ཙན་དན་ཇོ་བོའི་སྐུ་པར་མཚམས་སྦྱོར།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-10-21 17:55:27     རྩོམ་པ་པོ།   གྱི་ལིང་འཇིགས་མེད་རྒྱ་མཚོ།    ཀློག་ཐེངས།  

微信图片_20201021175658.jpg

ནང་བསྟན་ཆོས་ལུགས་པ་ཞིག་ཡིན་ན་ཕལ་ཆེར་ཙན་དན་ཇོ་བོའི་སྐོར་མི་ཤེས་མཁན་ཞིག་མེད་ལ། ནང་བསྟན་ལོ་རྒྱུས་ལ་དོ་སྣང་ཡོད་པ་ཞིག་ཡིན་ན་དེ་བས་ཀྱང་ཙན་དན་ཇོ་བོའི་སྐོར་ལ་དོ་སྣང་མེད་པ་ཞིག་ཕལ་ཆེར་ཡོད་མི་སྲིད།

ཙན་དན་ཇོ་བོ་ནི་ཤིང་ཙན་དན་གོ་ཤིརྵ་ལས་གྲུབ་པ་ཞིག་ཡིན་ལ། འདི་ནི་ནང་བ་སངས་རྒྱས་པའི་བསྟན་པ་འདིའི་དབང་དུ་བྱས་པའི་སྐུ་བརྙན་བརྐོས་མ་ཆེས་ཐོག་མ་ཡིན་པས་འདི་ལ་ལོ་རྒྱུས་ཀྱི་དོན་སྙིང་ངེས་ཅན་ཞིག་ཡོད་པར་མ་ཟད། བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དགུང་ལོ་ང་བརྒྱད་པ་ལ་ཡུམ་སྒྱུ་མ་ལྷ་མཛེས་སུམ་ཅུ་རྩ་གསུམ་པའི་གནས་སུ་ལྷར་སྐྱེས་པ་ལ་ཆོས་སྟོན་ཕྱིར་ལྷ་ཡུལ་དུ་ཕེབས་ནས་དབྱར་ཞལ་བཞེས་མཛད་དེ་ཟླ་བ་གསུམ་གྱི་རིང་ལ་བཞུགས་པས། རྒྱ་གར་གྱི་ཡུལ་ཝ་ར་ནཱ་སིའི་རྒྱལ་བོ་ཨུ་ཏྲ་ཡ་ནས་བདག་ཅག་གི་སྟོན་པ་དེ་ཉིད་ཡུན་རིང་བོར་མ་མཇལ་བས་དྲན་དྲགས་ནས་སྟོན་པའི་སྐུ་དངོས་དང་འདྲ་བའི་སྐུ་ཞིག་བཞེངས་པར་འདོད་ནས་མོའུ་འགལ་གྱི་བུ་ལ་ཞུས། མོའི་འགུལ་གྱི་བུས་བཟོ་བོ་མཁས་པ་སུམ་ཅུ་རྩ་གཉིས་ཁྲིད་དེ་རྫུ་འཕྲུལ་གྱིས་ལྷ་ཡུལ་དུ་ཕྱིན། སྟོན་པའི་སྐུ་དངོས་ལ་བལྟ་རུ་བཅུག་ཀྱང་སྐུའི་མཚན་དང་དཔེ་བྱད་རྣམས་ཇི་བཞིན་དུ་ཡིད་ལ་མ་ཟིན་པས་སྟོན་པ་ཆུ་ཀླུང་གི་འགྲམ་དུ་ཕེབས། སྐུ་བཞེངས་སྟབས་སུ་བཞུགས་པའི་སྐུ་བརྙན་ཆུ་ནང་དུ་ཤར་བ་ལ་ལན་གསུམ་དུ་བལྟས་ཤིང་མཚན་བཟང་གི་ཁྱད་པར་རྣམས་ཡིད་ལ་བཟུང་བ་ལྟར་ཙན་དན་ལས་སྐུ་གཟུགས་བཞེངས་པ་ཡིན་ལ། དེའི་ཚེ་སྟོན་པའི་ན་བཟའ་ཡང་ཆུའི་གཉེར་མས་བསྐྱོད་པའི་རྣམ་པ་ཅན་དུ་ཡོད་པ་ལ་དཔེ་བྱས་ཏེ་ཆུ་རིས་མར་བཞེངས། དེའི་ཚེ་སྟོན་པའི་བྱིན་རླབས་ཀྱིས་ཉི་མ་གཅིག་ལ་བཞེངས་ནས་རྒྱལ་བོ་ཨུ་ཏྲ་ཡ་ནའི་མཆོད་གནས་སུ་བཞུགས།

དེ་ནས་སྟོན་པ་སླར་མི་ཡུལ་དུ་ཕེབས་པའི་ཚེ་རྫུ་འཕྲུལ་སྣ་ཚོགས་སྟོན་བཞིན་བྱོན་ཅིང་། དགེ་སློང་གི་དགེ་འདུན་དང་། རྒྱལ་བོ་དང་། བློན་པོ་དང་། བྲམ་ཟེ་དང་། ཁྱིམ་བདག་ཕོ་མོ་རྣམས་ཀྱིས་མཆོད་རྫས་སྣ་ཚོགས་ཐོགས་ནས་བསུ་བ་ཞུ་སྐབས་སྐུ་བརྙན་འདི་ནམ་མཁར་འཕགས་ཏེ་གོམ་པ་དྲུག་ཏུ་བསུས་ཤིང་། སྐུ་དངོས་ལ་མཇལ་སྐབས་དབུ་གུག་གུག་ལན་གསུམ་གྱིས་སྐུ་ཁམས་འདྲི་བའི་ཚུལ་མཛད།སྟོན་པས་སྐུ་བརྙན་འདིའི་དབུ་ལ་ཕྱག་གཡས་པ་བརྐྱངས་ཏེ་བཞག་ནས་སངས་རྒྱས་དངོས་དང་འདྲ་བའི་བསྔགས་པ་མཛད་ཅིང་། ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་བརྒྱ་ཕྲག་བཅུ་འདས་ནས། །ཤར་ཕྱོགས་ཙི་ནའི་ཡུལ་དུ་བྱོན། །བསྟན་དང་འགྲོ་བའི་དོན་ལ་བཞུད། ། ཅེས་ལུང་བསྟན་ཅིང་། རྒྱལ་བོ་ཨུ་ཏྲ་ཡ་ན་ལ་ལེགས་སོ་བྱིན་ཏེ་སྐུ་གཟུགས་ཀྱི་ཐོག་མ་བཞེངས་པ་འདི་ངའི་བསྟན་པ་ལ་བྱ་བ་བྱས་ཤིང་སྐྱེ་བོ་སྐལ་བ་དང་ལྡན་པ་མང་བོའི་བསོད་ནམས་ཀྱི་ཞིང་དམ་པར་གྱུར་ཅིང་བདེ་བར་གཤེགས་པའི་སྐུ་བཞེངས་པའི་སྲོལ་གསར་དུ་གཏོད་པ་ཁྱོད་འདྲ་བ་མེད་དོ་ཞེས་སོགས་བཀའ་བསྩལ། ལྷའི་དབང་བོས་ཀྱང་རྗེས་སུ་ཡི་རང་བའི་གཟེངས་བསྟོད་ཕུལ།

ཙན་དན་ཇོ་བོ་འདི་ནི་རྒྱུ་ཙན་དན་ལས་གྲུབ་ཅིང་སྤྱི་གཙུག་ལྟར་མི་མངོན་པ་སོགས་མཚན་དཔེ་གསལ་ཞིང་འགྲོ་བ་རྣམས་འཁོར་བ་ལས་འདྲེན་པ་མཚོན་པའི་སྤྱན་ཟུང་ཅུང་ཤད་གྱེན་དུ་གཟིགས་པ། ཕྱག་གཡས་སྐྱབས་སྦྱིན་དང་གཡོན་མཆོག་སྦྱིན་གྱི་ཕྱག་རྒྱ་ཅན། ཞབས་གཉིས་མཉམ་སྟབས་ཀྱིས་བཞེངས་པས་འགྲོ་བའི་དོན་ལ་སྐྱོ་ངལ་མེད་པ་མཚོན། ཐུགས་ཀ་ན་དྲོད་རྟ་རྔ་ཙམ་རྒྱུན་དུ་ཡོད་པ་དང་། ཞབས་མཐིལ་ས་ལ་མ་རེག་པར་སྐུད་པ་ཤོང་ཙམ་གྱི་སྟོང་བ་ཞིག་འོག་ན་ཡོད་ཅེས་མཁས་པ་མང་བོ་ཞལ་མཐུན་པར་གསུངས།སྐུ་འདི་ཉིད་ཡུལ་གང་དུ་བཞུགས་པ་དེར་དགེ་ལེགས་ཀྱི་མཚན་མ་མང་དུ་འབྱུང་ལ། དད་ལྡན་དག་གིས་རྩེ་གཅིག་ཏུ་གསོལ་བ་བཏབ་ན་རྨི་ལམ་ཚུན་ཆད་དུ་རྟགས་བསྟན་ཏེ་རྗེས་སུ་འཛིན་པ་དང་། ཁྱད་པར་དུ་ནད་ཀྱིས་གཙེས་པའི་ཉམ་ཐག་དག་གི་རྩེ་གཅིག་ཏུ་གསོལ་བ་བཏབ་ན་བྱིན་མཐུ་ངོ་མཚར་བ་འབྱུང་བ་སོགས་དཀར་ཆག་ཁག་ཏུ་འབྱུང་བ་བཞིན་ནོ། །

དེ་ནས་བཟུང་དུས་ཡུན་ཤིན་ཏུ་རིང་བོ་ཞིག་ལ་རྒྱ་གར་དུ་བཞུགས་ཏེ་འགྲོ་དོན་བསྐྱངས་ཤིང་། མཐར་རྒྱ་ནག་གི་ཡུལ་དུ་སྤྱན་དྲངས་པ་རེད། དེ་ལ་ཡུལ་གྲུ་མང་བོར་བཞུགས་ཏེ་འགྲོ་དོན་མཛད་པ་ཡིན་པས་ཡུལ་གང་དུ་ལོ་ཅི་ཙམ་བཞུགས་པ་རྣམས་ཤིན་ཏུ་བསྡུས་པར་བཀོད་ན། རྒྱ་གར་དུ་ལོ་1285ལ་བཞུགས། དེ་ནས་ཁུ་སེན་(龟兹)དུ་ལོ་68ལ་བཞུགས། དེ་ནས་མི་ཉག་གི་བྱང་ངོས་སུ་(凉州)ལོ་40བཞུགས། དེ་ནས་ཀྱིན་ཆང་ཧུ་(长安)ཞེས་པར་ལོ་17བཞུགས། དེ་ནས་བྱང་གནམ་དུ་(江南)ལོ་173བཞུགས། ཧ་ནམ་དུ་(淮南)ལོ་367བཞུགས། སླར་ཡང་བྱང་གནམ་དུ་(江南)ལོ་21ལ་བཞུགས། དེ་ནས་པེན་ལའིང་དུ་(汴梁)ལོ་177ལ་བཞུགས། ཅང་དོའི་སུའི་ཞང་སི་(燕京圣安寺)ཞེས་པར་ལོ་12བཞུགས། སང་ཀྱིང་དེའི་ཅུང་ཀྱིང་སི་རུ་(上京大储庆寺)ལོ་20བཞུགས། ཅུང་དོའི་ཕོ་བྲང་དུ་(燕京内殿)ལོ་55ལ་བཞུགས། ཤིང་ངན་སིར་(圣安寺)ཆུ་ཕག་ཡན་ལ་ལོ་46བཞུགས། དེ་ནས་མཆོད་རྟེན་དཀར་བོའི་གནས་སུ་(万寿山仁智殿)ལོ་14ལ་བཞུགས། དེ་ནས་སླར་ཡང་ཤིང་ངན་དགོན་དུ་(圣安寺后殿)ལོ་27ལ་བཞུགས་རྗེས་སྙིང་རྗེ་ཆེན་པོའི་ལྷ་ཁང་དུ་(宏仁寺)སྤྱན་དྲངས་ཤིང་། སྤྱི་ལོ་1289ནས་སྤྱི་ལོ་1900ལོའི་བར་དུ་སྙིང་རྗེ་ཆེན་པོའི་ལྷ་ཁང་དུ་བཞུགས་ཤིང་། སྤྱི་ལོ་1900ལོར་རྒྱལ་ཁབ་བརྒྱད་ཀྱི་མཉམ་འབྲེལ་དམག་གིས་པེ་ཅིན་ལ་བཙན་འཛུལ་བྱེད་སྐབས་སྙིང་རྗེ་ཆེན་པོའི་ལྷ་ཁང་མེར་བསྲེགས་པས་ཙན་དན་ཇོ་བོའི་སྐུ་ཡང་རེ་ཞིག་གར་སོང་ཆ་མེད་དུ་གྱུར། མང་བོ་ཞིག་གིས་སྐུ་འདི་དང་ད་ལྟའི་པེ་ཅིན་གྱི་ཡུང་ཧོ་གུང་ཕོ་བྲང་དུ་བཞུགས་པའི་ཙན་དན་གྱི་ཇོ་བོ་གཉིས་ནོར་བཞིན་འདུག་ལ། འགའ་རེས་ཡུང་ཧོ་གུང་གི་སྐུ་དེ་ཙན་དན་ཇོ་བོའི་ཚབ་ཏུ་བཞེངས་ཞེས་ཀྱང་བཞེད་མོད། སྐུ་འདི་གཉིས་གཅིག་མ་ཡིན་པ་ཤེས་རྒྱུ་གལ་ཆེའོ། །

རྗེས་སུ་རྟེན་རིན་པོ་ཆེ་དེ་ཉིད་འཇར་པན་དུ་ཁྱེར་ཞེས་བཤད་མཁན་བྱུང་མོད། ད་ལྟའི་བར་འཇར་པན་ནས་སྐུ་དེ་ཉིད་ཀྱི་སྐོར་གླེང་བ་མཐོང་ཐོས་མ་བྱུང་། ཡང་མཁས་པ་ལ་ལས་སྐབས་དེར་ཨུ་རུ་སུའི་དམག་གིས་འཕྲོགས་ཏེ་ཨུ་རུ་སུ་ལ་ཁྱེར་ཞེས་བཤད་ལ། ད་ལྟ་དེ་གའི་ཕྱི་སོག་རྒྱལ་ཁབ་ཀྱི་རྒྱལ་ས་ཨུ་ལན་པ་ཐོ་ཡི་ཉེ་འཁོར་གྱི་དགོན་པ་ཞིག་ཏུ་བཞུགས་ཟེར་ཞེས་རྒྱའི་ཡི་གེ་འགའ་རེར་ཡང་འབྱུང་བ་བཞིན་ཉེ་སྔོན་ཁོ་བོའི་ལག་ཏུ་ཙན་དན་ཇོ་བོའི་སྐུ་པར་ཞིག་འབྱོར་བྱུང་ལ། དེ་ནི་ད་ལྟའི་ཕྱི་སོག་རྒྱལ་ཁབ་ཀྱི་རྒྱལ་སའི་ཉེ་འགྲམ་གྱི་དགོན་པ་ཞིག་ཏུ་བཞུགས་འདུག་ཟེར། འདྲ་པར་ནི་ན་གཞོན་དཔྱོན་ལྡན་པ་མང་རའི་གདུགས་དཀར་ཚེ་རིང་གིས་མཁོ་སྤྲོད་བྱས་པ་ཡིན་ལ། དེ་གར་འདི་ཉིད་ཙན་དན་ཇོ་བོ་འཁྲུལ་མེད་ཡིན་པའི་སྒྲོས་ཤིན་ཏུ་གཙང་བ་ཡོད་པར་ཐོས་པས་འདིར་མཚམས་སྦྱོར་ཞུས་པ་ཡིན།

སྐུ་འདི་ཉིད་རྒྱ་གར་ནས་རིམ་གྱིས་ལི་ཡུལ་དུ་སྤྱན་དྲངས་མོད། དེ་ཇི་ལྟར་དྲངས་ཚུལ་གྱི་ལོ་རྒྱུས་མ་མཐོང་། ལི་ཡུལ་ནས་བྱང་ངོས་སུ་སྤྱན་འདྲེན་སྐབས་རྒྱའི་དམག་དཔོན་ལུའི་ཀྭང་ཞེས་པས་རིག་འཛིན་ཆེན་མོ་ཀུ་མ་ར་ཤྲཱི་དང་ལྷན་དུ་གདན་དྲངས་ཤིང་། ཕྱིར་ཕེབས་སྐབས་རྒྱ་ནག་གི་གོང་མ་བློན་པོས་བཀྲོངས་ཏེ་ཟང་ཟིང་དུ་གྱུར་བས་དམག་དཔོན་ལུའི་ཀྭང་ཞེས་པས་སློབ་དཔོན་གྱི་གསུང་ལྟར་ལིང་ཀྲུག་སྟེ་ད་ལྟའི་ཝུའུ་ཝེ་ནས་ལའིང་ཕྱི་མའི་རྒྱལ་ཁབ་བཙུགས་ཏེ་དེར་ཡུན་རིང་བཞུགས་སུ་བཅུག དེ་ནས་རིམ་གྱིས་རྒྱ་ནག་གི་ཁྲང་ཨན་དུ་གདན་དྲངས་ཤིང་། རྒྱལ་རབས་རིམ་བྱོན་གྱིས་རང་རང་གི་རྒྱལ་སར་གདན་དྲངས་མཐར་ཅིན་རྒྱལ་རབས་སུ་པེ་ཅིན་དུ་གདན་དྲངས་ཤིང་དེ་ནས་ཡོན་རྒྱལ་རབས་དང་ཏ་མེན་རྒྱལ་རབས། ཆིན་རྒྱལ་རབས་བཅས་སུ་པེ་ཅིན་དུ་བཞུགས་ཏེ་འཕྲིན་ལས་ཤིན་ཏུ་ཆེ་བར་རྒྱས་སོ། །

རྒྱའི་མཁས་པ་ཧོང་མེན་ཞིན་ལགས་ཀྱིས་ཀྱང་ཁོང་གི་རྩ་བའི་བླ་མ་ལྷ་མོའི་ཚུལ་ཁྲིམས་ཚང་གིས་སྐུ་འདིའི་སྐོར་ཞལ་འདྲི་གནང་བར་མ་ཟད། ཕྱིས་སུ་བོད་ཀྱི་མཁས་པ་མང་བོས་སྐུ་འདིའི་སྐོར་དྲིས་ཀྱང་ཞལ་ལན་གསལ་བོར་འདེབས་མ་ཐུབ་ཅེས་ཤིན་ཏུ་ཕངས་པའི་གསུང་གནང་ཡོད་པ་བཞིན་བོད་ཀྱི་ཤེས་ཡོན་པ་མང་བོས་སྐུ་བྱིན་ཅན་དེ་ཉིད་ད་ལྟ་གང་དུ་བཞུགས་པའི་སྐོར་ལ་ཞལ་གསལ་གྱི་མཚམས་སྦྱོར་གནང་བ་མ་མཐོང་བས་འདིར་ཆེད་དུ་དཔྱད་གཞིར་ཕུལ་བ་ཡིན།

ཞེས་པ་འདི་ཡང་ལྕང་སྐྱ་རོལ་བའི་རྡོ་རྗེས་མཛད་པའི་ཙན་དན་ཇོ་བོའི་ལོ་རྒྱུས་དང་། ཐུའུ་བཀྭན་གྲུབ་མཐའ། གུང་མགོན་པོ་སྐྱབས་ཀྱི་རྒྱ་ནག་ཆོས་འབྱུང་། ཧོང་མེན་ཞིན་གྱི་ཙན་དན་ཇོ་བོའི་ལོ་རྒྱུས་བོད་འགྱུར་གྱི་སྐྱོན་སེལ། པེ་ཅིན་བོད་བརྒྱུད་ནང་བསྟན་དགོན་སྡེ་ཞེས་པའི་རྒྱ་ཡིག་གི་དེབ་སོགས་འབྲེལ་ཡོད་ཡིག་ཆ་མང་བོ་གཞིར་བཞག་ནས་བྲིས་པ་ཡིན་མོད། ཕངས་པ་ཞིག་ལ་གུང་མགོན་པོ་སྐྱབས་ཀྱི་ཙན་དན་ཇོ་བོའི་ལོ་རྒྱུས་མཇལ་རྒྱུ་མ་བྱུང་།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།