དགེ་ལུགས་པའི་དྲྭ་ཚིགས་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-23 17:16:37     རྩོམ་པ་པོ།   སྤྲུལ་མིང་བ་གསེར་ལག    ཀློག་ཐེངས།  

91ed27bb373cfe9423b804dce38f0196.jpg

དབྱིངས་རིག་འོད་གསལ་ཕྱག་རྒྱ་ཆེན་པོའི་སྐུ།།

སྒྱུ་མའི་ལུས་ཀྱི་མཚར་སྡུག་ལང་ཚོ་ཅན།།

རྡོ་རྗེ་འཆང་ཆེན་རྒྱལ་བ་ཙོང་ཁ་པ།།

རིགས་བརྒྱའི་ཁྱབ་བདག་དེ་ཡིས་འགྲོ་ཀུན་སྐྱོངས།། 

དགེ་ལེགས་ཐར་བ་དམ་པའི་ཁང་བཟང་དུ།།

དགེ་མཚན་རིག་གཞུང་འབུམ་གྱིས་ཕྱུག་པ་ཡི།།

དགེ་ལྡན་ལུགས་ཀྱི་སྔོན་མེད་དྲ་ཚིགས་འདིས།།

དགེ་ལྡན་བསྟན་པའི་སྙན་པ་ཕྱོགས་མཐར་སྦྲེང་།།

མདོ་རྒྱུད་ཤེས་རབ་མ་ལས་བལྟམས་པ་ཡི།།

ལྔ་རིག་ལང་ཚོ་མཛེས་པའི་དྲྭ་མིག་མ།།

ལོ་གཅིག་འདབ་མ་བཞད་པའི་འཁྲུངས་སྐར་ལ།།

དཔྱོད་ལྡན་དགའ་བའི་མཆུ་སྒྲོ་སྐྱེས་སུ་འབུལ།།

སྐྱེ་གཟུགས་ལང་ཚོའི་འདབ་མ་མ་རྫོགས་ཀྱང་།།

གཙུག་ལག་སྒོ་བརྒྱ་སྨྲ་བའི་ངག་ལ་དབང་།།

ད་རུང་བློ་ལྡན་འགུག་པའི་ཟུར་མིག་བརྒྱ།།

འཕེན་པའི་རིགས་ལམ་གློག་འོད་རྣམ་པར་འཁྱུག།

སྙིང་སྟོབས་བཙན་པོ་ཡན་ལག་བཞི་བའི་དཔུང་།།

ཤེས་བརྩོན་དར་མའི་ཚན་རིག་འཕྲུལ་གྱི་སྡེ།།

ངེས་ལེགས་གཏན་གྱི་གྲོགས་སུ་བཀུག་པ་ནི།།

རིགས་སྨྲ་བྱེ་བ་སྟོང་ལ་མཆོད་པའི་སྤྲིན།།

དེང་དུས་ཕལ་ཆེར་འདོད་ཡོན་བདུད་ཀྱིས་བསླུས།།

གཞན་དག་རང་ཉིད་སྒྲོག་ལ་ཤ་ཐང་འབད།།

ལ་ལ་ཕྲག་དོག་ཚེར་མས་མལ་ན་སྡང་།།

དེ་དག་རྣམས་དང་དྲྭ་ཚུགས་འདི་མི་མཚུངས།།

མདོ་རྒྱུད་བྲག་དམར་འགག་ལ་བཙན་རྫོང་བརྩིགས།།

སྒྲ་ཚད་ལུང་རིགས་རྣོན་པོའི་མཚོན་ཆ་འདེངས།།

ཚན་རིག་ལོ་རྒྱུས་བདེན་པའི་བ་དན་བསྒྲེངས།།

རིག་པའི་དཔའ་བོའི་ཁྱུ་འདི་རབ་བྱུང་སྡེ།།

ལྷག་པར་དཀའ་བའི་ཚེགས་དང་ངལ་བའི་མཐའ།། 

ཞུམ་མེད་ཕྲག་ཏུ་ལེན་ལ་སེམས་དཔའི་སྡེ།།

རང་གི་རིགས་དང་གནས་ལ་ཞེན་པའི་མདངས།།

གཅིག་ཏུ་དཀར་བའི་གྲོགས་དག་སྐུ་ཚེ་རིང་།།

༧ ཞེས་སྤྲུལ་མིང་བ་གསེར་ལག་ཏུ་འབོད་པས་ཁྲི་ཀ་གསེར་ལྗོངས་ཀྱི་ལྟེ་བར་ཆགས་པའི་ཞིང་ཆེན་ནང་བསྟན་སློབ་གླིང་དུ། ཁམས་གསུམ་འགྲོ་བའི་བླ་མ་༧རྗེ་ཙོང་ཁ་པ་ཆེན་པོ་སྐུ་འཁྲུངས་ནས་ལོ་འཁོར་དྲུག་བརྒྱ་ང་དགུ་ལོན་པ། སྤྱི་ལོ་ཉིས་སྟོང་བཅུ་དྲུག་ལོའི་དགའ་ལྡན་ལྔ་མཆོད་ཆེན་མོའི་ཉིན་བྲིས་པ་དགེའོ།། ཧོར་རྒྱལ་ལོ༢༠༡༦. ༡༠. ༢༥

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།གསལ་འདེབས།རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།