དགེ་ལུགས་དྲ་བའི་འཁྲུངས་སྐར་ལ་འབྱོར་བའི་ཤིས་ཚིག་འགའ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-24 11:42:01     རྩོམ་པ་པོ།   གསེར་ལག་སོགས།    ཀློག་ཐེངས།  

12.jpg

དམ་པ་གསེར་རིའི་ཕྲེང་བའི་རྣམ་ཐར་མཛེས།།

སྔོན་བྱུང་གཏམ་དང་ཆོས་ཀྱི་འབེལ་གཏམ་མང་།།

ལུགས་ལ་བྱང་ཆུབ་མཁས་པའི་བགྲོ་གླེང་གིས།།

བློ་གསལ་བློ་ཡི་སྒོ་མོ་ལེགས་པར་ཕྱེས།།

རིང་ནས་བརྒྱུད་པའི་རང་གི་ཕ་ཁྱིམ་གྱི།།

དྲི་མེད་ལུགས་བཟང་དགོས་འདོད་ཀུན་འབྱུང་ནོར་།།

ངོ་མཚར་དྲ་བའི་ལམ་ནས་མཇལ་བ་འདི།།

དགེ་ལུགས་དྲ་བའི་འཕྲིན་ལས་ཨེ་མ་ཧོ།།

༢༠༡༦ལོའི་ཧོར་ཟླ་བཅུ་བའི་ཉེར་ལྔ་ལ་དགེ་ལུགས་དྲ་བའི་སྒོ་ཕྱེས་ནས་ལོ་གཅིག་འཁོར་བའི་ཉིན་མོར་ངག་རིག་སྨྲ་བའི་གྲལ་མཐར་གནས་པ་བྱ་མདོ་རབ་རྒྱས་ཀྱིས་གུས་པས་ཕུལ་པའོ།།

        ཤིས་སྨོན་ལྷ་དར་དཀར་བོ།

དགེ་ལྡན་བསྟན་པའི་ཟབ་མོ་ལྟ་བ་དྲི་བྲལ་སྟོན་གྱི་ཟླ་བའི་འོད་དཀར་སྲིད་པ་ཆེན་པོའི་དབྱིངས་སུ་གསལ།།

ལུགས་བཟང་ཡང་དག་ཏིང་འཛིན་སྒོམ་གྱི་ཉམས་ལེན་རིམ་པས་བྱིང་རྨུགས་སེལ་ཞིང་དཔག་མེད་ཆོས་དབྱིངས་ཀློང་དུ་འབྱམས།།

དྲ་བའི་མིག་བཞིན་རིས་སུ་གསལ་བའི་འདུལ་བའི་བཅས་ཁྲིམས་རྒྱན་དུ་འཆང་བ་རིན་ཆེན་ནོར་བུའི་དོ་ཤལ་བཞིན།།

སྲིད་པའི་ཁྱོན་ན་འགྲན་པའི་ཟླ་བྲལ་ཞྭ་སེར་རིང་ལུགས་འཛིན་པའི་གྲུབ་མཐའ་ངོ་མཚར་རིག་པའི་འཕྲུལ་གྱིས་སྤེལ།།

  དགེ་ལུགས་པའི་དྲ་བ་ནི་དེང་སྐབས་ཀྱི་ཆོས་ལུགས་སློབ་གཉེར་བ་ཞིག་གམ།  དགེ་ལུགས་པའི་གྲུབ་མཐར་ཞིབ་འཇུག་བྱེད་མཁན་ཞིག་ལ་མཚོན་ན་ཤེས་བྱའི་སྒྲོམ་བུ་ཞིག་གམ་སྟབས་བདེའི་མྱུར་ལམ་ལྟ་བུ་ཞིག་ཏུ་མཐོང་སྟེ།   ང་ལ་མཚོན་ན་དགེ་ལུགས་པའི་དྲ་བ་ནས་དམ་པའི་རྣམ་ཐར་གཏམ་རྒྱུད་དང་།  ལོ་རྒྱུས་ཤེས་བྱ།  རྒྱུན་མཁོའི་འདོན་ཆོག་སོགས་རང་ལ་དགོས་པའི་ལག་ཡོང་མང་བོ་ཞིག་རེག་བྱུང་།  མ་འོངས་པར་ཡང་ཆོས་ལུགས་ཀྱི་གཏམ་རྒྱུད་དང་ཞིབ་འཇུག་སྐོར་གྱི་དཔྱད་རྩོམ་སྔར་ལས་མང་དུ་སྤེལ་བའི་རེ་བ་ཆེ།  ཞེས་གཟི་མིག་གསུམ་པས་གུས་ཕུལ།

ཤིས་ཚིག

དགེ་ལྡན་ལུགས་བཟང་དྲི་མེད་མན་ཤེལ་ཕྲེང་།

ཚིག་དོན་སྲད་བུར་བརྒྱུས་པའི་ལེགས་བཤད་གཏམ།།

གངས་ཅན་མཁའ་རུ་འདྲེན་པའི་གྲུ་གཟིངས་མཆོག།

དགེ་ལུགས་དྲ་བ་སྐྱེ་རྒུའི་དཔལ་དུ་འཁྲུངས།།

ཞེས་དགེ་ལུགས་དྲ་བ་ཚུགས་ནས་མི་ལོ་གཅིག་འཁོར་བའི་བཀྲ་ཤིས་དུས་བཟང་ལ་རྟེན་འབྲེལ་མཚོན་བྱེད་དུ་རྭ་རྒྱ་བཟོད་པ་བཟང་བོས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནས།

༢༠༡༦.༡༠.༢༥ཉིན།

དགེ་ལུགས་དྲ་བར་ཕུལ་བའི་ཤིས་ཚིག      

རྒྱལ་བའི་བསྟན་པ་སྤེལ་བས་ན།།

རྒྱལ་བ་གཉིས་པར་མཚནགསོལ་བ།།  

རྒྱལ་བསྟན་སྙིང་བོ་ཉམས་ལེན་མཛད།།

རྒྱལ་སྲས་དམ་པས་དགེ་ལེགས་སྩོལ།།   

དུས་མཐར་བློ་བཟང་རྒྱལ་བའི་བསྟན།། 

མཇལ་དཀའ་བླ་མའི་དྲིན་ལས་མཇལ།།  

ས་གསུམ་གྲགས་པའི་རིན་ཆེན་གཏེར།།

འགྲོ་རྣམས་བདེ་དགའི་དཔལ་ལ་སྤྱོད།། 

རྨད་བྱུང་རྣམ་ཐར་གདུལ་བྱའི་རྒྱུད།། 

མཐོང་ཐོས་དྲན་པས་བདེ་ལ་བཀོད།། 

དེ་སྤེལ་ཚན་རྩལ་འཇིག་རྟེན་ཁྱབ།། 

༼དགེ་ལུགས་དྲ་བ༽དུས་ཀུན་རྒྱལ།།  

ཞེས་དགེ་ལུགས་དྲ་བར་ཤིས་ཚིག་ཅིག་གི་དོད་དུ་བློ་བཟང་ཤེས་རབ་ཀྱིས་གུས་པས་ཕུལ་བ་ལགས།

                                                རྩོམ་སྒྲིག་པ། ཤེས་རབ་རལ་གྲི།

གསལ་འདེབས། 
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
             རྩོམ་ཁུངས།  རྩོམ་འདིའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།