གཟུངས་འབུལ་གྱི་ལག་ལེན་འཁྱེར་བདེ་བཞུགས་སོ།།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-06-26 14:56:10     རྩོམ་པ་པོ།   ལྕང་སྐྱ    ཀློག་ཐེངས།  

༄༅།། སྐྱེ་རྒུའི་བསོད་ནམས་གསོག་པའི་ཞིང་དམ་པ་སྐུ་དང་ཐུགས་ཀྱི་རྟེན་ལ་གཟུང་གཞུག་འབུལ་ཚུལ་ལག་ཏུ་བླང་བའི་རིམ་པ་ལ། སྲོག་ཤིང་ཙན་དན་ནམ། ཤུག་པའམ། འབྲས་བུ་ཅན་གྱི་ཤིང་གང་ཡང་རུང་བ་མ་བཅད་པའི་སྔ་རོལ་ནས་ཕྱོགས་མི་ནོར་བའི་མཚན་མ་བཏབ་པ། མཆོད་རྟེན་གྱི་ཆོས་འཁོར་ཡན་དམིགས་ཀྱིས་བསལ་བའི་ཟླུམ་པོ་དང༌། གཞན་ཐམས་ཅད་གྲུ་བཞི་པ་རྩ་རྩེའི་རྣམ་པའི་ཕྲ་སྦོམ་ཡོད་བ་བྱས་ལ། རྩེ་མོར་རྣམ་རྒྱལ་མཆོད་རྟེན་དང༌། རྩ་བར་རྡོ་རྗེ་ཕྱེད་པ་བརྒོ་བའམ་བྲི། རིང་ཐུང་གི་ཚད་སྐུ་གཟུགས་ལ་དཀྱིལ་དཀྲུང་ངམ་ལྟེ་བ་ཡན་ཆད་དང༌། མཆོད་རྟེན་ལ་གདུང་ཆེན་ཡན་གྱི་ཆད་དུ་བྱ། དེ་ལ་ཡི་གེ་གང་གིས་འབྲི་བའི་མདོག་དང་མི་ཟློས་པའི་ཚོན་དང་དྲི་བཟང་གིས་བྱུག །

གནས་ལྔའི་ཐད་དུ། ཨོཾ་ཨཱཿ ཧཱུྂ་ཏྲཾ་ཧྲི་ཞེས་པ་དང༌། སྐུའི་དབུའི་དབྱིངས་དང་མཆོད་རྟེན་གྱི་བྲེའི་ཐད་ཙམ་ལ། ཨོཾ་སརྦ་བི་དྱ་སྭཱ་ཧཱ། ཞེས་པ་དང༌། མགྲིན་པའི་ཐད་དུ། ཨ་ཨཱ། ནས། ཏ་ཀྵ། ཞེས་པའི་བར་གྱི་དབྱངས་གསལ་དང༌། ཐུགས་ཀའི་ཐད་དུ། ཨོཾ་བཛྲ་ཨ་ཡུ་ཥེ་སྭཱ་ཧཱ། ཞེས་པ་དང༌། ལྷ་གང་ཡིན་གྱི་སྔགས་ལ་འདོད་བཅོལ་སྤེལ་ཚིག་སྦྱར་བ་དང༌། ལྟ་འོག་ཏུ་ཤར་ངོས་ལ་གཙུག་ཏོར་རྣམ་རྒྱལ། ལྷོར་དྲི་མེད། ནུབ་ཏུ་གསང་བ་རིང་བསྲེལ། བྱང་དུ་བྱང་ཆུབ་རྒྱན་འབུམ་གྱི་གཟུངས་རིང་ཐུང་གཉིས་ཀའམ་གང་རུང༌། བཞི་ཀའི་གཤམ་དུ་རྟེན་འབྲེལ་སྙིང་པོ། །བཟོད་པ་དཀའ་ཐུབ་དམ་པ་ཞེས་སོགས་རྟེན་འབྲེལ་སྙིང་པོ་བོད་སྐད་དུ་བསྒྱུར་བ། གསང་གནས་ཀྱི་ཐད་དུ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་པ་རྣམས་བྲི། གཟུངས་ཤོག་འཐུད་དགོས་པ་རྣམས་མ་ནོར་བར་ལེགས་པར་སྦྱར། དྲི་བཟང་པོས་ཕྱུག །བགེགས་བསྐྲད་རབ་གནས་བསྡུས་པ་བྱ།

དབུ་ནས་ནང་དུ་དམ་པོར་དྲིལ། དབུ་ཞབས་མི་ལོག་པ་དང༌། དབུ་གཟུངས་སོགས་གང་ཡིན་གྱི་མཚན་མ་གདབ། སྦྱང་བ་དང་རབ་གནས་བྱ། གནོད་སྦྱིན་སོགས་ཀྱི་འཁོར་ལོ་བྲི་སྒྲུབ་དང་བུམ་སྒྲུབ་སོགས་གཞུང་བཞིན་ལེགས་པར་བྱ། འབུལ་བའི་ལས་བྱེད་པ་པོ་ཁྲུས་བྱས། གོས་གསར་པ་གྱོན། ཤ་ཆང་སྒོག་ཙོང་སོགས་ཁ་ཟས་མི་རུང་བ་སྤང༌། ཡི་དམ་གྱི་ང་རྒྱལ་ལ་གནས་པས། གཟུངས་འབུལ་བའི་གནས་ཁང་དུ། སྐུ་གཟུགས། སྲོག་ཤིང༌། གཟུངས་དང༌། བྱིན་རླབས་རྟེན་དྲི་བཟང༌། སྨན་སྣ། འབྲུ་སྣ། རིན་པོ་ཆེའི་རིགས། ཐུམ༌རྫས་སོགས་མདོར་ན་དེར་དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་པ་ལ། བགེགས་བསྐྲད་དྲག་ཏུ་བྱ། བསྲུང་འཁོར་བསྒོམ། སོ་སོར་རབ་གནས་བྱས་ལ། ཨོཾ་མནྟཱ་དྷཱ་ཏུ་གརྦྷ་ཡ་སྭཱ་ཧཱ། ཞེ་པ་དང༌། གཞན་ཡང་བཀྲ་ཤིས་ཀྱི་ཚིག་བཅད་ལྷུག་ཅི་རིགས་འདོན་ཅིང༌།

ལས་བྱེད་སྦྱིན་བདག་ཐམས་ཅད་ཡིད་དགའ་སྤྲོ་དང་ལྡན་པས། བཀྲ་གང་ཤིས་དང་རྟེན་འབྲེལ་གང་ལེགས་བྱ། རྟེན་གཞུག་པའི་རིམ་པ། སངས་རྒྱས་ཀྱི་འཕེལ་གདུང་གིས་ཐོག་དྲངས། སྐུ་གདུང༌། སྐུ་བལ། སྐུ་ཡུང་འབྲུ་ལྟ་བུའི་རིང་སྲེལ། བླ་མ་དམ་པའི་ན་བཟའི་ཚལ་པ་སྐྱི་མ་ཆགས་པ་རྣམས། སྐུ་གཟུགས་ཀྱི་དབུ་གཙུག །མཆོད་རྟེན་གྱི་ཏོག་དང་གདུགས་ཀྱི་ནང༌། ནོར་བུ་རྒྱས་པའི་གཞལ་མེད་ཁང་ལ་རྒྱས་པའི་སྤེལ་ཚིག་སྦྱར་བ། མཛོད་སྤུའི་ཐད། བླ་མ་བརྒྱུད་པའི་མཚན་གཟུངས། གདུགས་དཀར། གཙུག་ཏོར་འཁོར་བསྒྱུར་གྱི་གཟུངས་ལ་བར་ཆད་ཞི་བའི་སྤེལ་ཚིག་སྦྱར་བ་རྣམས། ནོར་བུ་རྒྱས་པའི་གཞལ་མེད་ཁང་གི་འོག་དང༌། མཆོད་རྟེན་གྱི་བྲེ་ཡན། དབྱངས་གསལ་གྱི་གཟུངས། གསུང་རྡོ་རྗེ་མཚོན་པའི་འཕྲེང་བ་རྣམས། སྐུའི་མགུལ་དང༌། མཆོད་རྟེན་གྱི་བྲེ་ཞབས། བླ་མེད་ཀྱི་གཟུངས། ཐུགས་རྡོ་རྗེ་མཚོན་པའི་རྡོ་རྗེ་རྣམས་སྐུའི་ཁོག་སྟོད་དང༌། མཆོད་རྟེན་གྱི་བུམ་སྟོང༌། རྣལ་འབྱོར་རྒྱུད། སྦྱོང་རྒྱུད། བྱ་རྒྱུད་ཀྱི་གཟུངས་དཀྱུས་མ་རྣམས་གོ་རིམ་མ་ལོག་པར་བླ་མེད་ཀྱི་གཟུངས་ཀྱི་འོག །གཟུངས་ཆེན་སྡེ་ལྔ། ཡངས་པའི་གྲོང་ཁྱེར་དུ་འཇུག་པ། མདོ་གཟུངས་རྣམས། སྐུའི་ལྟེ་འོག་དང༌། མཆོད་རྟེན་གྱི་བུམ་སྨད་ལ་གཞུག་ཅིང༌། སྲོག་ཤིང་ཡོད་ན་དེ་ལ་བཅིང༌། ན་བཟའ་དར་རས་སེར་པོས་དཀྲིས། སྟོད་གཟུངས། བར་གཟུངས། སྨད་གཟུངས་རྣམས་ལ་འཚམས་དང་ལེགས་བར་བཏང༌། གླེགས་བམ་འཇུག་ཚེ་རྒྱུད་སྡེ་བཞི་དང་ཐེག་པ་ཆེན་པོའི་མདོ་རྣམས་བཞུགས་བདེན་རང་རང་གི་གཟུངས་ཀྱི་ཐད་དང༌། དེར་བཞུགས་མི་བདེ་ན་རྒྱུད་སྡེ་གོང་འོག་དང་ཐེག་པ་ཆེ་ཆུང་གི་མདོ། །དེའི་དགོངས་འགྲེལ་གྱི་བསྟན་བཅོས། ཆོས་སྐྱོང་གི་མངོན་རྟོགས་སྒྲུབ་སྐོར་ལས་ཚོགས་སོགས་གོ་རིམ་མ་ལོག་པར་སྐུའི་དཀྱིལ་དཀྲུང་དང་མཆོད་རྟེན་གྱི་བང་རིམ་གྱི་ནང་དུ་གཞུག་ཅིང༌། དེ་ཡང་ཤོག་བུའི་བར་བར་ལ་དྲི་བཟང་གི་ཕྱེ་མ་བཏབ། དབུ་ཤོག་ཡར་ལོག་པའི་ཡི་གེའི་དབུ་རྟེན་གྱི་རྒྱབ་ཕྱོགས་སུ་འོང་བ་བྱས་ཏེ། ནང་དྲིལ་གོས་དར་གང་འབྱོར་དང༌། ཕྱི་དྲིལ་དར་རས་སེར་པོས་དྲིལ་ཏེ་བཞུགས་སུ་གསོལ། །འབུར་སྐུའི་རིགས་འཇུག་ན་རྒྱུད་དེའི་ལྷ་སྐུ་རྣམས་རྒྱུད་སྡེ་རང་རང་གི་གཟུགས་ཀྱི་ཐད་དུ་གཞུག ། བླ་མའི་སྐུ་དང་ཆོས་སྐྱོང་གི་སྐུ། བླ་གཟུངས་ཀྱི་ཐད་དང༌། ལྟེ་འོག་ཏུ་གཞུག །བྲིས་ཐང་འཇོག་ན་གློ་ནས་དྲིལ་ཏེ་ན་བཟས་བཏུམ་ལ་དབུ་ཞབས་མ་ལོག་པར་གཞུག་ཅིང༌། ཐད་གང་དུ་འཇུག་པ་འབུར་སྐུ་དང་མཚུངས། དེ་དག་གིས་མཁེངས་པའི་སྲུབ་སྟོངས་རྣམས་བུམ་རྫས་ཉེར་ལྔ། དྲི་བཟང་ཅི་འབྱོར་གྱི་ཕྱེ་མ། ཤུག་ཕྱེ། སྤང་སྤོས་སོགས་དར་རས་སེར་པོར་ཐུམ་བུ་བྱས་ཏེ་འགེངས། སྐུའི་པད་གདན་གྱི་སྟོད་དང༌། མཆོད་རྟེན་གྱི་སེང་ཁྲིའི་སྟོད་ཀྱི་ནང་དུ། དབུས་སུ་བཀྲ་ཤིས། གཡས་སུ་ཆོས་སྐྱོང༌། གཡོན་དུ་དཔལ་མགོན། རྒྱབ་ཏུ་ནོར་ལྷ་ཕྱོགས་སྐྱོང་རྒྱལ་ཆེན་སོགས་ཀྱི་སྔགས། དེ་དག་གི་བར་བར་དུ་བྲའོ་དང་པད་ཁ་མ་ཡིན་པའི་འབྲུ་སྣའི་རིགས་དར་རས་སེར་པོས་བཏུམས་ནས་བཅུག་ལ་དར་སེར་པོས་འཚམས་བཅད་དེ་མི་ལུག་པར་བྱ། སེང་ཁྲིའི་ནང་གི་འོག་ཏུ་ཞབས་བཀག་འཁོར་ལོ། །དེའི་སྟེང་དུ་བུམ་གཏེར། དེའི་སྟེང་དུ་ཚོགས་བདག་དང༌། གནོད་སྦྱིན་འཁོར་ལོ་ལེགས་པར་བཞག་ཏེ་སྤྱི་འགྲོའོ། །

དམིགས་རྣམས་བསལ་ལ། བླ་མ་དམ་པ་ཞིང་གཞན་དུ་གཤེགས་པའི་དགོངས་རྫོགས་དང༌། ཚེ་འདས་གཞན་གྱི་དོན་དུ་བཞེངས་པའི་ནང་རྟེན་ལྟ་བུ་ལ། གཤེགས་པ་དེ་ཉིད་རང་གི་རྩ་བའི་བླ་མའི་སྐུ་བྲིས་འབུར་གང་རུང༌། དར་གྱིས་དྲིལ་བའི་རིན་པོ་ཆེ། སྨན་དྲི་བཟང་དང་ལྷན་ཅིག་ན་བཟས་གཏུམས་པའི་ཕྱི་རོལ་དུ། དཔལ་ལྡན་བླ་མ་དམ་པ་རྡོ་རྗེ་སློབ་དཔོན་ཆེ་གེ་མོ་ཞེས་བགྱི་བས། བླ་མ་དམ་པ་རྡོ་རྗེ་སློབ་དཔོན་ཞིང་ཁམས་གཞན་དག་ཏུ་སེམས་ཅན་གྱི་དོན་རླབས་པོ་ཆེ་འགྲུབ་པ་སོགས་ཇི་ལྟར་བཞེད་པའི་དགོངས་པ་རྣམས་རྫོགས་པར་བྱིན་གྱིས་རླབས་ཏུ་གསོལ། ཞེས་པའམ་ཚེ་འདས་ཆེ་གེ་མོ་སྡིག་སྒྲིབ་ཉེས་ལྟུང་གི་ཚོགས་དག་ཅིང་འཁོར་བའི་སྡུག་བསྔལ་ལས་ཐར་ཏེ་མྱུར་དུ་རྡོ་རྗེ་འཛིན་པའི་ས་ཐོབ་པར་བྱིན་གྱིས་རླབ་ཏུ་གསོལ། ཞེས་པ་ལྟ་བུ་རྒྱས་བསྡུས་སྐབས་སྦྱར་གྱི་འདོད་གསོལ་བྲིས་པའི་ཤོལ་དྲིལ་གྱིས་དཀྲིས་ཏེ། བླ་གཟུངས་དང་ལྷན་ཅིག་གཞུག ། དེ་དག་གི་ཡི་དམ་ལྷག་པའི་ལྷའི་སྐུ། བཅོམ་ལྡན་འདས་ཡི་དམ་ཆེ་གེ་མོས་ཞེས་བསྒྱུར་བའི་སྦེལ༌ ཚིག་ཐུགས་ཀར་གཞུག །སྡིག་སྦྱོང་ལྟ་བུ་གཙོ་བོར་ཡིན་ན། ཀུན་རིག །ཐུགས་རྗེ་ཆེན་པོ། །མི་འཁྲུག་པ་སོགས་ངན་སོང་སྦྱོང་བའི་ལྷ་སྐུ་གང་ཡང་རུང་བའི་མཐའ་སྐོར་དུ་སྔགས་འཕྲེང་སྤེལ་ཚིག་དང་བཅས་པ་བྲིས་པའི་ཤོག་དྲིལ་གང་མང་གཞག་པ་གཞུག །ཞལ་བཞུགས་ཀྱི་དོན་དུ་ཡིན་ན། བླ་མ་དམ་པ་ཆེ་གེ་མོ་ཞིང་འདིར་བསྟན་འགྲོའི་དོན་དུ་མྱ་ངན་ལས་མི་འདའ་ཞིང་སྐུ་ཚེ་མཛད་པ་འཕྲིན་ལས་རྣམས་འཕེལ་ནས་གདུལ་བྱའི་ཚོགས་སྨིན་གྲོལ་ལ་འགོད་པར་བྱིན་གྱིས་རླབ་ཏུ་གསོལ། ཞེས་པའམ། ཆེ་གེ་མོ་གནས་སྐབས་སུ་ནད་གདོན་པར་ཆད་མི་མཐུན་ཕྱོགས་རྣམས་ཉེ་བར་ཞི་ཞིང་ཚེ་དང་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་སྙན་གྲགས་མཐུ་སྟོབས་སོགས༌། ལེགས་ཚོགས་ཐམས་ཅད་འཕེལ་བ་དང༌། མཐུར་ཐག་གི་དོན་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཚེ་འདི་ཉིད་ལ་ཐོབ་པར་བྱིན་གྱིས་རླབ་ཏུ་གསོལ། ཞེས་སྤེལ་ཚིག་བསྒྱུར།

མཆོད་རྟེན་དང་ལོངས་སྤྲུལ་གྱི་ཆ་བྱད་ཅན་གྱི་སྐུ་གསུམ་ཀ་འཇོག་ཚེ་ཡས་རིམ་གྱིས་སྐབས་གང་བབས་སུ་གཞུགས་སུ་གསོལ། བཀྲ་ཤིས། གནོད་སྦྱིན་འཁོར་ལོ་པད་འདབ་ཀྱི་རྩེའི་དབུས་སུ་ཨོཾ། །དེའི་ཐད་ཀྱི་འོག་ཏུ་སྭཱ་ཧཱ། དེའི་བར་དུ་འཕྲེང་སྒྲིག །ཚེག་ཅན། པད་འཇབ་སྣ་ཚོགས་པདྨ། རྡོ་ར་སེར། མེ་རིང་དམར། གཞན་མཛེས་མཚོན། ཚོགས་བདག་འཁོར་ལོ། དབུས་དཀར། རྩིབ་སེར། གཞན་མཛེས་ཚོན་ལགས།

ཅེས་པ་འདི་ནི་རྒྱལ་དབང་མཆོག་གི་གཟུངས་གཞུག་ཧ་ཅང་རྒྱས་པས་འཐོར་བ་ལྟ་བུས་བློ་དམན་གྱིས་གོ་དཀའ་བར་འདུག་པས་ཤིན་ཏུ་བསྡུས་པ་གོ་སླ་བ་ཅིག་གྱིས་ཞེས་འགའ་ཞིག་གིས་བསྐུལ་ངོར་གྱི་ན་བ་ངག་དབང་བློ་བཟང་ཆོས་ལྡན་གྱིས་བྲིས་པའོ། །འདིས་ཀྱང་བསྟན་འགྲོ་ལ་ཕན་པར་གྱུར་ཅིག། །།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།