རྗེ་གཟིགས་པ་ལྔ་ལྡན།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-19 19:55:06     རྩོམ་པ་པོ།   མི་གསལ།    ཀློག་ཐེངས།  

f79f30a.jpg

གཟིགས་པ་དང་པོ།

དེ་ཡང་ལན་གཅིག་མཁས་གྲུབ་ཐམས་ཅད་མཁྱེན་པ་གསུང་ཆོས་གནང་སར་བྱོན་ནས་གཟིམས་ཁང་དུ་ཕེབས་པའི་སྐབས་ཤིག་ཐུགས་དགོངས་ལ། ལར་སེམས་ཅན་འདི་རྣམས་སྔོན་བསོད་ནམས་ཆེན་པོ་མ་བསགས་པས་ཡོངས་འཛིན་མཚན་ཉིད་དང་ལྡན་པ་ནི་མེད། འདུས་བྱས་མི་རྟག་པར་བསྟན་ན་རྟག་པར་འཛིན། ཆོས་རྣམས་ཀྱི་གནས་ལུགས་སྟོང་པར་བསྟན་ན་བདེན་གྲུབ་ཏུ་འཛིན། ལོངས་སྤྱོད་སྙིང་པོ་མེད་པར་བསྟན་ན་འབད་རྩོལ་ཆེར་བཏང་ནས་སྒྲུབ། ཚེ་འདིའི་སྙན་གྲགས་བྲག་ཆ་ལྟར་བསྟན་ན་ཐོབ་བྱ་མཐར་ཐུག་ཏུ་འཛིན། མདོར་ན་རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོའི་སྔགས་མཚན་ཉིད་ཀྱི་ལེགས་བཤད། རྡོ་རྗེ་འཆང་གི་གསང་བའི་གནད་རྣམས་ལ་འཁྲུལ་པའི་ཆ་ཕྲ་མོ་ཙམ་མེད་པའི་མཐའ་ཆོད་པ་འདི་ལྟ་བུ་རྣམས་ཉིན་མཚན་དུ་འབད་ནས་བཤད་ཀྱང༌། སྐལ་བ་དང་མི་ལྡན་པས་གསུང་གི་བདུད་རྩིའི་དགའ་སྟོན་འདི་ལྟ་བུ་མི་མྱང་བར། བཤེས་གཉེན་ངན་པ་གླེན་ཞིང་གཏི་མུག་པ་གང་ཡང་མ་བསླབས་པས་ཅི་ཡང་མི་ཤེས་པ། བླང་དོར་གྱི་གནས་ལ་རྨོངས་པ་དུད་འགྲོ་ལྟ་བུ་ཞིག་གི་མདུན་དུ་ཁ་བསགས་དང་གཞོགས་སློང༌། རྙེད་བཀུར་སྙན་གྲགས། ངག་འཁྱལ་ཀུ་ཅོ། དམག་དང་ཆོམ་རྐུན་གྱི་གཏམ། བདག་བསྟོད་གཞན་སྨོད་སོགས་ཀྱི་ཚིག་རེ་ཉན། ཀུན་སྤྱོད་ཁྱི་ཕག་ལྟར་རོལ་བ་འདི་ལྟ་བུ་ལ་བླང་དོར་གྱི་གནད་ཤེས་པ་ཞིག་གིས་སེམས་མནལ་དུ་ཕོབ་ལ་ལྟོས་དང༌། ལར་འཆི་བ་ནི་མ་དྲན། ཚེ་འདིའི་རྙེད་བཀུར་གྱིས་ནི་གཡེང༌། ལོག་པའི་ལམ་ལ་འཇུག་པའི་སེམས་ཅན་འདི་རྣམས་ལ་གཟིགས་དང་ཞེས་ཐུགས་ཤིན་ཏུ་སྐྱོ་བས་སྤྱན་ཆབ་མང་པོ་ཤོར། དེའི་ཚེ་མཆོད་པ་བཟང་པོར་བཤམས་ནས་རྗེ་ལ་གསོལ་བ་དྲག་པོ་བཏབ་ཅིང་བཤུམས་པས། རྗེ་བླ་མ་གླང་པོ་ཆེ་སྤུ་མདོག་གངས་རི་ལྟར་དཀར་བ། ཅང་ཤེས་ཡན་ལག་དང་ལྡན་པ། མཆེ་བ་དྲུག་ཡོད་པ། ལུས་གསེར་གྱི་དྲ་བས་གཡོགས་ཤིང༌། གསེར་གྱི་དྲིལ་བུ་བསམ་གྱིས་མི་ཁྱབ་པས་སྤྲས་པ། སྒ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་ཞིག་ལ་ཆིབས་པ་རྗེ་བླ་མ་རང་གི་རྣམ་པ་ཅན་དུ་བྱོན་ནས་ངའི་བུ་སེམས་མི་བདེ་བ་མི་དགོས་བླ་མ་དྲན་པར་བྱས་པས་སྔར་བསགས་སྡིག་པ་སྟོབས་ཆེན་འདག་ཅིང༌། བསོད་ནམས་ཀྱི་ཚོགས་བསམ་གྱིས་མི་ཁྱབ་པ་གསོག་ནུས་པ་ཡིན། ངེད་རང་དཔོན་སློབ་ཀྱི་འདུན་མ་རྩ་བ་ནས་ལེགས་པ་ཡིན། རྣལ་འབྱོར་དབང་ཕྱུག་མི་ལས་ཀྱང་བླ་མ་དྲན་ནས་བླ་མ་དྲན་དྲུག་གི་མགུར་སོགས་མཛད་པ་དང་མཚུངས། ད་ཕྱིན་ཆད་ངའི་བསྟན་པ་འདི་རྒྱས་པར་གྱིས་ཤིག །ཅེས་གསུངས།

གཟིགས་པ་གཉིས་པ།

ཡང་ལན་ཅིག གསུང་རབ་ཀྱི་དཀའ་གནད་ཁྱད་པར་ཅན་འགའ་ཞིག་དང༌། ཁྱད་པར་བསྐྱེད་རྫོགས་ཀྱི་གནད་ཁྱད་པར་ཅན་འགའ་ལ་དོགས་པ་བྱུང་བར། བདག་གི་བླ་མ་དེ་བཞུགས་ན་ཞུ་བ་ཡིན་པ་ལ་རྗེ་བླ་མ་ནི་མ་བཞུགས། ཐག་ཆོད་པའི་ཁུངས་གཞན་ནི་མེད། རྗེ་བླ་མ་དེ་བཞུགས་ན་དགའ་བ་ལ། ངའི་བླ་མ་དེ་གང་ན་བཞུགས་སྙམ་དུ་དགོངས་ནས་ཐུགས་སྐྱོ་ཞིང་ཕྱོགས་གཞན་དུ་ཆོལ་ཆོལ་བྱུང་བས། ཡང་མཎྜལ་དང་བཅས་པའི་མཆོད་པ་བཟང་བ་ཞིག་བཤམས་ནས་ཕ་རིན་པོ་ཆེ་རྗེ་བླ་མ་ཙོང་ཁ་པ་ཆེན་པོ་ཞེས་ཆོ་ངེ་ཆེན་པོས་གསོལ་བ་བཏབ་ཅིང་སྤྱན་ཆབ་བཏོན་པས། རྗེ་བླ་མ་དེ་ནོར་བུ་མུ་ཏིག་ལ་སོགས་པས་སྤྲས་་པའི་གསེར་གྱི་ཁྲི་ལྷའི་བུ་མང་པོས་གཏེགས་པ་ཞིག་གི་སྟེང་དུ་བྱོན་ནས་ དཀའ་བའི་གནད་ཐམས་ཅད་མ་ལུས་པ་བཅད། བཀའ་རྗེས་གནང་མང་པོ་དང་གཞན་ཡང་ཆོས་མང་དུ་གསུངས་སོ།།

གཟིགས་པ་གསུམ་པ། 

ཡང་ལན་ཅིག ལམ་རིམ་གཉིས་ཀྱིས་གཙོ་བྱས་པའི་རྗེ་བླ་མའི་གསུང་རབ་རྣམས་ལ་གཟིགས་ཤིང༌། ཡིག་ཆ་གཞན་རྣམས་ལ་ཡང་གཟིགས་པས་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་སོགས་མདོར་ན་སྔགས་མཚན་ཉིད་ཀྱི་གསུང་རབ་དགོངས་འགྲེལ་དང་བཅས་པའི་དོན་བསྟན་ཚུལ་དང༌། དེ་དག་གི་དོན་ཐམས་ཅད་གང་ཟག་གཅིག་འཚང་རྒྱ་བའི་ཉམས་ལེན་དུ་འཁྱེར་ལུགས། འགོ་བཤེས་གཉེན་བསྟེན་ཚུལ་ནས་བརྩམས་ཏེ་ལམ་ཐུན་མོང་བས་རྒྱུད་སྦྱངས་པ་ནས་ཟུང་འཇུག་ཚེ་གཅིག་ལུས་གཅིག་ལ་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱེད་པའི་བར་གྱི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་འདི་ལྟ་བུ་ལ་ངའི་བླ་མ་རྗེ་བཙུན་འཇམ་དབྱངས་གྱི་རྣམ་སྤྲུལ་རྗེ་ཙོང་ཁ་པ་མ་གཏོགས་རྒྱ་གར་འཕགས་ཡུལ་དང༌། བོད་ཀྱི་བཀའ་གདམས་པ་དང༌། ཕྱག་རྒྱ་བ་གཉིས་ཀ་ལ་མ་བྱུང་འདུག་སྙམ་དུ་རྗེའི་སྐུ་ཆེ་བའི་ཡོན་ཏན་དྲན་ནས་དད་པ་ཆེན་པོ་བསམ་གྱིས་མི་ཁྱབ་པ་འཁྲུངས། སྤྱན་ཆབ་ན་བཟའ་བངས་པ་ཙམ་བཏོན། ཕ་རིན་པོ་ཆེ་སྐུ་དྲིན་ཅན། སྐུ་དྲིན་འཁོར་མེད། ཛམ་བུ་གླིང་གི་སེམས་ཅན་ཐམས་ཅད་ཀྱིས་ཁྱེད་ཀྱི་སྐུ་དྲིན་གསབ་ཏུ་མེད། རྗེ་ཙོང་ཁ་པ་ཞེས་གསོལ་བ་དྲག་པོ་བཏབ་པས། རྗེ་བླ་མ་སེང་གེ་དཀར་མོ་འཇིགས་སུ་རུང་བ་རིན་པོ་ཆེའི་རྒྱན་བསམ་གྱིས་མི་ཁྱབ་པས་སྤྲས་པ་ཞིག་ལ་ཆིབས་པ། སྐུ་མདོག་དམར་སེར་རལ་གྲི་དང་གླེགས་བམ་འཛིན་པ་གཞོན་ནུའི་ཚུལ་ཅན། རིན་པོ་ཆེའི་རྒྱན་སྣ་ཚོགས་པས་སྤྲས་པ། བྱང་ཆུབ་སེམས་དཔའི་ཚུལ་དུ་བྱོན་ནས་ངའི་བུ་ངུ་མི་དགོས། ངས་ཆོས་ཞིག་འཆད་པ་ཡིན་ནོ་གསུངས་ཏེ། སྤྱིར་སྙིགས་མའི་དུས་སུ་སེམས་ཅན་གྱི་རིགས་ལ་སྣ་ཚོགས་འོང༌། ཁྱད་པར་ད་ལྟའི་དུས་སུ་འཆི་བ་མི་རྟག་པ་དང༌། ངན་སོང་གསུམ་གྱི་སྡུག་བསྔལ་མ་དྲན་པས་རྙེད་བཀུར་སྙན་གྲགས་ལྟོ་གོས་ཀྱི་བྱ་བ་ཕལ་པ་ལ་ཞེན། ཚེ་འདིའི་བྱ་བ་སྒྲུབ་སྒྲུབ་ནས་སྐྱེ་བ་ཕྱི་མ་འདི་ལྟར་འགྱུར་སྙམ་པའང་དཀོན་པར་གདའ། ཞེས་སོགས་མང་དུ་ཆོས་གསུངས་པའི་མཐར། ཁོ་བོས་བླ་མ་ཡི་དམ་ལ་གསོལ་བ་དྲག་ཏུ་བཏབ། ཚོགས་བསགས་སྒྲིབ་སྦྱངས་བྱས། གཞུང་ལུགས་ཆེན་མོ་རྣམས་ལ་བརྒལ་ཞིང་མཐའ་དཔྱད་པའི་ལེགས་བཤད་འདི་རྣམས་བལྟས་ཏེ། ཡིད་ཆེས་པར་བྱས་ནས་དབེན་པར་རྩེ་གཅིག་ཏུ་ཉམས་སུ་བླངས་ན་སངས་རྒྱས་ལག་མཐིལ་ན་ཡོད་པ་ཡིན་ཏེ་བྱེད་མཁན་དཀོན། དེ་ལྟ་ནའང་སྣོད་རུང་གི་གདུལ་བྱ་འགའ་རེ་སྲིད་པས་དེ་དག་ལ་ཕན་པར་གྱིས། ཁྱད་པར་དུ་ངའི་སྔགས་ཀྱི་ལེགས་བཤད་འདི་རྣམས་རྒྱས་པར་གྱིས་ཤིག་སྐྱེ་བ་ཕྱི་མ་ལ་མྱུར་དུ་འཕྲད་པ་ཡིན་ནོ། །ཞེས་གསུངས་སོ།།

གཟིགས་པ་བཞི་པ།

ཡང་ལན་གཅིག སྐབས་ཤིག་རྗེ་བླ་མ་དྲན་ནས་ངའི་བླ་མ་དེ་གང་ན་བཞུགས་ཡོད། ནམ་ཞིག་མཇལ་ན་སྙམ་དུ་སྤྱན་ཆབ་མང་པོ་བཏོན་ཅིང༌། ཐུགས་མནན་པས་མི་ནོན་པ་ཙམ་དུ་སྐུ་ལུས་འདར་ཞིང་བ་སྤུ་གཡོ་བ་དང་བཅས། རྗེ་བླ་མ་ཙོང་ཁ་པ་ཁྱེད་ཀྱིས་ང་ལ་རང་གཟིགས་དང༌། སེམས་ཅན་རྨུ་རྒོད་ཀྱི་སྤྱོད་པ་འདི་རྣམས་ལ་གཟིགས་དང༌། ཁྱོད་ཀྱི་བསྟན་པ་འདི་ཡང་བར་སྣང་གི་གློག་གམ་དྲི་ཟའི་གྲོང་ཁྱེར་ལྟར་མྱུར་དུ་རང་སྡུད་པ་འདྲ། ང་ཡང་ཁྱེད་ཀྱི་ཞབས་དྲུང་ན་ནམ་ཞིག་འོང་ན་ཞེས་གསོལ་བ་དྲག་ཏུ་བཏབ་པས། རྗེ་བླ་མ་སྟག་ཆེན་པོ་འཇིགས་སུ་རུང་བ་ཞིག་ལ་ཆིབས་ནས་རྣལ་འབྱོར་པའི་ཆ་ལུགས་སུ་མཛད། སྐུ་མདོག་དམར་པོ་སྤྱན་དང་ཤངས་ཆེ་བ། ཕྱག་གཡས་རལ་གྲི་འབར་བ་ནམ་མཁའ་ལ་འཕྱར། གཡོན་པ་བདུད་རྩིས་གང་བའི་ཀ་པཱ་ལ་ཐུགས་ཀར་བཟུང༌། རལ་པ་དམར་པོའི་ཐོར་ཅོག་ལ་དར་སྔོན་བཅིངས་པ། རུས་པའི་རྒྱན་གྱིས་བརྒྱན་པ། ཤིན་ཏུ་འཛུམ་ཞིང་བཀྲག་ཆེ་བ་ལ་གྲུབ་ཆེན་བརྒྱད་བཅུས་བསྐོར་ནས་དགྱེས་བཞིན་དུ་བྱོན་ཏེ། བུ་ཤེས་པ་འཕྱོ་མི་དགོས། ང་ལའང་ཁྱོད་མིན་པ་བསམ་རྒྱུ་མེད། ཁྱོད་ཀྱང་ང་མིན་པ་སུ་བསམ། ཁྱོད་བཞག་ནས་གང་དུའང་མི་འགྲོ༌།ང་དྲན་ན་སྔགས་མཚན་ཉིད་ཀྱི་ལམ་རིམ་གཉིས་ཀྱིས་གཙོ་བྱས་པའི་ཡིག་ཆ་འདི་རྣམས་ངའི་ཁ་ཆེམས་ཡིན་པས་འདི་རྣམས་ལྟོས། སྤྱིར་སེམས་ཅན་རྣམས་བསོད་ནམས་ཤིན་ཏུ་ཆུང་དུ་སོང༌། ཉོན་མོངས་པ་རགས། བསྟན་པའི་མཇུག་བསྡུད་པའི་མགོ་ཡང་རྩམ་འདུག །ཁྱོད་རང་མཁའ་སྤྱོད་དུ་འོང་བའི་འདུན་པ་ཐོངས་གསུང་ངོ་། །

གཟིགས་པ་ལྔ་པ།

དེ་ནས་སྐབས་ཤིག་ཏུ་མཁས་གྲུབ་རིན་པོ་ཆེའི་ཐུགས་དགོངས་ལ་ད་ང་ཡང་འགྲོ་བའི་འདུན་པ་བྱེད་ན་ལེགས་པ་འདྲ། ངའི་བླ་མ་དེ་ལ་མཆོད་པ་ཞིག་ཕུལ་ནས་གསོལ་བ་གཏབ་ན་བྱོན་ལ་རེ་དེས་ན་རྗེ་བླ་མ་གང་ན་བཞུགས་ཀྱང་ཞུ་ལ། ཞུ་རྒྱུ་གཞན་ཡང་འགའ་ཞིག་ཡོད་དགོངས་ནས་གསེར་གྱི་མཎྜལ་དང་བཅས་པའི་མཆོད་པ་ཤིན་ཏུ་བཟང་པོ་བློ་ཡུལ་དུ་མི་ཤོང་བ་ཙམ་གྱི་མཐའ་ཡས་མུ་མེད་པ་ཅིག་བཤམས་ཏེ་ཕུལ་ནས། ཕ་དུས་གསུམ་གྱི་སངས་རྒྱས། འགྲོ་བ་མགོན་མེད་ཀྱི་སྐྱབས་གཅིག་པུ། རྗེ་བཙུན་འཇམ་དབྱངས་འགྲན་གྱི་དོ་མེད་རྡོ་རྗེ་འཆང་ཞེས་གསོལ་བ་ཤུགས་དྲག་ལ་ཡུན་རིང་བར་བཏབ་པས། རྗེ་བླ་མ་སྤྲིན་དཀར་ཕུངས་ཕུངས་པ་ཞིག་གི་དབུས་སུ་སྔར་གྱི་རབ་ཏུ་བྱུང་བའི་ཆ་ལུགས་སུ་བྱོན་ནས། བུ་ད་ནི་མྱུར་དུ་འོང་བའི་གྲབ་གྱིས། བདག་གིས་བསུ་མཁན་གཏོང་གསུང་བ་ལ། རྗེ་བླ་མ་ད་ལྟ་གང་ན་བཞུགས་པ་ལགས། བདག་ཀྱང་དེར་འོང་བ་ཡིན་ཞུས་པས། སྤྱིར་ངའི་སྤྲུལ་པ་མཁའ་སྤྱོད། དགའ་ལྡན། ཛམྦུ་གླིང་ལ་སོགས་པ་མང་པོར་ཡོད་པ་ཡིན། ད་ལྟ་རྒྱ་ནག་རི་བོ་རྩེ་ལྔར་དགེ་སློང་རྡོ་རྗེ་འཛིན་པ་སྟོང་བརྒྱད་བརྒྱ་རེ་ཙམ་ལ་སྔ་དྲོ་དབུ་མ་དང་ལམ་རིམ། ཕྱི་དྲོ་གསང་བདེ་འཇིགས་གསུམ་གྱི་བསྐྱེད་རྫོགས་འཆད་ཀྱིན་ཡོད། ཁྱོད་རང་ཡང་དེར་འོང་བའི་སྨོན་ལམ་ཤུགས་དྲག་ལ་རྒྱུན་རིང་བ་ཐོབ། རིང་པོར་མི་ཐོགས་པར་འཕྲད་པ་ཡིན་ནོ་གསུངས། གདུལ་བྱ་གཞན་ཡང་ཞིང་དེར་སྐྱེ་བའི་རྒྱུ་ཚོགས་ཇི་ལྟར་ལ་འབད་དགོས་སོགས་བཀའ་འདྲི་ཞུས་པར་ཞལ་གདམས་ཡང་དུ་མ་ཞིག་གསུངས་ཤིང༌། དེ་ཡང་གོང་དུ་བཀོད་པ་འདི་དག་སྐབས་འདིར་ཚིག་ཚོགས་ཆུང་ཁྱད་དོན་ཅུང་ཟད་བསྡུས་ནས་བཀོད་པ་ཡིན་ལ། ཞིབ་པར་འདོད་ན་མཁས་གྲུབ་རིན་པོ་ཆེའི་གསང་རྣམ་སོགས་ལས་ཤེས་པར་བྱའོ། །གསུང་དེ་དག་ལ་བརྟེན་ནས་དུས་དེར་མཁས་གྲུབ་ཐམས་ཅད་མཁྱེན་པས། རྗེ་བཙུན་བླ་མ་བློ་བཟང་གྲགས་པའི་དཔལ། །མོས་གུས་སྙིང་ནས་ཡིད་ཀྱིས་གསོལ་འདེབས་ན། །ཁྱེད་རང་གང་དུ་བཞུགས་པའི་ཞིང་ཁམས་དེར། །བདག་ཀྱང་མྱུར་དུ་འོང་བར་བྱིན་གྱིས་རློབས། །ཞེས་ཐུགས་སྨོན་དེ་ལྟར་མཛད་དོ། ཞེས་གསུངས་སོ།།

དུས་ཚོད་ཡོད་ན་གཟིགས་ཙམ་གྱིས། །

ལྷག་བསམ་ལྡན་ན་རྒྱུད་བསྐུར་བྱོས། །

གཞན་ཕན་བྱེད་པའི་ནུས་མེད་ཀྱང་། །

དེ་ཡི་བསམ་པ་རྟག་ཏུ་འཆང་། །

                 རྩོམ་སྒྲིག་པ།ཤེས་རབ་རལ་གྲི།གསལ་འདེབས།རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།