བློ་རིག་གི་དྲིས་ལན་རྣམ་དཔྱོད་པདྨོ་རྒྱས་པའི་ཉིན་བྱེད།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-04-25 22:48:22     རྩོམ་པ་པོ།   སེར་བྱེས་འཇམ་དཔལ་བློ་ཤེས།    ཀློག་ཐེངས།  

           

0947429804.jpg

         འདིར་ཡོངས་འཛིན་བློ་རིག་གི་ནང་དོན་འགའ་ཞིག་ལ་དོགས་སློང་དང་དཔྱད་པ་རིགས་འཕྲུལ་སོགས་དྲི་བ་དང་ལན་གྱི་ཚུལ་དུ་འགོད་པར་བྱའོ།།སྤྱིར་ཡོངས་འཛིན་ཕུར་ལྕོག་པའི་གསུང་བསྡུས་གྲྭ་ཆུང་འབྲིང་ཆེ་གསུམ་བློ་རྟགས་བཅས་པའི་བསྡུས་གཞུང་རིགས་ལམ་འཕྲུལ་ལྡེ་ཞེས་པ་རྒྱས་བསྡུས་འཚམས་ཤིང་ལྟ་ཀློག་བདེ་བའི་ཚད་མ་རིག་པའི་སྒོ་འབྱེད་ཀྱི་ལྡེ་མིག་འདི་ནི།གོང་ས་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པས་བསྡུས་གྲྭ་གསན་གཟིགས་མཛད་པའི་སྐབས་སུ་ཡོངས་འཛིན་ཕུར་ལྕོག་བྱམས་མགོན་རིན་པོ་ཆེས་མཛད་པ་ཞིག་རེད།ད་ལན་དོགས་སློང་དང་འབྲེལ་བའི་དྲའི་ལན་རྣམས་གཞུང་འདིའི་ནང་ཚན་གྱི་བློ་རིག་ཐོག་ནས་ཞུ་རྒྱུ་ཡིན།དེ་ཡང་ལས་དང་བོ་བ་ཚོས་རྟགས་གསལ་དང་འབྲེལ་བའི་དོགས་སློང་བྱེད་ལུགས་དང་། གཞུང་གི་གནད་ཆེ་ས་དང་འགག་དོགས་ས་ཚོ་ལ་བསམ་བློ་གཏོང་སྟངས་ཤིག་དང་གནད་འགག་ངོས་ཛིན་ལེགས་པོ་ཞིག་ཡོང་བའི་དམིགས་ཡུལ་བཟུང་ནས།གཞུང་འགྲེལ་ཐ་ཆགས་སུ་བྱེད་པ་དང་རང་རྐང་གི་གཞུང་ཞིག་བརྩམས་པ་ལྟ་བུ་མ་ཡིན་པར་བློ་རྟགས་བསྡུས་གྲྭའི་སྐོར་གནད་འབུར་ཐོན་ཡོངཆེད་དྲི་བ་དང་དེ་ལ་ལན་གྱི་ཚུ་དུ་བཀོད་པ་ཡིན།འདི་ལ་ཐོག་མའི་གསལ་བཤད་ཞུ་རྒྱུར།འོག་གི་དོགས་སློང་དང་དགག་གཞག་གི་སྤྲོས་པ་བྱས་པ་ཐམས་ཅད་སྤྱིར་མདོ་སྡེ་བའི་རང་ལུགས་ཀྱི་རྣམ་གཞག་དེ་དག་ལ་རྟགས་གསལ་འདི་འདྲ་བྱུང་ན་ནང་འགལ་བའི་སྐྱོན་ཇི་ལྟར་སེལ་ཏམ་ཞེས་པའམ།ཁས་ལེན་དེ་འདྲ་བ་ལ་རྟགས་གསལ་འདི་ལྟ་བུ་བྱུང་ན་སྐྱོན་སྤོང་ཇི་ལྟར་བྱེད་ཅེས་དོགས་པ་ཁོང་ན་སློང་བ་ཡིན་གྱི་ཡོངས་འཛིན་ཕུར་ལྕོག་བྱམས་མགོན་རིན་པོ་ཆེའི་གསུངས་པ་དེ་མི་འཐད་ཅེས་དགག་པ་བྱེད་པའམ་དེ་ལ་ཟུར་ཟ་བ་སོགས་གཏན་ནས་མ་ཡིན་ཞིངམི་སྤོབས་ཏེ།ཁོང་ནི་གཞུང་ལུགས་རབ་འབྱམས་ལ་མཁས་པའི་ཕུལ་དུ་བྱུང་ཞིང་ཉམས་རྟོགས་གཞན་འདྲེན་མ་མཆིས་པའི་སྐྱེས་ཆེན་དམ་པ་ཞིག་ཡིན་པས་དད་གུས་བླ་ན་མེད་པ་ཞིག་ཡོད།གུས་པ་རང་ཉིད་རིགས་ལམ་གྱི་འགྲོས་ལ་ཁ་ཕྱོགས་ཐུབ་པ་ཙམ་འདི་ཡང་ཁོང་གི་གཞུང་བཟངའདིའི་བཀའ་དྲིན་ལས་བྱུང་ཞིང་།གཞུངའདིའིནང་དོན་དག་ནི་བྱས་མགོན་རིན་པོ་ཆེ་ཁོང་ཐུགས་བཞེད་ཀྱི་ལྟ་བའི་རང་ལུགས་མ་ཡིན་པར་མདོ་སྡེ་བ་དག་གི་ལུགས་བསྐྱར་ནས་དེ་དག་གི་འདོད་ཚུལ་གསུངས་པའི་ཕྱིར་རོ། །དོགས་སློང་འདིའི་སྐབས་ཀུན་དུ་རྟགས་གསལ་འཕངས་པ་དང་དོགས་སློང་བཀོད་པ་ཐམས་ཅད་ལ་དེ་ལྟར་ཤེས་དགོས་སོ།།ཞེས་ཐོག་མའི་གས་འདེབས་ཀྱི་ཚུལ་དུ་ཕུལ་བ་ལགས་སོ།།དེ་ནས་དོགས་སློང་གི་དྲིས་ལན་དངོས་ལ་འཇུག་པ་ལ།དྲི་བ་དང་པོ།སྤྱི་བློ་རིག་ཤེས་གསུམ་དོན་གཅིག་པར་གསུངས་པ་དང་།རིག་པ་བློའི་མཚན་ཉིད་དང་།གསལ་ཞིང་རིག་པ་ཤེས་པའི་དོན་དུ་གསུངས་པ་སོགས་ཀྱི་གོ་དོན་གང་ཡིན་ནམ།

            ལན།སྤྱིར་བློ་རིག་པ་ཤེས་པ་གསུམ་དོན་གཅིག་ཏུ་ཡོངས་གྲགས་ལྟ་བུར་གྱུར་འདུག་མོད།འོན་ཀྱང་མཁས་གྲུབ་རྗེས་སྡེ་བདུན་དུ།སེམས་དང་བློ་དང་རིག་པ་རྣམས་དོན་གཅིག་པར་གསུངས་པས་དཔྱད་གཞི་ཅུང་ཟད་ཡོད་དེ།དེ་ལྟར་ན་ཤེས་པ་ཡིན་ན་སེམས་ཡིན་པས་ཁྱ་པར་ཁས་ལེན་དགོས་པས་སེམས་བྱུང་རྣམས་ཀྱང་སེམས་སུ་ཐལ་བར་ལྡོག་ཏུ་མེདདོ།།མཁས་གྲུབ་ཀྱི་གསུང་འདི་ལྟར་ན།སེམས་ལ་གཙོ་སེམས་ཀྱིས་ཁྱབ་པར་ཁས་ལེན་ན་བདེ་མོ་འོན་ཀྱང་གཞུང་མང་ཆེ་བར་སེམས་དང་སེམས་བྱུང་མཚུངས་ལྡན་རྣམ་པ་ལྔ་མཚུངས་སུ་བཤད་པས་སེམས་ལ་གཙོ་སེམས་ཀྱིས་ཁྱ་པར་ཁས་ལེན་ན་ཀུན་དང་མཐུན་ཆེ་བར་སེམས།གསལ་ཞི་རིག་པ་ཞེས་པའི་དོན་ནི།རང་གི་ངོ་བོ་བེམ་གཟུགས་ལས་འདས་པས་ངོ་བོ་གསལ་བ།ཡུལ་གཟུགས་སོགས་ཡུལ་དུ་གསལ་བས་བྱེད་ལས་གས་བ།དྲི་མ་གློ་བུར་བས་བསྒྲིབ་ས་པ་ཙམ་ལས་རང་བཞིན་ལ་དྲི་མས་བསླད་པ་མ་ཞུགས་པས་རང་བཞིན་གསལ་བ་བཅས་གསལ་བའི་དོན་ཡིན།རིག་པ་ཞེས་པ་ནི་ཤེས་པའི་བྱེད་ལས་ཏེ་ཡུལ་རིག་འམ་མཐོང་བའི་བྱ་བ་བྱེད་པས་རིག་པ་ཞེས་བྱ།འོན་ཀྱང་གོ་དོན་འདིའི་ཐོ་ནས་ཤེས་པ་ཡང་དག་པ་དང་ཡང་དག་པ་མ་ཡིན་པ་ཀུན་ལ་ཁྱ་པར་ཅུང་ཁག་པོ་ཡིན།

དཔེར་ན།བློ་རག་གི་གཞུང་ལས་བློ་ཡིན་ན་ཡུལ་རིག་པའི་བློ་ཡིན་པས་མ་ཁྱབ་པ་དང་།ཡུལ་རིག་པའི་བློ་ནི་ཡུལ་རྟོགས་པའི་བློ་ལ་གསལ་བོར་གསུངས་པས།ལོག་ཤེས་རྣམས་ཡུལ་རིག་པའི་བློ་མིན་པར་གསལ་བར་བསྟན་འདུགདེ་ལ་གངས་རི་སྔོ་སྣང་གི་ཤེས་པ་ཆོས་ཅན།ཡུལ་རིག་པའི་བློ་མིན་པར་ཐལ།འདོད་པའི་ཕྱིར།འདོད་ན།གསལ་ཞི་རིག་པ་མིན་པར་ཐལ།འདོ་པ་གང་ཞིགརིག་པ་དོན་ཞིག་དགོས་པའི་ཕྱི་དང་རིག་པ་ཞེས་པ་ཤེས་པའི་བྱེད་ལས་ལ་སྦྱར་དགོས་པའི་ཕྱིར།མིན་ན་གོ་དོན་ཅི་ལྟར་ཡིན་གསལ་བར་གསུང་ཤིག་ཅེས་དོགས་སློང་བྱའོ།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།