དགེ་ལུགས་པའི་དྲ་བ་དང་ཞོར་འཕྲོས།

    སྤེལ་དུས།  2016-03-06 22:54:16     རྩོམ་པ་པོ།   འཆིང་གྲོལ།    ཀློག་ཐེངས།  

            

IMG_2921.JPG

   

དྲན་པའི་ངོས་སུ་ད་དུང་གསལ་བོར་ངེས་པ་ཞིག་ལ། དེ་དུས་ང་རང་ལོ་ན་བཅོ་ལྔ་ཡས་མས་ཤིག་ཡིན། ཕྱི་རོལ་ན་ཁ་བ་ཟམ་ཟིམ་འབབ་དུས་ཀྱི་ཕྱི་དྲོ་ཞིག་ལ། ངས་ལྕགས་ཐབ་ནང་དུ་མེ་གང་བསྒོང་རྗེས་གངས་རྒྱན་མེ་ཏོག་ཅེས་པའི་དུས་དེབ་ཅིག་བསྣོག་ནས་བསྡད་པ་ཡིན།

 དེའི་ནང་གི་སྙན་ངག་ཅིག་ཤིན་ཏུ་བློ་ལ་བབས་པས། ངས་དེར་ལད་མོ་བྱས་ནས“སྙན་ངག”ཚན་པ་གཅིག་བྲིས་ཤིང་། དེ་ནས་ཀྱང་ཐེ་ཚོམ་སྤུ་ཙམ་མེད་པར་དགེ་རྒན་བཀའ་དྲིན་ཅན་ཨ་ཁུ་ཤེས་རབ་བམ་རྒན་རྒྱ་གྲོལ་མཆོག་གི་མདུན་སར་སྤྱན་བསྟར་དུ་རྒྱུག་པ་ཡིན། (དེང་སང་བསམ་ན་ལྐོབ་རྟགས་སམ་ངོ་ལྤགས་མཐུག་པ་ཙམ་རེད།) སྤྱིར་ཡིན་ན། ཁོང་གིས་ང་རང་ཐད་ཀར་མར་འདེད་པའམ། ཉ་ཉོག་འདི་འདྲ་བྲིས་ནས་ཅི་བྱེད་ཅེས་སོགས་ཟེར་ནས་བདའ་བཞག་ན་ཆོག་མོད། ཁོང་གིས་དེ་འདྲ་མ་གནང་བར་གཟབ་ནན་གྱིས་བཀླགས་ཤིང་། ནང་གི་ཚིག་སྐྱོན་དོན་སྐྱོན་རེ་འགར་རྟགས་དམར་བཏབ་ནས་ང་ལ་ཕྱིར་གནང་ཞིང་། ཡག་པོ་ཡོད་ཚུལ་གྱི་རྟིང་སྐུལ་ཀྱང་བྱས་སོང་བས་ཡིད་སེམས་སྤྲོ་བས་བརྟས། རྗེས་སུ་སྙན་ངག་འདྲ་བ་གང་དེ་དུས་དེབ་ཅིག་ཏུ་བཀོད་སོང་བས་ལྷག་ཏུ་དགའ་བ་མི་ནོན་པ་བྱུང་།

དེ་ནས་རིང་བོ་མ་ལོན་པའི་སྐབས་ཤིག་ལ་བདག་གིས་རྒྱའི་ཀློག་པ་པོ་ཞེས་པའི་ངོས་ཀྱི་རྩོམ་ཡིག་གཉིས་བོད་བསྒྱུར་བྱས་ནས། ཁོང་གི་མདུན་དུ་ཁྱེར་བ་ན། ཁོང་ཐུགས་དགྱེས་པའི་རྩེར་སོན་ཏེ་རྗེས་ཕྱོགས་ཁྱོད་ཀྱིས་སྒྱུར་རྩོམ་གྱི་དེབ་ཅིག་འཕུད་རྒྱུ་བྱོས་ཞེས་གདམས་པའང་ད་དུང་སྙིང་གི་དཀྱིལ་ལ་བསྒོམས་ཡོད།

དེ་ལྟར་བདག་གི་མི་ཚེ་འདིའི་རྩོམ་པའི་ལམ་བུའི་ཁྲོད་དུ། ཁོང་ནི་ང་རང་ལམ་ལ་ཞུགས་སུ་འཇུག་མཁན་དེ་ཡིན་པར་མ་ཟད། ལམ་བར་དུ་གོལ་ལམ་ལ་འཇུག་བཞིན་ཡོད་མེད་ལྟ་རྟོག་གནང་མཁན་དེ་ཡང་ཡིན། ད་དུང་། ཁོང་ནི་ཀླུ་ཚང་དགོན་པའི་ན་གཞོན་རྩོམ་རིག་ལ་དགའ་བ་དག་གི་དམིགས་རྟེན་ཉག་ཅིག་ཡིན་ལ། ཀླུ་ཚང་གི་གཞོན་སྐྱེས་རྩོམ་པ་པོ་ཕལ་ཆེ་བའང་ཁོང་གིས་བསྐྱངས་ནས་ནར་སོན་པ་ཡིན་ཞེས་ནའང་ཐལ་མི་ཆེ།

དེ་དུས༼བསམ་བློའི་ཤེས་རིག༽ ༼རྩོད་པའི་རླབས་ཕྲེང་།༽ ༼སྒྲ་བསྒྱུར་གླིང་།༽ ལྟ་བུའི་བོད་ཁུལ་ན་ཀློག་མཁན་གྱི་དགའ་བསུ་ཐོབ་པའི་སྒེར་གཉེར་དུས་དེབ་མང་བོ་ཞིག་བྱུང་བའང་། ཁོང་གི་ཤུགས་རྐྱེན་དང་མཛུབ་སྟོན་ལ་འབྲལ་ཐབས་མེད། དེ་ལྟ་ནའང་། དུས་ཀྱི་དབང་ངམ་ཅི་ཞིག་གིས་ཡིན་པ་མི་ཤེས་མོད། སྒེར་གཉེར་དུས་དེབ་མང་བོ་ཞིག་རང་རང་སར་ཁ་རོག་གེར་བསྡད་ཅིང་། དེ་དུས་ཀྱི་རྣམ་དཔྱོད་རབ་ཏུ་འབར་བའི་རྩོམ་པ་པོ་མང་བོ་ཞིག་ཀྱང་། ལོ་རེའི་ནང་ལ་རྩོམ་ཡིག་རེ་གཉིས་ལས་བཙུར་མི་ཐུབ་མཁན་རྐྱང་རྐྱང་དུ་གྱུར།

 འོན་ཀྱང་དགེ་རྒན་དམ་པ་ཁོང་ནི་དེ་ལས་ལྡོག་སྟེ། སྐུ་མདུན་དུ་ནམ་བཅར་རེས་ལ་དཔེ་གཟིགས་ཁོ་ནས་དུས་འདའ་བ་མཐོང་ཞིང་། དེབ་གཟུགས་སུ་བྱས་པའི་བརྩམས་ཆོས་ཀྱང་དེབ་བཅུ་ཕྲག་བརྒལ་བ་བསྟུད་མར་བསྐྲུན་ཅིང་། དེ་དག་ཀྱང་བརྗོད་བྱ་རྗོད་བྱེད་གང་གི་ཆ་ནས་བལྟས་ཀྱང་། དེང་གི་ཤོག་ཧྲིལ་མང་བོ་མགོ་བཙེམས་པ་དང་གཏན་མི་འདྲ་བ་བཀླག་ན་ཤེས་པ་དེ་བཞིན་ནོ། །

འདིར་སྐབས་སུ་བབས་པ་ནི་ཁོང་གིས་གཉེར་བའི༼བསམ་བློའི་ཤེས་རིག༽ཅེས་པའི་ལོ་དེབ་སྟེ། དེ་ཡང་ཀླུ་ཚང་དགོན་གྱི་སྒེར་གཉེར་དུས་དེབ་མང་བོ་ཞིག་གི་རྒྱུན་ཆད་ཤུལ་གྱི་འོ་མའི་རྒྱུན་བཟང་དེ་ཡིན། ཁོང་གིས་དུས་དེབ་བསྐྲུན་པའང་ཁོང་གི་དཔེ་གཟིགས་དང་ལྗགས་རྩོམ་མཛད་པ་ནང་བཞིན། ཉི་མ་འགའ་འམ་ལོ་འགའི་བྱ་བ་ཙམ་མ་ཡིན་པར། མི་ཚེ་གཅིག་གི་བྱ་བར་ངོས་བཟུང་ཡོད་པ་འདྲ།

ཚུལ་དེ་ནི་ང་འདྲའི་ཨ་གསར་ཁོ་ནས་དུས་འདའ་མཁན་ཞིག་གིས་ཧ་གོ་ཐབས་བྲལ། ཁོང་གིས༼བསམ་བློའི་ཤེས་རིག༽ཅེས་པའི་ལོ་དེབ་དེ་ལོ་རེ་བཞིན་བསྐྱངས་ནས་དུས་ད་ལྟ་ལ་ཐུག་གི་བར་དུ་སླེབས་ཤིང་། སྔོན་ཞིག་ལ་གྲོགས་པོ་ཞིག་གི་ཞལ་ནས་ཁོང་གིས༼བསམ་བློའི་ཤེས་རིག༽ལོ་དེབ་ཏུ་བསྐྲུན་པ་ལས། དྲ་བར་བསྒྱུར་ན་དགེ་མཚན་ཆེ་ཚུལ་གསུང་བཞིན་ཡོད་ཚུལ་ཐོས་པས། ཁོང་ནི་ནམ་ཡང་དུས་རབས་ལ་བསྟུན་མཁས་པ་དང་། དོན་དག་ཅིག་སྒྲུབ་ཚེ་དེའི་དགོས་མཁོ་ལ་བསམ་གཞིག་ཞིབ་མོ་གནང་མཁན་ཞིག་ཡིན་ཨང་སྙམ་པ་བྱུང་།

མ་ཟད། ད་ནངས་ཁོང་གི་སྐད་འཕྲིན་རྒྱབ་ལོགས་སུ་དགེ་ལུགས་པའི་དྲ་བ་དབུ་བརྙེས་ཚུལ་དང་། དེ་ཡང༼བསམ་བློའི་ཤེས་རིག༽གི་རྒྱུན་སྐྱོང་སྟངས་གཞན་ཞིག་ཡིན་ཚུལ་བསྒྲགས་འདུག་པས། དགའ་གུས་དང་རྟེན་འབྲེལ་དཀྱུས་གཅིག་ཏུ་ཤོར། ང་རང་ནམ་ཡང་ཁོང་གི་ཐུགས་རྗེའི་བསིལ་ཟེར་འོག་ཏུ་འཚོ་ཞིང་། ཁོང་གི་མཛད་པ་བཟང་བོའི་གུར་ཁྱིམ་ལས། དུས་རྟག་ཏུ་འཚར་ལོངས་འབྱུང་ཐུབ་པའི་སྨོན་ལམ་ཡང་འདེབས་པ་ལགས་སོ།།

མཐར། དགེ་ལུགས་པའི་དྲ་བ་དགེ་ལུགས་པའི་བསྟན་པ་ནང་བཞིན་ཕྱོགས་མཐར་རྒྱས་པའི་སྨོན་འདུན་ཞུ།

                  2015-10-26ཉིན་གུས་སློབ་འཆིང་གྲོལ་སློབ་ཚུལ་ཁྲིམས་རྒྱ་མཚོས་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཤར་མར་བྲིས།

 གསལ་འདེབས། 
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
             རྩོམ་ཁུངས།  རྩོམ་འདིའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།