དགེ་ལུགས་པའི་དྲ་བ་ཡང་བསྐྱར་གླེང་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-22 17:33:45     རྩོམ་པ་པོ།   འཆིང་གྲོལ།    ཀློག་ཐེངས།  

178094484887909979.jpg

ན་ནིང་གི་བཅུ་བའི་ལྔ་མཆོད་སྐབས་སུ་དགེ་ལུགས་པའི་དྲ་བ་དངོས་སུ་ཤར་གཏོང་བྱས།  ཕལ་ཆེར་ལོ་ངོ་མཐོང་གཅིག་འགོར་ལ་ཉེ་བའི་དུས་འདིར།  ང་རང་དགེ་ལུགས་པའི་དྲ་བའི་ཀློག་མཁན་ཞིག་ཡིན་པའི་ཆ་ནས།  ཡང་བསྐྱར་དགེ་ལུགས་པའི་དྲ་བའི་སྐོར་ལ་སྐད་ཆ་འགའ་རེ་བཤད་འདོད་སྐྱེས།  ཡང་བསྐྱར་ཟེར་དོན་ངས་སྔོན་ཆད་དགེ་ལུགས་དྲ་བ་ཇི་ལྟར་དབུ་བརྙེས་པ་དང་།   དྲ་བ་གཙོ་གཉེར་མཁན་ཏེ།  དགེ་རྒན་བཀའ་དྲིན་ཅན་གྱིས་ཇི་ལྟར་ངེད་ཅག་རྩོམ་རིག་ལ་ཐོག་མར་འཇུག་མཁན་དག་ལ་སློབ་སྟོན་དང་གཞེན་སྐུལ་བྱས་ཚུལ་སྐོར་སྙིང་བསྡུས་སུ་བྲིས་མྱོང་བས་ཡིན།  དེ་བས་དེ་རིང་དེ་དག་མི་གླེང་།

དགེ་ལུགས་པའི་དྲ་བར་དོ་སྣང་ཡོད་མཁན་ཞིག་ཡིན་ན་ཤེས་གསལ་ལྟར།  དགེ་ལུགས་པའི་དྲ་བ་ནི་རྗེ་ཙོང་ཁ་བའི་ལེགས་བཤད་ཀྱི་གཙོས།  གནའ་བོའི་བཀའ་དང་བསྟན་བཅོས།  རྣམ་ཐར་དང་བསྟོད་ཚོགས།  དེང་གི་གཞུང་ལུགས་དང་ཞིབ་འཇུག   ལོ་ཙཱ་དང་རྒྱུན་ཤེས་སོགས་ཀྱི་གཏེར་ཆེན་པོ་ཞིག་ཡིན་པས།  གལ་སྲིད་ཁྱོད་ཀྱིས་དེ་ལས་བྱུང་བའི་ཡི་གེ་དག་སྣང་མེད་དུ་མ་བསྐྱུར་བར་སེམས་ཞིབ་མོས་བཀླགས་ཡོད་ཚེ།  གླེགས་བམ་གྱི་རི་ལུང་ཉུལ་བའི་ངལ་བ་བསྟེན་མི་དགོས་པར།   གློག་ཆས་ལག་མཐིལ་ཙམ་ལ་བརྟེན་ནས་ཐོས་པའི་རི་དྭགས་རྔོན་ཆོག་པ་ཤེས་ཡོད་པར་གདོན་མི་ཟ།  འདི་ལ་སྔོན།  གོ་མཐའི་ས་ལས་གོམ་གཅིག་མ་བགྲོད་པར།  །འཇིག་རྟེན་དེ་ཉིད་མཐོང་བའི་ལྟད་མོ་འབྱུང་།  །ཟེར་མོད།  དེང་ནི།  གླེགས་བམ་རི་ལུང་མ་ཉུལ་བར། །ཐོས་བསམ་ཤ་བ་ཚེགས་མེད་འཛིན། །ཟེར་དགོས་པ་མིན་འགྲོ།

དེ་བས་ན།  ངས་འདི་ནས་ང་རང་དགེ་ལུགས་པའི་དྲ་བར་འཇུག་ཚུལ་སྐོར་ཅུང་གླེང་བར་འདོད།  བདག་གི་སྐད་འཕྲིན་དགེ་ལུགས་པའི་དྲ་བ་དང་དེ་གཉེར་མཁན་གྱི་ལས་བཟོ་བ་འགའི་སྐད་འཕྲིན་ལ་མཐུད་ཡོད་པས།  ཁོང་ཅག་གི་སྐད་འཕྲིན་རྒྱབ་ལོགས་ནས་དགེ་ལུགས་པའི་དྲ་བའི་རྩོམ་ཡིག་གསར་བ་དག་དུས་ལྟར་མཐོང་ཐུབ།  དེ་དག་གི་ཁ་འབྱེད་ཚེ་ཐད་ཀར་དགེ་ལུགས་པའི་དྲ་བར་སླེབས་འགྲོ་ལ།  ཐོག་མར་སྐབས་སུ་གང་བབས་དེ་བཀླགས་གྲུབ་རྗེས།  དྲ་བའི་མདུན་ངོས་ཞེས་པའི་སྟེང་མནན་ཏེ་གཙོ་ངོས་སུ་འགྲོ་བ་ནི་བདག་གི་ལོབས་ཕྱོགས་ཤིག་ཏུ་གྱུར་ཡོད། 

གཙོ་ངོས་སུ་སླེབས་རྗེས།  བཀའ་དང་བསྟན་བཅོས་ཞེས་པའི་ལེ་ཚན་གཉིས་ཐོག་མར་མཇལ་ཡོང་ལ།   དེར་བཀའ་ལས་བྱུང་བའི་ལེའུ་ཐུང་གྲས་དང་།  བསྟན་བཅོས་ཤིན་ཏུ་བསྡུས་པ་ཀློག་བདེ་བ་དེ་འདྲ་རབ་ཏུ་མང་། 

བདག་གིས་ནི་ཐོག་མར་རྗེ་བླ་མ་ཞེས་པའི་ལེ་ཚན་དེར་བལྟ་ངེས་ལ།   དེ་ནི་དེར་རྗེ་བླ་མའི་ལེགས་བཤད་ཀྱི་སྐོར་ཉིན་རེ་བཞིན་གསར་སྣོན་བྱེད་བཞིན་ཡོད་པས་ཡིན།  སྤྱིར་བདག་གི་དཔེ་སྒྲོམ་དུ་རྗེ་བླ་མའི་གསུང་འབུམ་ཆ་ཚང་བ་ཡོད་ནའང་།  དེ་དག་རེ་རེ་བཞིན་བླངས་ནས་ཉིན་རེ་བཞིན་ཆོས་ཚན་རེ་ཀློག་རྒྱུ་ནི་ཤིན་ཏུ་ནས་མི་འོང་བ་ཞིག་རེད།  དེ་ལྟ་ནའང་།  ལེ་ཚན་འདིར་ཁོང་གིས་མཛད་པའི་བསྟོད་པ་རེའམ།  རྣམ་ཐར་གྱི་དུམ་བུ་གཅིག་རེའམ།  མཁས་པ་གཞན་གྱིས་ཁོང་ལ་ཕུལ་བའི་བསྟོད་རྩོམ་རེའམ།  རྗེ་དང་རྗེའི་གསུང་རྩོམ་ལ་འབྲེལ་བའི་ཆེད་རྩོམ་རེ་ཤིན་ཏུ་སྟབས་བདེ་བོ་བྱས་ནས་བཀོད་ཡོད་པས།   ཀློག་མཁན་མི་ངལ་ཞིང་མི་སུན་པའི་དགེ་མཚན་ཆེ་ལ།  སྒྱུད་ལུག་ཆེ་བའི་ཀློག་མཁན་ང་རང་རྟག་པར་དེར་རྒྱུག་པའི་རྒྱུ་མཚན་ཡང་དེའོ། །ཀློག་མཁན་གྱི་སྟབས་བདེ་དེ་ལེ་ཚན་བཟོ་མཁན་གྱི་དཀའ་སྡུག་ལས་བྱུང་བས་ན།  འདིར་ལས་བཟོ་བར་ཡང་ཐུགས་རྗེ་ཆེ་ཞུའོ།།

རྗེ་བླ་མ་ཞེས་པའི་ལེ་ཚན་དེ་ལས་སྒོར་བུད་རྗེས།  ང་རང་གསར་རྩོམ་ཞེས་པའི་དགའ་ཚལ་དེར་མགྲོན་དུ་འགྲོ་བར་དགའ་བོ་ཡོད།  དེར་དེང་གི་སྤྱི་སྟེགས་སོགས་སུ་རྒྱུགས་ཆེ་བའི་གཏམ་རྒྱུད་ལྷུག་རྩོམ་སྐོར་མང་བོ་ཡོད།  འདི་ནི་འབྲི་སྟངས་གསར་བ་ཞིག་སྟེ།  སྔོན་གྱི་བླ་མའམ་མཁས་པ་གང་རུང་དང་འབྲེལ་བའི་གཏམ་རྒྱུད་ཐུང་ངུའི་རིགས་དེ་ལྷུག་རྩོམ་གྱི་རྣམ་པས་ཤིན་ཏུ་ཀློག་སྙིང་འདོད་པ་དེ་འདྲ་བྲིས་ཡོད། གཞན་དེང་གི་ལྷ་རམས་པས་བྲིས་པའི་ནང་བསྟན་སྐོར་གྱི་ཞིབ་འཇུག་ཆེད་རྩོམ་མཐོང་རྒྱུ་ཡོད་ལ།  ན་གཞོན་རིགས་སྨྲ་དག་གི་སྙན་ངག་སྟེ།    སྙན་རོ་དང་ཤུགས་རྐྱེན་གང་ཐད་ནས་དགེ་མཚན་མི་ཆུང་བ།  སྙིང་རྩར་སྤར་འཛིན་བྱེད་པ་དེ་འདྲའང་མང་དུ་མཇལ་རྒྱུ་ཡོད།

དེ་ནས།  ལོ་ཙཱ་དང་རྒྱུན་ཤེས་ཞེས་པའི་ལེ་ཚན་གཉིས་ལའང་རིམ་བཞིན་བལྟ་ངེས་པ་ཡིན།  དེང་གི་དུས་སུ་ནང་བསྟན་གྱི་སྐོར་རྒྱ་ཡིག་ཏུ་སྒྱུར་མཁན་ཤིན་ཏུ་མང་ནའང་།  འགྱུར་ལེགས་པོ་ཅན་ནི་ཇེ་ཉུང་ཡིན་པའི་སྣང་བ་སྟེར།  དེ་ནི་གཙོ་བོ་མ་ཡིག་ལ་གོ་བ་ལེགས་པོ་མ་ཆགས་པས་རེད་སྙམ་སྟེ།  ནང་བསྟན་གྱི་གོ་བ་ཡག་པོ་མེད་པར་རྒྱ་ཡིག་འགའ་ཤེས་པ་ལ་བརྟེན་ནས་གང་དྲན་གྱིས་བསྒྱུར་བ་ལ་ཉེན་ཁ་ཤིན་ཏུ་ཆེ།  དེ་ལྟ་ནའང་།  དགེ་ལུགས་པའི་དྲ་བའི་ལོ་ཙཱའི་ལེ་ཚན་དུ།  ཨ་ལགས་དོར་ཞི།  དཔའ་རིས་བློ་རྒྱམ།  བཛྲ་ཚུལ་ཁྲིམས་སོགས་ཀྱི་འགྱུར་ཡིག་མང་བོ་མཐོང་ཐུབ་ལ།  ཕལ་མོ་ཆེ་བོད་རྒྱ་ཤན་སྦྱར་གྱིས་བཀོད་ཡོད་པས།  ལོ་ཙཱ་བ་དག་གིས་མ་ཚད་བོད་རྒྱའི་ཡི་གེ་གསར་དུ་སློབ་མཁན་ཞིག་ཡིན་ནའང་ཕན་པ་ཤིན་ཏུ་ཆེ།  དེ་བས་བདག་གིས་ལེ་ཚན་འདི་བོད་ཡིག་གསར་དུ་སྦྱོང་བཞིན་པའི་རྒྱའི་གྲྭ་བ་ཞིག་ལའང་འོས་སྦྱོར་བྱས་མྱོང་།  

རྒྱུན་ཤེས་ཀྱི་ལེ་ཚན་དེ་ནི་གླེང་རིན་ཡོད་པ་ཞིག་སྟེ།  དེའི་ཡོན་ཏན་དེ་ཁྱོད་ཀྱིས་དངོས་སུ་མ་བཀླགས་ན་ངས་ཇི་བཞིན་འཆད་མི་ཤེས་པར་འདུག  གལ་སྲིད་ཁྱོད་ཀྱིས་བཀླགས་གྲུབ་རྗེས་ད་དུང་ངེས་པར་བདེན་ནོ་སྙམ་དུ་མ་བསམ་ན་བདག་གིས་སྟོང་གདབ་ཆོག་སྟེ།   ཡི་གེའི་གད་སྙིགས་སྤུངས་པའི་དེང་གི་དྲ་བ་རུ།  ཁྱོད་ཀྱིས་དེ་འདྲའི་ཕྱི་གཙང་ནང་གཙང་གི་ལེགས་བཤད་ཀྱི་མཛོད་ཅིག་གང་དུ་འཚོལ།

མདོ་སྔགས་ཞེས་པའི་ཚན་པ་རུ།  གཞུང་བཀའ་པོད་ལྔ།  སྔགས་ལམ་རིམ་བློ་སྦྱོང་དང་བཅས་པའི་སྐོར་གྱི་བསྟན་བཅོས་མང་བོར་མཇལ་ཐུབ་པས་མི་ཚད།   དྲང་ངེས་ལེགས་བཤད་སྙིང་པོ་ལས་འཕྲོས་པའི་དྲི་བ་དྲིས་ལན་གྱི་དོགས་དཔྱོད་དེང་གིས་མཁས་པས་བྲིས་པ་དེ་འདྲའང་མང་དུ་མཇལ་ཐུབ།  གཞན་ད་དུང་ཞིབ་འཇུག་དང་སྣ་ཚོགས་ཞེས་པའི་ལེ་ཚན་གཉིས་ཀྱང་ཡོད།  འོན་ཀྱང་འདིའི་ཞིབ་འཇུག་ནི་དབྱེ་བ་མེད་པ་དེ་འདྲ་ཞིག་མ་ཡིན་ལ།  སྣ་ཚོགས་ཀྱང་བདམས་གསེས་མེད་པ་དེ་འདྲ་ཞིག་མིན།  འོ་ན་དེའི་ཞིབ་འཇུག་གི་ཁ་ཕྱོགས་དང་སྣ་ཚོགས་ཀྱི་ར་བ་ནི་ཇི་འདྲ་ཞིག་ཡིན་ནམ།  ཁྱེད་རང་ནང་དུ་འཛུལ་དང་ད་གདོད་ཤེས་པར་འགྱུར་རོ།།

ལོ་རྒྱུས་ལེ་ཚན་དུ་དགའ་ལྡན་ཁྲི་རབས་རིམ་བྱོན་གྱིས་མཚོན་པའི་མཁས་པ་དག་གི་རྣམ་ཐར་དང་།  དཔེ་མཛོད་ཁང་དུ་བོད་ཀྱི་སྔོན་བྱོན་མཁས་པ་མང་བོའི་གསུང་འབུམ་གྱི་དཀར་ཆག་མཇལ་ཐུབ་པས།  འདི་ཉིད་མུ་མཐུད་གྲ་རྒྱས་སུ་ཕྱིན་ནས་བོད་ཀྱི་མཁས་པ་ཕལ་མོ་ཆེའི་གསུང་འབུམ་གྱི་དཀར་ཆག་འཚོལ་ཐུབ་ས་ཞིག་ཏུ་འགྱུར་བའི་རེ་སྨོན་ཆེ། 

སྤྱིར་ང་ཚོར་དྲ་བ་མང་བོ་མེད་ཁར་སྤུས་ཀ་ལེགས་པའི་དྲ་བ་ནི་དེ་བས་དཀོན།  དེ་བཞིན་ཀློག་མཁན་མང་བོ་མེད་ཁར་སེམས་པ་རྣལ་བའི་ཀློག་མཁན་ནི་དེ་བས་དཀོན།  འོ་ན།  ཀློག་མཁན་དཀོན་ནའང་ད་དུང་སེམས་ཞིབ་མོས་དྲ་བ་བཟོ་དོན་གང་ཡིན་ནམ།  དེ་ནི་རང་ཤག་ནས་སྐྱིད་ཉལ་རྒྱག་མ་ཤེས་པ་མ་ཡིན་པར།  གསེར་ལྟ་བུའི་ཤེས་རིག་གི་བང་མཛོད་འདི་ཤེས་མེད་ཚོར་མེད་ངང་རྩ་མེད་དུ་འགྲོ་བ་སེམས་ཀྱིས་མ་བཟོད་པ་ཡིན་ངེས།  དེས་ན་ཟ་ཞོར་འཐུང་ཞོར་དང་འགྲོ་ཞོར་འདུག་ཞོར་དུ།  བཀླག་ཆོག་ཆོག་ཏུ་ཡོད་པའི་ཤེས་ཡོན་གྱི་གསོལ་སྟོན་འདི་ལ་དགྱེས་རོལ་མི་བྱེད་པའི་དཔྱོད་ལྡན་སུ་ཞིག་ཡོད་ཨང་།

མཐར།  སླར་ཡང་སྔར་གྱི་སྨོན་འདུན་དེ་ཐེངས་གཅིག་ཞུ་སྟེ།  དགེ་ལུགས་པའི་དྲ་བ་འདི་ཡང་དགེ་ལུགས་པའི་བསྟན་པ་ཇི་བཞིན་ཕྱོགས་མཐར་དར་ཞིང་རྒྱས་པར་གྱུར་ཅིག

ཟུར་བརྒྱན།  དགེ་ལུགས་པའི་དྲ་བར་འཇུག་གནས།  http://www.tb1025.cn

               ༢༠༡༦-༡༠-༡༥ ཉིན་བླ་བྲང་དུ་བྲིས།

                                        རྩོམ་སྒྲིག་པ།  ནོར་བཟང་རྒྱ་མཚོ།

གསལ་འདེབས།

            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

             རྩོམ་ཁུངས།  རྩོམ་འདིའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།