དགེ་ལུགས་དྲ་བ་དང་བདག་དང་བདག་གི་དྲན་འཆར།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-23 17:01:45     རྩོམ་པ་པོ།   གྱི་ལིང་འཇིགས་མེད།     ཀློག་ཐེངས།  

12.jpg

ང་རང་དགེ་ལུགས་དྲ་བ་ཞེས་པའི་དྲ་ཚིགས་འདིའི་སྟེང་ལ་རྩོམ་ཡིག་སྤེལ་མཁན་ཅུང་སྔ་ཤོས་ཀྱི་གྲས་ཤིག་ཡིན་པར་མ་ཟད། ད་དུང་མདོ་སྨད་ཕྱོགས་ཀྱི་དགོན་སྡེ་མང་བོ་ཞིག་གི་གནས་ཚུལ་ཡང་འདི་ལ་འགོད་པའི་འཆར་གཞི་ཡོད་པ་ཞིག་ཡིན་མོད། ལོ་ཧྲིལ་བོར་ལུས་ཀྱི་འདུ་བ་མ་སྙོམས་པའི་དབང་གིས་རེ་འདུན་ཡོད་ཚད་སྟོང་བསམ་དུ་གྱུར་སོང་། མིག་རྡེབ་དབང་ཙམ་གྱིས་དགེ་ལུགས་དྲ་བ་དངོས་སུ་དབུ་བརྙེས་ནས་བགྲང་བྱ་གཅིག་འཁོར། འདིས་ནི་ང་ཚོར་གནས་ལུགས་མང་བོ་ཞིག་གསལ་བརྡ་གཏོང་བཞིན་པ་དང་འདྲ་ལ། དགེ་ལུགས་དྲ་བས་ལོ་གཅིག་གི་གྲུབ་འབྲས་བསྟན་ཏེ་ང་ཚོར་ངོམ་སོ་བྱེད་བཞིན་པ་དང་ཡང་མཚུངས།

ད་སྐབས་གཞུང་སྒེར་གྱི་དྲ་བ་བཟང་ངན་ཅི་རིགས་ཀྱིས་སྐད་འཕྲིན་དང་པོད་ཕྲན་སོགས་ཀྱི་གྲོགས་ཚོམས་གང་ཡོད་མོད། ང་ལ་མཚོན་ན་འདེམས་གསེས་ཡོད་པའི་ཀློག་མཁན་ཞིག་ཡིན་པས། དེ་དག་ལས་མང་ཤོས་ཤིག་ཁ་བྱང་ཡང་མ་བཀླགས་པར་བཞག་པ་ཡིན། འོན་ཀྱང་དགེ་ལུགས་དྲ་བ་ནི་དེ་དག་དང་མི་འདྲ་བར་ཕལ་ཆེར་ཉིན་རེར་ལན་རེར་བལྟས་པ་ཡིན་ལ། དེ་དག་ལས་རྩོམ་ཡིག་མང་ཤོས་ཤིག་རང་གི་གྲོགས་ཚོམས་སུའང་བཀོད་པ་ཡིན། འདི་ནི་ད་སྔ་བོད་ཀྱི་དྲ་བ་དག་ལས་ཆེས་ཁྱད་ཆོས་ལྡན་པའི་དྲ་བ་ཞིག་དང་། ཆེས་རང་ཚུགས་ཡོད་པའི་དྲ་བ་ཞིག་ཡིན་པས། ནམ་རྒྱུན་རྒྱུ་ཆ་རེ་དགོས་མཁོ་བྱུང་ན་ངའི་ཡིད་ལ་ཆེས་ཐོག་མར་འཁོར་བ་ནི་དགེ་ལུགས་དྲ་བ་རེད། དགེ་ལུགས་དྲ་བ་ལ་ལེ་ཚན་མང་བོ་ཞིག་ཡོད་པ་བཞིན་གནའ་དེང་གི་མཁས་པའི་གསུང་རྩོམ་ཡང་མང་བོ་ཞིག་ཡོད་པར་མ་ཟད། ཕལ་ཆེར་ཉིན་རེ་བཞིན་རང་གི་ཁྱད་ཆོས་ལྡན་པའི་ནང་དོན་གསར་བ་རེ་ལ་མཇལ་ཆོག་པས་ང་ལྟ་བུའི་ཀློག་མཁན་མང་བོའི་འདོད་བློ་ཤིན་ཏུ་ཚིམ་པར་བསྐང་ཐུབ། 

ད་སྐབས་མཐོང་ཐུབ་པའི་དྲ་རྩོམ་མང་བོ་ཞིག་ང་ལ་མཚོན་ན་ཕལ་ཆེར་རྒྱུས་ཡོད་ཀྱི་སྣང་བ་ཞིག་སྟེར་ལ། དེ་ནི་དགེ་ལུགས་དྲ་བ་ལས་འདྲེན་བཀོལ་བྱས་པ་འབའ་ཞིག་རེད། མིང་ཆེན་པོ་བཏགས་པའི་དྲ་བ་མང་བོ་ཞིག་གིས་ཀྱང་དགེ་ལུགས་དྲ་བར་རེ་སྒུག་བྱས་ཡོད་པ་འདི་ལས་ང་ཚོས་དགེ་ལུགས་དྲ་བའི་སྤུས་ཚད་དམ་གསོན་ཤུགས་མཐོང་ཐུབ།

ད་སྐབས་དྲ་བ་གཉེར་མཁན་མང་བོ་ཞིག་གིས་ཀློག་མཁན་གྱི་གྲངས་ཀ་ཁོ་ན་གཙིགས་སུ་བཟུང་སྟེ་རང་ཉིད་ཀྱི་ཁྱད་ཆོས་དང་ཁ་ཕྱོགས་འདོར་བཞིན་ཡོད་མོད། འོན་ཀྱང་དགེ་ལུགས་དྲ་བ་ལ་མཚོན་ན་ལོ་ཧྲིལ་བོ་གཅིག་གི་རིང་འདི་ལ་གཙོ་བོ་བརྩམས་ཆོས་ཀྱི་སྤུས་ཀ་མ་གཏོགས་ཀློག་མཁན་གྱི་གྲངས་ཀ་གཙིགས་སུ་མ་བཟུང་བས། ད་ལྟ་གཞི་ནས་མི་རྣམས་ཀྱི་སེམས་སུའང་དགེ་ལུགས་དྲ་བ་ནི་དཔལ་རི་བོ་དགེ་ལྡན་པའི་མཁས་དབང་མང་བོའི་ལྟ་གྲུབ་མཚོན་པའི་བརྩམས་ཆོས་དང་། དེ་བཞིན་དུ་རིག་གསར་རྗེས་ཀྱི་དགོན་སྡེ་སོ་སོའི་སྐུ་དྲིན་ཆེ་བའི་བླ་མ་དགེ་བཤེས། རི་བོ་དགེ་ལྡན་པའི་ཕྱོགས་སོ་སོའི་དགོན་སྡེ་ཁག་གི་ལོ་རྒྱུས་སོགས་ཤེས་འདོད་ན་དགེ་ལུགས་དྲ་བ་ལས་འཚོལ་ཆོག་བསམ་པ་ཞིག་ཏུ་གྱུར་ཡོད། འདི་ནི་དགེ་ལུགས་དྲ་བས་དུས་ཡུན་ཐུང་ཐུང་ཞིག་གི་ནང་དུ་བླངས་པའི་གྲུབ་འབྲས་ཡིན་ལ། གྲུབ་འབྲས་འདི་ནི་གཞུང་སྒེར་གྱི་དྲ་བ་ཀུན་ལས་རྒྱལ་བའི་རྒྱལ་རྔ་ཞིག་དང་ཡང་ཀུན་ནས་མཚུངས།

དགེ་ལུགས་དྲ་བ་ལ་གསར་འགྱུར་དང་ལོ་རྒྱུས། བཀའ་འགྱུར། བསྟན་འགྱུར། མདོ་སྔགས། ཆོས་སྤྱོད། དྲིས་ལན། རྒྱུན་ཤེས། གསར་རྩོམ། བཟོ་རིག ཞིབ་འཇུག གཟུགས་བརྙན། དྲ་བའི་སྐོར། དཔེ་མཛོད་ཁང་། རྗེ་བླ་མ། སྣ་ཚོགས། ལོ་ཙཱ་བཅས་ཚན་པ་མང་དུ་བགོས་ཡོད་པ་རེ་རེ་བཞིན་ལྟ་རིན་ཡོད་པར་མ་ཟད། ཐམས་ཅད་དགེ་ལུགས་པའི་མཁས་གྲུབ་རིམ་བྱོན་གྱི་གསུང་རྩོམ་དང་གདན་རབས། མཛད་རྣམ་འབའ་ཞིག་ཡིན་པས། དེང་དུས་ཀྱི་སྐད་ཆ་ལྟར་བཤད་ན་འདི་ནི་ཆེད་ལས་རང་བཞིན་ཅན་གྱི་དྲ་བ་ཞིག་རེད།

དགེ་ལུགས་དྲ་བ་ཞེས་པའི་མིང་འདི་གོ་དུས་མང་བོ་ཞིག་གི་ཐུགས་ལ་དེ་ཙམ་མ་བདེ་བ་འདྲ། ཁོ་བོས་ཐེངས་དང་བོར་དྲ་ཚིགས་འདི་རང་གི་ཁ་པར་ལས་སྐད་འཕྲིན་གྱི་གྲོགས་པོའི་ཚོམས་སུ་བཀོད་པ་ན། དེ་མ་ཐག་མིང་མི་འདྲ་བའི་གྲོགས་པོ་མང་བོ་ཞིག་གིས་ང་ལ་ཁྱོད་རང་ཕྱོགས་ཞེན་ཆེ་བ་ལ་ཟེར་བ་དང་། ཡང་ལ་ལས་དགེ་ལུགས་པ་ལ་ཕྱོགས་རེས་ཆེ་བ་ལ་ཞེས་འདབས་མཆན་བཀོད་བྱུང་། དེ་ནི་བགྲང་བྱ་གཅིག་གི་ཡར་སྔོན་གྱི་དགའ་ལྡན་ལྔ་མཆོད་སྐབས་སུ་རེད།

སྐབས་དེར་ངའི་སེམས་སུ་མཚར་སྣང་དང་དྲི་བ་མང་བོ་ཞིག་འཁོར་བྱུང་། དངོས་གནས་དྲ་བ་འདིའི་མིང་འདི་ཅུང་འགྲིག་མེད་པ་ཡིན་ནམ་བསམ་མྱོང་། འོན་ཀྱང་ཡུན་རིང་བསམ་བློ་བཏང་བས་ད་གཟོད་གནས་ལུགས་ཤིག་རྟོགས་བྱུང་། མ་གཞིར་གུ་དོག་པའི་མི་ཞིག་ལ་མཚོན་ན་གཞན་གྱི་ཡོད་ཚད་ཕྱོགས་རེས་ཀྱི་བྱ་བར་སྣང་ལ། དེ་ནི་ཁོ་རང་གི་སེམས་ན་ཕྱོགས་རེས་མ་གཏོགས་མེད་པས་ལན་པ་ཡིན་འདུག དེ་བས་ངས་ཁོང་ཅག་ལ་ལན་གྱི་ཚུལ་དུ་ཀུ་རེ་དང་བཅས། གལ་ཏེ་དགེ་ལུགས་དྲ་བ་ཞེས་པའི་མིང་ཙམ་ཡང་ཡིད་ལ་མ་ཤོང་ན་ཁྱེད་རང་གུ་དོག་དྲགས་པ་དང་ཕྱོགས་རེས་ཆེ་དྲགས་པས་རེད་ཅེས་ཞུས་པ་ཡིན་ལ། དོན་དངོས་སུའང་དགེ་ལུགས་པའི་ཆེད་གཉེར་དྲ་བ་ལ་དགེ་ལུགས་དྲ་བ་ཞེས་པ་ཕྱོགས་རེས་ཡིན་ན་ས་སྐྱ་བས་གདན་སའི་མིང་ལ་ས་སྐྱ་དགོན་ཞེས་བཏགས་པའང་ཕྱོགས་རེས་ཡིན་འགྲོ་ལ། དེ་བཞིན་དུ་རྙིང་མ་བས་རྙིང་མ་ཆོས་འབྱུང་ཞེས་པའང་ཕྱོགས་རེས་དང་། རྗེ་བཙུན་པས་རྗེ་བཙུན་ཡིག་ཆ་ཞེས་པའང་ཕྱོགས་རེས་སུ་འགྱུར། དེ་ལྟ་ན་གང་ཟག་སྒེར་བ་ལ་མིང་བཏགས་པའང་ཕྱོགས་རེས་སུ་མི་འགྱུར་རམ། དེ་འདྲའི་གུ་དོགས་པའི་བོད་མི་ཇེ་མང་དུ་འགྲོ་བའི་སྐབས་འདིར་དངོས་གནས་གྲུབ་མཐའ་ཕན་ཚུན་གྱི་མིང་ནས་ཀྱང་འཛིན་མི་ཕོད་པ་ལྟ་བུ་ཞིག་ཏུ་གྱུར་དང་འགྱུར་བཞིན་འདུག་ཨང་།

གང་ལྟར་དགེ་ལུགས་དྲ་བ་ནི་དགེ་ལུགས་དྲ་བ་སྟེ། དྲ་བ་འདི་ལས་ང་ཚོས་དགེ་ལུགས་པ་ལ་ཕྱོགས་མང་བོ་ཞིག་ནས་རྒྱུས་ལོན་དང་ཞིབ་འཇུག་བྱེད་ཆོག་པར་མ་ཟད། རང་ཉིད་ཀྱི་བརྩམས་ཆོས་ཀྱང་སྣ་ཚོགས་པ་ཞིག་སྤེལ་ཆོག་པས། འདི་ནི་སྣ་མང་སྣེ་འདུས་ཀྱི་དྲ་བ་ཕུན་སུམ་ཚོགས་པ་ཞིག་རེད།

དགེ་ལུགས་དྲ་བ་དངོས་སུ་དབུ་བརྙེས་ནས་ལོ་གཅིག་འཁོར་བའི་དེ་རིང་། ང་ལ་མཚོན་ན་ལེགས་སོ་དང་རྗེས་སུ་ཡི་རང་མ་གཏོགས་བཤད་རྒྱུ་ཅི་ཡང་མ་བྱུང་། དངོས་གནས་བཀའ་དྲིན་ཆེ། དགེ་ལུགས་དྲ་བ་མུ་ནས་མུ་རུ་རྒྱས་པར་སྨོན་ཞེས་སྨོན་འདུན་ཞུ་བ་དང་དུས་མཚུངས་སུ་རྒྱུན་ཤེས་དང་དྲིས་ལན། ཞིབ་འཇུག་བཅས་སྤྲོ་སྣང་ལྡན་པའི་ལེ་ཚན་འདི་དག་སྔར་བས་ཀྱང་ཇེ་རྒྱས་དང་ནང་དོན་ཇེ་མང་དུ་འགྲོ་ཐུབ་པའི་རེ་འདུན་ཞུ།

ཞེས་གྱི་ལིང་འཇིགས་མེད་ཀྱིས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གླིང་སྟོད་མཁས་པའི་འབྱུང་གནས་སུ་འཕྲལ་དུ་སྦྱར།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།གསལ་འདེབས།རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།