གཅིག་ལས་འཕྲོས་པའི་བསྟོད་པ།
༄༅༅། །རྒྱ་གར་སྐད་དུ། ཨེ་ཀོཏྟ་རི་ཀ༌སྟ་བ། བོད་སྐད་དུ། གཅིག་ལས་འཕྲོས་པའི་བསྟོད་པ། །འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །ཆོས་གཅིག་ལ་ནི་མངོན་དགྱེས་ཤིང་། །ནགས་སུ་གཅིག་པུར་བཞུགས་པ་དང་། །འཇིག་རྟེན་རྣམས་ཀྱི་མིག་གཅིག་གྱུར། །འཇིག༌རྟེན་མིག་གཅིག་ཕྱག་འཚལ་ལོ། །རྐང་གཉིས་རྣམས་ཀྱི་མཆོག་གྱུར་པ། །བདེན་པ་གཉིས་ནི་རྣམ་པར་བསྒོམས། །གྲོགས་གཉིས་པ་ནི་མི་མངའ་བ། །གཉིས་མེད་གསུང་ལ་ཕྱག་འཚལ་ལོ། །ཏིང་འཛིན་གསུམ་དང་ལྡན་པ་དང་། །དཀོན་མཆོག་གསུམ་པོ་ཆ་མཉམ་ཞིང་། །སྡུག་བསྔལ་གསུམ་གྱི་ཆུ་ལས་རྒལ། །འཇིག་རྟེན་གསུམ་འཚོ་ཕྱག་འཚལ་ལོ། །བསྟན་པ་རྣམ་པ་བཞི་པོ་དང་། །བསམ་གཏན་བཞི་ཡི་རྣམ་པ་ཅན། །སྦྱོར་བ་བཞི་དང་རྣམ་བྲལ་བ། །བདེན་བཞི་མཁྱེན་ལ་ཕྱག་འཚལ་ལོ། །ཕུང་པོ་ལྔ་ཡི་ཆགས་བྲལ་ཞིང་། །དབང་པོ་ལྔ་ནི་རྣམ༌པར་བསྒོམས། །ཡན་ལག་ལྔ་དང་རྣམ་བྲལ་བ། །འགྲོ་ལྔ་གཅོད་ལ་ཕྱག་འཚལ་ལོ། །དབང་དྲུག་ཆུ་བོ༌ལ་གནས་ཤིང་། །རྒྱུན་དྲུག་ལ་ནི་རྣམ་པར་གནས། །ཕ་རོལ་ཕྱིན་དྲུག་ཡོངས་སུ་རྫོགས། །མངོན་ཤེས་དྲུག་ལ་ཕྱག་འཚལ་ལོ། །བྱང་ཆུབ་ཡན་ལག་རིན་ཆེ ན་བདུན། །འཕགས་པའི་ནོར་བདུན་སྩོལ་བ་པོ། །ཡན་ལག་བདུན་དང་རྣམ་བྲལ་བ། །སྲིད་བདུན་གཙོ་ལ་ཕྱག་འཚལ་ལོ། །ཡན་ལག་བརྒྱད༌ལས་བྱུང་བ་ཡི། །གང་ཟག་བརྒྱད་ནི་སྟོན་མཛད་ཅིང་། །འཇིག་རྟེན་ཆོས་བརྒྱད་སྤངས༌པ་པོ། །མི་ཁོམ་བརྒྱད་འཇོམས་ཕྱག་འཚལ་ལོ། །གནས་དགུའི་ཆག ས་ལས་རྣམ་གྲོལ་ཞིང་། །ཁོང་ཁྲོ་དགུ་ནི་རྣམ༌པར་སྤངས། །ཤིན་ཏུ་སྦྱངས་པ་དགུ་བརྙེས་པ། །ས་དགུ་མཁྱེན་ལ་ཕྱག་འཚལ་ལོ། །འཕགས་པའི་དགེ་འདུན་བཅུ་ཆོས་ཅན། །སྒྲིབ་པ་བཅུ་ནི་གཅོད་པར་མཛད། །འཕགས་པའི་གནས་བཅུ་ལ་དགྱེས་པ། །སྟོབས་བཅུ་ལྡན་ལ་ཕྱག་འཚལ་ལོ། །དེ་ལྟར་འཕགས་པ་སྟོབས་བཅུ་ལྡན་ལ་ཚིག་གིས་མཆོད་པའི་ཕྱིར། །བསྟོད་པས༌དེར་ནི་བདག་གིས་དགེ་བའི་རྩ་བ་གང་ཐོབ་པ། །དེས་འདིར་དམྱལ་དང་ཡི་དྭགས་དུད་འགྲོའི་སྡུག་བསྔལ་གྱིས་ཁྱབ་པའི། །འགྲོ་བ་སྲིད༌པའི་རྒྱ་མཚོ་ལས་ནི་རྒལ་བའི་རྒྱུར་གྱུར་ཅིག །གཅིག་ལས་འཕྲོས་པའི་བསྟོད་པ་སློབ་དཔོན་མ་ཏི་ཙི་ཊས་མཛད་པ་རྫོགས་སོ།། །།
བསྡུར་མཆན།
མཚན་བྱང་འདི་གཞུང་ལས་བླངས་ཏེ་བཀོད་ཅིང་། 《པེ་》གཅིག་འཕྲོས་བསྟོད་པ་ཞེས་བྱ་བ། 《སྣར་》གཅིག་འཕྲོས་བསྟོད་པ།《པེ་》《སྣར་》སྟོ་ཏྲཾ། 《པེ་》《སྣར་》འཇལ་དཔལ་གཞོན་ནུར་གྱུར་པ། 《པེ་》《སྣར་》རྟག་ཏུ་གཅིག་ཏུ། 《པེ་》《སྣར་》འགྱུར། 《པེ་》རྟེན་གཉེན།《སྣར་》རྟན་གཉེན། 《པེ་》《སྣར་》ཅིང་། 《པེ་》《སྣར་》བསྒོམ། 《པེ་》《སྣར་》དང་། 《པེ་》《སྣར་》པ། 《པེ་》《སྣར་》སོགས། 《པེ་》《སྣར་》པོའི། 《པེ་》《སྣར་》པ།《པེ་》《སྣར་》སྒོམ་ལ། 《པེ་》《སྣར་》ལས་བརྒལ་ཅིང་། 《པེ་》《སྣར་》ལས། 《པེ་》《སྣར་》གསོལ། 《པེ་》《སྣར་》གཅོད། 《པེ་》《སྣར་》ལམ་ལས་བྱུང་བའི། 《པེ་》《སྣར་》པའོ། 《པེ་》《སྣར་》སྤངས་ལ། 《པེ་》《སྣར་》བདག་གིས་དེང་ནི་དགེ་བ། 《པེ་》《སྣར་》པ་རྒྱ་མཚོ་རྣམས་ལས་རྒལ་བའི་དོན། 《པེ་》《སྣར་》ཏྲས། 《པེ་》《སྣར་》+རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བཏྟྲ་དང་། ལོཙྪ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་པ།
རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་ དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn