ལྷ་རིས་པ་དགེ་རྒན་ཆེན་མོ་བ་བསྟན་པ་རབ་བརྟན་གྱི་མཛད་རྣམ་བསྡུས་གསལ།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-05-14 17:22:49     རྩོམ་པ་པོ།   བདེ་ལེགས།    ཀློག་ཐེངས།  

微信图片_20220514174246.jpg

  སློབ་དཔོན་ཆེན་མོ་བསྟན་པ་རབ་བརྟན་མཆོག་ནི་སྤྱི་ལོ་༡༩༤༡ལོར་རི་མོའི་ཁྱིམ་རྒྱུད་ཅིག་ཏུ་སྐུ་འཁྲུངས་ཤིང་། ཁོང་གི་སྤོ་བོ་ཨེ་པ་ཚེ་རིང་རྒྱའུ་མཆོག་ནི་རྒྱལ་དབང་བཅུ་གསུམ་པ་ཆེན་པོའི་གམ་བཅར་རི་མོ་བའམ་རི་མོའི་དབུ་མཛད་ཆེན་མོ་དང་།ཁོངགི་ཡབ་དྲུང་གཏོགས་སྐལ་བཟང་ནོར་བུ་མཆོག་ནི་སྔར་བཀའ་ཤག་སྲིད་གཞུང་གི་གཞུང་བཙུགས་ཞོལ་འདོན་དཔལ་ལས་ཁུངས་ཀྱི་བཟོ་རྩལ་བཟོ་བཀོད་སློབ་དཔོན་ཆེན་མོ་ཡིན།  དེ་ཡང་དགུང་ལོ་དྲུག་པའི་སྟེང་ནས་སྦྱར་པ་ཁང་གསར་སྒེར་བཙུགས་སློབ་གྲྭར་བཞུགས་ཤིང་བོད་ཡིག་གི་རྨང་གཞི་དང་ཡིག་གཟུགས་སོགས་ལ་སློབ་གཉེར་གནང་།  

དགུང་ལོ་བཅུ་གཅིག་ནས་སློབ་གྲྭ་དེ་གར་མུ་མཐུད་སློབ་སྦྱོང་བྱེད་ཞོར་དུ་ཡབ་སྐལ་བཟང་ནོར་བའི་དྲུང་ནས་བོད་ཀྱི་རི་མོའི་སྒྱུ་རྩལ་ལ་སྦྱོང་གནང་འགོ་བརྩམས་ཤིང་། དགུང་ལོ་བཅོ་ལྔ་ནས་བཅོ་བརྒྱད་བར་སེ་ར་ཐེག་ཆེན་གླིང་དུ་ཚད་མ་རིག་པ་དང་བཟོ་རིག་པའི་ཕྱོགས་ལས་ལ་སློབ་གཉེར་གནང་།  ཁོང་ཆུང་ངུའི་དུས་ནས་རང་ཁྱིམ་གྱི་ཁྱིམ་སྲོལ་བཟང་པོའི་ཁོར་ཡུག་ནང་འཚར་ལོངས་བྱུང་ཞིང་ཁོང་གིས་སུམ་རྟགས་དག་གསུམ་དང་སྒྲ་དང་ཚད་མ། བཟོ་རིག་པ་སྤྱི་དང་ཡང་སྒོས་རི་མོའི་གཞུང་ལུགས་དང་ལག་ལེན་སོགས་སློབ་སྦྱོང་མཐར་ཕྱིན་གནང་ཡོད། 

 ༡༩༥༩ལོར་བོད་དམངས་གཙོའི་བཅོས་བསྒྱུར་བྱས་བྱས་རྗེས་སུ་གཞུང་གི་ལས་ཀར་ཞུགས་ཤིང་བོད་ལྗོངས་དམག་ཁུལ་ཐོན་སྐྱེད་རུ་ཁག་གིས་འཛུགས་གཉེར་བྱས་པའི་རྔ་ཆེན་ལམ་གློག་འདོན་ཁང་གི་ལས་བཟོ་བ་ངོ་མ་ཞིག་ཏུ་གྱུར། 

༡༩༦༠ལོར་བོད་ལྗོངས་དམག་ཁུལ་ནག་ཆུ་བྱེ་ཟག་བཟོ་གྲྭར་ཕེབས།  ༡༩༦༢ལོར་བོད་ལྗོངས་དམག་ཁུལ་གྱི་སྣ་དཀར་རྩེ་ཞིང་རྭའི་སློབ་ཆུང་དུ་དགེ་རྒན་གྱི་ཕྱག་ལས་གནང་།  

༡༩༧༡ལོར་བོད་ལྗོངས་དམག་ཁུལ་གྱི་ལྷོ་ཁའི་ཞིང་རྭའི་སློབ་ཆུང་དུ་ཕེབས་ཏེ་༡༩༧༡ལོའི་བར་དེ་གར་དགེ་རྒན་གྱི་ཕྱག་ལས་གནང་ཏེ་བཞུགས། བར་སྐབས་དེར་དུས་ཀྱི་དབང་གིས་ཐང་ག་འབྲི་གནང་ཆོག་གི་མེད་མོད།   འོན་ཀྱང་ཉེ་འཁོར་གྱི་ཤང་དང་གྲོང་ཚོ་ཁག་ལ་ཕེབས་ཏེ་གཙོ་འཛིན་མོའི་ཀྲུའུ་ཞིའི་གསུང་རྩོམ་དང་སྣང་བརྙན་མང་པོ་འབྲི་དགོས་ཡོད་སྟབས།  བོད་ཀྱི་སྲོལ་རྒྱུན་རི་མོའི་རྨང་གཞིའི་ཐོག་དངོས་བྲིས་ཀྱི་རི་མོའི་མཚོན་ཐབས་བསྣན་ཏེ་མི་སྣ་འབྲི་བཞེངས་ཐད་ནས་ཚོད་ལྟའི་རང་བཞིན་གྱི་གསར་རྩོམ་མི་ཉུང་བ་གནང་བའི་གོ་སྐབས་ཐོབ་འདུག  སྐབས་དེར་ལས་ཀའི་བར་གསེང་གི་དུས་ཚོད་བེད་སྤྱད་དེ་རྒྱ་ཡིག་དང་རྩིས་རིག་སོགས་ལའང་རང་སྦྱོང་གནང་ཞིང་།  དུས་དེ་ནས་བཟུང་སྟེ་སློབ་ཁྲིད་གནང་ཞོར་དུ་རྒྱལ་ཁབ་ཕྱི་ནང་གི་འབྲེལ་ཡོད་དཔེ་དེབ་སྣ་ཚོགས་ལ་རྒྱ་ཆེར་གཟིགས་ཤིང་ཤེས་བྱའི་ཉིང་བཅུད་ལ་ངོམ་མེད་དུ་རོལ་པས་རིག་གནས་ཀྱི་རྨང་གཞི་དང་བསམ་བློའི་བློ་སྦྱོང་སྒོ་ཀུན་ནས་ཡར་བསྐྱེད་བླ་ན་མེད་པ་བྱུང་ཡོད་པ་རེད།  

༡༩༨༠ལོར་བོད་ལྗོངས་དགེ་འོས་སློབ་གླིང་དུ་ལས་བསྒྱུར་གནང་ཞིང་བོད་ཀྱི་ལོ་རྒྱུས་དཔྱད་ཞིབ་ཀྱི་ཕྱག་ལས་གནང་།  ཕྱིས་སུ་གེ་སར་ཞིབ་འཇུག་ཁང་དུ་ཆེད་མངགས་ཀྱིས་འཛམ་གླིང་སྟེངཆེས་རིང་བའི་ལོ་རྒྱུས་སྙན་རྩོམ་རིང་མོ་འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང་མྱུར་སྐྱོབ་དང་འཚོལ་སྒྲིག་གི་བྱ་གཞག་ནང་ཞུགས་ཤིང་། ཐེངས་དང་པོར་བོད་ཀྱི་སྲོལ་རྒྱུན་ཐང་གའི་སྒྱུ་རྩལ་གྱི་ལམ་ནས་གེ་སར་སྒྲུང་གི་བར་བཅུག་རི་མོ་འབྲི་གནང་མཛད་ཅིང་ཕུལ་དུ་བྱུང་བའི་བརྩམས་བྱ་མང་པོ་ཐོན་པ་མ་ཟད་དཔར་སྐྲུན་འགྲེམ་སྤེལ་བྱས་ཏེ་ཀློག་པ་པོ་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་བཅས་ལས་གནས་དེར་གྲུབ་འབྲས་ཕུལ་དུ་བྱུང་བའི་དབང་གིས།   ༡༩༨༥ལོར་ཀྲུང་གོ་ཚན་རིག་ཞིབ་འཇུག་ཁང་དང་རྒྱལ་ཁབ་རིག་གནས་པུའུ་གཉིས་ནས་གླིང་སྒྲུང་མུར་སྐྱོབ་བྱ་བའི་སྔོན་ཐོན་མི་སྒེར་གྱི་མཚན་སྙན་དབང་ཡིག་གནང་། 

      ༡༩༨༤ལོར་བོད་ལྗོངས་དགེ་འོས་སློབ་གླིང་(ད་ལྟའི་བོད་ལྗོངས་སློབ་ཆེན)དུ་བོད་ཀྱི་རི་མའི་ཆེད་ལས་འཛིན་གྲྭ་འཛུགས་ཕྱིར་ཁོང་ཉིད་དེར་གདན་དྲངས་ཏེ་བོད་ཀྱི་སྲོལ་རྒྱུན་རི་མོའི་ཆེད་ལས་དགེ་རྒན་གྱི་ཐུགས་འགན་བཞེས།  ༡༩༨༥ལོར་བོད་ལྗོངས་སློབ་གྲྭ་ཆེན་མོ་དབུ་བརྙེས་ཤིང་མི་རིགས་ཀྱི་ཕུལ་བྱུང་རིག་གནས་མུར་སྐྱོབ་དང་གོང་འཕེལ་གཏོང་བ་དང་ཆེད་ལས་དམིགས་བསལ་ཅན་འཛུགས་རྒྱུའི་དགོས་དབང་གིས་བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་དུ་བོད་རྒྱུད་མཛེས་རྩལ་ཆེད་ལས་འཛིན་གྲྭ་དངོས་སུ་བསྡུ་འགོ་བརྩམས་ཤིང་།  མི་ལོ་སྟོང་ལྷག་གི་ལོ་རྒྱུས་ལྡན་པའི་མི་རིགས་ཀྱི་ཕུལ་བྱུང་སྒྱུ་རྩལ་འདི་ཉིད་ཁྱིམ་རྒྱུད་ནང་ཁུལ་ཁོ་ནར་སྤེལ་བའི་སྲོལ་རྒྱུན་ལས་བརྒལ་ཏེ་སློབ་གྲྭ་ཆེན་མོའི་ཁྲིད་སྟེགས་སུ་འདྲེན་ཐུབ་པ་བྱུང་བ་ནི་ལོ་རྒྱུས་རང་བཞིན་གྱི་དཀྱོགས་མཚམས་གལ་ཆེན་ཅིག་ཡིན་པ་མ་ཟད།  དེ་ནི་དགེ་རྒན་བསྟན་པ་རབ་བསྟན་ལགས་ཀྱི་མི་ཚེའི་ཕུགས་འདུན་ལ་འདྲེས་པའི་ཡུན་རིང་གི་རེ་འབྲས་དོན་སྨིན་བྱུང་བ་ཞིག་ཡིན་འདུག  འོན་ཀྱང་ཆེད་ལས་འདིར་སློབ་ཁྲིད་གནང་རྒྱུ་ནི་དེ་འདྲའི་ལས་སླ་པོ་ཞིག་མ་ཡིན་ཏེ།  སྐབས་དེར་ཁོང་གི་མདུན་དུ་ལྷགས་པ་ནི་ཆེད་ལས་དགེ་རྒན་དང་ཆེད་ལས་ཁྲིད་དེབ་སོགས་གང་ཡང་མེད་པའི་སྟོང་ཆ་ཆེན་པོ་ཞིག་རེད། ལྷག་པར་དུ་སློབ་ཆེན་དུ་ཆེད་ལས་འདིར་སློབ་ཁྲིད་བྱས་མྱོང་མཁན་ཀྱི་མི་སྣ་གཞན་ཡང་གཅིག་ཀྱང་འཚོལ་དུ་མེད་པས་ཡོད་ཚད་རང་ཉིད་གཅིག་པུའི་ཁུར་དུ་བླངས་ཤིང་།  གཉིར་དོར་ཟས་བརྗེད་ཀྱིས་འབད་བརྩོན་དང་ཞིབ་འཇུག་གནང་བ་བརྒྱུད་དེ་བོད་ཀྱི་རི་མོའི་སློབ་གསོའི་སྲོལ་རྒྱུན་གྱི་ཁྲིད་བསྒྱུར་ཅིང་།  དེ་ཡང་སློབ་མ་སྐྱོང་བའི་དམིགས་ཡུལ་དང་དགོས་མཁོར་གཞིགས་ཏེ་ཁྲིད་ཡུན་དང་སློབ་སྐབས་སློབ་ལོ་སོགས་གཏན་ལ་འཁེལ་ཅིང་།  སློབ་ཁྲིད་ཀྱི་རྩ་འཛིན་དང་འཆར་གཞི་ཆ་ཚང་གསར་བཟོ་གནང་བ་མ་ཟད།          [བོད་ཀྱི་རི་མོའི་སློབ་དེབ་ལག་ལེན་ཞུན་ཐིག] བརྩམས་ཤིང་ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་ནས་དཔར་སྐྲུན་བྱས་རྗེས་བོད་ལྗོངས་སློབ་ཆེན་གྱི་ཆེད་ལས་སློབ་དེབ་དུ་གྱུར་ཅིང་།  ཕྱོགས་འདིའི་སྟོང་ཆ་བསྐང་ཐུབ་པ་བྱུང་།  དུས་མཚམས་སུ་སྤྱི་ཚོགས་ཐོག་གི་བོད་ཀྱི་རི་མོར་དུང་ཞེན་ཆེ་བའི་སྐྱེ་བོ་ཚོས་ཕཽགས་འདིར་རང་སྦྱོང་དང་ཞིབ་འཇུག་གནང་པར་མེད་དུ་མི་རུང་བའི་སློབ་དེབ་དང་དཔྱད་གཞི་ཉག་ཅིག་ཏུ་གྱུར།  དེ་འདྲ་ཡིན་པའི་དབང་གིས་༡༩༨༡ལོར་བོད་ལྗོངས་སློབ་ཆེན་དང་རྒྱལ་ཁབ་སློབ་ཨུད་གཉིས་ནས་སློབ་གསོའི་གྲུབ་འབྲས་ཕུལ་བྱུང་ཅན་གྱི་བྱ་དགའ་རེ་རེ་གནང་ཡོད། 

        ལོ་དེར་ཝུའུ་ཙིའི་རེན་(吴作人)མཛེས་པའི་རྩལ་སློབ་གསོའི་ཐེབས་རྩ་ཚོགས་པ་ནས་མཛེས་རྩལ་སློབ་གསོའི་བྱ་དགའ་གནང་།  ༡༩༩༡ལོར་བོད་རང་ལྗོངས་ཀྱི་ཕུལ་བྱུང་རིག་གཅིག་མཁས་པའི་མཚན་སྙན་གནང་།  

དེ་ཡང་༡༩༩༥ལོ་དང་༡༩༩༨ལོའི་བར་བསྟུན་མར་བོད་ལྗོངས་སློབ་ཆེན་གྱི་ཕུལ་བྱུང་དགེ་རྒན་ལ་གདམས་ཡོད། རྒན་བསྟན་པ་རབ་བརྟན་མཆོག་ནི་སྲོལ་རྒྱུན་རི་མོའི་ལག་ལེན་དང་གཞུང་ལུགས་གཉིས་ཐད་ནས་འགྲན་ཟླ་བྲལ་བའི་ཆེད་ལས་མཁས་དབང་ཞིག་ཡིན་པའི་ཆ་ནས་ཁོང་གིས་ཐོག་མཐའ་བར་གསུམ་དུ་སློབ་གསོ་དར་སྤེལ་དུ་གཏོང་དགོས་ཚེ་ངེས་པར་དུ་ཚན་རིག་ཞིབ་འཇུག་ལ་གཞི་བཅོལ་དགོས་པར་དགོངས་ཤིང་ དེ་ལྟར་བྱ་སྤྱོད་ངོ་མའི་ཐོག་ནས་མཛད་པ་བསྐྱངས་ཏེ་སྲོལ་རྒྱུན་རི་མོའི་སྒྱུ་རྩལ་ལ་སྙེགས་དོར་བཅུད་ལེན་དང་རྒྱལ་ཁབ་ཕྱི་ནང་གི་སྒྱུ་རྩལ་ཁྱབ་ཁོངས་ནས་ལེགས་ཆ་བསྡུ་ལེན་གནང་ཞིང་དེང་རབས་ཀྱི་ཤེས་བྱ་གསར་པ་ལ་དོ་སྣང་ཆེན་པོ་གནང་གི་ཡོད་ལ།  ཁོང་གི་སྔ་རྗེས་སུ་བོད་ཀྱི་རི་མོ་དང་འབྲེལ་བའི་དཔྱད་རྩོམ་བཅུ་ཕྲག་འགའ་རྩོམ་གནང་མཛད་ཡོད།  

དེ་དག་གི་ཁྲོད་ནས་བོད་ལྗོངས་སློབ་ཆེན་རིག་གཞུང་བགྲོ་གླེང་ཚོགས་འདུའི་ཐོག་བྱ་དགའ་ཨང་དང་པོ་ཐེངས་གསུམ་དང་བྱ་དགའ་ཨང་གཉིས་པ་ཐེངས་གཉིས།  བྱ་དགའ་ཨང་གསུམ་པ་ཐེངས་དུ་མར་བླངས་ཡོད། ལྷག་པར་དུ་ཁོང་གི་དཔྱད་རྩོམ་《སྲོོལ་རྒྱུན་རི་མོའི་འབྱུང་ཁུངས་དང་ཁྱད་ཆོས་སྐོར་གླེང་བ》ཞེས་པ་དེ་སྤྱི་ལོ་༡༩༩༩ལོའི་སྤྱི་ཟླ་༡༢པར་བོད་རང་ལྗོངས་ཚན་རིག་མཐུན་ཚོགས་ནས་རང་ལྗོངས་རིམ་པའི་དཔྱད་རྩོམ་ཕྱུལ་བྱུང་ཅན་དུ་མདམས།  དཔྱད་རྩོམ་འདི་དག་སྔ་རྗེས་སུ་《ཀྲུང་གོའི་བོད་རིག་པ》དང་《བོད་ལྗོངས་ཞིབ་འཇུག》《བོད་ཀྱི་སྒྱུ་རྩལ་ཞིབ་འཇུག》《བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ》སོགས་སུ་བཀོད་ཡོད་ལ། དཔྱད་རྩོམ་དེ་དག་ནས་བཏོན་པའི་ལྟ་བ་མང་པོ་ཞིག་གིས་བོད་ཀྱི་བཟོ་རིག་པའི་ཕྱོགས་ནས་དུས་བབ་དང་བསྟུན་པའི་ཁ་ཚ་དགོས་གཏུགས་ཀྱི་གནད་མང་པོ་ཞིག་གཏན་མཁེལ་ཡོད་པས་བོད་ཀྱི་མཛེས་རྩལ་ཞིབ་འཇུག་ལ་ཕྱོགས་པའི་སྐྱ་བོ་རྣམས་ཀྱིས་ཚད་མར་འཛིན་གྱི་ཡོད་དོ། །

དེ་ཡང་བོད་ཀྱི་རི་མོའི་སྒྱུ་གྱི་སྲོག་གི་དབང་པོ་ལ་མེད་ཐབས་བྲལ་བའི་ལུས་ལུས་ལྟ་བུའི་ཚོན་གྱི་སྦྱོར་བ་ནི་ལོ་རྒྱུས་ཡུན་རིང་ལྡན་ཅིང་སྦྱོར་སྡེབས་ཀྱི་མ་ལག་ཆ་ཡོངས་སུ་རྫོགས་པ་ཞིག་ཡོད་ཀྱང་། དུས་ཀྱི་འགྱུར་བའི་དབང་གིས་ཧ་ཅང་ཉག་ཕྲ་བའི་གནས་སུ་ལུས་པའིགནས་ཚུལ་ལ་གཟིགས་ཏེ།  ཁོང་གིས་གཙོ་བའི་འགན་བཞེས་པའི་དབང་གིས་རང་ལྗོངས་རིམ་པའི་ལས་གཞི་སྟེ་གཏེར་རྡོ་དང་སྐྱེ་དངོས་ལས་གྲུབ་པའི་བོད་ཚོན་སྔོགས་འདོན་དང་ཞིབ་འཇུག་ཅེས་པའི་ལས་གཞི་དེའི་གཙོ་འགན་བཞེས་ཏེ་མི་ལོ་གསུམ་རིང་དཀའ་ངལ་ཁྱད་བསད་ཀྱིས་ཞིབ་འཇུག་གནང་མཐར་གསར་གཏོད་རང་བཞིན་གྱི་གྲུབ་འབྲས་བླངས་ཤིང་།  རང་སྐྱོང་ལྗོངས་ཚན་རིག་མཐུན་ཚོགས་ཀྱི་རྩ་འཛུགས་ནས་ཤན་འབྱེད་བྱས་མཐར་བདེ་བླག་ངང་ཚད་ཐིག་ལོན་ཏེ་བོད་ལྗོངས་སློབ་གྲྭ་ཆེན་མོའི་ཚན་རིག་སྔོན་ཐོན་གྱི་བྱ་དགའ་ཨང་དང་པོ་ཐོབ་པ་མ་ཟད།  དུས་མཉམ་དུ་བོད་ལུགས་གཏེར་ཚོན་གྱི་རྒྱལ་ཁབ་རིམ་པའི་ཆེད་དབང་ཐོབ་ཡོད། 

       ཁོང་གི་གསར་རྩོམ་མཛད་པའི་རི་མོའི་བརྩམས་ཆོས་ལ་རྒྱལ་ཁབ་ཕྱི་ནང་གི་མཛེས་རྩལ་འགྲེན་སྟོན་གལ་ཆེན་དག་གི་ནང་བྱ་དགའ་རབ་དང་རིམ་པ་ཐོབ་ཡོད།  སྤྱི་ལོ་༡༩༩༡ལོའི་སྤྱི་ཟླ་༡༠བར་ཉི་ཧོང་དང་ཀྲུང་གོའི་དུས་དེབ་བཞིའི་མཛེས་རྩལ་འགྲེམ་སྟོན་ནང་ཁོང་གི་བརྩམས་བྱ་སའི་གོ་ལ་ཞེས་པར་ཟངས་ཀྱི་རྟགས་མ་ཐོབ།  སྤྱི་ལོ་༡༩༩༢ལོར་དཔལ་ལྡན་ལྷ་མོ་ཞེས་པའི་བརྩམས་བྱར་ཀྲུང་གོའི་མི་རིགས་རིག་གནས་རྒྱས་འགྲེམས་ཚོགས་ཆེན་སྐབས་གཉིས་པའི་ནང་དུ་ཕུལ་བྱུང་གི་བྱ་དགའ་ཐོབ།    

   སྤྱི་ལོ་༡༩༩༩ལོའི་སྤྱི་ཟླ་༡༢པའི་ནང་བོད་རང་སྐྱོང་ལྗོངས་ཀྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་བསྟན་འཛིན་ལགས་ཀྱིས་སྣེ་ཁྲིད་པའི་བོད་རང་ལྗོངས་ཕྱི་ཕྱོགས་རིག་གནས་འབྲེལ་འདྲིས་འཐུས་མི་ཚོགས་ཆུང་ཨ་ཧྥེ་རི་ཁའི་ལྷོ་ཕྱོགས་ཀྱི་རྒྱལ་ཁབ་བཞི་ལ་འཚམས་འདྲི་དང་རྒྱུས་ལོན་དུ་ཕེབས་སྐབས།  ཁོང་གི་བརྩམས་བྱས་བོད་ཀྱི་རིག་གནས་སྒྱུ་རྩལ་ཁྱབ་བསྒྲགས་ཐད་བག་ཆགས་ཧ་ཅང་ཆེན་པོ་བཞག་པ་མ་ཟད་འཛམ་གླིང་དུ་སྐད་གྲགས་ཆེ་ཆེ་བའི་ཨེ་ཅི་རྟེན་མཛོད་ཁང་གིས་བསྡུ་ཉར་གནང་། 

སྤྱི་ལོ༢༠༠༠ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁོང་ལ་རྒྱལ་ཡོངས་ཀྱི་སྔོན་ཐོན་ལས་བྱེད་པའི་མཚན་སྙན་གནང་།  དེ་ཡང་ཁོང་གིས་སྤྱི་ཚོགས་ཐོག་ལོ་ཆུང་བྱིས་པ་གང་མང་ཞིག་རྒྱུ་རྐྱེན་དུ་མའི་དབང་གིས་གཞུང་གི་སློབ་གསོ་མྱོང་ཐུབ་ཀྱི་མེད་པའི་སྣང་ཚུལ་གཟིགས་ཏེ། ལོ་རབས་༨༠པ་ནས་རང་ཁྱིམ་དུ་སློབ་ཡོན་མི་དགོས་པའི་སྒེར་གཉེར་མཛེས་རྩལ་སློབ་གྲྭ་བཙུགས་ཤིང་སྤྱི་ཚོགས་ཐོག་གི་སློབ་ཤོར་བྱིས་པ་མང་པོར་རང་ཁ་གསོ་བའི་ལག་རྩལ་བསླབ།  

དེ་ལྟར་མི་ལོ་སུམ་བཅུ་ལྷག་གི་རིང་ལ་སློབ་མ་རབས་བཅུ་ལྷག་བསྐྱངས་ཤིང་ཐང་གའི་ལག་རྩལ་ལ་བྱང་ཚད་མཐོ་བའི་དངོས་སློབ་༢༠༠ལྷག་གསོ་སྐྱོང་གནང་བ་དེ་དག་ནི་བོད་ཀྱི་ཐུན་མ་ཡིན་པའི་རི་མོའི་སྒྱུ་རྩལ་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་གྱི་རྨང་རྡོ་ཉག་གཅིག་ཏུ་འགྱུར་ཡོད།  ཁོ་ཚོས་སྤྱི་ཚོགས་ཐོག་རང་ཁ་རང་གསོ་ཐུབ་པ་བྱུང་བ་དེས་རྒྱལ་ཁབ་ཀྱི་ཁུར་པོ་ཇེ་ཡང་ཏུ་བཏང་བར་མ་ཟད་སྤྱི་ཚོགས་ཡོངས་ལ་མཛེས་རྩལ་གྱི་ཞབས་འདེགས་ཞུ་བཞིན་པའི་སྣང་ཚུལ་མཐོང་བས་མི་རྣམས་ལ་ཡིད་འགུལ་ཐེབས་ཤིང་ཁོང་གི་བླ་མེད་སྙིང་སྟོབས་དང་ལྷག་བསམ་ལ་སྤྱི་ཚོགས་ཡོངས་ཀྱི་གུས་བཀུར་དང་རྗེས་སུ་ཡིད་རང་ཐོབ།  

 སྤྱི་ལོ་༢༠༠༠ ལོའི་སྤྱི་ཟླ་༩པའི་ནང་གདན་ཞུས་ལྟར་ཧོ་ལན་རྒྱལ་ཁབ་ནས་ཚོགས་པའི་རྒྱལ་སྤྱིའི་བོད་རིག་པའི་བགྲོ་གླེང་ཚོགས་འདུ་སྐབས་དགུ་པར་ཞུགས།  སྤྱི་ལོ་༢༠༠༣ལའི་སྤྱི་ཟླ་༩པའི་ནང་དབྱིན་ཇི་རྒྱལ་ཁབ་ནས་ཚོགས་པའི་རྒྱལ་སྤྱིའི་བོད་རིག་པའི་བགྲོ་གླེང་ཚོགས་འདུ་སྐབས་བཅུ་པར་ཞུགས། 

 སྤྱི་ལོ་༢༠༠༢ལོའི་སྤྱི་ཟླ་༩པའི་ནང་ཉི་ཧོང་ནས་ཚོགས་པའི་སངས་རྒྱས་ཆོས་ལུགས་སྒྱུ་རྩལ་བགྲོ་གླེང་ཚོགས་འདུར་ཞུགས།  དེ་ཡང་སྤྱི་ལོ་༢༠༠༢ལོ་ནས་སྤྱི་ལོ་༢༠༠༣ལོའི་བར་མཉམ་རྩོམ་མཛད་པའི་དཔེ་དེབ་བོད་ཀྱི་མཛེས་རྩལ་ལོ་རྒྱུས་མདོར་བསྟན་དང་རྒྱ་བོད་བོད་རྒྱ་མཛེས་རྩལ་ཚིག་མཛོད་སོགས་དཔར་སྐྲུན་མཛད། 

 སྤྱི་ལོ་༢༠༠༧ལོར་བོད་ཀྱི་སྲོལ་རྒྱུན་མཛེས་རྩལ་ལས་བྲིས་འབུར་གཉིས་ཀྱི་བྱུང་བ་མདོ་ཙམ་བརྗོད་པ་ཞེས་པ་བརྩམས་གནང་མཛད་ཅིང་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་སྐྲུན།  སྤྱི་ལོ་༢༠༠༧ལོར་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་ལས་བོད་ཀྱི་སྨན་ཐང་ལུགས་ཀྱི་རྒྱུད་འཛིན་མཁན་དུ་བསྐོས།  

 སྤྱི་ལོ་༢༠༡༤ལོར་ཀྲུང་གོ་མཛེས་རྩལ་མཐུན་ཚོགས་ཀྱི་མཛེས་རྩལ་སློབ་གསོ་ཨུ་ཡོན་ལྷན་ཚོགས་སྐབས་དང་པོའི་ཚོགས་མིར་གདམས།  ཁོང་གི་མཛད་རྣམ་ཀྲུང་གོའི་དེང་རབས་སྒྱུ་རྩལ་བའི་མི་སྣ་གྲགས་ཅན་གྱི་མཛོད་དང་འཛམ་གླིང་ཧྭ་མི་སྒྱུ་རྩལ་བའི་གྲུབ་འབྲས་རྒྱས་འགྲེམ་མཛོད་ཆེན་སོགས་སུ་གདམས་ཡོད་པ་བཅས།  ད་ལྟའི་བར་དགའ་སྐྱོ་འདྲེས་མའི་མི་ལོ་ཧྲིལ་བོ་༧༠ལྷག་ཕར་འདས་ཤིང་།  བོད་ལྗོངས་སློབ་ཆེན་དུ་དང་ཐོག་གི་ཆེད་སྦྱོང་སློབ་མ་ནས་དངོས་གཞིའི་སློབ་མ།  དེ་ནས་རབ་འབྱམས་ཞིབ་འཇུག་སློབ་མ་དང་ད་ལྟའི་འབུམ་རམས་ཞིབ་འཇུག་སློབ་མ་བསྡུ་ཐུབ་པ་བྱུང་བའི་བར།  ང་ཚོར་མིག་མཐོང་ལག་ཟིན་དུ་གྱུར་བའི་བྱ་གཞག་འདི་དག་ཐམས་ཅད་ནི་ཁོང་གི་ཤེས་རབ་ཀྱི་རྩལ་དང་གཞན་ཕན་གྱི་སེམས།  བརྩོན་འགྲུས་ཀྱི་ཤུགས་ལས་བྱུང་བ་མ་ཡིན་ནམ། དེ་འདྲ་ཡིན་པའི་དབང་གིས་རང་སྐྱོང་ལྗོངས་ཕྱི་ནང་ཙམ་མ་ཟད་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཁོང་གི་འགྲན་ཟླ་བྲལ་བའི་སོར་མོའི་རྩལ་དང་གཞན་དྲིང་མི་འཇོག་པའི་རིག་གཞུང་གི་གྲུབ་འབྲས་དང་།  ལྷག་པར་དུ་བདག་འཛིན་གྱི་འཆིང་རྒྱ་ལས་རིང་དུ་གྲོལ་ཅིང་གཞན་ཕན་གྱི་སྤྱོད་པ་ཁོ་ནས་དུས་འདའ་བའི་ངང་ཚུལ་གྱིས་ས་སྟེང་ཡོངས་ཀྱི་མོས་གུས་ཐོབ་བོ། །    

མདོར་ན་དགེ་རྒན་ཆེན་མོའམ་བོད་ཀྱི་མཛེས་རྩལ་སློབ་དཔོན་ཆེན་མོ་བསྟན་པ་རབ་རྒྱས་མཆོག་ནི་ཐོག་མཐའ་བར་གསུམ་དུ་བོད་ཀྱི་ཕུལ་བྱུང་བའི་བཟོ་རིག་སྒྱུ་རྩལ་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་ཐད་ཕྱག་རྗེས་བླ་ན་མེད་པའི་བཞག་གནང་མཛད་པའི་སྐྱེས་བུ་དམ་པ་ཞིག་དང་བོད་ཀྱི་སྲོལ་རྒྱུན་རི་མོའི་སྒྱུ་རྩལ་འདི་ཉིད་དེང་རབས་ཀྱི་སློབ་གྲྭ་ཆེན་མོའི་ཁྲིད་སྟེགས་སུ་འདྲེན་པའི་ཤིང་རྟ་མཁན།   དབུལ་ཕོངས་དང་དབང་སྐྱོན་སོགས་ཀྱི་དབང་གིས་སློབ་གྲྭ་ཤོར་བའི་བྱིས་པ་གྲངས་མེད་ལ་ཟས་གོས་དང་སྒྱུ་རྩལ་གྱི་ལོངས་སྤྱོད་སྦྱིན་པའི་ཕ་དམ་པ།  མཁས་པའི་ལས་གསུམ་གྱིས་ལྟ་ངན་རྩ་བམ་ནས་འཇོམས་ཤིང་དངོས་གཞི་དང་ཞིབ་འཇུག་སློབ་མ་སྐལ་ལྡན་མང་པོར་རིག་པའི་སྒོ་མོ་ཡངས་པོར་འབྱེད་མཁན་གྱི་དེད་དཔོན་ཆེན་མོ་ཞིག་གོ།།།།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།