ལྷ་རིས་པ་རྒན་ཀྱའི་དཀོན་མཆོག་རྒྱ་མཚོའི་ངོ་སྤྲོད་མདོར་བསྡུས།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-05-10 19:30:11     རྩོམ་པ་པོ།   ངེད་དགེ་ལུགས་དྲ་བ།    ཀློག་ཐེངས།  

微信图片_20220510193909.jpg

 ༄།།ལྷ་རིས་པ་དཀོན་མཆོག་རྒྱ་མཚོ་ནི་༡༩༧༢ལོར་རྒན་གྱའི་སུ་རིག་ནས་སྐྱེས་ཤིང་ཆུང་དུས་ནས་རི་མོ་འབྲི་བར་ཤིན་ཏུ་དགའ།   

༡༩༨༣ལོར་བླ་བྲང་དགོན་པའི་དུས་འཁོར་གྲྭ་ཚང་དུ་ཞུགས་ཏེ་དགེ་བའི་བཤེས་གཉེན་ཨ་ཁུ་འཇིགས་མེད་ཚང་ཚུལ་བཞིན་དུ་བསྟེན་ནས་གྲྭ་ཚང་རང་གི་འདོན་རྟ་དབྱངས་དང་ཆོ་ག་ཕྱག་ལེན་སོགས་གོ་རིམ་བཞིན་བསླབ་ཅིང་།  དགོན་པའི་ལས་ཁུར་ཆེ་ཆུང་ལ་ཞུགས་ཤིང་། དུས་འཁོར་ཨ་ཁུ་བློ་བཟང་་དང་རྒྱུད་སྟོད་པའི་ཨ་ཁུ་བློ་བཟང་། ཐོས་བསམ་གླིང་གི་ཨ་ཁུ་ཐབས་མཁས་སོགས་ཀྱི་མདུན་ནས་དཀྱིལ་འཁོར་གྱི་ཐིག་རྡུལ་ཚོན། སྐུ་གདུང་མཆོད་རྟེན་གྱི་ཐིག་རྩ། མར་ཚོན་དང་ཞལ་འབག་སོགས་དགོན་པའི་ཐུན་མོང་མ་ཡིན་པའི་བཟོའི་གནས་ལ་སྦྱོང་བའི་སྐལ་བཟང་ཐོབ། 

རྗེས་ནས་ཁམས་ཀྱི་དགེ་སློང་ཉི་མ་དང་ཚེ་བྷ་གཉིས་ཀྱི་དྲུང་ནས་སྲོལ་རྒྱུན་རི་མོ་དང་ཤིང་ཚོན་སོགས་ལ་བསླབ།  

༡༩༩༥ལོར་རང་ལ་མེ་ཏོག་ཕོག་པའི་ལྷ་སྐལ་བླ་བྲང་དགོན་པའི་གྲུབ་ཆེན་བཞིའི་ཡ་གྱལ་༧རྗེ་རིགས་གྲྭ་བ་༧སྐལ་བཟང་བསྟན་པ་རབ་རྒྱས་མཆོག་གི་ཞབས་ལ་གཏུགས་ནས། སྤྲུལ་བའི་བཟོ་བོ་ཁོང་གི་ཕྱག་རྒྱུན་ངོ་མཚར་ཐང་གའི་སྒྱུ་རྩལ་སྦྱངས་བ་མི་དམན་པ་བྱས་མཐར་ཁོང་གིས་དངོས་སུ་མཐར་ཕྱིན་དཔང་ཡིག་ཀྱང་བསྩལ། 

དགེ་བའི་བཤེས་གཉེན་དམ་པ་ཁོང་རྣམས་ཀྱི་བཀའ་དྲིན་ལ་བསྟེན་ནས་ སྔ་རྗེས་སུ་གྲུབ་པའི་བརྩམས་ཆོས་དག་བླ་བྲང་དགོན་པའི་འདུ་ཁང་དང་ལྷ་ཁང་། ནང་ཆེན་དང་གྲྭ་ཤག་སོགས་ན་ལྡེབ་རིས་ཀྱི་ཐང་ག་ཆེ་ཆུང་ཉིས་བརྒྱ་ལྷག་རྟེན་ཉེར་བྱས་ཡོད་པ་མ་ཟད།  དགོན་སྡེ་དང་སྤྱི་ཚོགས་སོགས་རྒྱལ་ཁབ་ཕྱི་ནང་ཀུན་ན་ཐང་ག་ཆེ་འབྲིང་ཆུང་གསུམ་བགྲང་གིས་མི་ལོངས་པ་གསར་བཞེངས་བྱས་ཤིང་། ཀུན་གྱིས་བསྟོད་བསྔགས་དང་བྱ་དགའ་གང་མང་ཐོབ་ཡོད། 

༢༠༡༠ ལོར་པེ་ཅིན་ཧི་མ་ལ་ཡ་བརྙན་གཟུགས་རིག་གནས་རྒྱུད་བསྐྲུན་ཚད་ཡོད་ཀུང་ཟིས་ཐང་ག་ཆེ་ཤས་སྟེ་《རྗེ་ཙོང་ཁ་བའི་མཛད་རྣམ་ཆ་ཚང་》གི་ཇུས་འགོད་བློ་འདོན་པར་ཆེད་དུ་གདན་ཞུ་བྱས་པ་དང་། ༢༠༡༡ ལོར་མཚོ་སྔོན་ཞིང་ཆེན་ཐང་གའི་སྒྱུ་རྩལ་མཐུན་ཚོགས་ཀྱིས་དམངས་ཁྲོད་སྒྱུ་རྩལ་ཆེད་མཁས་པའི་མཚན་སྙན་གནང་།

 ༢༠༡༣ ལོར་བླ་བྲང་རླབས་ཆེན་ལག་ཤེས་ཐང་ག་བཟོ་གྲྭའི་མཐུན་གཉེར་ཁང་བཙུགས། 

༢༠༡༦ལོར་བླ་བྲང་འབེལ་དཀར་རིག་གནས་ཐུན་གཉེར་ཁང་གིས《བླ་བྲང་དགོན་པའི་གཟབ་རྒྱས་ཆེ་བའི་ནང་བསྟན་རིག་གནས་ལོ་རྒྱུས་ཞལ་ཐང་ཆེན་མོའི》སྤྱིའི་ལྟ་སྐུལ་བའི་འགན་བཞེས་པ་དང་ཀུན་མཁྱེན་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་ཐང་ག་རྒྱ་ལྷག་ཙམ་ལ་དཔེ་རིས་བལྟ་ས་མེད་པར་རྣམ་ཐར་གྱི་ཚིག་འབྲི་ཇི་བཞིན་སྐྱ་ཐིག་བརྒྱབ།

༢༠༡༥ལོར་ཀན་སུའུ་ཞིང་ཆེན་གྱི་དངོས་མིན་ཤུལ་བཞག་རིག་གནས་རྒྱུད་འཛིན་མི་སྣར་གདམས་ཐོན་བྱུང་།

  ༢༠༡༤ལོ་སྤྱི་ཟླ༦པ་ནས་བཟུང་རང་གིས་འགྲོ་སོང་བཏང་ནས་བླ་བྲང་ཐང་ག་རིག་གནས་གླིང་བཙུགས་ཏེ་སློབ་བཤོལ་བ་དང་། ལས་གནས་མ་རག་པའི་བོད་རིགས་ན་གཞོན་མང་བོར་སློབ་ཡོན་མེད་པར་སློབ་ཁྲིད་བྱེད་བཞིན་པ་མ་ཟད་སློབ་མ་ཚོའི་འཚོ་བའི་ཕྱོགས་ལའང་མཐུན་རྐྱེན་གང་ལེགས་སྦྱར་བ་སོགས་མདོར་ན་གཞན་རྗེས་སུ་འཛིན་པའི་རིག་པའི་གཞུང་ལུགས་ཀྱི་བྱེ་བྲག་ལྷ་རིས་སྒྱུ་རྩལ་གྱི་རིག་གཞུང་རྒྱུད་འཛིན་དར་སྤེལ་དང་འབྲེལ་རྣམ་དཀར་དགེ་བའི་ལས་ལ་བརྩོན་བཞིན་པ་ལགས་སོ།།


སྡོད་གནས།  ཀན་སུའུ་བསང་ཆུ་རྫོང་།   

ཁ་པར།13893989730


རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།