ཀུན་མཁྱེན་རྣམ་འགྲེལ་མཐའ་དཔྱོད་ལས་འབྲས་རྟགས་ཡང་དག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-04-06 22:19:08     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

 

28363811256457924.jpg

                  གཉིས་པ་ནི་ཚིགས་བཅད་དེ་རྒྱས་པར་བཤད་ཚུལ་ཇི་ལྟ་བུ་ཞེ་ན། དེ་སོ་སོར་འཆད་ཚུལ་ཡོད་དེ། རྐང་པ་དང་པོ་རྒྱས་པར་འཆད་ཚུལ་དང༌། གཉིས་པ་རྒྱས་པར་འཆད་ཚུལ་དང༌། བཞི་པ་རྒྱས་པར་འཆད་ཚུལ་དང་གསུམ་པ་རྒྱས་པར་འཆད་ཚུལ་བཞི་ཡོད་པའི་ཕྱིར། དང་པོ་ཡོད་དེ། ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི། །གཏན་ཚིགས་ཞེས་པ་དེ། རྒྱུ་ལ་རང་བཞིན་ཇི་སྙེད་ཅིག །ཅེས་སོགས་ལེའུ་ལྷག་མའི་གཞུང་གིས་བཤད་པའི་ཕྱིར། གཉིས་པ་ཡོད་དེ། གཏན་ཚིགས་དེ་ནི་རྣམ་གསུམ་ཉིད། །ཅེས་པའི་དོན་རྒྱས་པར། རྒྱུ་ལ་རང་བཞིན་ཞེས་པ་ནས། དེ་ནི་འབྲས་བུའི་རྟགས་ལས་སྐྱེ། །ཞེས་པའི་བར་གྱིས་བཤད་པའི་ཕྱིར། གསུམ་པ་ཡོད་དེ། གཏན་ཚིག་ལྟར་སྣང་དེ་ལས་གཞན། །ཞེས་པའི་དོན། རྒྱུ་མ་ཚོགས་པའི་འབྲས་བུ་ནི། །ཞེས་པ་ནས། དེ་ནི་ལྷག་མ་ལྡན་ཞེས་བརྗོད། །ཅེས་པའི་བར་གྱིས་བཤད་པའི་ཕྱིར། བཞི་པ་ཡོད་དེ། མེད་ན་མི་འབྱུང་ངེས་ཕྱིར་རོ། །ཞེས་པའི་དོན་རྒྱས་པར། གཏན་ཚིགས་ཀྱི་ནི་ཚུལ་གསུམ་ལའང་ཞེས་སོགས་ལེའུ་ལྷག་མས་བཤད་པའི་ཕྱིར། དེ་ལ་ཁོ་ན་རེ། མདོར་བསྟན་རྒྱས་པར་བཤད་ཚུལ་དེ་ལ་དགོས་པ་མེད་དམ་ཡང་ན་མ་འབྲེལ་བའི་སྐྱོན་གང་རུང་ཡོད་པར་ཐལ། རྐང་པ་གཉིས་པའི་རྒྱས་བཤད་ཀྱི་གཞུང་དེ་ལ་བརྟེན་ནས་རྟགས་ཡང་དག་གི་གྲངས་ངེས་མི་འགྲུབ་ན་དེ་གྲངས་ངེས་ཀྱི་རྒྱས་བཤད་དུ་མི་རུང་ལ། གལ་ཏེ་དེ་ལ་བརྟེན་ནས་འགྲུབ་ན། དེ་འབྲེལ་བ་ངེས་པ་སྔོན་དུ་འགྲོ་དགོས་པས་རྐང་པ་གསུམ་པའི་རྒྱས་བཤད་དོན་མེད་པར་འགྱུར་ལ། དེ་ལ་འབྲེལ་བ་ངེས་པ་སྔོན་དུ་འགྲོ་མི་དགོས་ན་འབྲེལ་བ་རྒྱས་བཤད་ཀྱི་གཞུང་མ་འབྲེལ་བའི་སྐྱོན་ཡོད་པའི་ཕྱིར་ཞེས་པའི་དོགས་པ་ནི་རྣམ་བཤད་ལས། རྐང་པ་གཉིས་པའི་ཞེས་པ་ནས། གསུམ་པའི་རྒྱས་བཤད་ཀྱི་གཞུང་དགོས་པ་མེད་པར་འགྱུར་རོ། །དེ་སྔོན་དུ་འགྲོ་བ་ལ་མི་ལྟོས། འཆད་ཚུལ་གཉིས་པ་མ་འབྲེལ་བར་འགྱུར་རོ་ཞེ་ན། ཞེས་བྱུང༌། སྐྱོན་དེ་དག་ཡོད་པ་མ་ཡིན་པར་ཐལ། གཏན་ཚིགས་ཀྱི་ནི་ཚུལ་གསུམ་ལའང༌། སོགས་ཀྱི་གཞུང་སྦྱོར་ཚུལ་གཉིས་པ་ཚད་མས་ངེས་པའི་རིམ་པའི་དབང་དུ་བྱས་པ་ཡིན་པས། རྒྱུ་ལ་ཞེས་སོགས་ལ་བརྟེན་ནས་ཀྱང་རྟགས་ཆོས་ཀྱི་འབྲེལ་བ་ངེས་ནུས་ལ། རྒྱུ་ལ་ཞེས་སོགས་གཞུང་འདི་ཡང་རྟགས་ཡང་དག་གི་གྲངས་ངེས་དང་འབྲེལ་བ་རྒྱས་བཤད་གཏན་ཚིགས་ཀྱི་སོགས་དང་མཐུན་པར་སྦྱར་བས་གཏན་ཚིགས་ཀྱི་ནི་སོགས་དོན་མེད་པར་མི་འགྱུར་བའི་ཕྱིར། རྣམ་བཤད་ལས། སྐྱོན་མེད་དེ། གཞུང་གི་སྦྱོར་ཚུལ་གཉིས་པ་ནི། ཞེས་པ་ནས། དོན་མེད་པར་མི་འགྱུར་རོ། །ཞེས་སོ། །འོ་ན། རྒྱས་བཤད་གཉིས་གཞུང་སོ་སོར་བཤད་མི་རིགས་པར་ཐལ། བཤད་མ་ཐག་དེའི་ཕྱིར་ན་མ་ཁྱབ་སྟེ། རྒྱུ་ལ་རང་བཞིན་སོགས་ཀྱིས་རྟགས་གསུམ་གྱི་གྲངས་ངེས་དང་དེའི་མཚན་གཞི་ངོས་བཟུང་ནས། གཏན་ཚིགས་ཀྱི་ནི་སོགས་ཀྱིས་དེ་དག་ངེས་བྱེད་ཀྱི་ཚད་མ་བཤད་པའི་ཕྱིར། རྣམ་བཤད་ལས། འོ་ན་དེ་གཉིས། ནས། སྐྱོན་མེད་དོ་ཞེས་གསུངས་པའི་ཕྱིར།

                 རྒྱུ་ལ་རང་བཞིན་ཇི་སྙེད་ཅིག །མེད་ན་མི་འབྱུང་འབྲས་བུ་ནི། །གཏན་ཚིགས། ཞེས་པའི་དོན་ལ་གཞུང་དོན་དང༌། མཐའ་དཔྱད་པ་གཉིས། དང་པོ་ལ་མདོ་ལས་བཤད་ཚུལ་དང༌། བསྟན་ཆོས་ལས་བཤད་ཚུལ་གཉིས། དང་པོ་ནི། ཆོས་བཅུ་པའི་མདོ་ལས། དུ་བ་ལས་ནི་མེར་ཤེས་དང༌། །ཆུ་སྐྱར་ལས་ནི་ཆུར་ཤེས་ལྟར། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་མཚན་མ་དག་ལས་ཤེས། །ཞེས་པས་དུ་བའི་རྟགས་ཀྱིས་དུ་ལྡན་ལར་མེ་ཡོད་པར་སྒྲུབ་པ་དང༌། ཆུ་སྐྱར་ལྡིང་བའི་རྟགས་ཀྱིས་དེ་ལྡན་གྱི་ཐང་ལ་ཆུ་ཡོད་པར་སྒྲུབ་པ་དང༌། སེམས་སྲན་ཆུང་ལ་ཉན་ཐོས་ཐེག་པའི་ཆོས་བཤད་པས་མཆི་མ་དང་སྤུ་ལྡང་བའི་རྟགས་ཀྱིས་ཉན་ཐོས་རིགས་ཅན་དང༌། ང་རྒྱལ་དང་གཅིག་པུར་དགའ་ལ་རང་རྒྱལ་གྱི་དེ་བཤད་པས་བ་སྤུ་ལྡང་བ་སོགས་ཀྱི་རྟགས་ཀྱིས་རང་རྒྱལ་རིགས་ཅན་དང༌། རྒྱ་ཆེན་པོར་དགའ་ལ་བྱང་སེམས་ཀྱི་དེ་ལྟར་བཤད་པས་སྙིང་རྗེ་ཆེ་བས་སྤུ་ལྡང་བ་སོགས་ཀྱི་རྟགས་ཀྱིས་ཐེག་ཆེན་གྱི་རིགས་ཅན་དུ་སྒྲུབ་པའི་འབྲས་རྟགས་རྣམས་བཤད་པའི་ཕྱིར། འདི་ཚིག་ཟིན་གྱི་མཚན་གཞི་ཡིན་ནོ། །དངོས་བསྟན་ལ་ཡང་ཀུན་ཉོན་དང་རྣམ་བྱང་ཕྱོགས་ཀྱི་འབྲས་རྟགས་དཔག་མེད་བསྟན་པར་ཤེས་པར་བྱ་སྟེ། འདིའི་མཚན་མ་ནི་རྟགས་ཀྱི་མིང་ཡིན་ལ་རྟགས་སམ་མཚན་མ་དེའི་སྒོ་ནས་བརྟགས་ཚུལ་ཤིན་ཏུ་མང་བའི་ཕྱིར་ཏེ། དེའི་སྒོ་ནས་ལུང་མ་བསྟན་བརྟགས་ཚུལ་གྱི་འབྲས་རྟགས་ཀྱང་ཡོད། དད་ཅན་དུ་སྒྲུབ་པའི་འབྲས་རྟགས་ཀྱང་ཡོད། བྱང་སེམས་སུ་སྒྲུབ་པའི་དེ་ཡང་ཡོད། ཆགས་ཅན་དུ་སྒྲུབ་པའི་དེ་ཡང་ཡོད། དེ་བཞིན་གཤེགས་པར་སྒྲུབ་པའི་འབྲས་རྟགས་ཀྱི་བར་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། རྣལ་འབྱོར་སྤྱོད་པའི་ས་ལས། རྟགས་ལས་རྗེས་སུ་དཔག་པ་གང་ཞེ་ན། ད་ལྟར་རམ་སྔོན་མཐོང་བའི་མངོན་ཚན་དང་མཚན་མ་འགའ་ཞིག་གིས་འབྲེལ་བ་ལས། ཡུལ་མངོན་པར་བརྟགས་པ་གང་ཡིན་པ་སྟེ། དཔེར་ན། རུ་མཚོན་ལས་ཤིང་རྟ་རྗེས་སུ་དཔག་པ་དང༌། དུ་བ་ལས་མེ་དང་ནོག་དང་རྭ་ལས་བ་ལང་དང༌། ཞེས་སོགས་གསུངས་པའི་ཕྱིར། ཁྱབ་སྟེ། རྟགས་ལས་རྗེས་སུ་དཔག་པ་གང་ཞེ་ན། ཞེས་པ་ནས། མངོན་པར་བརྟགས་པ་གང་ཡིན་པ་ཞེས་པ་མདོར་བསྟན་གྱི་མཚན་ཉིད་སྟོན་པའི་ཚིག་དང༌། ལྷག་མ་དཔེར་བརྗོད་ཡིན་ཞིང༌། མདོར་བསྟན་གྱི་མངོན་ཚན་དང་མཚན་མ་འགའ་ཞིག་ཅེས་པ་ནི་མཚན་གཞི་རུ་མཚོན་དང་དུ་བ་དང༌། སེར་སྣ་དང་བྲལ་བ་སོགས་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། འཕགས་པ་རྣམས་ལ་ལྟ་འདོད་ཆེ་བའི་རྟགས་ཀྱིས་དེ་ལྡན་གྱི་སྐྱེ་བོ་དད་ཅན་དུ་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་པའི་ཕྱིར་ཏེ། དེ་བཞིན་དུ་དམ་པའི་ཆོས་ཉན་འདོད་ཆེ་བ་དང་སེར་སྣ་དང་བྲལ་བ་ཡང་དེ་ལྡན་གྱི་དེ་དད་ཅན་དུ་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་པའི་ཕྱིར། ས་སྡེ་ལས། འཕགས་པ་རྣམས་ལ་ལྟ་འདོད་པ་དང༌། དམ་པའི་ཆོས་ཉན་པ་དང༌། སེར་སྣ་དང་བྲལ་བ་ལས་དད་པ་ཅན་དང༌། ཞེས་གསུངས་པའི་ཕྱིར། གསུམ་པ་གྲུབ་སྟེ། མི་བཟོད་པའི་སྙིང་རྗེ་ཆེན་པོ་དང་ལྡན་པ་དང༌། སྙིང་རྗེ་དེས་དྲངས་པའི་སྙན་སྨྲ་དང༌། གཞན་དོན་ལ་སྤྲོ་བ་བསྟན་པ་དང༌། དེའི་དབང་གིས་སྤར་བ་མ་འཆུམ་པ་དང༌། འབུམ་སོགས་ཀྱི་ཟབ་དོན་གྱི་དགོངས་པ་བློ་གྲོས་མི་ཟད་པ་ལྟར་འགྲེལ་བའི་རྟགས་ལྔས་དེ་ལྡན་གྱི་སོ་སྐྱེ་བྱང་སེམས་སུ་སྒྲུབ་པའི་འབྲས་རྟགས་ལྔ་བཤད་པའི་ཕྱིར་ཏེ། ས་སྡེ་ལས། སྙིང་བརྩེ་བ་དང༌། སྙན་པར་སྨྲ་བ་དང༌། སྤར་བ་མ་འཆུམ་པ་དང༌། ཟབ་མོའི་དོན་གྱི་དགོངས་པ་ངེས་པར་འགྲེལ་བ་ལས། བྱང་ཆུབ་སེམས་དཔའ་དང་ཞེས་གསུངས་པའི་ཕྱིར་དང༌། དེ་བཞིན་དུ་བྱང་ས་སོགས་ལས་བཤད་པ་ཤེས་པར་བྱ། ཡང་ན་ཚིག་ཟིན་ཙམ་གྱི་ཁྱད་ཆོས་ལྔ་ལྡན་གྱི་རྟགས་གཅིག་བྱས་ན་ཡང་རུང་ངོ༌། །བཞི་པ་གྲུབ་སྟེ། ས་སྡེ་ལས། རྒོད་པ་དང་འཕྱར་བ་དང་ཅོ་འདྲི་བ་དང་རྩེ་བ་དང་ཅ་ཅོ་ཆེ་བ་ལས་འདོད་ཆགས་དང་བྲལ་བ་མ་ཡིན་པ་དང༌། ཞེས་གསུངས་པའི་ཕྱིར་དང༌། ཆེ་བ་ཞེས་པ་ལྔ་ཀའི་མཐར་སྦྱར་རོ། །ལྔ་པ་གྲུབ་སྟེ། མཚན་དཔེ་གསལ་རྫོགས་ཀྱི་སྐྱེས་བུའི་རྟགས་སམ། མཚན་དཔེ་དང་མཐུ་བསམ་མི་ཁྱབ་ཀྱི་སྐྱེས་བུའི་རྟགས་ཀྱིས་དེ་བཞིན་གཤེགས་པར་སྒྲུབ་པའི་འབྲས་རྟགས་བཞི་སོགས་བཤད་པའི་ཕྱིར་ཏེ། ས་སྡེ་ལས། དེ་བཞིན་གཤེགས་པའི་མཚན་དང་དཔེ་བྱད་བཟང་པོ་རྣམས་དང༌། དེ་བཞིན་གཤེགས་པའི་ཡེ་ཤེས་དང༌། ཉེ་བར་ཞི་བ་དང༌། སྒྲུབ་པ་དང༌། མཐུ་ལས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་མཁྱེན་པ་དང༌། ཞེས་གསུངས་པའི་ཕྱིར། དེ་བཞིན་གཤེགས་པར་སྒྲུབ་ན་སྔར་ལྟར་དང་དངོས་ཟིན་ལ་ཁྱད་པར་ལྔ་ཀ་ལ་དེ་བཞིན་གཤེགས་པའི་སྦྱར་བ་ལྟར་བྱས་ནས་རྫོགས་པའི་སངས་རྒྱས་སུ་སྒྲུབ་པའི་འབྲས་རྟགས་ཡང་དག་ལྔ་བྱའོ། །འདི་ཡང་བློ་གསར་རྣམས་ཀྱི་བློ་གྲོས་ཀྱི་གེ་སར་བྱེ་བ་བཞད་པའི་འོད་ཟེར་དུ་སྤྲོས་པ་ལགས་སོ། །

           དོན་དེ་དག་བསྟན་བཅོས་རྣམ་འགྲེལ་འདིར་ལྔ་སོགས་ཀྱིས་བཤད་དེ། འབྲས་རྟགས་ཡང་དག་ལ་ལྔ་ཡོད་པ་ལས། རྒྱུ་དངོས་སྒྲུབ་ཀྱི་འབྲས་རྟགས་ཡང་དག་ནི། འདི་ཉིད་ལས། རྒྱུ་ལ་རང་བཞིན་ཇི་སྙེད་ཅིག །སོགས་ཀྱིས་བཤད། རྒྱུ་སྔོན་སོང་སྒྲུབ་ཀྱི་འབྲས་རྟགས་ཡང་དག་ནི། འདི་ཉིད་གཉིས་པར། སྐྱེ་བ་ཡོངས་སུ་ལེན་པ་ན། །འབྱུང་རྔུབ་དབང་པོའི་བློ་དག་དང༌། །ཞེས་པས་བཤད། རྒྱུ་སྤྱིའམ་རང་ལྡོག་སྒྲུབ་ཀྱི་འབྲས་རྟགས་ཡང་དག་བཤད་པ་ལ། འདི་ཉིད་ཀྱི་གཉིས་པ་ལས། རེས་འགའ་བ་ཉིད་ཡིན་པས་ན། །སྡུག་བསྔལ་འདི་རྒྱུ་ཅན་ཉིད་གྲུབ། །ཅེས་བྱུང༌། རྒྱུ་ཁྱད་པར་སྒྲུབ་ཀྱི་འབྲས་རྟགས་ཡང་དག་ནི། འདི་ཉིད་ལས། རྒྱུ་གཞན་དག་ནི་ཡོད་ན་ཡང༌། །དབང་པོའི་བློ་དང་ལྡན་པའི་ཕྱིར། །ཞེས་བྱུང༌། རྒྱུ་ཆོས་རྗེས་དཔོག་གི་འབྲས་རྟགས་ཡང་དག་ནི། འདི་ཉིད་ལས། ཚོགས་པ་གཅིག་ལ་རག་ལས་པ། །གཟུགས་ལ་སོགས་པ་རོས་རྟོགས་པ། །རྒྱུ་ཆོས་རྗེས་སུ་དཔོག་པ་སྟེ། །དུ་བས་བུད་ཤིང་འགྱུར་བ་བཞིན། །ཞེས་བྱུང༌། འབྲས་རྟགས་ཡང་དག་འདི་ལྔ་ཁོ་ནར་མ་ངེས་ཏེ། རྒྱུ་ཚོགས་གྲངས་ཚང་སྒྲུབ་ཀྱི་འབྲས་རྟགས་ཡང་དག་སོགས་ཡོད་པའི་ཕྱིར། མདོ་ལས། རྒྱུ་དང་རྐྱེན་མ་ཚང་བ་མེད་པའི་ཕྱིར། ལས་ཀྱི་འབྲས་བུ་མངོན་པ་ཡང་ཡོད་དོ། །ཞེས་དང༌། འདི་ཉིད་ལས། རྒྱུ་ཚོགས་སོགས་སོ། །འདིར་འབྲས་རྟགས་ཡང་དག་བཤད་པ་ལ་ཆོས་ཅན། དགོས་པ་ཡོད་དེ། སྤྱིར་རྒྱུ་འབྲས་ཀྱི་རྣམ་དབྱེ་ལ་མཁས་པ་དང༌། ཁྱད་པར་ཀུན་ཉོན་གྱི་རྒྱུ་རྐྱེན་དང༌། དེ་ཟློག་བྱེད་རྣམ་བྱང་རྒྱུ་རྐྱེན་ལ་མཁས་པ་དང༌། ཞར་བྱུང་རྒྱང་འཕེན་གྱིས་རྒྱུ་མེད་པར་འདོད་པ་དང༌། རྒྱུ་ཡོད་པར་འདོད་ཀྱང་གྲངས་ཅན་དང་དབང་ཕྱུག་པ་དང༌། ཁྱབ་འཇུག་པ་དང་སྤྱོད་པ་བ་སོགས་ཀྱིས་རྒྱུ་རྟག་པ་དང་རྒྱུ་ཁ་ཡར་བས་འབྲས་བུ་སྐྱེ་བར་འདོད་པ་དང༌། སྒྲ་བའམ་བརྡ་སྤྲོད་པའམ་ལུང་སྟོན་པ་ཁ་ཅིག་མེ་མེད་པའི་བརྒྱ་བྱིན་གྱི་སྤྱི་བོར་ཡང་དུ་བ་ཡོད་པར་འདོད་པའི་ལོག་རྟོག་ཀུན་བཏགས་དུ་མ་བཟློག་པའི་ཆེད་ཡིན་པའི་ཕྱིར། ས་ལུ་ལྗང་བའི་མདོ་ལས། མྱུ་གུ་དེ་ཡང་བདག་གིས་མ་བྱས་གཞན་གྱིས་མ་བྱས། ཞེས་པ་ནས། རྒྱུ་དང་རྐྱེན་མ་ཚང་པ་མེད་པའི་ཕྱིར། ཞེས་པ་ནས། མིང་གཟུགས་ཀྱི་མྱུ་གུ་མངོན་པར་སྒྲུབ་བོ། །ཞེས་གསུངས་པའི་ཕྱིར། ཚད་ཆེན་དཀའ་འགྲེལ་ལས། འདི་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་ཕྱིན་ཅི་མ་ལོག་པར་སྟོན་པའི་ཕྱིར་དེའི་དོན་ངེས་པར་བཟུང་བ་ལས་བདེ་འགྲོའི་རྒྱུ་ལས་དང་འབྲས་བུ་ཕྱིན་ཅི་མ་ལོག་པ་ལ་ཡིད་ཆེས་སྐྱེ་ཞིང༌། ངེས་པར་ལེགས་པའི་རྒྱུ་ཆོས་དང་གང་ཟག་ལ་བདག་མེད་པར་རྟོགས་པ་ཡང་ཐོས་པ་དང་བསམ་པ་དང་སྒོམ་པའི་རིམ་གྱིས་སྐྱེའོ་ཞེས་པ་ནས། གཞན་དག་གིས་མི་མཐུན་པའི་རྒྱུ་དང་ཚད་མ་དང་འགལ་བའི་དངོས་པོ་ལ་བརྟེན་པར་འདོད་དེ། དེ་ལྟ་བས་ན་དེ་བསལ་བའི་སྒོ་ནས་བཅོམ་ལྡན་འདས་ཀྱིས་ཇི་ལྟ་བ་བཞིན་དུ་གསུངས་པ་ཡིན་ནོ། །ཞེས་བསྟན་པའི་དོན་དང་ཞེས་གསུངས་པའི་ཕྱིར།

           མཐའ་དཔྱད་པ་ལ་དགག་གཞག་གཉིས་ལས། དང་པོ་ནི། མཚན་ཉིད་དང༌། རྟགས་ཆོས་དོན་གསུམ་དང༌། འགྲུབ་བྱེད་ཚད་མ་རྣམས་ལ་དཔྱད་ན། ཁ་ཅིག་ན་རེ། དེ་སྒྲུབ་ཀྱི་སྒྲུབ་རྟགས་གང་ཞིག །དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཀྱི་གཟུང་བྱའི་འབྲས་བུ་ཡིན་པ་དེ་སྒྲུབ་ཀྱི་འབྲས་རྟགས་ཡང་དག་གི་མཚན་ཉིད་ཟེར། ལ་ལ་ན་རེ། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་དང་དེ་བྱུང་དུ་འབྲེལ་ཞེས་ཟུར་བྱེད་པ་དག་ལ། དུ་བ་ཆོས་ཅན། དུ་ལྡན་གྱི་ལ་ལ་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱི་འབྲས་བུ་མ་ཡིན་པའི་ཕྱིར། དེར་ཐལ། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་དང་རྫས་ཐ་དད་མ་ཡིན་པའི་ཕྱིར། དེར་ཐལ། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་རྫས་སུ་མ་གྲུབ་པའི་ཕྱིར། མ་གྲུབ་ན། མི་རྟག་པ་སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་ཡིན་པ་དང༌། སྒྲ་ཆོས་ཅན་ཡིན་པ་གཉིས་རྫས་སུ་གྲུབ་པར་ཐལ་ལོ། །མ་གྲུབ་པ་དེའི་ཕྱིར། འདོད་ན། སྒྲ་དང་མི་རྟག་པ་གཉིས་དེ་མངོན་སུམ་དུ་རྟོགས་པའི་བློ་མ་འཁྲུལ་བ་ལ་ཆོས་དང་ཆོས་ཅན་དུ་སྣང་བར་ཐལ། དེ་གཉིས་ཆོས་དང་ཆོས་ཅན་ཡིན་པ་དོན་དམ་པར་གྲུབ་པའི་ཕྱིར། རྟགས་སོང༌། འདོད་ན། སྒྲ་དང་མི་རྟག་པ་གཉིས་བློ་མ་འཁྲུལ་པ་ལ་ཐ་དད་དུ་སྣང་བར་ཐལ་ལོ། །འདོད་པའི་ཕྱིར། འདོད་ན། དེ་གཉིས་རྫས་ཐ་དད་དུ་ཐལ་ལོ། །ཡང་ཁ་ཅིག །དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་ལ་མེ་ཁོ་ན་འཇོག་ཅིང་མེ་ཡོད་པ་མི་འཇོག་ཟེར། ལ་ལས་དུ་བ་ཡོད་པའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་རྟགས་ཆོས་ལ་དུ་ཡོད་དང་མེ་ཡོད་ཁོ་ན་འཇོག་ལ་མེ་དུ་གཉིས་མི་འཇོག་ཟེར། དེ་དག་ལ་འོ་ན། དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་ཆོས་ལ་མེ་དང་རྟགས་ལ་དུ་བ་བཀོད་ཀྱང་འགོད་ཚུལ་ཡོད་འགོད་ཡིན་ཞེས་བཤད་མི་རིགས་པར་ཐལ། སྔ་ཕྱི་གཉིས་ཀའི་འདོད་ཚུལ་དེའི་ཕྱིར། འདོད་ན། དེ་གཉིས་མེ་ཆོས་དང་དུ་བ་རྟགས་ལ་འགོད་ཀྱང་ཡོད་འགོད་བྱས་པའི་འབྲས་རྟགས་ཡང་དག་གི་སྦྱོར་ངག་གཉིས་མེད་པར་ཐལ་ལོ། །འདོད་པའི་ཕྱིར། འཁོར་གསུམ་ཁས། འདོད་ན། གང་ན་དུ་བ་ཡོད་ན་མེ་ཡོད་པས་ཁྱབ། དཔེར་ན། ཚང་མང་བཞིན། དུ་ལྡན་གྱི་ལ་ལ་ཡང་དུ་བ་ཡོད་ཅེས་པའི་སྒྲུབ་ངག་འདི་དེ་འདྲའི་སྒྲུབ་ངག་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། རིགས་ཐིགས་ལས། འབྲས་བུའི་གཏན་ཚིགས་ཀྱི་སྦྱོར་བ་ནི། གང་ན་དུ་བ་ཡོད་པ་དེ་ན་མེ་ཡོད་དེ། དཔེར་ན། ཚང་མང་བཞིན་ཏེ། འདི་ནའང་དུ་བ་ཡོད་དོ་ཞེས་བྱ་བ་ལྟ་བུའོ། །ཞེས་གསུངས་པ་མི་འཐད་པར་ཐལ་ལོ། །གཞན་ཡང༌། བཤད་མ་ཐག་པའི་སྒྲུབ་ངག་དེ་དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་སྒྲུབ་ངག་དང་དུ་བ་ཡོད་པའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་སྒྲུབ་ངག་གཉིས་ཀ་མ་ཡིན་པར་ཐལ་ལོ། །འདོད་པའི་ཕྱིར། འདོད་ན། སོ་སོར་ཞོག་ཅིག་བྱ། །ཡང་ཁ་ཅིག །དུ་བ་ཡོད་པ་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་ཏུ་མི་རུང་སྟེ། འོ་ན། མེ་ཡོད་པ་ལ་དུ་བ་ཡོད་པར་ཐལ། དུ་བ་ཡོད་པ་མེ་ཡོད་པ་དང་བདག་ཉིད་གཅིག་ཡིན་པའི་ཕྱིར་ཏེ། དེ་དེ་དང་བདག་གཅིག་འབྲེལ་ཡིན་པའི་ཕྱིར། རྟགས་སོང༌། འདོད་ན། མེ་ཡོད་དུས་དང་དུ་བ་ཡོད་དུས་སྔ་ཕྱིར་གྲུབ་པ་མ་ཡིན་པར་ཐལ་ལོ། །འདོད་པའི་ཕྱིར་ན་མ་ཁྱབ། གཞན་ཡང༌། བདག་སྐྱེ་ཡོད་པར་ཐལ། དུ་བའི་རྒྱུ་མེ་ཡོད་དུས་ན་དུ་བའང་ཡོད་པའི་ཕྱིར། རྟགས་གྲུབ་སྟེ། དེ་གཉིས་བདག་ཉིད་གཅིག་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། དངོས་པོ་དང་དེ་རིང་སྐྱེས་པ་གཉིས་ཀྱིས་མ་ངེས་པའི་ཕྱིར། དེས་ན་ཁོ་བོས་མེ་ཡོད་པ་དང་དུ་བ་ཡོད་པ་གཉིས་ལ་བདག་གཅིག་འབྲེལ་དང་དུ་བ་དང་མེ་དེ་བྱུང་འབྲེལ་གཉིས་མི་འགལ་བར་འདོད་ལ། ཁྱོད་ཀྱིས་བདག་གཅིག་འབྲེལ་དང་དེ་བྱུང་འབྲེལ་དེ་གཉིས་གང་ཡང་འཇོག་མ་ཤེས་སོ།  །ཡང་ཁ་ཅིག་ན་རེ། དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་གང་ཞིག །ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་དང་ཁྱོད་ཀྱི་རྒྱུ་ཡང་ཡིན་པའི་གཞི་མཐུན་ཡོད་པ་དེ། ཁྱོད་དེ་སྒྲུབ་ཀྱི་འབྲས་རྟགས་ཡང་དག་གི་མཚན་ཉིད་ཟེར་ལ། དགག་རྟགས་ཡང་དག་གི་མཚན་ཉིད་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་དང་དགག་པའི་གཞི་མཐུན་ཡོད་པའི་རྟགས་ཡང་དག་ཟེར་ཅིང༌། རང་འགྲེལ་གཉིས་ལ་འཁྲུལ་ནས་རྟོག་གེའི་དབང་པོ་ཁ་ཅིག །ཞི་འཚོས་སེལ་བ་གཉིས་བཤད་པ་འགོག་ཅིང་མ་ཡིན་དགག་དགག་པ་མིན་གསུངས་ཤིང༌། གཞན་དག་གིས་མ་ཡིན་དགག་དགག་པ་ཡིན་པར་ཐུགས་གཏད་ནས་དགག་པ་གཉིས་གང་རུང་ཞིག་སྒྲུབ་ཆོས་བྱས་པའི་རྟགས་ཡང་དག་ལ་དགག་རྟགས་ཀྱིས་ཁྱབ་པར་འདོད་པ་སྔོན་དང་བར་དང་ཕྱིས་སུ་སྣ་ཚོགས་17བྱུང་ངོ༌། །

 (17) པར་ཐེངས་གཉིས་པ། འབྱུང་ངོ་། །

           འདི་དག་ལ་འཕགས་ཡུལ་པཎ་གྲུབ་ཆེན་པོ་དག་དང་རྗེ་ཡབ་སྲས་གསུང་ལ་བརྟེན་ནས་ལུང་རིགས་ཀྱིས་མཚོན་པ་རེ་དཔྱད་ན། འོ་ན་བྱས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་དགག་རྟགས་ཡང་དག་ཡིན་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་རྟགས་ཡང་དག་གང་ཞིག །དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བའི་མི་རྟག་པ་དགག་པ་ཡིན་པའི་ཕྱིར། འཁོར་གསུམ་ཁས། རྟགས་གཉིས་པ་མ་གྲུབ་ན། མི་རྟག་པ་ཆོས་ཅན། དགག་པར་ཐལ། དངོས་མིང་ལ་དགག་ཚིག་སྦྱར་བའི་ཆོས་ཡིན་པའི་ཕྱིར་ཏེ། དེའི་མི་ཞེས་པ་དགག་ཚིག་ཡིན་པའི་ཕྱིར། རྒྱས་པར་འོག་ཏུ་འགོག་གོ །རྩ་བར་འདོད་མི་ནུས་ཏེ། རྟགས་གསུམ་དུ་ཕྱེ་བའི་རང་བཞིན་གྱི་རྟགས་ཡང་དག་ཡིན་པའི་ཕྱིར། ཁྱབ་སྟེ། རང་འགྲེལ་ལས། དེ་ལ་གཉིས་ནི་དངོས་པོ་སྒྲུབ་པ་ཡིན་ལ། གཅིག་ནི་དགག་པའི་གཏན་ཚིགས་ཏེ། ཞེས་གསུངས་པའི་ཕྱིར། གཞན་ཡང༌། འཇིག་པའི་ངང་ཅན་དེ། གཟུགས་སོགས་ལྔ་རང་དུས་འདས་མ་ཐག་ཏུ་མི་གནས་པར་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་མ་ཡིན་པར་ཐལ། རང་དུས་འདས་མ་ཐག་ཏུ་མི་གནས་པ་དགག་པ་ཡིན་པའི་ཕྱིར། འཁོར་གསུམ་ཁས། འདོད་ན། ཛེ་ཏཱ་རིས། སྦྱོར་བ་ནི་གང་ཞིག་གང་གི་ཚེ་འཇིག་པའི་ངང་ཅན་ཡིན་པ་དེ་ནི་དེའི་ཚེ་དེ་མ་ཐག་ཏུ་མི་གནས་པ་ཡིན་ཏེ། དཔེར་ན། མཐའི་སྐད་ཅིག་ལ་གནས་པའི་དངོས་པོ་བཞིན་ནོ། །གཟུགས་ལ་སོགས་པ་ཡང་སྐྱེ་བའི་དུས་ན་འཇིག་པའི་ངང་ཅན་ཡིན་ནོ། །ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །ཞེས་གསུངས་པ་མི་འཐད་པར་ཐལ། འདོད་པའི་ཕྱིར། གཞན་ཡང༌། དུ་བ་དེ་དུ་ལྡན་ལ་ལ་རྟག་དངོས་ཀྱིས་སྟོང་པའི་མེ་ཡོད་པར་སྒྲུབ་པའི་ཚུལ་གསུམ་མ་ཡིན་པར་ཐལ། དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་པའི་ཕྱིར། འཁོར་གསུམ་ཁས། དེར་ཐལ། དེ་སྒྲུབ་ཀྱི་འབྲས་རྟགས་ཡང་དག་མ་ཡིན་པ་གང་ཞིག །རང་བཞིན་དང་མ་དམིགས་པའི་རྟགས་ཡང་དག་ཀྱང་མ་ཡིན་པའི་ཕྱིར། དང་པོ་དངོས་ལ། མ་གྲུབ་ན། དེར་ཐལ། དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་མ་ཡིན་པའི་ཕྱིར། ཁྱབ་སྟེ་རྣམ་ངེས་རང་འགྲེལ་ལས། དེ་ལ་གཉིས་ནི་དངོས་པོ་སྒྲུབ་པ་ཡིན་ལ་ཞེས་གསུངས་པའི་ཕྱིར་དང༌། ཁྱོད་ཀྱིས་དེ་སྒྲུབ་ཀྱི་སྒྲུབ་ཆོས་ལ་མ་ཡིན་དགག་ཅིག་བྱུང་ན་ཡང་དགག་རྟགས་སུ་ཁས་བླངས་པའི་ཕྱིར་རོ། །འཁོར་གསུམ། རྩ་རྟགས་གཉིས་པ་གྲུབ་སྟེ། དུ་བ་རྟག་དངོས་ཀྱིས་སྟོང་པའི་མེ་དང་རང་བཞིན་གཅིག་མ་ཡིན་པའི་ཕྱིར། འཁོར་གསུམ། དུ་བ་རྟག་དངོས་ཀྱིས་སྟོང་པའི་མེའི་འབྲས་བུ་ཡིན་པའི་ཕྱིར་ཏེ། དེ་མེའི་འབྲས་བུ་ཡིན་བའི་ཕྱིར། འཁོར་གསུམ་ཁས། གཞན་ཡང༌། ཤཱཀྱའི་འགྲེལ་བཤད་ལས། སྦྱོར་བ་ཡང་གང་དང་གང་ཉེ་བ་ལས་ཁྱད་པར་དུ་གྱུར་པ་མེད་པའི་ཆོས་ཅན་དེ་དག་ནི་ཤིན་ཏུ་འཕེལ་བར་གྱུར་པ་ནི་དེ་དག་ཟིལ་གྱིས་གནོན་པའི་རྗེས་སུ་འགྲོ་བ་མེད་པ་ཅན་གྱི་འཇིག་པའི་ཆོས་ཅན་ཡིན་ཏེ། དཔེར་ན། མེ་ལ་སོགས་པ་ནི་ཆུ་ལ་སོགས་པ་ཟིལ་གྱིས་གནོན་པ་འཕེལ་བ་ལྟ་བུའོ། །ཉེས་པ་དག་ཀྱང་བདག་མེད་པ་མཐོང་བ་ཉེ་བ་ལས་ཀྱང་ཉེ་བ་ཁྱད་པར་དུ་གྱུར་པ་མེད་པའི་ཆོས་ཅན་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ་ཞེས་གསུངས་པ་མི་འཐད་པར་ཐལ། དགག་པ་སྒྲུབ་ཆོས་བྱས་པའི་རང་བཞིན་གྱི་རྟགས་ཡང་དག་མེད་པའི་ཕྱིར། དེར་ཐལ། དེ་འདྲའི་སྒྲུབ་རྟགས་ཡང་དག་མེད་པའི་ཕྱིར། དེར་ཐལ། དགག་པ་དངོས་ཀྱི་སྒྲུབ་ཆོས་བྱས་པའི་རྟགས་ཡང་དག་ཡིན་ན་དགག་རྟགས་ཡང་དག་ཡིན་དགོས་པའི་ཕྱིར། རྟགས་ཁས། འཁོར་གསུམ། དེ་ལྟ་བུ་མང་ངོ༌། །གཞན་ཡང༌། རྒྱུ་རྐྱེན་ལས་སྐྱེས་པ་དེ་བུམ་པ་རང་དུས་སྐད་ཅིག་གཉིས་པར་མི་སྡོད་པར་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་མ་ཡིན་པར་ཐལ་ལོ། །སོགས་བྱ། གཞན་ཡང༌། དེ་སྒྲུབ་ཀྱི་དགག་རྟགས་ཡང་དག་ལ་རྟགས་ཆོས་འབྲེལ་བ་བདག་གཅིག་འབྲེལ་དང༌། དེ་བྱུང་འབྲེལ་ཅན་གཉིས་ཡོད་པར་ཐལ། དུ་བ་དུ་ལྡན་གྱི་ལ་ལ་རྟག་དངོས་ཀྱིས་སྟོང་པའི་མེ་ཡོད་པར་སྒྲུབ་པའི་དགག་རྟགས་ཡང་དག་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། རྟགས་ཡང་དག་ལ་ངོ་བོའི་སྒོ་ནས་གསུམ་དུ་གྲངས་མ་ངེས་པར་ཐལ། སྒྲུབ་རྟགས་ཡང་དག་ལ་ངོ་བོ་འབྲེལ་ཚུལ་གྱི་སྒོ་ནས་གཉིས་ཡོད་པ་བཞིན་དུ་དགག་རྟགས་ཡང་དག་ལ་ཡང་ངོ་བོ་འབྲེལ་ཚུལ་གཉིས་ཡོད་པའི་ཕྱིར། རྟགས་ཁས་སོ། །མ་ཁྱབ་ན། ཁྱབ་པ་གྲུབ་ཅིང་འདོད་མི་ནུས་པ་གཉིས་ཀ་ཡིན་པར་ཐལ། འདིར་དེ་སྒྲུབ་ཀྱི་དགག་རྟགས་ཡང་དག་ལ་དེ་སྒྲུབ་ཀྱི་རྟགས་ཆོས་སུ་བཀོད་པའི་འབྲེལ་བ་ལ་བདག་གཅིག་འབྲེལ་ཁོ་ནས་ཁྱབ་པས་ན་གསུམ་དུ་གྲངས་ངེས་པ་ཡིན་པའི་ཕྱིར། རྣམ་ངེས་རྩ་བའི་འགྲེལ་པ་ལས། དེ་ལ་གཉིས་ནི་དངོས་པོ་སྒྲུབ་པ་ཡིན་ལ། གཅིག་ནི་དགག་པའི་གཏན་ཚིགས་སོ་ཞེས་དང༌། དེའི་འགྲེལ་བཤད་འཐད་ལྡན་ལས། ཅིའི་ཕྱིར། ཚུལ་གསུམ་པར་ཁྱད་པར་མེད་པ་གསུམ་ཉིད་ཡིན་ཞེ་ན། བཤད་པ་གཏན་ཚིགས་གསུམ་པོ་དེ་ལས་གཉིས་ནི། ཞེས་པ་ནས། བསྒྲུབ་པར་བྱ་བ་ལ་ལྟོས་ནས་གཏན་ཚིགས་རྣམ་པར་འཇོག་པ་ན་དེ་ཐ་དད་པས་ཐ་དད་པ་ཡིན་ནོ། །ཞེས་པ་ནས། སྒྲུབ་པའི་དོན་ཡང་གཏན་ཚིགས་ལས་ཐ་དད་པ་དང་ཐ་མི་དད་པ་ཡིན་པས་དེ་དག་འགལ་བ་ཡིན་ལ། དེ་ལས་ཀྱང་དེ་ཐ་དད་པས་གཏན་ཚིགས་གཉིས་སོ་ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འདིས་སྒྲུབ་པའི་དོན་ཡང་སོགས་ཀྱིས་ཆོས་སུ་བཟུང་བ་དང་རྟགས་སུ་འགོད་རྒྱུ་གཉིས་ངོ་བོའམ་བདག་ཉིད་ཐ་དད་པ་དང་ཐ་མི་དད་པ་གཉིས་ཡོད་ལ། བདག་ཉིད་ཐ་དད་ཐ་མི་དད་དེ་གཉིས་འགལ་བས་ན་སྒྲུབ་རྟགས་ཡང་དག་ལ་ངོ་བོའི་སྒོ་ནས་གཉིས་སུ་ཕྱེ་བས་གསུམ་ཡིན་ཞེས་བཤད་པའི་ཕྱིར། འདིར་དེ་སྒྲུབ་ཀྱི་དགག་རྟགས་ཡང་དག་ལ་དབྱེ་བ་མི་བྱེད་ལ་སྒྲུབ་རྟགས་ཡང་དག་ལ་གཉིས་འབྱེད་པའི་རྒྱུ་མཚན་ལ་ཁ་ཅིག་ན་རེ། མེད་དགག་ལ་དབྱེ་བ་མེད་པས་མི་དབྱེ་ལ་སྒྲུབ་པ་ལ་དབྱེར་ཡོད་པས་ཡིན་ཟེར་བ་ལ། མེད་དགག་ཡིན་ཀྱང་ངོ་བོ་སོགས་ལ་ཕྲ་རགས་དུ་མ་འབྱེད་ཐུབ་པ་མ་ཡིན་པར་ཐལ། མེད་དགག་ལ་དབྱེ་བ་མེད་པའི་ཕྱིར། འདོད་ན། བུམ་མེད་དང་འདུ་མ་བྱས་ཀྱི་ནམ་མཁའ་དང་རྟག་པའི་བདག་མེད་དང་ཆོས་ཀྱི་བདག་མེད་བཞི་ཆོས་ཅན། ངོ་བོ་ལ་ཕྲ་རགས་འབྱེད་མི་ཐུབ་པར་ཐལ། མེད་དགག་ཡིན་པའི་ཕྱིར། ཁྱབ་པ་ཁས། འཁོར་གསུམ། འདོད་ན། སྔ་མ་དབང་མངོན་གྱི་བྱེད་པས་འགྲུབ་པ་བཞིན་དུ་བདག་མེད་གཉིས་ཀྱང་ཐུབ་པར་ཐལ་ལོ། །འདོད་པའི་ཕྱིར། དེ་བཞིན་དུ་ཕྱུགས་རྫི་སོགས་ཀྱིས་ཀྱང་བདག་མེད་གཉིས་ངེས་པར་ཐལ། སྔ་མ་ངེས་པའི་ཕྱིར། དེས་ན་དེའི་རྒྱུ་མཚན་ཡང་དག་ཡོད་པར་ཐལ། དགག་རྟགས་ཡང་དག་གི་བསྒྲུབ་བྱ་དང་ཆོས་གཉིས་ཀར་མེད་དགག་ཅིག་དགོས་པས། མེད་དགག་གང་ལ་ཡང་དེ་བྱུང་འབྲེལ་མེད་པས་སྒྲུབ་རྟགས་ཡང་དག་ལྟར་གཉིས་མི་རུང་བའི་ཕྱིར་ན་ངོ་བོའི་སྒོ་ནས་གསུམ་དུ་ཕྱེ་ཞེས་བཤད་པའི་ཕྱིར་རོ། །

                གཞན་ཡང༌། དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་གི་ཆོས་སུ་འགོད་རྒྱུ་ལ་སྒྲུབ་པ་ཁོ་ནས་ཁྱབ་པ་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ལ་མ་ཡིན་དགག་རེ་བྱས་ཀྱང་སྒྲུབ་པ་རེ་སྒྲུབ་པའམ། གོ་བར་བྱེད་པས་ན་སྒྲུབ་རྟགས་ཡང་དག་ཅེས་བཤད་པའི་ཕྱིར། དེར་ཐལ། དེ་སྒྲུབ་ཀྱི་འབྲས་རྟགས་དང་དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་གཉིས་སྒྲུབ་རྟགས་སུ་འཇོག་པའི་རྒྱུ་མཚན་དེ་ཡིན་པའི་ཕྱིར། རྣམ་ངེས་རང་འགྲེལ་ལས། དེ་ལ་གཉིས་ནི་དངོས་པོ་སྒྲུབ་པ་ཡིན་ལ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དངོས་པོ་ནི་སྒྲུབ་པ་དང་སྒྲུབ་པ་ཡིན་ཞེས་པ་རྟོགས་པའམ་གོ་བྱེད་ཅེས་པའི་དོན་ཡིན་པའི་ཕྱིར། དེར་ཐལ། འཐད་ལྡན་ལས། གཏན་ཚིགས་གསུམ་པོ་དེ་ལས་གཉིས་ནི་དངོས་པོ་སྟེ་སྒྲུབ་པ་སྒྲུབ་པ་སྟེ་གོ་བར་བྱེད་པ་ཡིན་ལ། ཞེས་གསུངས་པའི་ཕྱིར། མ་ཁྱབ་ཟེར་ན། འོ་ན། དེ་སྒྲུབ་ཀྱི་ཆོས་ལ་སྒྲུབ་པ་སྒྲུབ་པར་བྱེད་པ་བཀོད་པའི་གཏན་ཚིགས་ཡིན་ན་དེ་སྒྲུབ་ཀྱི་ཆོས་ལ་སྒྲུབ་པ་ཞིག་བཀོད་པས་ཁྱབ་པར་ཐལ་ལོ། །རང་འགྲེལ་དང་འཐད་ལྡན་གྱི་ལུང་དྲངས་མཚམས་གཉིས་ལ་མ་ཁྱབ་པ་དེའི་ཕྱིར། འདོད་ན། འཇིག་པའི་ངང་ཅན་རྟགས་ཀྱིས་གཟུགས་རང་དུས་སྐད་ཅིག་གཉིས་པར་མི་སྡོད་པའི་དངོས་པོར་སྒྲུབ་པའི་བསྒྲུབ་བྱའི་ཆོས་ལ་སྒྲུབ་པ་ཞིག་བཀོད་པར་ཐལ། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ལ་སྒྲུབ་པ་སྒྲུབ་པའི་ཆོས་ཤིག་བཀོད་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། རང་དུས་སྐད་ཅིག་གཉིས་པར་མི་སྡོད་པའི་དངོས་པོ་ཞེས་པའི་སྒྲ་དེ་དགག་བྱ་འགོག་པ་དང་སྒྲུབ་པ་སྒྲུབ་པ་གཉིས་ཀ་དངོས་སུ་བརྗོད་པའི་སྒྲ་ཡིན་པའི་ཕྱིར་ཏེ། རང་དུས་སྐད་ཅིག་གཉིས་པར་སྡོད་པ་དངོས་སུ་བཀག་པ་གང་ཞིག །དངོས་པོ་ཡང་དངོས་སུ་བརྗོད་པའི་ཕྱིར། རྟགས་གཉིས་སླ།

                  གཞན་ཡང༌། དེ་སྒྲུབ་ཀྱི་དགག་རྟགས་ཡང་དག་གི་ཆོས་སུ་གཟུང་བྱ་ལ་སྒྲུབ་པ་དངོས་ཤུགས་གང་ལ་ཡང་མི་སྒྲུབ་པར་དགག་བྱ་དེ་བཅད་ཙམ་གྱི་མེད་དགག་ཅིག་དགོས་པ་མ་ཡིན་པར་ཐལ་ལོ། །དེ་སྒྲུབ་ཀྱི་ཆོས་ལ་མ་ཡིན་དགག་བཟུང་བའི་དགག་རྟགས་ཡང་དག་ཡོད་པའི་ཕྱིར། འཁོར་གསུམ། འདོད་ན། དེ་སྒྲུབ་ཀྱི་ཆོས་ལ་དེ་ལྟར་ཡིན་དགོས་པར་ཐལ་ལོ། །དེ་སྒྲུབ་ཀྱི་ཆོས་ལ་དེ་ལྟར་དགོས་པ་དེ་སྒྲུབ་ཀྱི་དགག་རྟགས་ཡང་དག་གི་དོན་དང༌། སྔ་མ་འབྲས་རང་གི་རྟགས་གཉིས་ཀྱིས་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ལ་སྒྲུབ་པ་དང་མ་ཡིན་དགག་བཀོད་ཀྱང་སྒྲུབ་པ་སྒྲུབ་པ་གཙོ་ཆེ་བས་ན་སྒྲུབ་རྟགས་སུ་བཤད་པ་ཡིན་པའི་ཕྱིར། དེར་ཐལ། དགག་རྟགས་ཀྱི་དོན་དེ་ལྟར་གང་ཞིག །སྒྲུབ་རྟགས་ཀྱི་དོན་དེ་ལྟར་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། འདི་ཉིད་ཀྱི་བཞི་པ་ལས། འདིས་ནི་དངོས་ལའང་དངོས་པོའི་ཆ། །ཁས་བླངས་མེད་པར་དགག་པ་ཉིད། །ཅེས་གསུངས་པའི་ཕྱིར། ཁྱབ་སྟེ། འདིས་ནི་ཞེས་རྒྱུ་ཁྱབ་བྱེད་ཀྱིས་མཚོན་ནས་མ་དམིགས་པའི་རྟགས་ཡང་དག་བཤད། དངོས་ལ་ཞེས་པས་རྩོད་གཞི་དངོས་པོ་དང་འང་སྒྲས་དངོས་མེད་ལ་ཡང་དངོས་པོའི་ཆ་སྟེ་སྒྲུབ་པའི་ཆོས་གང་མི་སྒྲུབ་ཅེས་བཤད་པའི་ཕྱིར། རྣམ་བཤད་ལས། གཏན་ཚིགས་ཐམས་ཅད་དགག་བྱ་བཅད་ཙམ་སྒྲུབ་པར་བྱེད་པས་མ་དམིགས་པར་འགྱུར་བ་མ་ཡིན་ནམ་ཞེ་ན། ཞེས་པ་ནས། རྒྱུ་ཁྱབ་བྱེད་མ་དམིགས་པ་འདིས་ནི་དགག་གཞིའི་དངོས་པོ་ལའང་འབྲས་བུ་དང་ཁྱབ་བྱའི་དངོས་པོའི་ཆ་ཁས་བླངས་པ་མེད་ཅིང༌། དེ་གཉིས་རྣམ་པར་བཅད་ཙམ་གྱི་མེད་པར་དགག་པ་ཉིད་སྒྲུབ་པར་བྱེད་ལ་ཞེས་གསུངས་པའི་ཕྱིར། སྡེ་བདུན་གྱི་རྒྱན་ལས་ཀྱང༌། མ་དམིགས་པའི་རྟགས་ཀྱིས་ནི་རང་གི་བསྒྲུབ་བྱའི་ཆོས་ཡིན་ན་མེད་དགག་དངོས་སུ་སྒྲུབ་པར་བྱེད་པས་ཁྱབ་པའི་ཕྱིར། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། འདི་ཉིད་ཀྱི་བཞི་པ་ལས། སྒྲུབ་བྱེད་སྔ་མ་དག་གིས་ནི། །མ་ཡིན་སྒྲུབ་པར་བྱེད་ཕྱིར་རོ། །ཞེས་དང༌། རྣམ་བཤད་ལས། སྔ་མ་འབྲས་རང་གི་རྟགས་ཡང་དག་གིས་དངོས་སུ་སྒྲུབ་པ་དང་ཞེས་དང༌། རྒྱན་ལས། མ་ཡིན་པའི་སྒོ་ནས་དགག་པ་སྒྲུབ་ཅེས་གསུངས་པའི་ཕྱིར། གཞན་ཡང༌། དགག་རྟགས་ཡང་དག་དང་སྒྲུབ་རྟགས་ཡང་དག་གཉིས་ཀྱི་ཁྱད་པར་དེ་ལྟར་འཐད་པར་ཐལ། སྔར་བཤད་པའི་ལུང་རིགས་དང་ས་བཅད་ཆེན་མོ་ནས་ཀྱང་གསལ་བར་བཤད་པའི་ཕྱིར་ཏེ། ས་བཅད་ཆེན་མོ་ལས། རྒྱུ་ཁྱབ་བྱེད་མ་དམིགས་པའི་གཏན་ཚིགས་གཉིས་ཀྱིས་མེད་དགག་གི་དོན་དང་ཐ་སྙད་སྒྲུབ་པར་བྱེད་ཅིང༌། སྔ་མ་འབྲས་རང་གི་གཏན་ཚིགས་གཉིས་ཀྱིས་མ་ཡིན་དགག་སྒྲུབ་པའོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་གཉིས་ཀྱིས་དངོས་སུ་སྒྲུབ་པ་ཞིག་བཟུང་ན་ཡང་ཤུགས་ལ་དགག་པ་ཞིག་བཟུང་བས་ཁྱབ་པའི་ཕྱིར་ཏེ། སྡེ་བདུན་རྒྱན་དང་རྣམ་བཤད་གཉིས་ལས་བཤད་པའི་ཕྱིར། གཞན་ཡང༌། རྟགས་གཉིས་ཀྱི་ཁྱད་པར་དེ་ལྟར་འཐད་པར་ཐལ། རྒྱུ་ཁྱབ་བྱེད་མ་དམིགས་པས་མཚོན་ནས་དེ་སྒྲུབ་ཀྱི་འགལ་ཟླ་དམིགས་པའི་རྟགས་ཡང་དག་ཐམས་ཅད་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ལ་ཡང་མེད་དགག་ཁོ་ནས་ཁྱབ་པའི་ཕྱིར། རིགས་ཐིགས་ལས། དེ་ནི་སྦྱོར་བའི་བྱེ་བྲག་གིས་རྣམ་པ་བཅུ་གཅིག་སྟེ་རང་བཞིན་མི་དམིགས་པ་ནི་དཔེར་ན། འདི་ན་དུ་བ་མེད་དེ། དམིགས་པའི་རིག་བྱར་གྱུར་པ་ལས་མ་དམིགས་པའི་ཕྱིར་རོ། །ཞེས་པ་ནས། རང་བཞིན་འགལ་བ་དམིགས་པ་ནི་དཔེར་ན། འདི་ན་མེ་ཡོད་པའི་ཕྱིར། གྲང་བའི་རེག་པ་མེད་དོ། །ཞེས་བྱ་བ་ལྟ་བུའོ། །ཞེས་སོགས་ཐམས་ཅད་ཀྱི་ཆོས་མེད་དགག་ཁོ་ནར་སྣང་བའི་ཕྱིར་དང༌། རྣམ་ངེས་ལས་ཀྱང་དེ་ལྟར་བཤད་པའི་ཕྱིར་རོ། །གཞན་ཡང༌། འདིར་དེ་སྒྲུབ་ཀྱི་ཆོས་དགག་པ་གཙོ་ཆེ་བ་སྒྲུབ་པའི་རྟགས་ལ་དགག་རྟགས་དང༌། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་སྒྲུབ་པ་ཤས་ཆེ་བའི་རྟགས་ལ་སྒྲུབ་རྟགས་ཞེས་བཤད་པ་ཡིན་པར་ཐལ། རང་འགྲེལ་གཉིས་ལས། དེ་ལ་གཉིས་ནི་དངོས་པོ་སྒྲུབ་པ་ཡིན་ལ་གཅིག་ནི་དགག་པའི་གཏན་ཚིགས་སོ་ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེའི་སྔ་མ་སྒྲུབ་རྟགས་ཀྱི་དཔེར་བརྗོད་ལ་མ་ཡིན་དགག་ཀྱང་བྱུང་ལ། ཕྱི་མའི་དཔེར་བརྗོད་ལ་མེད་དགག་བསྒྲུབ་བྱའི་ཆོས་བྱས་པ་བཅུ་གཉིས་སོགས་བཤད་པའི་ཕྱིར་རོ། །འདོད་ན། དེ་སྒྲུབ་ཀྱི་དངོས་ཀྱི་ཆོས་ལ་མ་ཡིན་དགག་བཟུང་བའི་རྟགས་ལ་སྒྲུབ་རྟགས་ཀྱིས་ཁྱབ་པར་ཐལ། མ་ཡིན་དགག་ལ་སྒྲུབ་པ་གཙོ་ཆེ་བའི་དགག་པ་ཞིག་དགོས་པའི་ཕྱིར་ཏེ། ཤེས་རབ་སྒྲོན་མེ་ལས། མ་ཡིན་པར་དགག་པ་ཡོངས་སུ་བཟུང་ན་ནི། དེ་སྒྲུབ་པ་གཙོ་ཆེ་བའི་ཕྱིར་ཞེས་དང༌། དེའི་འགྲེལ་བཤད་ལས་ཀྱང༌། དེ་སྒྲུབ་པ་གཙོ་ཆེ་བའི་ཕྱིར་ཞེས་བྱ་བ་ནི་མ་ཡིན་པར་དགག་པ་དེ་ནི་སྒྲུབ་པ་གཙོ་ཆེ་བའི་ཕྱིར་ཏེ་ཞེས་སོགས་གསུངས་པའི་ཕྱིར། དེ་ལྟ་བུ་མང་ངོ༌། །

           གཞན་ཡང་དེ་སྒྲུབ་ཀྱི་དགག་རྟགས་ཡང་དག་གི་དངོས་ཀྱི་སྒྲུབ་ཆོས་ལ་མེད་དགག་ཅིག་དགོས་པར་ཐལ། རྩོད་གཞི་དངོས་པོ་དང་དངོས་མེད་གང་ཡིན་ཀྱང་དེ་སྒྲུབ་ཀྱི་མ་དམིགས་པའི་རྟགས་ཡང་དག་གི་དངོས་ཀྱི་བསྒྲུབ་བྱའི་ཆོས་ལ་མེད་དགག་བཟུང་བས་ཁྱབ་པའི་ཕྱིར། ལེའུ་བཞི་པ་ལས། འདིས་ནི་དངོས་ལའང་དངོས་པོའི་ཆ། །ཁས་བླངས་མེད་པར་དགག་པ་ཉིད། །ཅེས་པའི་འགྲེལ་པར་ལྷ་དབང་བློས། མི་དམིགས་པ་འདིས་དངོས་ཏེ་དངོས་པོར་གྱུར་པའི་ཆོས་ཅན་ལ་ཡང་དགག་པ་སྒྲུབ་པར་འགྱུར་རོ། །ཡང་གི་སྒྲ་ནི་དངོས་པོ་མ་ཡིན་པ་ལ་ཡང་ངོ༌། །ཅི་འདྲ་བ་ཞིག་ཅེ་ན། ཆ་ནི་ཁས་བླངས་པ་མེད་པ་ཅན་ཏེ་དངོས་པོ་རང་བཞིན་འཕེན་པ་མ་ཡིན་པའོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། མི་དམིགས་པ་འདིས་མ་དམིགས་པ་ཀུན་གྱི་ཐུན་མོང་དུ་བཤད་ཅིང༌། ཅི་འདྲ་ཞིག་ཅེ་ན་ཞེས་པའི་དགག་ཚུལ་དང་དགག་རྒྱུ་ཅི་འདྲ་ཞེས་དྲིས་པའི་ལན་དུ། ཆ་ནི་སོགས་ཀྱིས་སྒྲུབ་པའི་ཆ་གང་ཡང་དངོས་ཤུགས་དང་སྐབས་ཐོབ་གང་གིས་ཀྱང་མ་འཕངས་པ་དང༌། ཁས་ལེན་པ་དང་དམ་བཅའི་ཡུལ་དུ་མེད་པར་དགག་པ་ཙམ་ཞིག་དགོས་པར་བཤད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། འོ་ན། ལུང་དེའི་མཇུག་ཏུ་རྒྱུ་དང་ཁྱབ་པར་བྱེད་པ་མ་དམིགས་པ་དག་གིས་ཞེས་དམིགས་ཀྱིས་བསལ་བ་མི་འཐད་པར་ཐལ། འདི་མ་དམིགས་པ་སྤྱི་ལ་འཆད་ཚུལ་དེའི་ཕྱིར་ན་མ་ཁྱབ་སྟེ། དེ་སྒྲུབ་ཀྱི་རྒྱུ་མ་དམིགས་པ་དང་ཁྱབ་བྱེད་མ་དམིགས་པའི་རྟགས་ཡང་དག་ལ་ཐ་སྙད་འབའ་ཞིག་སྒྲུབ་ཀྱིས་ཁྱབ་ལ། མ་དམིགས་པ་གཞན་ལ་དོན་སྒྲུབ་ཀྱང་ཡོད་པར་བསྟན་པའི་ཆེད་དུ་དེ་གཉིས་བཀར་ནས་བསྟན་པ་ཡིན་པའི་ཕྱིར་ཏེ། ལེའུ་བཞི་པའི་སྒྲུབ་བྱེད་ཅེས་དང༌། དྲངས་མ་ཐག་དེའི་མཇུག་ཏུ་དེ་ཉིད་ལས། རྒྱུ་དང་ཁྱབ་པར་བྱེད་པ་མ་དམིགས་པ་དག་གིས་ནི་དངོས་པོ་རྣམ་པར་གཅོད་པ་ཙམ་དང་མེད་པའི་ཐ་སྙད་འབའ་ཞིག་སྒྲུབ་པར་བྱེད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། མེད་པའི་ཐ་སྙད་འབའ་ཞིག་ཅེས་གསུངས་པའི་ཕྱིར། ཞིབ་ཆ་འདིས་རྣམ་བཅད་ཀྱང་ཤེས་པར་གྱིས། གཞན་ཡང་མ་ཡིན་དགག་ཙམ་དངོས་ཀྱི་བསྒྲུབ་བྱའི་ཆོས་བྱས་པའི་དེ་སྒྲུབ་ཀྱི་རྟགས་ཡང་དག་ལ་དགག་རྟགས་ཀྱིས་མ་ཁྱབ་པར་ཐལ། རྟགས་གསུམ་གྱི་སྔ་མ་འབྲས་རང་གི་རྟགས་གཉིས་ཀྱིས་ཀྱང་དངོས་སུ་མ་ཡིན་དགག་སྒྲུབ་པའམ་དེ་མི་སྒྲུབ་པའི་རྟགས་ཀྱིས་ཀྱང་ཤུགས་ལ་དགག་པར་སྒྲུབ་པ་གང་རུང་གིས་ཁྱབ་པའི་ཕྱིར། དེར་ཐལ། དཔེར་ན། བྱས་པས་སྒྲ་མི་རྟག་པར་སྒྲུབ་པ་དང༌། དུ་བས་ལ་ལ་རྟག་དངོས་མ་ཡིན་པའི་མེ་ཡོད་པར་སྒྲུབ་པ་ལྟ་བུ་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བ་ལྟ་བུ་ཡོད་པའི་ཕྱིར། འདིའི་བཞི་པའི་མཇུག་དེ་ཉིད་ལས། སྒྲུབ་བྱེད་སྔ་མ་དག་གིས་ནི། །མ་ཡིན་གཞན་པ་གཞན་ཡིན་ནོ། །ཞེས་དང༌། ལྷ་དབང་བློས་དེའི་དཀའ་འགྲེལ་ལས། སྔ་མ་དག་གིས་ཏེ། རང་བཞིན་དང་འབྲས་བུའི་གཏན་ཚིགས་དག་གིས་དོན་གཞན་གྱིས་དབེན་པའི་དངོས་པོའི་ཆོས་མ་ཡིན་པའི་བསྒྲུབ་པར་བྱ་བ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བསྒྲུབ་པར་བྱ་བའི་ཕྱིར་རོ། །དངོས་པོ་ཙམ་ཉེ་བ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་དང༌། ལེའུ་དང་པོའི་འགྲེལ་བཤད་དུ་ཤཱཀྱ་བློས། གཏན་ཚིགས་གསུམ་པོ་དེ་ལས་རང་བཞིན་དང་འབྲས་བུའི་གཏན་ཚིགས་གཉིས་ནི་དངོས་པོ་སྒྲུབ་པ་སྟེ། དངོས་པོ་སྒྲུབ་པ་ནི་ཡོད་པ་སྒྲུབ་པ་ཡིན་ནོ། །ཞེས་དང༌། འཐད་ལྡན་ཆུང་བ་ལས། གཏན་ཚིགས་གཉིས་ནི། དངོས་པོ་སྒྲུབ་པ་སྟེ་ཡོད་པ་སྒྲུབ་ཅིང་གོ་བར་བྱེད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གཞན་ཡང༌། རང་འགྲེལ་ལས། གཅིག་ནི་དགག་པའི་གཏན་ཚིགས་སོ་ཞེས་པའི་རྣམ་བཅད་ལ་དེ་སྒྲུབ་ཀྱི་མི་དམིགས་པའི་གཏན་ཚིགས་ནི་དགག་པ་བྱེད་པའི་གཏན་ཚིགས་ཁོ་ན་ཡིན་ཞེས་བཤད་དགོས་པ་མ་ཡིན་པར་ཐལ། ལུང་དེས་མི་དམིགས་པའི་གཏན་ཚིགས་དེ་དངོས་སུ་སྒྲུབ་པ་སྒྲུབ་པའི་མ་ཡིན་དགག་གི་གཏན་ཚིགས་སུ་ཡང་བཤད་པའི་ཕྱིར། དེར་ཐལ། དེ་འདྲའི་མ་ཡིན་དགག་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བའི་དགག་རྟགས་ཡོད་པའི་ཕྱིར། འཁོར་གསུམ། རྩ་བར་འདོད་མི་ནུས་ཏེ། ཤཱཀྱས། གཅིག་ནི་དགག་པའི་གཏན་ཚིགས་སོ་ཞེས་བྱ་བ་ནི་བཤད་པའི་མཚན་ཉིད་ཀྱི་མི་དམིགས་པ་ནི་དགག་པའི་གཏན་ཚིགས་ཁོ་ན་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འཁོར་གསུམ་ཁས། གཞན་ཡང༌། ལུང་དེས་གཏན་ཚིགས་གསུམ་གྱི་མི་དམིགས་པ་གཅིག་པུ་ཁོ་ན་དངོས་ཀྱི་བསྒྲུབ་བྱའི་ཆོས་ལ་དགག་བྱ་རྣམ་པར་བཅད་པ་སྒྲུབ་པའི་རྟགས་ཡང་དག་ཏུ་བསྟན་པར་ཐལ། དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ལ་དགག་པ་བཟུང་བའི་འབྲས་རང་གི་རྟགས་ཡང་དག་མི་སྲིད་པའི་ཕྱིར། འཁོར་གསུམ་ཁས། རྟགས་དེར་ཐལ། དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ལ་དགག་པ་བཟུང་བའི་རྟགས་ཡང་དག་ལ་དེ་སྒྲུབ་ཀྱི་དགག་རྟགས་ཀྱིས་ཁྱབ་པའི་ཕྱིར། རྟགས་དངོས། འཁོར་གསུམ། གཟུགས་སོགས་གཉིས་སྟོང་སྒྱུ་མ་ལྟ་བུར་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། སྣང་ཚུལ་དང་གནས་ཚུལ་མི་མཐུན་པའི་དངོས་པོ་དེ། གཟུགས་སོགས་གཉིས་སྟོང་སྒྱུ་མ་ལྟ་བུར་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། སྔ་མ་འབྲས་རང་གི་རྟགས་ལའང་དགག་བྱ་བཅད་པ་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བ་ཡོད་ཀྱང་དགག་བྱ་བཅད་ཙམ་ཆོས་སུ་བཟུང་བ་བྱས་པའི་རང་བཞིན་དང་འབྲས་རྟགས་མེད་པའི་ཁྱད་པར་འཐད་པའི་ཕྱིར་ཏེ། ཤཱཀྱས། གཅིག་ཁོ་ན་ཞེས་བྱ་བར་ངེས་པར་བཟུང་བ་ནི་མ་ཡིན་ཏེ། སྔ་མ་གཉིས་ཀྱིས་ཀྱང་དགག་བྱ་རྣམ་པར་བཅད་པར་རྟོགས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། གཞན་ཡང༌། རྟགས་གསུམ་ལས་དགག་རྟགས་དང་སྒྲུབ་རྟགས་སོ་སོར་འཇོག་ཚུལ་ལྷ་ཤཱཀ་གཉིས་ཀྱིས་གསུངས་པ་ལྟར་འཐད་པར་ཐལ། དེ་ལྟར་པཎ་ཆེན་དུ་མས་བཤད་པའི་ཕྱིར། དེར་ཐལ། འཐད་ལྡན་ཆུང་བ་ལས། གཅིག་ནི་དགག་པ་གོ་བར་བྱེད་པའི་གཏན་ཚིགས་སོ། །དགག་པ་ཞེས་བྱ་བ་ནི་མེད་པ་དང༌། མེད་པའི་ཐ་སྙད་སྒྲུབ་པར་བལྟ་བར་བྱའོ། །ཞེས་གསུངས་ལ། འདིས་དགག་པའི་གཏན་ཚིགས་ཞེས་པའི་དགག་པ་མེད་དགག་ལ་གསལ་བར་བཤད་ཅིང༌། བྲམ་ཟེ་ཆེན་པོ་ཤིང་ཀར་ནནྡས་འགྲེལ་བཤད་ལས། དེས་ན་སྔ་མས་ནི་ཐམས་ཅད་དུ་བཀག་པ་ཡིན་ལ་ཞེས་བཤད་པ་ལྟ་བུའི་ཤེས་བྱེད་མང་བའི་ཕྱིར། ཡང་འཕགས་ཡུལ་གྱི་པཎ་ཆུང་ཁ་ཅིག་ན་རེ། གཏན་ཚིགས་ཡང་དག་གི་དངོས་ཀྱིས་བསྒྲུབ་བྱའི་ཆོས་ལ་མ་ཡིན་དགག་ཅིག་དགོས་པར་ཐལ། མེད་དགག་ནི་དགག་བྱ་བཅད་ཙམ་ཡིན་པས་ཕུང་པོ་ལ་བདག་མེད་ཙམ་ཡང་སྒྲུབ་མི་ཐུབ་པའི་ཕྱིར། ཞེས་སྨྲ་སྟེ། ཇི་སྐད་དུ། ཐར་པ་འབྱུང་གནས་སྦས་པའི་རྟོག་གེ་སྐད་ལས། དེ་གཉིས་ཀ་ལས་དང་བྱེད་པ་པོའི་དངོས་པོར་མ་ཡིན་པར་དགག་པའི་ཚུལ་གྱིས་མི་དམིགས་པ་བརྗོད་ཀྱི། མེད་པ་དགག་པའི་ཚུལ་གྱིས་དམིགས་པ་ལོག་པ་ཙམ་ནི་མ་ཡིན་ཏེ། དེ་ནི་རང་ཉིད་ཅི་ཡང་མ་ཡིན་པས་ཅི་ལྟར་སྒྲུབ་བྱེད་དུ་འགྱུར་ཞེས་དང༌། འདིས་སྔར་ཐ་སྙད་སྒྲུབ་ཀྱི་སྐབས་སུ་ཐ་སྙད་བྱ་རུང་བ་ཆོས་དང་རྟགས་ལ་སྦྱར་བ་ཡང་འཁྲུལ་བ་ཆེ་ལ་སྐྱོན་གཞན་ཡང་ཆེན་པོ་དག་དང་མི་མཐུན་པ་ཆེས་མང་ལ། ཛྙཱ་ན་ཤྲཱིས་ཀྱང༌། ཕྱི་མ་གཅིག་ནི་དགག་པའི་གཏན་ཚིགས་ཏེ། མ་ཡིན་པར་དགག་པའི་བསྒྲུབ་པར་བྱ་བ་དང་ལྡན་པའོ། །ཞེས་བཤད་ཚུལ་གཉིས་པར་བཀོད་པ་ཡང་དེ་དང་ཉེ་བ་ཞིག་ཡིན། འདི་དག་ཛེ་ཏཱ་རིའི་གཞུང་ལ་འཁྲུལ་བར་མངོན་ཅིང་བོད་ཀྱི་དབུ་ཚད་པ་མང་པོས་ཀྱང་དེ་ལྟར་སྨྲས་པ་དག་མི་འཐད་པར་ཐལ། དེ་ནི་སྡེ་བདུན་རྩ་འགྲེལ་ལས་དགག་རྟགས་བཅུ་སོགས་བཤད་པ་ཐམས་ཅད་ལ་མེད་དགག་གཅིག་པུ་བསྒྲུབ་བྱའི་ཆོས་སུ་བཟུང་བ་རྣམས་དང༌། འཕགས་པ་ཡབ་སྲས་དང་ཁྱད་པར་དུ་གང་ཟག་དང་ཆོས་ཀྱི་བདག་མེད་སྒྲུབ་པའི་བསྒྲུབ་བྱའི་ཆོས་ལ་མ་ཡིན་དགག་མི་རུང་བར་བཤད་པ་དང༌། དེ་བཞིན་དུ་ཞི་འཚོ་ཡབ་སྲས་སོགས་དུ་མས་དེ་ལྟར་བཤད་པ་དང་འགལ་བས་དབུ་སེམས་ཀྱི་ཤིང་རྟ་ཆེན་པོ་གང་གིའང་ལུགས་མ་ཡིན་པའི་ཕྱིར། དེ་སྐད་དུ་ཕྱོགས་སྔའི་དོགས་སློང་དུ་ལེགས་བཤད་སྙིང་པོ་ལས། འོ་ན། གང་ཟག་དང་ཆོས་ལ་རང་བཞིན་རྟགས་ཀྱིས་བཀག་པ་ཙམ་ཡིན་གྱི་མ་སྒྲུབ་ཅེས་སྨྲ་བ་ལྟར་ཡིན་ནམ་ཞེས་དང༌། དེ་དགག་པ་ལ་ལེགས་བཤད་སྙིང་པོ་ལས། འདི་ལ་ཁ་ཅིག །ཅེས་པ་ནས། རང་བཞིན་འགོག་པའི་རྟགས་ཀྱིས་རང་བཞིན་བཀག་པ་ཉིད། རང་བཞིན་མེད་པ་སྒྲུབ་པར་འདོད་པར་བྱ་ཡི། ལུང་ལ་བརྗོད་བྱ་དང༌། ཤེས་པ་ལ་ཤེས་བྱ་དང༌། རྟགས་ལ་བསྒྲུབ་བྱ་མེད་ཅེས་སྨྲ་བར་མི་བྱའོ། །དེའི་ཕྱིར་རིགས་པས་རང་བཞིན་བཀག་ཙམ་ཡིན་ཏེ་རང་བཞིན་མེད་པ་སྒྲུབ་པ་མིན། ཞེས་སྨྲ་བ་ནི་དབུ་ཚད་གང་གི་རིགས་པར་མི་སྣང་ངོ་ཞེས་གསུངས་པའི་ཕྱིར། འདོད་ན། དེ་སྒྲུབ་ཀྱི་ཆོས་ལ་མ་ཡིན་དགག་བཟུང་བའི་རྟགས་ལ་སྒྲུབ་རྟགས་ཀྱིས་ཁྱབ་པར་ཐལ། མ་ཡིན་དགག་ནི་སྒྲུབ་པ་གཙོ་ཆེ་བས་དགག་པ་ཡིན་པར་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་བཤད་པའི་ཕྱིར།

           གཞན་ཡང༌། དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་དང་དེ་སྒྲུབ་ཀྱི་དགག་རྟགས་ཡང་དག་གི་ཁྱད་པར་སྔར་བཤད་པ་ལྟར་རིགས་པར་ཐལ། དེ་སྒྲུབ་ཀྱི་ཆོས་ལ་མ་ཡིན་དགག་དང་སྒྲུབ་པ་གང་རུང་བཟུང་བའི་དེ་སྒྲུབ་ཀྱི་རྟགས་ཡང་དག་དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་དང༌། དེ་སྒྲུབ་ཀྱི་ཆོས་ལ་སྒྲུབ་པ་དངོས་ཤུགས་གང་ལའང་མི་འཕེན་པར་དགག་བྱ་བཀག་པ་ཙམ་བྱེད་པའི་ཆོས་སུ་བཟུང་བའི་དེ་སྒྲུབ་ཀྱི་རྟགས་ཡང་དག་དེ་དེ་སྒྲུབ་ཀྱི་དགག་རྟགས་ཡང་དག་ཏུ་བྱེད་དགོས་པའི་ཕྱིར། དེར་ཐལ། དེ་ལྟར་དུ་རང་འགྲེལ་གཉིས་ལས། དེ་ལ་གཉིས་ནི་དངོས་པོ་སྒྲུབ་པ་ཡིན་ལ། གཅིག་ནི་དགག་པའི་གཏན་ཚིགས་སོ། །ཞེས་པས་བཤད་པའི་ཕྱིར། དེར་ཐལ། པཎ་ཆེན་ཤཱཀྱ་བློའི་འགྲེལ་བཤད་ལས། དེ་ལ་གཉིས་ནི་དངོས་པོ་སྒྲུབ་པ་ཁོ་ན་ཞེས་བྱ་ཡི་དངོས་པོ་ཁོ་ན་སྒྲུབ་ཅེས་མི་བྱ་སྟེ་དགག་པ་ཡང་སྒྲུབ་པའི་ཕྱིར་རོ། །གཅིག་ནི་དགག་པ་ཁོ་ནའི་གཏན་ཚིགས་ཞེས་གསུངས་པའི་ཕྱིར། ལུང་གསལ་བ་འདི་ལ་མ་ཁྱབ་བྱས་ཚེ་མཁས་གྲུབ་ཐམས་ཅད་མཁྱེན་པས་གླེགས་བམ་ཟུར་གྱི་འཇིམ་གོང་ལྟ་བུ་དག་གིས་ཞེས་གསུངས་པ་ཁོ་ན་ཡིན་ནོ། །བྱས་པ་ལ་ཁོ་ན་རེ། འདིར་མ་ཁྱབ་སྟེ། དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་གིས་དངོས་སུ་སྒྲུབ་པ་བཟུང་ཡང་ཤུགས་ལ་དགག་པ་སྒྲུབ་པ་དང༌། དེ་སྒྲུབ་ཀྱི་དགག་རྟགས་ཡང་དག་གི་དངོས་ཤུགས་གཉིས་ཀར་དགག་པ་ཁོ་ན་བྱེད་ཅིང༌། སྒྲུབ་པའི་ཆོས་མི་འཕེན་པ་དེའི་དོན་ཡིན་གྱི་དེ་སྒྲུབ་ཀྱི་ཆོས་ལ་མི་བྱེད་པའི་ཕྱིར་ཟེར་ན། དངོས་འགལ་སྨྲ་བ་སྟེ། འོ་ན། དོན་བྱེད་ནུས་པ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་སྒྲ་དངོས་པོ་མ་ཡིན་པ་ལས་ལོག་པར་སྒྲུབ་པའི་དངོས་ཤུགས་གང་ལའང་སྒྲུབ་པ་ཞིག་མི་འཕེན་པར་ཐལ་ལོ། །ཁྱོད་དེ་སྒྲུབ་ཀྱི་དགག་རྟགས་ཡང་དག་ཡིན་པའི་ཕྱིར། རྟགས་ཁས་བླངས་ཀྱིས་གྲུབ། ཁྱབ་པ་ཁས། འདོད་ན། དངོས་པོ་མ་ཡིན་པ་ལས་ལོག་པ་བརྗོད་པའི་སྒྲས་དངོས་པོ་དངོས་ཤུགས་གང་རུང་ལ་མི་འཕེན་པར་ཐལ་ལོ། །འདོད་པའི་ཕྱིར། འཁོར་གསུམ་ཁས། གཞན་ཡང༌། འདི་ལྟར་སྨྲ་བ་དག་གིས་མི་རྟག་པ་དགག་པར་མ་ཤེས་པས་ནོངས་པས་རྒྱས་པར་འོག་ཏུ་འགོག་གོ །འདི་ལ་ལུང་རིགས་མང་མོད་ཡི་གེས་མི་ལངས་སོ། །འདི་ནི་སྔ་ཕྱི་བར་གསུམ་གྱི་མཁས་བླུན་གྱི་རྟོག་གེ་བ་འཁྲུལ་བའི་ཆང་གིས་མྱོས་པའི་ལག་ལྡན་དག་གི་ལོག་པའི་ང་རོ་བཟློག་པའི་ཆེད་དུ། ལེགས་བཤད་གདོང་ལྔའི་ངར་སྐད་ཅུང་ཟད་བྱས་པ་ཡིན་ནོ།  །གཞན་བོད་ཀྱི་ཟོལ་རྩོད་བྲིས་ཀྱང་མཁས་པར་བགྲང་བ་དང་གསུང་རབ་ལྟ་བ་ལ་མི་ཕན་པས་བོར་ཅིང་རིགས་པའི་དབང་ཕྱུག་གཉིས་ཀྱི་དོགས་པ་ཙམ་བཤད་ན། འཕགས་ཡུལ་གྱི་རང་གཞན་ཁ་ཅིག་ན་རེ། སྐབས་འདིའི་འབྲས་རྟགས་དུ་བས་དཔག་བྱར་མེ་ཁོ་ནར་རིགས་ཏེ། དུ་བ་དང་མེ་ལྷན་ཅིག་པ་མི་འཁྲུལ་ལ། དུ་ལྡན་གྱི་ས་ཕྱོགས་ལ་ངེས་པ་མེད་པའི་ཕྱིར་ཞེས་པའི་རྩོད་ཚུལ་ནི། ཚད་མ་མདོ་ལས། ཁ་ཅིག་གཏན་ཚིགས་མི་འཁྲུལ་པས། །ཆོས་གཞན་དཔག་པར་བྱ་བར་འདོད། །ཅེས་བྱུང༌། དེ་ལ་འོ་ན། རྟགས་ཀྱིས་ཀྱང་དོན་དེ་སྒྲོན་མེ་བཞིན་དུ་གསལ་བར་བྱེད་པར་ཐལ་ལོ། །དུ་བ་ངེས་ཙམ་གྱི་མེ་ཡང་ཚད་མས་ངེས་པར་ཁས་ལེན་དགོས་པའི་ཕྱིར། དེར་ཐལ། དུ་བའི་རྟགས་ཀྱིས་མེ་ངེས་པ་ལ་མེ་དུའི་འབྲེལ་བ་ངེས་པ་སྔོན་དུ་འགྲོ་མི་དགོས་པའི་ཕྱིར། རྟགས་ཁས། མ་གྲུབ་ན་སོང༌། དུ་བ་དང་མེའི་འབྲེལ་བ་ཚད་མས་ངེས་པ་དེ་ལས་གཞན་ཅི་ཞིག་སྟེ་དཔག་རྒྱུ་མེད་པར་ཐལ། ཁྱོད་ཀྱིས་དེ་སྒྲུབ་ཀྱི་ཆོས་མེ་ཁོ་ན་དཔག་བྱ་ཡིན་ལ་དེ་དུ་བ་དང་མེའི་འབྲེལ་བ་ཚད་མས་ངེས་པ་ན་ངེས་ཟིན་པའི་ཕྱིར། མདོ་ལས། ཆོས་ལ་གཏན་ཚིགས་གྲུབ་ན་ནི། །དེ་ཡིས་དེ་ལ་ཅི་ཞིག་དཔག །ཅེས་སོ། །འདིས་ནི་རྟགས་གསུམ་གྱི་བསྒྲུབ་བྱའི་ཆོས་དེ་བསྒྲུབ་བྱ་མཚན་ཉིད་པར་འདོད་ན་ཡང་དགག་ཚུལ་འདི་ཁོ་ནས་རིགས་པ་ཤེས་པར་གྱིས།

           ཡང་འཕགས་ཡུལ་གྱི་ཕྱི་ནང་གི་རྟོག་གེ་བ་ཁ་ཅིག་ན་རེ། དུ་བའི་རྟགས་ཀྱིས་དེ་སྒྲུབ་ཀྱི་དཔག་བྱར་རྩོད་གཞིས་ཕྱོགས་དང་སྒྲུབ་ཆོས་མེ་གཉིས་ཀྱི་ལྡན་པའི་འབྲེལ་བ་དེ་ཁོ་ན་རིགས་པར་ཐལ། དེ་ལྡན་གྱི་ས་ཕྱོགས་དང་མེ་དག་ཕྱི་རྒོལ་གྱིས་གྲུབ་ཟིན་པའི་ཕྱིར། ཞེས་པའི་འདོད་ཚུལ་འཆད་པར་ཚད་མ་མདོར། ཆོས་དང་ཆོས་ཅན་དག་གྲུབ་ཕྱིར། །འབྲེལ་བ་དཔག་བྱར་ཁ་ཅིག་འདོད། །ཅེས་སོ། །དུ་བའི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྩོད་གཞི་ལ་དང༌། ཆོས་མེ་ལས་གཞན་པའི་འབྲེལ་བ་རྗེས་དཔག་གིས་རྟོགས་པ་མ་ཡིན་པར་ཐལ། མེ་དུའི་འབྲེལ་བའང་གང་ན་དུ་བ་ཡོད་པ་དེ་ན་མེ་ཡོད་དོ། །ཞེས་ཐ་སྙད་བྱེད་པ་མ་གཏོགས་ཁྱོད་ལྟར་གྱི་ལྡན་འབྲེལ་དང་འདུ་འབྲེལ་གཉིས་ནི་ཡོད་པ་མ་ཡིན་པའི་ཕྱིར། ཚད་མ་མདོར། འབྲེལ་བའང་གཉིས་ནི་ཡོད་མ་ཡིན། །ཞེས་དང༌། དེའི་རང་འགྲེལ་ལས། གང་ན་དུ་བ་ཡོད་པ་དེ་ན་མེ་ཡོད་དོ་ཞེས་འདི་ལྟར་ཐ་སྙད་བྱེད་ཀྱི་མེའམ་དུ་བས་འབྲེལ་བ་ལོག་པ་ཡོད་པ་མ་ཡིན་ནོ་ཞེས་སོ། །འདིས་ནི་དུ་བའི་རྟགས་ཀྱིས་དེ་སྒྲུབ་ལ་ཡོད་འགོད་མི་རུང་སྙམ་པ་ཡང་བཀག་པར་ཤེས་པར་གྱིས། དེ་སྒྲུབ་ཀྱི་བསྒྲུབ་བྱ་འཇལ་བའི་རྗེས་དཔག་གིས་ལ་ལ་མེ་ཡོད་སྙམ་དུ་མི་འཇལ་བར་ལ་དང་མེའི་འབྲེལ་བའོ་སྙམ་དུ་འཇལ་བར་ཐལ། དེ་སྒྲུབ་ཀྱི་གཞི་ཆོས་ཀྱི་འབྲེལ་བ་དཔག་བྱ་ཡིན་པའི་ཕྱིར། འདོད་ན། འཇུག་ཚུལ་དེ་བཞིན་དུ་སྦྱོར་བ་བརྗོད་པའི་ཚེ་ན་དུ་ལྡན་གྱི་ལ་དང་མེའི་འབྲེལ་བའོ་ཞེས་དེ་སྒྲུབ་ཀྱི་ཆོས་ལ་མེའི་ཞེས་དྲུག་སྒྲ་བྱས་ནས་བརྗོད་རིགས་པར་ཐལ། དེ་སྒྲུབ་ཀྱི་གཞི་ཆོས་ཀྱི་འབྲེལ་བ་དཔག་བྱ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དུ་ལྡན་གྱི་ལ་ལ་ཆོས་ཅན། མེ་ཡོད་དེ། ཞེས་ཆོས་ལ་མེ་ཞེས་རྣམ་དབྱེ་དང་པོ་ངོ་བོ་བརྗོད་པ་བྱས་ནས་འགོད་པའི་ཕྱིར། རྟགས་མཐུན་གྲུབ། མདོ་ལས། དེ་བཞིན་དྲུག་པའི་སྒྲ་རུ་འགྱུར། ཞེས་དང༌། དེའི་རང་འགྲེལ་ལས། །འབྲེལ་བ་རྗེས་སུ་དཔག་པར་བྱེད་པའི་ལྟར་ན། འབྲེལ་བ་ཅན་གྱི་མེའི་མེ་འདི་ཞེས། དྲུག་པའི་སྒྲ་ཐོབ་པར་འགྱུར་གྱི་ཞེས་དང༌། གང་གི་འབྲེལ་བ་ནི་མེ་འདི་ལའོ། །ཞེས་དང་པོའི་སྒྲས་བརྗོད་དོ། །ཞེས་གསུངས་པའི་ཕྱིར། འདིས་ནི་གཞི་ཆོས་རྟགས་གསུམ་དང་འགོད་ཚུལ་ལ་ངེས་པ་ཆེན་པོ་སྟེར་བས་ལེགས་པར་བཤད་དོ།  །འདི་དག་དང་ཡོད་འགོད་ལ་འཁྲུལ་ནས་ཁ་ཅིག་ན་རེ། དུ་བའི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྟགས་འགོད་ཚུལ་ལ་དུ་བ་ཡོད་པ་ཁོ་ན་འགོད་པས་ཁྱབ་ཟེར་ན། འོ་ན་རང་འགྲེལ་གཉིས་ལས། དུ་བ་ལས་ནི་འདི་ན་མེ་ཡོད་དོ་ཞེས་གསུངས་པ་མི་འཐད་པར་ཐལ། དུ་བ་འབྱུང་བའི་ཕྱིར། ལ་འདི་ལ་མེ་ཡོད་ཅེས་འགོད་མི་རིགས་པའི་ཕྱིར། ཁྱབ་སྟེ། དུ་བ་ལས་ཞེས་པ་འབྱུང་ཁུངས་ཀྱི་ཚིག་ཡིན་པའི་ཕྱིར། གོང་གི་རྟགས་གྲུབ་སྟེ། དུ་བ་ཡོད་པ་དང་དུ་བ་འབྱུང་བ་གཉིས་ཐ་དད་ཡིན་པའི་ཕྱིར། དེ་བཞིན་དུ་བ་འཐུལ་བ་ཡང་དེ་སྒྲུབ་ཀྱི་འབྲས་རྟགས་ཡང་དག་ཡིན་པར་ཤེས་པར་གྱིས། འཕགས་ཡུལ་གྱི་རྟོག་གེ་བ་ཆེན་པོ་ཁ་ཅིག་ན་རེ། དུ་བ་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་རྩོད་གཞིའི་ཆོས་ཡིན་པར་ཐལ། དུ་བ་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་ཕྱོགས་ཆོས་ཡིན་པའི་ཕྱིར། ཁྱབ་སྟེ། ཁྱོད་ཀྱིས་འདིའི་ཟུར་གྱི་ཕྱོགས་རྩོད་གཞི་དང་དེའི་ཆོས་ཞེས་མི་ལྡན་རྣམ་གཅོད་དུ་བྱས་པའི་ཕྱིར། རྟགས་ཁས། རྩ་བར་འདོད་ན། དུ་བ་ཆོས་ཅན། དུ་ལྡན་ལའི་ཆོས་མ་ཡིན་པར་ཐལ། དུ་ལྡན་ལ་དང་ངོ་བོ་མི་གཅིག་པའི་ཆོས་ཡིན་པའི་ཕྱིར། འདོད་ན། དེ་སྒྲུབ་ཀྱི་ཕྱོགས་ཆོས་གྲུབ་པ་མ་ཡིན་པར་ཐལ་ལོ། །ཞེས་རྩོད་ཚུལ་ནི། རྣམ་ངེས་རྩ་བའི་རང་འགྲེལ་ལས། གལ་ཏེ་དོན་གཞན་གཏན་ཚིགས་ཡིན་ན། འོ་ན་དེ་དེའི་ཆོས་སུ་ཇི་ལྟར་18འགྱུར་ཞེ་ན་ཞེས་གསུངས། དེ་ལ་སློབ་དཔོན་གྱི་གསུང་ལས་དུ་བ་ཆོས་ཅན། ཁྱོད་དུ་ལྡན་ལ་དང་རྫས་ཐ་དད་ཡིན་ན་ཁྱོད་དུ་ལྡན་ལའི་ཆོས་མ་ཡིན་མི་དགོས་པར་ཐལ། དུ་ལྡན་ལ་ཁྱོད་ཀྱི་རྟེན་དང་ཁྱོད་དུ་ལྡན་ལ་ལ་བརྟེན་པ་ཡིན་པའི་ཕྱིར། དཔེར་ན། མཁར་གཞོང་དང་རྒྱ་ཤུག་བཞིན། དེ་ཉིད་ལས། དེ་ལ་བརྟེན་པའི་ཕྱིར་རོ། །ཞེས་སོ། །

(18) པར་ཐེངས་གཉིས་པ། འགྱུར་ཞེས་གསུངས།

           བྱས་པ་ལ་ཁོ་ན་རེ། དུ་བ་ཆོས་ཅན། ཁྱོད་དང་དུ་ལྡན་ལ་གཉིས་རྒྱུ་འབྲས་སུ་མི་རུང་བར་ཐལ། དུ་ལྡན་ལ་དང་ཁྱོད་གཉིས་རྟེན་བརྟེན་པ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། དུ་བ་ཆོས་ཅན། དུ་ལྡན་ལ་ཁྱོད་ཀྱི་རྒྱུ་ཡིན་པར་ཐལ། དུ་ལྡན་ལ་ཁྱོད་ཀྱི་དོན་གཞན་གྱི་རྟེན་ཡིན་པ་དེ་ཉིད་ཀྱི་ཕྱིར། དཔེར་ན། མཁར་གཞོང་དང་དེའི་ནང་གི་ཆུ་སོགས་བཞིན། ཁྱབ་པ་ཡང་ཡོད་པར་ཐལ། དུ་ལྡན་ལ་ཁྱོད་ཀྱི་རྒྱུ་ཡིན་པ་དེ་ལྟར་མ་ཡིན་ན་ཁྱོད་དང་དུ་ལྡན་ལ་དོན་གཞན་ཡང་ཡིན་ལ་རྟེན་བརྟེན་པར་ཡང་མི་འགྲུབ་པའི་ཕྱིར། དེ་ཉིད་ལས། ཇི་ལྟར་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་ཞེ་ན། དེ་ཉིད་ཀྱི་ཕྱིར་ཏེ། དེ་ལྟར་མ་ཡིན་ན་རྟེན་མི་འགྲུབ་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདི་ནི་འབྲས་བུ་གང་དང་གང་རྒྱུ་དེ་ལ་བརྟེན་ནས་བྱུང་ཞེས་པའི་རྟེན་ཚུལ་ཡང་ཤེས་པར་བྱ། ཡང་ཁ་ཅིག་ན་རེ། དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་དང་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་གཉིས་ཡིན་ཁྱབ་མཉམ་ཡིན་ཏེ། དུ་ལྡན་ལ་ལ་མེ་ཡོད་པ་དེ་སྒྲུབ་ཀྱི་བསྒྲུབ་བྱར་བྱེད་པ་འདྲ་བའི་ཕྱིར་ན་མ་ཁྱབ། འདོད་ན། མེ་ཆོས་ཅན། མེ་ཚད་མས་དམིགས་པའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་པར་ཐལ། དུ་བའི་རྟགས་ཀྱིས་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དུ་ལྡན་ལའི་མེ་དེ་སྒྲུབ་ཀྱི་བསྒྲུབ་བྱ་ཡང་དག་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་དེ་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་གི་ཚད་མས་རྟོགས་པའི་ཕྱིར། དེར་ཐལ། མེ་ཚད་མས་དམིགས་པའི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་ཡིན་པའི་ཕྱིར། དེ་དེར་ཐལ། དེའི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཐ་སྙད་སྒྲུབ་ཀྱི་རྟགས་ཡང་དག་ཡོད་པའི་ཕྱིར་ཏེ། མེ་ཚད་མས་དམིགས་པ་མེ་ཡོད་པའི་མཚན་ཉིད་ཡིན་པའི་ཕྱིར། དེས་ཚ་ཞིང་སྲེག་པ་སོགས་ལ་སྦྱོར། ཡང་ཁ་ཅིག་ན་རེ། རེས་འགའ་བ་དེ་ཉེར་ལེན་གྱི་ཕུང་པོ་རང་རྒྱུ་དང་བཅས་པར་སྒྲུབ་པའི་རྒྱུ་སྤྱི་སྒྲུབ་ཀྱི་འབྲས་རྟགས་ཡང་དག་ཡིན་ཟེར་ན། བུམ་པའི་ལྡོག་པ་ཆོས་ཅན། དེར་ཐལ། དེའི་ཕྱིར་ཏེ། ཁྱོད་བུམ་པ་ཡོད་མེད་ཀྱི་ཕྱོགས་སུ་ཡོད་མེད་རྗེས་འགྲོ་བྱེད་པའི་ཆོས་ཡིན་པའི་ཕྱིར། ཡང་ཁ་ཅིག །རེས་འགའ་སྐྱེ་བ་མེད་དོ་ཟེར་ན། འོ་ན་སྐྱེ་བ་མི་སྲིད་པར་ཐལ། རེས་འགའ་སྐྱེ་བ་ཡང་མེད། རྟག་ཏུ་སྐྱེ་བ་ཡང་མེད་པའི་ཕྱིར། ཁྱབ་སྟེ། དེ་གཉིས་གང་རུང་མ་ཡིན་པའི་སྐྱེ་ཚུལ་མེད་པའི་ཕྱིར། གོང་གི་རྟགས་དང་པོ་ཁས། རྟགས་གཉིས་པ་གྲུབ་སྟེ། སྐྱེ་བ་ཐུག་མེད་མ་ཡིན་པའི་ཕྱིར། གཞན་ཡང༌། ལན་རེ་སྐྱེ་བ་ཡང་མེད་པར་ཐལ། རེས་འགའ་སྐྱེ་བ་མེད་པའི་ཕྱིར། འདོད་ན། སྐྱེ་ལྡན་གྱི་དངོས་པོ་ཐམས་ཅད་རེས་འགའ་སྐྱེ་བ་དང་ལན་རེ་སྐྱེ་བ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཐམས་ཅད་ལྡབ་པའམ་བསྐྱར་ནས་སྐྱེ་བར་ཐལ། འདོད་པའི་ཕྱིར། གཞན་ཡང༌། རེས་འགའ་བ་དང་རེས་འགའ་གཉིས་དོན་གཅིག་པར་ཐལ། རེས་འགའ་བ་མི་སྐྱེ་ན་རེས་འགར་ཡང་མི་སྐྱེ་བས་ཁྱབ་པའི་ཕྱིར། རྟགས་ཁས་འདོད་ན། བདག་སྒྲ་དང་བྱ་བའི་སྒྲ་དོན་གཅིག་ཏུ་ཐལ་ལོ། །འདོད་པའི་ཕྱིར།

            ཡང་ཁ་ཅིག །རེས་འགའ་སྐྱེ་བའི་དངོས་པོ་དེ་ཉེར་ལེན་གྱི་ཕུང་པོ་རང་རྒྱུ་དང་བཅས་པར་སྒྲུབ་པའི་འབྲས་རྟགས་ཡང་དག་ཟེར་ན། འོ་ན། དེའི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་ཡོད་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཉེར་ལེན་གྱི་ཕུང་པོ་རེས་འགའ་སྐྱེ་བའི་དངོས་པོར་ཚད་མས་ངེས་པའི་གང་ཟག་ཏུ་ཐལ་ལོ། །ཆོས་ཅན་དེའི་ཕྱིར། འདོད་ན། ཉེར་ལེན་གྱི་ཕུང་པོ་རེས་སྐྱེ་བར་ཚད་མས་ངེས་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་སྐྱེ་བར་ཚད་མས་ངེས་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་རང་རྒྱུ་ལས་སྐྱེ་བར་ཚད་མས་ངེས་པའི་གང་ཟག་ཏུ་ཐལ་ལོ། །འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་ཡིན་པའི་ཕྱིར། ཡང་ཁ་ཅིག །རང་གི་དམིགས་རྐྱེན་མེད་ན་མི་སྐྱེ་བའི་དངོས་པོ་དེ་སྔོར་སྣང་དབང་ཤེས་རང་གི་དམིགས་རྐྱེན་དང་བཅས་པར་སྒྲུབ་པའི་རྒྱུ་ཁྱད་པར་སྒྲུབ་ཀྱི་འབྲས་རྟགས་ཡང་དག་ཟེར་ན། འབྲེལ་བསྒྲུབ་ལ། དེས་སྔོན་པོ་མེད་པའི་ས་ཕྱོགས་ཀྱིས་གཤགས། ཡང་ན། སྔོན་པོ་མེད་པའི་ས་ཕྱོགས་ཆོས་ཅན། མི་སྐྱེ་བའི་དངོས་པོར་ཐལ། སྔོར་སྣང་དབང་ཤེས་རང་གི་དམིགས་རྐྱེན་མེད་པའི་ཕྱིར། འཁོར་གསུམ་ཁས། ཡང་ཁ་ཅིག །བུ་རོ་ད་ལྟར་བ་དེ་ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུར་གཟུགས་ད་ལྟར་བ་ཡོད་པར་སྒྲུབ་པའི་རྒྱུ་ཆོས་རྗེས་དཔོག་གི་འབྲས་རྟགས་ཡང་དག་ཟེར་ན། བུ་རོ་ད་ལྟར་བ་ཆོས་ཅན། བུར་གཟུགས་ད་ལྟ་བའི་འབྲས་བུ་ཡིན་པར་ཐལ། ཁྱོད་དེ་འདྲའི་འབྲས་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་དེ་དང་དུས་མཉམ་ཡིན་པའི་ཕྱིར། ཡང་དེ་དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་ཟེར་ན། བུ་རོ་ད་ལྟར་བ་ཆོས་ཅན། བུར་གཟུགས་ད་ལྟར་བ་དང་འབྲེལ་བར་ཐལ། ཁྱོད་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། ཁྱབ་སྟེ། རང་འགྲེལ་ལས། འབྲེལ་བ་མེད་པར་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་མེད་དེ། ཞེས་གསུངས་པའི་ཕྱིར། འདིས་ནི་བྱས་པའི་རྒྱུ་དེ་བྱས་པའི་རྒྱུ་སྐད་ཅིག་དང་པོ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་འདོད་པ་སོགས་ཁེགས་པར་ཤེས་སླ། འདོད་ན། དེ་ཆོས་ཅན། བུར་གཟུགས་ད་ལྟར་བ་དང་བདག་གཅིག་འབྲེལ་ཡིན་པར་ཐལ། དེ་དང་འབྲེལ་བ་གང་དེ་དང་རྟེན་བྱུང་འབྲེལ་མ་ཡིན་པའི་ཕྱིར། དང་པོ་དངོས། གཉིས་པ་གྲུབ་སྟེ། དུས་མཉམ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེ་དང་བདག་ཉིད་ཐ་དད་ཡིན་པའི་ཕྱིར། དེར་ཐལ། དེ་དང་རྫས་ཐ་དད་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དེ་ཆོས་ཅན། བུར་གཟུགས་ད་ལྟ་བ་དང་འབྲེལ་བར་ཐལ། ཁྱོད་དེ་ལས་ཐ་དད། དེ་མེད་ན་ཁྱོད་མེད་དགོས་པའི་ཕྱིར་ན་མ་ཁྱབ། ཡང་ཁ་ཅིག་ན་རེ། བུ་རོ་ད་ལྟར་བ་ཆོས་ཅན། བུ་རོ་སྔ་མའི་འབྲས་བུ་ཡིན་པར་ཐལ། ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུ་རོ་སྔ་མས་བུར་གཟུགས་ཕྱི་མ་སྐྱེད་པའི་རྒྱུ་ཆོས་རྗེས་དཔོག་གི་འབྲས་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་ན་མ་ཡིན་པར་ཐལ། དེའི་དུས་སུ་ཁྱོད་ཡོད་པའི་ཕྱིར། མ་གྲུབ་ན། བུ་རོ་སྔ་མའི་དུས་སུ་བུར་གཟུགས་ད་ལྟར་བ་ཡོད་པར་ཐལ། བུ་རོ་སྔ་མའི་དུས་སུ་བུ་རོ་སྔ་མ་ད་ལྟར་བ་ཡོད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། ཁྱོད་ཀྱི་དུས་སུ་ཁྱོད་ད་ལྟར་བ་ཡིན་པའི་ཕྱིར། ཡང་ཁོ་ན་རེ། བུ་རོ་སྔ་མ་ཆོས་ཅན། བུ་རོ་སྔ་མའི་དུས་སུ་བུ་རོ་ད་ལྟར་བ་ཡིན་པར་19ཐལ། བུ་རོ་གང་ཞིག་ད་ལྟར་བ་ཡིན་པའི་ཕྱིར་ན་ཡང་མ་ཁྱབ། འོ་ན། སྒྲ་ཆོས་ཅན། ཁྱོད་ཀྱི་རྒྱུའི་དུས་སུ་ཁྱོད་ད་ལྟར་བར་ཡོད་པར་ཐལ། ཁྱོད་ཀྱི་རྒྱུའི་དུས་སུ་ཁྱོད་ཀྱི་རྒྱུ་ད་ལྟར་བ་ཡོད་པའི་ཕྱིར། ཁྱབ་པ་འགྲིག་མེ་དུ་རྒྱུ་འབྲས་སུ་འགྲུབ་བྱེད་ཀྱི་ཚད་མ་ལ་ཁ་ཅིག་ན་རེ། དེ་དུ་མེ་མེད་པར་མེ་དུ་རྒྱུ་འབྲས་སུ་ངེས་པ་ཁོ་ན་ཟེར་ན། མི་འཐད་པར་ཐལ། དུ་བ་མེ་ལས་སྐྱེས་པར་མཐོང་བའི་མངོན་སུམ་གཅིག་གིས་ཀྱང་མེ་དུ་རྒྱུ་འབྲས་སུ་མི་འགྲུབ་པའི་ཕྱིར། འོ་ན། མེ་དུ་རྒྱུ་འབྲས་སུ་འགྲུབ་པ་ལ་ཚད་མ་ཕྲུག་གསུམ་སོགས་བཤད་པ་དགོས་པ་མེད་པར་ཐལ། ཚད་མ་གཅིག་གིས་འགྲུབ་པ་དེའི་ཕྱིར་ན་མ་ཁྱབ་སྟེ། དེ་ལྟར་འགྲུབ་ཀྱང་དུ་བ་རྒྱུ་མེད་དང༌། མི་མཐུན་པ་རྒྱུར་འཛིན་པའི་ལོག་རྟོག་རྒྱས་པར་འགོག་པའི་དབང་དུ་བྱས་ནས་དེ་ལྟར་མཛད་པའི་ཕྱིར། ཡང་རིགས་གཏེར་བ་སོགས་ན་རེ། དང་པོ་མེ་དུ་གཉིས་ཀ་མ་དམིགས་པའི་མངོན་སུམ་གཅིག །དེ་རྗེས་མེ་དམིགས་པའི་དེ་གཅིག །དེ་རྗེས་དུ་བ་དམིགས་པའི་དེ་གཅིག །དེའི་རྗེས་སུ་གཉིས་ཀ་དམིགས་པའི་དེ་གཅིག །དེ་རྗེས་མེ་མ་དམིགས་པའི་དེ་གཅིག །དེའི་རྗེས་དུ་བ་མ་དམིགས་པའི་དེ་གཅིག་སྟེ། ཚད་མ་ཕྲུག་དྲུག་ཟེར་ན་ཚིག་དོན་གཉིས་ཀར་སྐྱོན་ཞུགས་པ་སྟེ། འོ་ན། དེ་དྲུག་ཆོས་ཅན། ཚད་མ་ཟུང་དྲུག་ཡིན་པར་ཐལ། ཚད་མ་ཕྲུག་དྲུག་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། ཁྱོད་ཚད་མ་ཡ་བཅུ་གཉིས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཚད་མ་རེ་རེ་བ་དྲུག་ལས་མ་བྱུང་བའི་ཕྱིར། གཞན་ཡང་རྟ་བོང་གཉིས་རྒྱུ་འབྲས་སུ་ཚད་མ་ཕྲུག་དྲུག་གིས་གྲུབ་པར་ཐལ། དང་པོར་རྟ་བོང་གཉིས་ཀ་མ་དམིགས་པའི་མངོན་སུམ་གཅིག །དེ་རྗེས་སུ་རྟ་དམིགས་པའི་གཅིག་སོགས་ཡོད་པའི་ཕྱིར།

(19) པར་ཐེངས་གཉིས་པ། ཐལ། ད་ལྟར་བ་ཡིན་པའི།

          གཉིས་པ་རང་ལུགས་ལ། འབྲས་རྟགས་ཡང་དག་གི་མཚན་ཉིད། དབྱེ་བ། རྟགས་ཆོས་དོན་གསུམ་ངོས་བཟུང་བ། འགྲུབ་བྱེད་ཚད་མའི་ཁྱབ་པར་བཞི། དང་པོ་ནི། འབྲས་བུའི་ཚུལ་གསུམ་ཡིན་པ། འབྲས་བུའི་རྟགས་ཡང་དག་གི་མཚན་ཉིད། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་འབྲས་བུའི་ཚུལ་གསུམ་ཡིན་པ། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་གི་མཚན་ཉིད། དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་ཀྱང་ཡིན། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡང་ཡིན། ཁྱོད་ཀྱི་རྒྱུ་ཡང་ཡིན་པའི་གཞི་མཐུན་ཡོད་པ་ཡིན་པ་དེ། ཁྱོད་དེ་སྒྲུབ་ཀྱི་འབྲས་རྟགས་ཡང་དག་ཡིན་པའི་མཚན་ཉིད། དེ་སྒྲུབ་ཀྱི་ཚུལ་གསུམ་ཡང་ཡིན་ཁྱོད་ཀྱི་རྟགས་ཀྱིས་དངོས་ཀྱི་རྟགས་བསྒྲུབ་བྱའི་ཆོས་ཡིན་ན་མ་ཡིན་དགག་དང་སྒྲུབ་པ་གང་རུང་ཡིན་ཡང་དགོས་པའི་གཞི་མཐུན་ཡོད་པ་དེ། ཁྱོད་དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་ཡིན་པའི་མཚན་ཉིད། ཁྱོད་དེ་སྒྲུབ་ཀྱི་ཚུལ་གསུམ་ཡང་ཡིན། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་ན་མེད་དགག་ཀྱང་ཡིན་དགོས་པའི་གཞི་མཐུན་ཡོད་པ་དེ། ཁྱོད་དེ་སྒྲུབ་ཀྱི་དགག་རྟགས་ཡང་དག་གི་མཚན་ཉིད། གོ་ཐོབ་བྱས། གཉིས་པ་ནི། ཆོས་བཅུ་པའི་མདོ་ལ་བརྟེན་ནས་ཉན་ཐོས་ཀྱི་དང༌། རང་རྒྱལ་གྱི་དང༌། བྱང་སེམས་ཀྱི་དང༌། མ་ངེས་པའི་དང༌། རིགས་ཆད་པའི་རིགས་ལྔ་སོ་སོར་སྒྲུབ་པའི་འབྲས་རྟགས་ཡང་དག་ལྔ་ཡོད་དེ། ཀུན་བཏུས་ལས། ཉན་ཐོས་ཀྱི་ཐེག་པ་བ་གང་ཞེ་ན། སོགས་དང༌། རང་རྒྱལ་གྱི་ཐེག་པ་བ་གང་ཞེ་ན་སོགས་དང༌། བྱང་ཆུབ་སེམས་དཔའི་ཐེག་པ་བ་གང་ཞེ་ན་སོགས་དང༌། མདོ་སྡེ་རྒྱན་ལས། ལ་ལ་གཅིག་ཏུ་ཉེས་པར་སྤྱོད་ངེས་ཡོད། །ལ་ལ་དཀར་པོའི་ཆོས་རྣམས་ཀུན་ཏུ་བཅོམ། །ལ་ལ་ཐར་པའི་ཆ་མཐུན་དགེ་བ་མེད། །དཀར་པོ་དམན་པ་ཡོད་པ་རྒྱུ་དང་བྲལ། །ཞེས་གསུངས་པ་ལྟ་བུ་སོགས་ཀྱིས་ཤེས་དགོས་ཚུལ་མཚོན་ཙམ་གཞུང་དོན་དུ་བཤད་པས་སོ། །དེ་ལྟར་མ་གོ་བར་དུ་བ་ཙམ་འབྲས་བུ་ཡིན་མིན་ལས་མ་བཤད་པས་རྣམ་འགྲེལ་གསུང་རབ་ཀྱི་དགོངས་འགྲེལ་དུ་དཀའོ། །རིགས་སོ་སོ་བ་ཡོད་པར་སྒྲུབ་པའི་རྟགས་སམ་གཏན་ཚིགས་ཀྱང་ཡོད་དེ། ཁམས་དང་མོས་པ་སྒྲུབ་པ་འབྲས་བུ་སོགས་ཐ་དད་པ་དམིགས་པ་དེ། སོ་སྐྱེ་རྣམས་ལ་རིགས་ལྔ་སོགས་རིགས་ཐ་དད་པ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་པའི་ཕྱིར། མདོ་སྡེ་རྒྱན་ལས། ཁམས་རྣམས་དང་ནི་མོས་པ་དང༌། །སྒྲུབ་པ་ཐ་དད་དབྱེ་བ་དང༌། །འབྲས་བུ་ཐ་དད་དམིགས་པའི་ཕྱིར། །རིགས་ཡོད་ཉིད་དུ་ངེས་པ་ཡིན། །ཞེས་གསུངས་པའི་ཕྱིར། འདི་དག་འབྲས་རྟགས་ལྔའི་རྒྱུ་ཁྱད་པར་སྒྲུབ་ལ་སྦྱར་ལ་འགོད་ཚུལ་གྱི་རྒྱུ་སྔོན་སོང་སྒྲུབ་ཀྱང་ཡོད་དོ། །གཞུང་འདིར་བཤད་པའི་འབྲས་རྟགས་ཡང་དག་ལ་རྒྱུ་དངོས་སྒྲུབ་སོགས་དྲུག་ཡོད་དེ། མཚན་གཞི་ནི། དུ་བ་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་རྒྱུ་དངོས་སྒྲུབ་ཀྱི་འབྲས་རྟགས་ཡང་དག་དང༌། སྐྱེས་ཙམ་ནས་ཟ་སོགས་ཤེས་པ་དེ་བེའུ་རང་གི་སྐྱེ་བ་སྔ་མའི་གོམས་པ་སྔོན་སོང་དུ་སྒྲུབ་པའི་རྒྱུ་སྔོན་སོང་སྒྲུབ་ཀྱི་འབྲས་རྟགས་ཡང་དག་དང༌། རེས་འགའ་བའི་དངོས་པོ་དེ་ཉེར་ལེན་གྱི་ཕུང་པོ་རང་རྒྱུ་དང་བཅས་པར་སྒྲུབ་པའི་རྒྱུ་སྤྱིའམ་རང་ལྡོག་སྒྲུབ་ཀྱི་འབྲས་རྟགས་ཡང་དག་དང༌། རང་གི་དམིགས་རྐྱེན་མེད་པར་མི་སྐྱེ་བའི་དངོས་པོ་དེ། སྔོར་སྣང་དབང་ཤེས་རང་གི་དམིགས་རྐྱེན་དང་བཅས་པར་སྒྲུབ་པའི་རྒྱུ་ཁྱད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་དང༌། བུ་རོ་ཕྱི་མ་དེ་ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུ་རོ་སྔ་མས་བུར་གཟུགས་ཕྱི་མ་སྐྱེད་པའི་ནུས་པ་ཡོད་པར་སྒྲུབ་པའི་རྒྱུ་ཆོས་རྗེས་དཔོག་གི་འབྲས་རྟགས་ཡང་དག་དང༌། རང་གི་ཉེར་ལེན་དང་ལྷན་ཅིག་བྱེད་རྐྱེན་གྲངས་མ་ཚང་བར་མི་སྐྱེ་བའི་དངོས་པོ་དེ། མྱུ་གུ་རང་གི་རྒྱུ་རྐྱེན་དུ་མ་ཚོགས་པ་ལས་སྐྱེ་དགོས་པར་སྒྲུབ་པའི་རྒྱུ་གྲངས་ཚང་སྒྲུབ་ཀྱི་འབྲས་རྟགས་ཡང་དག་རྣམས་ཡོད་པའི་ཕྱིར། རྒྱུ་སྔོན་སོང་གི་དེ་ནི། དབུ་མ་སྙིང་པོ་ལས། བེའུ་ཡང་སྔོན་ཆད་གོམས་བྱས་པས། །བྱུང་མ་ཐག་ཏུ་ཟས་འཚོལ་བྱེད། །ཟས་ཀྱི་དོན་དུ་བསྐྱོད་པའི་ཕྱིར། །དཔེར་ན་དབང་པོ་སྨིན་པ་བཞིན། །ཞེས་པས་སོ། །ཡང་འབྲས་རྟགས་ཡང་དག་ལ་དབྱེ་ན་གཉིས་ཡོད་དེ། མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པའི་དེ་དང༌། རྣམ་གཉིས་སུ་འཇུག་པའི་གཉིས་ཡོད་པའི་ཕྱིར། དུ་བ་དུ་ལྡན་ལ་ལ་དུ་བའི་རྒྱུར་གྱུར་པའི་མེ་ཡོད་པར་སྒྲུབ་པའི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་དང༌། དུ་བ་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པའི་འབྲས་རྟགས་ཡང་དག་ཡིན་པས་གཞན་ལའང་རིགས་པ་བསྒྲེ་ལ། སྔ་མ་བཤད་པ་མང་ཞིང་རྣམ་གཉིས་སུ་འཇུག་པའི་འབྲས་རྟགས་ཡང་དག་བཤད་པ་ནི། དེའི་ཕྱིར་འབྲས་རྣམ་གཉིས་སུ་འཇུག །ཅེས་པས་བསྟན་ཏོ། །

          གསུམ་པ་རྟགས་ཆོས་དོན་གསུམ་ངོས་བཟུང་བ་ནི། དུ་བ་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་ཡིན་ཏེ། དེ་སྒྲུབ་ཀྱི་འབྲས་རྟགས་ཡང་དག་ཡིན་པའི་ཕྱིར། དུ་བ་དང་དུ་བ་འབྱུང་བ་དང་དུ་བ་འཐུལ་བ་རྣམས་རེ་རེ་ནས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་ཏེ། དེ་རེ་རེ་ནས་དུ་བའི་རྟགས་ཀྱིས་དེ་སྒྲུབ་ཀྱི་འབྲས་རྟགས་ཡང་དག་ཏུ་རྣམ་འགྲེལ་ངེས་རྩ་འགྲེལ་སོགས་ལས་བཤད་པའི་ཕྱིར། དུ་བ་མ་ཡིན་པ་ལས་ལོག་པ་དང༌། དུ་བ་ཡོད་པ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་ཡང་འབྲས་རྟགས་ཡང་དག་མ་ཡིན་ཏེ། དེ་དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་ཡིན་པའི་ཕྱིར་དང༌། དེ་དུ་བའི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྟགས་ཡང་དག་ཀྱང་མ་ཡིན་ནོ། །མེ་དང་མེ་ཡོད་པ་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་སྦྱོར་སྐོར་གཅིག་དང་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་གཉིས་ཀ་ཡིན། མེ་ཚད་མས་དམིགས་པ་དང་ཚ་ཞིང་སྲེག་པ་རྣམས་རེ་རེ་ནས་སྦྱོར་སྐོར་གཅིག་གི་ཆོས་སུ་གཟུང་བྱ་ཡིན་ཡང༌། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་མ་ཡིན་ཏེ། མེ་དང་མེ་ཡོད་དག་གཉིས་གང་དང་མི་གཅིག་པའི་ཕྱིར། སོགས་སོ། །

           ཡང་ཚ་ཞིང་སྲེག་པ་ཚད་མས་དམིགས་པ་ཆོས་ཅན། ཁྱོད་དུ་ལྡན་ལ་ཁྱོད་དུ་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་པར་ཐལ། ཁྱོད་བདག་མེད་ཡིན་པའི་ཕྱིར། དེས་སྒྲུབ་ཆོས་གཞན་ལ་རིགས་འགྲེ། དུ་བ་ཆོས་ཅན། ཁྱོད་ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་གཏན་ཚིགས་ཡིན་པར་ཐལ། བདག་མེད་ཡིན་པའི་ཕྱིར། རྟགས་གཞན་ལ་འདྲ། ལའི་མེ་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་དང༌། ལའི་དུ་བ་དེ་སྒྲུབ་ཀྱི་གཏན་ཚིགས་བྱས་ན་མི་རུང་སྟེ། རྣམ་བཤད་ལས། ལའི་དུ་བ་ཡང་ཁོ་བོ་རྟགས་སུ་མི་འདོད་དེ། དེ་ལྟར་ན་ལའི་མེ་ཉིད་བསྒྲུབ་བྱའི་ཆོས་སུ་འགྱུར་བ་དང་ལའི་དུ་བ་ཡང་ཚངས་མང་ལ་རྗེས་སུ་མི་འགྲོ་བས་རྗེས་ཁྱབ་ངེས་ན་བསྒྲུབ་བྱ་གྲུབ་པར་ཐལ་བ་དང༌། ཡང་དག་འགལ་རྟགས་སུ་ཐལ་བ་དང༌། ཐུན་མོང་མ་ཡིན་པའི་རྟགས་ཡང་དག་ཏུ་ཐལ་བའི་ཉེས་པ་གསུམ་མོ་ཞེས་གསུངས་པའི་ཕྱིར། ཉེས་པ་གསུམ་གྱི་དང་པོ་ནི། དུ་ལྡན་ལའི་མེ་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཡིན་པར་ཐལ། དུ་ལྡན་ལའི་དུ་བ་དེ་སྒྲུབ་ཀྱི་གཏན་ཚིགས་ཡིན་པའི་ཕྱིར། འདོད་ན། དུ་ལྡན་ལའི་མེ་ཆོས་ཅན། དེ་སྒྲུབ་ཀྱི་རྗེས་ཁྱབ་གྲུབ་ན་ཁྱོད་གྲུབ་དགོས་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་ཆོས་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དེ་སྒྲུབ་ཀྱི་བསྒྲུབ་བྱ་ཡང་དག་མ་ཡིན་པར་ཐལ་ལོ། །ཉེས་པ་གཉིས་པ་ནི། དུ་བ་ཆོས་ཅན། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། ཁྱོད་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་འགལ་རྟགས་ཡིན་པའི་ཕྱིར། དེར་ཐལ། ཁྱོད་ཀྱི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་རྗེས་ཁྱབ་ཕྱིན་ཅི་ལོག་ཏུ་གྲུབ་པའི་ཕྱིར། དེར་ཐལ། མཐུན་དཔེ་ཚངས་མང་སྟེང་དུ་དེ་ལྟར་གྲུབ་པའི་ཕྱིར། འཁོར་གསུམ་ཁས། དེར་ཐལ། ལའི་མེ་དེ་སྒྲུབ་ཀྱི་ཆོས་དང་ལའི་དུ་བ་དེ་སྒྲུབ་ཀྱི་རྟགས་གང་ཞིག །ཚངས་མང་གི་སྟེང་དུ་དེ་གཉིས་མེད་པའི་ཕྱིར། ཉེས་པ་གསུམ་པ་ནི། དུ་བ་དེ་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་པར་ཐལ། དུ་ལྡན་ལའི་དུ་བ་དེ་སྒྲུབ་ཀྱི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར། ཁྱབ་པ་སོང༌། རྟགས་མ་གྲུབ་ན། དུ་ལྡན་ལའི་དུ་བ་ཆོས་ཅན། ཁྱོད་དེ་སྒྲུབ་ཀྱི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་སུ་ཐལ། ཁྱོད་དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་ཁྱོད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་མ་ངེས་པའི་ཕྱིར། རྟགས་སོང༌། དེར་ཐལ། དུ་ལྡན་ལའི་མེ་དེ་སྒྲུབ་ཀྱི་ཆོས་གང་ཞིག །གང་ཟག་དེས་ཁྱོད་དུ་ལྡན་ལའི་མེ་ཡོད་དུ་མ་ངེས་པའི་ཕྱིར། འཁོར་གསུམ་ཁས། དེ་ལ་ཁོ་ན་རེ། མངོན་སུམ་གྱིས་མཐོང་བའི་ལའི་དུ་བ་རྟགས་སུ་བྱེད་ཟེར་ན་སྐྱོན་སྔ་མ་གསུམ་འོངས་ཏེ། རྣམ་བཤད་ལས། མངོན་སུམ་གྱིས་ལ་ལ་སོགས་སོ།  །ཡང་ཁོ་ན་རེ། རྟགས་འགོད་པའི་ཚེ་དུ་བ་ཙམ་བཀོད་ཀྱང་སོང་བ་ནི་ལའི་དུ་བ་རྟགས་སུ་སོང་ཟེར་རོ། །དེ་ལ་ཡང་སྐྱོན་སྔ་མ་གསུམ་ཡང་ཡོད་ལ། དེ་ལྟར་སྨྲ་མཁན་དེ་ནི་ཆོས་ཅན། ཁྱོད་ཀྱིས་འདི་རྟགས་སུ་སོང་ཞེས་སྨྲས་པ་དོན་མེད་པར་ཐལ། ཁྱོད་ཀྱིས་རྟགས་སུ་གང་སྨྲས་པ་དེ་རྟགས་སུ་མ་སོང༌། རྟགས་སུ་གང་སོང་བ་དེ་ཁྱོད་ཀྱིས་སྨྲ་མི་ནུས་པའི་ཕྱིར། རྟགས་གསལ་ཁས། མ་གྲུབ་ན། དེ་ཆོས་ཅན། དེ་སྨྲས་ན་ཁྱོད་ལ་ཐོག་ལྷུང་བའམ་ནད་ལྟ་བུ་ཞིག་འོང་བར་ཐལ། ཁྱོད་ཀྱིས་དེ་སྨྲ་ནུས་ཀྱང་མ་སྨྲས་པར་གཞན་ཞིག་ནན་གྱིས་སྨྲས་པའི་ཕྱིར། འཁོར་གསུམ་ཁས། རྣམ་བཤད་ལས། གང་སོང་བ་དེ་སྨྲས་ནུས་ན་ཡང་དེ་ཉིད་བཀོད་པས་ཆོག་མོད། ནད་འོང་བར་མཐོང་ནས་མ་བཀོད་དམ་ཞེས་སོ། །ཡང་ཁ་ཅིག །འགོད་པའི་ཚེ་ལའི་དུ་བ་རང་མཚན་བཀོད་ལ། རྟགས་སུ་སྤྱི་མཚན་སོང་བར་འདོད་དོ། །དེ་ལའང་ཉེས་པ་གསུམ་དང༌། ཁྱད་པར་དུ་གང་ཟག་དེ་ཆོས་ཅན། ཁྱོད་སྨན་གྱིས་རྣ་དབང་གསོས་ནས་ལེགས་པར་གསན་རིགས་པར་ཐལ། ཁྱོད་ཀྱི་རྣ་བས་ཆོས་གྲགས་ཀྱིས་དེ་སྒྲུབ་ཀྱི་རྟགས་སུ་བཀོད་པ་དེ་གཞན་གྱིས་སྨྲས་ཀྱང་མ་ཐོས། གཞན་གྱིས་མ་བཀོད་པའི་ལའི་དུ་བ་རང་མཚན་པ་ཡོད་པའི་ཕྱིར་ཞེས་ཐོས་པའི་ཕྱིར། དེར་ཐལ། དེ་ལྟར་ཐོས་ནས་དེ་ལྟར་བཀོད་ཀྱང་ལའི་དུ་བ་སྤྱི་མཚན་པ་ཡིན་པར་འདོད་པའི་ཕྱིར། འཁོར་གསུམ་ཁས། རྣམ་བཤད་ལས། དེས་ཀྱང་སྨན་གྱི་སྦྱོར་བས་རྣ་བའི་དབང་པོ་མ་ཉམས་པར་བྱས་ལ་ལེགས་པར་ཉན་དགོས་སོ། །ཞེས་སོ། །

           ཡང་སྔར་བཤད་པ་ལྟར་རང་གཞན་གྱི་ཁ་ཅིག་ན་རེ། དུ་བ་དང་མེ་ལ་གོ་བྱེད་དང་གོ་བྱར་འདོད་པ་ཕྱིན་ཅི་ལོག་ཡིན་པར་ཐལ། དུ་བ་ཡོད་དུས་མེ་འགག་ཟིན་པའི་ཕྱིར་ན་མ་ཁྱབ། འོ་ན། དུ་བ་ཆོས་ཅན། འབྲས་བུ་ཡིན་ཏེ། ཕན་གདགས་བྱ་ཡིན་པའི་ཕྱིར་ཞེས་བཀོད་པའི་ཚེ་ཕན་གདགས་བྱ་དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་གམ་གོ་བྱེད་དུ་མི་རུང་བར་ཐལ། དུ་བ་གྲུབ་ན་ཕན་གདགས་བྱའི་དེ་སྒྲུབ་ཀྱི་ཕྱོགས་ཆོས་མ་གྲུབ་དགོས། དུ་བ་མ་གྲུབ་ནའང་དེ་སྒྲུབ་ཀྱི་ཕྱོགས་ཆོས་མ་གྲུབ་དགོས་པའི་ཕྱིར། དང་པོ་གྲུབ་སྟེ། དུ་བ་གྲུབ་ན་ཕན་གདགས་བྱ་མ་ཡིན་དགོས་པའི་ཕྱིར། དེར་ཐལ། དེ་མིན་ན་ཕན་གདགས་བྱའི་རྟགས་ཀྱིས་དུ་བ་འབྲས་བུར་སྒྲུབ་པའི་ཕྱོགས་ཆོས་མ་གྲུབ་དགོས་པའི་ཕྱིར། རྟགས་སོང༌། དེར་ཐལ། དུ་བ་ཡོད་ན་མེ་མེད་དགོས་པའི་ཕྱིར་སོགས། རྩ་རྟགས་གཉིས་པ་གྲུབ་སྟེ། དུ་བ་མ་གྲུབ་ན་ཕན་གདགས་བྱ་དུ་བའི་སྟེང་དུ་འགོད་ཚུལ་དང་མཐུན་པར་མི་འགྲུབ་པའི་ཕྱིར། གཞན་ཡང་རྫས་ཐ་དད་མི་སྲིད་པར་ཐལ། དུ་བ་དང་མེ་གཉིས་ཡོད་རྫས་ཐ་དད་མ་ཡིན་པའི་ཕྱིར། དེར་ཐལ། དེ་གང་རུང་ཞིག་ལས་མེད་པའི་ཕྱིར། གཞན་ཡང༌། ཚིག་སྔ་ཕྱི་འགལ་བ་མེད་པར་ཐལ། དེ་གཉིས་གང་རུང་ཞིག་ལས་མེད་པའི་ཕྱིར། གཞན་ཡང༌། ཁྱོད་ཀྱིས་དེ་ལྟར་རྩོད་པ་དེ་ཚིག་དོར་རམ་ལྟག་ཆོད་ཡིན་པར་ཐལ། ཕར་ལ་སྐྱོན་གང་བསྟན་ཚུར་ལ་རང་གི་ཚིག་དེ་ལའང་འཇུག་པའི་ཕྱིར། ཚད་མ་ཀུན་བཏུས་ལས། ལྟག་ཆོད་རྣམས་ལ་རྩོད་སྒྲུབ་ཏུ། །ཕྱིན་ཅི་ལོག་དང་རྫུན་ཉིད་དང༌། །འགལ་བ་ཉིད་དེ་སྐྱོན་གསུམ་སྟེ། །གསུམ་པ་ཐ་དད་དུ་མཚོན་མིན། །ཞེས་རྩོད་སྒྲུབ་ཀྱི་ལྟག་ཆོད་གསུམ་བཤད་ཀྱང་ལྟག་ཆོད་རེ་རེ་ལའང་སྐྱོན་དེ་གསུམ་ཡོད་པས་དེ་གསུམ་ཐ་དད་མི་མཐུན་པར་བཤད་པའི་ཕྱིར་ཏེ། མདོའི་རང་འགྲེལ་ལས། དེའི་ཕྱིར་ལྟག་ཆོད་རྣམས་ལ་ཕྱིན་ཅི་ལོག་དང༌། ཡང་དག་པ་མ་ཡིན་པ་དང༌། འགལ་བ་ཉིད་རྣམས་འདྲེས་པས་སྐྱོན་མེད་པར་བརྗོད་པར་མི་ནུས་སོ། །ཞེས་གསུངས་པའི་ཕྱིར། དེ་སྐད་དུ་རྣམ་བཤད་ལས། ཉེས་པ་དུ་མར་འགྱུར་པས་ལྟག་ཆོད་འབའ་ཞིག་གོ །ཞེས་གསུངས་པའི་ཕྱིར། ཡང་ཁོ་ན་རེ། མེ་གསལ་བ་དང་འོད་རྣོ་བ་དང་ལྷབ་ལྷབ་འབར་བ་སོགས་ཀྱང་དུ་བ་སྐྱེད་བྱེད་ཡིན་པར་ཐལ། མེ་དུ་བ་སྐྱེད་བྱེད་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། དེ་དག་མེད་ཀྱང་དུ་བ་འབྱུང་བ་ཡང་ཡོད། དེ་དག་གང་རུང་ཡོད་ཀྱང་དུ་བ་མི་སྐྱེད་པ་ཡང་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། གཙུབ་ཤིང་གཙུབ་པ་ལས་གསལ་བ་དང་འོད་དང་འབར་བ་གསུམ་གང་ཡང་མེད་པའི་མེ་ལས་དུ་བ་འབྱུང་བ་མཐོང་བའི་ཕྱིར། དེར་ཐལ། རྣམ་ངེས་འགྲེལ་པ་ལས། གལ་ཏེ་གཙུབ་ཤིང་གཙུབ་པ་ལ་སོགས་པ་དག་ལས་མེ་མེད་ཀྱང་དུ་བ་འབྱུང་བས་འབྲས་བུ་མ་ཡིན་ནོ་ཞེ་ན་མ་ཡིན་ཏེ། བུད་ཤིང་འགྱུར་བའི་རྒྱུ་དྲོ་བའི་རེག་པའི་ཁྱད་པར་ནི་མེ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཞེ་ན་ཡན་ཆད་མེ་དམར་འབར་བ་མེད་པས་རྩོད་པ་བཀོད་ནས་ལན་དུ་དྲོ་བའི་ཁྱད་པར་ཞེས་པའི་ཚ་ཞིང་སྲེག་པའི་མེའི་ངོ་བོ་དང་བྱེད་ལས་བུད་ཤིང་གི་འགྱུར་བ་སྟེ་གཙུབ་ཤིང་ཅུང་ཟད་ཚིག་པ་དང་སོལ་བར་བྱས་པ་བསྟན་པའི་ཕྱིར། འདིས་ནི་མེའི་གོ་དོན་ཤེས་པར་གྱིས་ལ་དུས་འཁོར་ལྟར་ཆུ་ལྔ་དང༌། རིན་ཆེན་འཕྲེང་བ་དང༌། ས་སྡེ་ལྟར་འབྱུང་བ་གསུམ་ལྡན་སོགས་ཀྱང་ཤེས་དགོས་ཤིང་ཞིབ་ཆ་གལ་ཆེ། རྩ་རྟགས་གཉིས་པ་གྲུབ་སྟེ། མེ་ཡིན་ན་འབྲས་བུ་དུ་བ་སྐྱེད་པར་ངེས་པས་མ་ཁྱབ་པའི་ཕྱིར། མ་གྲུབ་ན། བུད་ཤིང་ཡིན་ན་མེ་སྐྱེད་པར་ངེས་པས་ཁྱབ་པར་ཐལ། མ་གྲུབ་པ་དེའི་ཕྱིར་དང༌། དུ་བ་མེད་པའི་གློག་ཕྲ་མོ་དང༌། རྡོ་ལྕགས་བརྡབ་པའི་མེ་སྟག་སོགས་ལ་དུ་བ་སྐྱེད་པའི་ངེས་པ་མེད་པའི་ཕྱིར། རྣམ་ངེས་རང་འགྲེལ་ལས། གལ་ཏེ་དེ་ལས་སྐྱེས་པའི་ཕྱིར། །ཞེས་པ་ནས། མ་ཡིན་ཏེ། དེ་མེད་པར་འབྱུང་བ་ནི་དེ་ལས་སྐྱེས་པར་ངེས་པ་མེད་པའི་ཕྱིར་རོ། །ཞེས་དང༌། དེའི་དར་ཊིཀ་ལས། རྒྱུའི་རིགས་དེ་མེད་པར་འབྱུང་བ་ནི་རྒྱུ་དེ་ལས་སྐྱེ་བར་ངེས་པ་མེད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། ལེའུ་འདིའི་རང་འགྲེལ་འདི་ལྟར་བཤད་དགོས་ཀྱང་ཊིཀ་སྤྱི་ཐལ་གསུམ་གྱིས་མ་ཐོན་པ་ལེགས་པར་བཤད་20ཡོད་དོ། །འགྲུབ་བྱེད་ཚད་མ་སླའོ། །

(20) པར་ཐེངས་གཉིས་པ། ཡོད་དེ།

                                                                                                                       རྩོམ་སྒྲིག་པ། མང་ར་བ།

             གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                         དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།