགས་པའི་ཕྱིར་དང་རྫོགས་པར་སྐྱེ་བའི་བྱ་བའི་ཕྱེད་ལ་ཞུགས་པ་བཞི་བརྒྱ་པས་བཤད་པ་ལྟ་བུ་ཡིན་པའི་ཕྱིར། འདི་ལྟར་གཞུང་གོང་འོག་མ་བསྒྲིགས་པར་རྨོངས་བཤད་སྣ་ཚོགས་བྱས་ཤིང་སོམ་ཉི་བརྒྱ་ལྟར་བྲིས་སོ། །བྱས་པ་ལ་ཁོ་ན་རེ། རྒྱུ་དེས་འབྲས་བུ་དེ་སྐྱེད་པའི་བྱ་བ་ལ་ཞུགས་ན་རྒྱུ་དེས་འབྲས་བུ་དེ་བསྐྱེད་པས་ཁྱབ་པར་ཐལ། དེ་ལྟར་ན་དེས་དེ་སྐྱེད་པའི་བྱ་བ་བྱས་པས་ཁྱབ་པའི་ཕྱིར་ན་མ་ཁྱབ། འདོད་ན། དེ་དེའི་བྱ་བ་ལ་ཞུགས་ན་དེས་དེ་བྱེད་ནུས་པས་ཁྱབ་པར་ཐལ་ལོ། །འདོད་པའི་ཕྱིར། འདོད་མི་ནུས་ཏེ། མངོན་སུམ་དང་འགལ་བའི་ཕྱིར། གཞན་ཡང་། འོ་ན། ནས་ས་ཆུ་ལུད་དྲོད་གཤེེར་ཚོགས་པ་ཚང་ཞིང་ནས་མྱུག་སྐྱེ་བ་ལ་མངོན་དུ་ཕྱོགས་པའི་དཔྱིད་ཞིང་ཆོས་ཅན། རང་འབྲས་ནས་མྱུག་བསྐྱེད་པར་ཐལ། རང་འབྲས་ནས་མྱུག་སྐྱེད་པའི་བྱ་བ་ལ་ཞུགས་པའི་ཕྱིར། འཁོར་གསུམ། དེར་ཐལ། ནས་ས་སོགས་ཚོགས་པར་བྱས་པའི་ཞིང་ཡིན་པའི་ཕྱིར། རྟགས་སླ། ཁྱབ་སྟེ། དེ་དུས་ནས་མྱུ་གུ་སྐྱེ་བའི་བྱ་བ་ཡོད་པའི་ཕྱིར། དེར་ཐལ། འབྲས་བུ་སྐྱེ་བའི་བྱ་བ་རྒྱུའི་དུས་ནས་རྫོགས་དགོས་པའི་ཕྱིར། དེར་ཐལ། རྒྱུ་འགག་པ་དང་འབྲས་བུ་སྐྱེ་བའི་བྱ་བ་རྫོགས་ནས་སྐྱེ་བ་དུས་མཉམ་པའི་ཕྱིར། གཞན་ཡང། རྒྱུ་དེས་འབྲས་བུ་དེ་སྐྱེད་པའི་བྱ་བ་བྱས་ན་འབྲས་བུ་དེ་སྐྱེ་བར་ངེས་པས་ཁྱབ་པ་ཕྱོགས་གླང་ཆོས་གྲགས་སོགས་མཁས་པ་སུ་གང་གི་ལུགས་མ་ཡིན་པར་ཐལ། མཁས་པ་དེ་དག་གིས་ཀྱང་རྒྱུ་ཁ་ཡར་བས་ཀྱང་འབྲས་བུ་བསྐྱེད་པའི་བྱ་བ་བྱས་ཀྱང་འབྲས་བུ་མ་གྲུབ་པ་ཞིག་འདོད་པའི་ཕྱིར། དེར་ཐལ། འབྲས་བུ་ངན་འགྲོའི་སྐྱེ་བ་དེ་རྒྱུ་འཕེན་བྱེད་ཀྱི་ལས་དང་མ་རིག་པས་སྐྱེད་པའི་བྱ་བ་བྱས་ཀྱང་མ་གྲུབ་པ་ཞིག་ཡོད་པའི་ཕྱིར། དེར་ཐལ། འབྲས་བུ་ངན་འགྲོའི་སྐྱེ་བ་དེ་འཕེན་བྱེད་ཀྱི་རྒྱུ་གསུམ་གྱིས་བསྐྱེད་པའི་བྱ་བ་བྱས་ཀྱང་ལྷན་ཅིག་བྱེད་རྐྱེན་མེད་པས་མ་གྲུབ་པ་ཞིག་ཡོད་པའི་ཕྱིར། དེ་སྐད་དུ། འདི་ཉིད་ཀྱི་ལེའུ་གཉིས་པར། སྲིད་པའི་སྲེད་ལས་རྣམ་རྒལ་བས། །ལས་གཞན་འཕེན་ནུས་མ་ཡིན་ཏེ། །ལྷན་ཅིག་བྱེད་པ་ཟད་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། གཞན་ཡང་། དེ་ལྟར་འཐད་པར་ཐལ། འབྲས་བུ་དེ་སྐྱེ་བའི་རྒྱུ་ཡོད་ཀྱང་རྒྱུ་མ་ཚོགས་ན་འབྲས་བུ་འབྱུང་མི་སྲིད་པའི་ཕྱིར། མདོའི་རང་འགྲེལ་ལས། རྒྱུ་ཡོད་པ་བདེན་དུ་ཆུག་ན་ཡང་གེགས་སྲིད་པའི་ཕྱིར་དང་། རྒྱུ་གཞན་མ་ཚོགས་པ་སྲིད་པའི་འབྲས་བུ་མི་འབྱུང་བ་སྲིད་པ་ཡིན་ནོ། །ཞེས་དང་། དེའི་འགྲེལ་བཤད་ཡངས་པ་དང་དྲི་མེད་ལས། དེ་ལྟར་ནི་རྒྱུ་ཡོད་ན་ཡང་ལྷན་ཅིག་23བྱེད་པ་མ་ཚང་བའི་ཕྱིར་འབྲས་བུར་འགྱུར་བ་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། རང་འགྲེལ་གྱིས་རྒྱུ་གཞན་གྱིས་འབྲས་བུ་དེ་སྐྱེད་པའི་བྱ་བ་བྱས་ཀྱང་ལྷན་ཅིག་བྱེད་རྐྱེན་མ་ཚོགས་པ་ཞིག་སྲིད་པས་འབྲས་བུ་དེ་མི་འབྱུང་བ་སྲིད་པར་བསྟན། འགྲེལ་བཤད་ཀྱིས་ལྷན་ཅིག་བྱེད་རྐྱེན་མ་ཚང་ན་འབྲས་བུ་དེ་མི་འབྱུང་བས་ཁྱབ་པར་བསྟན་པ་ཡིན་པའི་ཕྱིར། འདི་ནི་དབུ་ཕར་མངོན་སུམ་ལ་གྲགས་ཆེ་བས་མ་སྤྲོས། དཀའ་བའི་གནས་ཅུང་ཟད་དཔྱད་ཟིན་ཏོ། །
(23) པར་ཐེངས་གཉིས་པ། བྱེད་པ་ཚང།
གཉིས་པ་དུས་མཉམ་ལ་བརྟེན་པའི་རྩོད་པ་དེ་འཆད་པར། ཚོགས་པ་གཅིག་ལ་རག་ལུས་པའི། །ཞེས་པ་ནས། དེ་ནི་འབྲས་བུའི་རྟགས་ལས་སྐྱེས། །ཞེས་བྱུང་། འདི་ལ་གཞན་བྱེ་རིག་གྲངས་གསུམ་ཁ་ཅིག་ན་རེ། དེ་ནི་རྣམ་གསུམ་ཉིད། ཅེས་རྟགས་ཡང་དག་ལ་གསུམ་དུ་གྲངས་ངེས་པར་འདོད་པ་མི་འཐད་པར་ཐལ། རྒྱུ་དང་འབྲས་བུའི་རྟགས་གཉིས་གང་རུང་མ་ཡིན་པའི་རྟགས་ཡང་དག་མུན་པར་བུ་རམ་དང་མ་དུ་ལུང་ཀ་སོགས་ཀྱི་རོ་མྱང་བས་གཟུགས་རྟོགས་པ་དང་སོགས་སྒྲས་མེ་ཏོག་ཙམ་པ་ཀ་སོགས་ཀྱི་དྲི་མྱང་བས་གཟུགས་རྟོགས་པ་དང་། མེའི་རེག་བྱ་མྱོང་བས་གཟུགས་རྟོགས་པའི་རྗེས་དཔག་ཡོད་པའི་ཕྱིར། རྩོད་ཚུལ་འཆད་པར། རང་འགྲེལ་ལས། འོ་ན། རྒྱུ་དང་འབྲས་བུར་མ་གྱུར་པ་གཞན་རོ་ལ་སོགས་པས་གཟུགས་ལ་སོགས་པ་རྟོགས་པ་གང་ཡིན་པ་དེ་ཇི་ལྟར་ཞེ་ན། ཞེས་བྱུང་། དོན་ནི་གཞན་ཞེས་པས་གཟུགས་སོགས་རྗེས་སུ་དཔག་བྱ་ལས་གཞན་པའི་རོ་དང་སོགས་པས་དྲི་དང་རེག་བྱ་སོགས་ཀྱི་རྒྱུ་མཚན་མྱང་བ་ལས་དཔག་བྱ་དེ་དག་རྟོགས་པའི་ཕྱིར་ཞེས་པ་ཡིན་ཏེ། རོ་དང་དྲི་དང་རེག་གསུམ་དེ་འདྲ་དེ་རྟགས་ཡང་དག་གང་ཞིག །དངོས་ཀྱི་སྒྲུབ་ཆོས་གཟུགས་གསུམ་པོ་དང་རྒྱུ་འབྲས་ཡང་མ་ཡིན། བདག་ཉིད་གཅིག་ཡང་མ་ཡིན། མེད་དགག་ཡང་མ་ཡིན་པའི་ཕྱིར། ཞེས་འཆད་པ། ཤཱཀྱས། རྒྱུ་དང་འབྲས་བུ་མ་གྱུར་པ་རྗེས་སུ་དཔག་པར་བྱ་བའི་དོན་ལས་གཞན་པ་རོ་ལ་སོགས་པས་སོ། །ཞེས་སོགས་གསུངས་པའི་ཕྱིར། དེ་ལ་དེ་འདྲའི་རྗེས་དཔག་སྐྱེ་བ་ཡོད་པས་ཁྱོད་ལྟར་རོ་སོགས་གཏན་ཚིགས་བྱས་ནས་དུས་མཉམ་གྱི་གཟུགས་རྟོགས་པའི་གཏན་ཚིགས་ཟུར་པ་བཞི་བ་ཞིག་ཁས་ལེན་མི་དགོས་པར་ཐལ། ཁ་ནང་བུ་རམ་དང་མ་དུ་ལུང་ཀ་སོགས་ཀྱི་རྒྱུའི་ཆོས་རྗེས་དཔོག་གི་འབྲས་རྟགས་ཡང་དག་ལས་སྐྱེ་བ་ཡོད་པའི་ཕྱིར། ཞེས་པའི་དངོས་ལན་སྟོན་པར། གཟུགས་ལ་སོགས་པ་རོས་རྟོགས་པ། །རྒྱུ་ཆོས་རྗེས་སུ་དཔོག་པ་སྟེ། །ཞེས་བྱུང་། དེ་ལྟར་རྗེས་དཔག་སྐྱེ་ཚུལ་ནི་དཔེར་ན་དུ་བའི་རྟགས་ཀྱིས་མེ་རྟོགས་པ་ན་བསྲེག་བྱའི་བུད་ཤིང་ཡང་འགྱུར་བ་བྱས་ཚུལ་རྟོགས་པ་བཞིན་ཞེས་འཆད་པར། དུ་བས་བུད་ཤིང་འགྱུར་བ་བཞིན། །ཞེས་བྱུང་། རྟགས་དེའི་སྒྲུབ་བྱེད་མ་དུ་ལུང་ཀའམ་བུ་རམ་གྱི་རོའི་ཉེར་ལེན་བུ་རམ་གྱི་རོ་སྔ་མ་མེད་པར་བུ་རམ་གྱི་རོ་གཟུགས་ཕྱི་མ་མི་འབྱུང་ལ། རོ་སྔ་མ་དེ་ཉིད་བུ་རོ་ལས་གཞན་པ་བུར་གཟུགས་ཀྱི་ཡང་ལྷན་ཅིག་བྱེད་རྐྱེན་ཡིན་པའི་ཕྱིར། ཞེས་འཆད་པར། ནུས་པ་འཇུག་པ་མེད་པར་ནི། །རོ་མེད་དེ་ཉིད་གཞན་གྱི་རྒྱུ། །ཞེས་བྱུང་། བུ་རམ་རོ་གཟུགས་གཅིག་མེད་ན་གཅིག་ཤོས་ཀྱང་མེད་དགོས་པར་ཐལ། དེ་གཉིས་དངོས་རྒྱུ་ཚོགས་པ་ཚར་གཅིག་ལ་རག་ལས་ཀྱི་འབྲེལ་བ་གྲུབ་པའི་ཕྱིར། ཞེས་འཆད་པར། ཚོགས་པ་གཅིག་ལ་རག་ལུས་པའི། །ཞེས་བྱུང་། དེ་དག་གི་གྲུབ་དོན་ཤེས་བྱ་ཆོས་ཅན། རྗེས་དཔག་མི་འདྲ་བ་གཉིས་སྐྱེས་པས་རྟགས་མི་འདྲ་བ་གཉིས་ཀྱང་ངེས་པར་མི་དགོས་པར་ཐལ། བཤད་མ་ཐག་དེ་ལྟར་རྒྱུ་ཆོས་རྗེས་དཔོག་གི་འབྲས་རྟགས་གཅིག་ལས་རང་དུས་ན་འདས་པའི་བུ་རོ་སྔ་མས་བུར་གཟུགས་སྐྱེད་པའི་ནུས་པ་རྟོགས་པའི་རྗེས་དཔག་དང་བུར་གཟུགས་ད་ལྟར་བ་རྟོགས་པའི་རྗེས་དཔག་གཉིས་སྐྱེ་བ་ཡོད་པ་དེ་ཕྱིར། ཞེས་འཆད་པར། དེ་ལྟར་འདས་དུས་གཅིག་རྣམས་རྟོགས། །དེ་ནི་འབྲས་བུའི་རྟགས་ལས་སྐྱེས། །ཞེས་བྱུང་།
ཁ་ཅིག་ན་རེ། བུ་རོ་ད་ལྟར་བ་ཆོས་ཅན། ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུར་གཟུགས་ད་ལྟར་བ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་པར་ཐལ། དེ་ལྟར་སྒྲུབ་པའི་རྒྱུ་ཆོས་རྗེས་དཔག་གི་འབྲས་རྟགས་ཡང་དག་ཡིན་པའི་ཕྱིར། གཟུགས་ལ་སོགས་པ་རོས་རྟོགས་པ། །རྒྱུ་ཆོས་རྗེས་སུ་དཔོག་པ་སྟེ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། བུ་རོ་ད་ལྟར་བ་དེ་ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུ་རོ་སྔ་མ་དེ་བུར་གཟུགས་ད་ལྟར་སྐྱེད་པའི་ནུས་པ་ཡོད་པར་སྒྲུབ་པའི་རྒྱུ་ཆོས་རྗེས་དཔག་གི་རྟགས་ཡང་དག་ཡིན་པའི་ཕྱིར། དེར་ཐལ། བུ་རོ་སྔ་མ་བུ་རོ་ད་ལྟར་བའི་རྒྱུ་དང་། རྒྱུའི་ཆོས་བུ་རོ་སྔ་མས་ཕྱི་མའི་གཟུགས་སྐྱེད་པའི་ནུས་པར་འཇོག་དགོས་པའི་ཕྱིར། དེར་ཐལ། འདིར་རོ་སྔ་མའི་ཆོས་རོ་ཕྱི་མའི་རྟགས་ཀྱིས་རོ་སྔ་མའི་ཆོས་དཔོག་པའི་རྟགས་ཡང་དག་གི་སྐབས་ཡིན་པའི་ཕྱིར། དེར་ཐལ། དེ་བཞིན་དུ་གཟུགས་དྲི་རེག་སོགས་ཀྱི་རྒྱུ་ཆོས་རྗེས་སུ་དཔག་ཚུལ་ཡང་སྐབས་སྟོབས་ཀྱིས་ཤེས་དགོས་པའི་ཕྱིར། རྣམ་བཤད་ལས། རྒྱུ་ནི་རོའི་ཉེར་ལེན་རོ་སྔ་མ་ཡིན་ལ། ཆོས་ནི་དེའི་ཁྱད་པར་བྱེད་ཆོས་རོ་སྔ་མས་གཟུགས་སྐྱེད་པའི་ནུས་པའོ་ཞེས་གསུངས་པའི་ཕྱིར། རྩ་བའི་ཐལ་བ་སྔ་མ་གཉིས་ལ། འདོད་ན། བུ་རོ་ད་ལྟར་བ་ཆོས་ཅན། བུར་གཟུགས་ད་ལྟར་བའི་གཟུགས་དེ་ཁྱོད་ཀྱི་རྒྱུའི་ཁྱད་ཆོས་ཡིན་པར་ཐལ། ཁྱོད་ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུར་གཟུགས་ད་ལྟར་བ་ཡོད་པར་སྒྲུབ་པའི་རྒྱུ་ཆོས་རྗེས་དཔོག་གི་འབྲས་རྟགས་ཡང་དག་ཡིན་པའི་ཕྱིར། འཁོར་གསུམ། འདོད་མི་ནུས་ཏེ། ཁྱོད་དང་དེ་གཉིས་དུས་མཉམ་དུ་གྲུབ་པའི་ཕྱིར། མ་གྲུབ་ན། བུ་རམ་ད་ལྟར་བ་ཆོས་ཅན། ཁྱོད་ཀྱི་རོ་གཟུགས་གཉིས་དུས་མཉམ་དུ་གྲུབ་པར་ཐལ། ཁྱོད་རྡུལ་རྫས་བརྒྱད་འདུས་ཀྱི་གོང་བུ་ཡིན་པའི་ཕྱིར། ཡང་ཁ་ཅིག །བུ་རོ་ད་ལྟར་བ་དེ་ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུར་གཟུགས་ད་ལྟར་བ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་ཡིན་ཟེར་ན། བུ་རོ་ད་ལྟར་བ་ཆོས་ཅན། ཁྱོད་དེ་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་པར་ཐལ། ཁྱོད་བུར་གཟུགས་ད་ལྟར་བ་དང་མ་འབྲེལ་བའི་ཕྱིར། དེར་ཐལ། ཁྱོད་དེ་དང་བདག་གཅིག་ཏུ་ཡང་མ་འབྲེལ། དེ་བྱུང་དུ་ཡང་མ་འབྲེལ་བའི་ཕྱིར། དང་པོ་གྲུབ་སྟེ། ཁྱོད་དང་དེ་གཉིས་དུས་མཉམ་རྫས་ཐ་དད་ཡིན་པའི་ཕྱིར། ཁྱབ་སྟེ། དུས་མཉམ་པ་ལ་འབྲེལ་བ་མེད། །ཅེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། ཁྱོད་དང་དེ་གཉིས་དུས་མཉམ་དུ་གྲུབ་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དེ་ཆོས་ཅན། བུར་གཟུགས་ད་ལྟར་བ་དང་འབྲེལ་བར་ཐལ། ཁྱོད་དེ་དང་ཐ་དད་དེ་མེད་ན་ཁྱོད་མེད་དགོས་པའི་24ཕྱིར་ན། ཁ་ཅིག་མ་ཁྱབ་ཟེར་ཀྱང་འོག་གི་འབྲེལ་བའི་དོན་དང་འགལ་བས་མི་ལེགས་པས། རྟགས་མ་གྲུབ་བྱས་ན་ཆོག་སྟེ། རྫས་དང་དུས་སོགས་ཀྱིས་བུ་རོ་མེད་ལ་བུར་གཟུགས་ཡོད་པ་དང་བུར་གཟུགས་ཡོད་ལ་བུ་རོ་མེད་པར་གྱུར་བ་ཡོད་པའི་ཕྱིར་ཏེ། དཔེར་ན་རྡོ་རྒྱུས་ཀྱི་གོས་ཀྱི་གཟུགས་དྲི་བཞིན། ཡང་དེ་དེ་དང་འབྲེལ་བར་ཐལ། དེ་གཉིས་དངོས་རྒྱུ་ཚོགས་པ་གཅིག་ལ་རག་ལས་ཀྱིས་འབྲེལ་བ་གྲུབ་པའི་ཕྱིར་ན་མ་ཁྱབ།
(24) པར་ཐེངས་གཉིས་པ། ཕྱིར།
ཡང་ཁོ་ན་རེ། བུ་རོ་ད་ལྟར་བ་ཆོས་ཅན། ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུར་གཟུགས་ད་ལྟར་བ་ཡོད་པར་སྒྲུབ་པའི་རྒྱུ་ཆོས་རྗེས་དཔོག་གི་འབྲས་རྟགས་ཡང་དག་ཡིན་པར་ཐལ། ཁྱོད་ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུར་གཟུགས་ད་ལྟར་བའི་རྒྱུའི་ཆོས་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་པའི་ཕྱིར་ན་འགལ་ཁྱབ་བོ། །རྟགས་དེར་ཐལ། དེ་སྒྲུབ་ཀྱི་རྒྱུ་ཆོས་རྗེས་དཔོག་གི་རྟགས་ཡང་དག་ཡིན་པའི་ཕྱིར། ཁོ་རང་རྩ་བར་འདོད་ན། གཞན་སྡེ་དེ་དག་ལྟར་དུས་མཉམ་པའི་རོའི་རྟགས་ཀྱིས་དུས་མཉམ་པའི་གཟུགས་རྟོགས་པའི་རྟགས་དང་རྟགས་ཅན་དུ་ཁས་ལེན་རིགས་པར་ཐལ་ལོ། །འདོད་པའི་ཕྱིར། འཁོར་གསུམ། འདོད་མི་ནུས་ཏེ། དེ་གཉིས་ལ་འབྲེལ་བ་མ་གྲུབ་པའི་ཕྱིར། བྲམ་ཟེའི་འགྲེལ་བཤད་ལས་རང་བཞིན་མ་ཡིན་ཏེ། ཐ་དད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འདིའི་ཐ་དད་ནི་རྫས་ཐ་དད་ཀྱི་དོན་ཡིན་པའི་ཕྱིར་དང་། དེ་བཞིན་དུ་རྣམ་བཤད་ལས། རོ་གཟུགས་རྟགས་དང་རྟགས་ཅན་དུ་སྟོན་པ་མ་ཡིན་ནོ། །རྩོད་པའི་བསམ་པ་ལ་བུ་རམ་གྱི་རོ་ལས་གཟུགས་རྟོགས་པ་སྐྱེས་པ་ན། ནས། ལན་མ་འདེབས་ཤིག །དེ་རྟགས་ཡང་དག་ཡིན་ཡང་འབྲས་རྟགས་མཚན་ཉིད་པ་མིན་ཞེས་སྨྲ་བས་ནི། ཞེས་གསུངས་པའི་ཕྱིར། ཁོ་རང་ལ་བུ་རོ་ད་ལྟར་བ་ཆོས་ཅན། ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུ་རོ་སྔ་མས་བུར་གཟུགས་ཕྱི་མ་སྐྱེད་པའི་ནུས་པ་ཡོད་པར་སྒྲུབ་པའི་རྒྱུ་དངོས་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པར་ཐལ། ཁྱོད་ཁ་ནང་བུ་རམ་གང་བུའི་སྟེང་དུ་བུར་གཟུགས་ད་ལྟར་བའི་རྒྱུ་ཡོད་པར་སྒྲུབ་པའི་རྒྱུ་དངོས་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་དེར་ཐལ། དེ་སྒྲུབ་ཀྱི་རྒྱུ་སྤྱི་སྒྲུབ་ཀྱི་དེ་ཡོད་པའི་ཕྱིར། འདོད་ན། དེ་སྒྲུབ་ཀྱི་རྒྱུ་ཆོས་རྗེས་དཔོག་གི་རྟགས་ཡང་དག་མེད་པར་ཐལ། འདོད་པའི་ཕྱིར། འདིས་དུ་བས་བུད་ཤིང་གི་འགྱུར་བ་རྟོགས་པའི་རྒྱུ་ཆོས་རྗེས་དཔོག་དང་གྲོག་མ་འཕོ་བའི་རྟགས་ཀྱིས་ཆར་བའི་རྒྱུའི་འབྱུང་བ་འགྱུར་བ་རྟོགས་པའི་རྒྱུ་ཆོས་རྗེས་དཔོག་དང་། དེ་བཞིན་དུ་ཉ་འཕར་བའི་རྟགས་ཀྱིས་དེ་སོགས་དུ་མ་ཤེས་པར་བྱ་རིགས་ཏེ། རྣམ་ངེས་སུ་གྲོག་མ་འཕོ་བ་སོགས་ཀྱང་བཤད་པའི་ཕྱིར། བྲམ་ཟེའི་འགྲེལ་བཤད་ལས། རྒྱུའི་ཆོས་རྗེས་སུ་དཔོག་པ་འདིས་ནི་གྲོག་མ་འཕོ་བ་ལ་སོགས་པ་ལས་ཆར་བ་འབབ་པ་ལ་སོགས་པ་རྗེས་སུ་དཔོག་པ་ཡང་རྒྱུའི་ཆོས་རྗེས་སུ་དཔོག་པའི་རང་བཞིན་དུ་བཤད་དོ་ཞེས་དང། རང་འགྲེལ་ལས། འདིས་ནི་གྲོག་མ་འཕོ་བ་དང་ཉ་འཕར་བ་ལ་སོགས་པ་ཞེས་དང་། ཆར་བའི་རྒྱུ་འབྱུང་བ་འགྱུར་བ་ཁོ་ན་གྲོག་མ་ལ་སོགས་པ་འཁྲུགས་པ་ལ་སོགས་པའི་རྒྱུ་ཡིན་ནོ་ཞེས་དང། དེའི་འགྲེལ་བཤད་ཤཱཀྱས། སོགས་པ་ཞེས་བྱ་བའི་སྒྲས་ནི་གློག་འགྱུ་བ་དང་སྦལ་བ་སྐད་འབྱིན་པ་ལ་སོགས་པ་བསྡུའོ། །ཆར་བ་ལ་སོགས་པ་ནས། སོགས་པ་ཞེས་བྱ་བའི་སྒྲས་རླུང་ལ་སོགས་པ་བསྡུའོ། །ཞེས་གསུངས་པའི་ཕྱིར།
རྩོམ་སྒྲིག་པ། མང་ར་བ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn
