སྲིད་ན་དཀོན་པའི་སྐུ་བརྙན་རྗེ་བཀྲ་ཤིས་དོ་ཁ་མའི་ལོ་རྒྱུས།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-10-14 19:41:08     རྩོམ་པ་པོ།   ཁྱུང་ཕྲུག་བློ་བཟང་དར་རྒྱས།    ཀློག་ཐེངས།  

༄། །ན་མོ་གུ་རུ་སུ་མ་ཏི་ཀིརྟི་ཡ།

བློ་བཟང་ལེགས་གསུང་རྣམ་སད་རྫིང་བུ་ལ། །

མཁྱེན་བཟང་འོད་ཀྱི་དྲ་བ་སྟོང་འགྱེད་པའི། །

ཀུན་བཟང་ཉི་མ་ཕྱོགས་ཀྱི་སྐྱེ་དགུའི་རྒྱན། །

བཤེས་བཟང་རྣམ་པས་སྙིང་གི་པད་དཀར་སྐྱོངས། །

གང་གི་གསང་གསུམ་ག་པུར་ལ་འཐུང་པའི། །

གང་ལ་དད་གསུམ་ཀུ་མུད་མ་རྙིངས་པ། །

གང་གིས་ས་གསུམ་གདུལ་བྱ་འདྲེན་མཛད་པའི། །

གངས་ཅན་རིགས་གསུམ་འདུས་ཞལ་མཆོད་པའི་ཞིང་། །

གྲགས་དཀར་མེ་ཏོག་ཀུན་གྱི་སྒྲ་འཛིན་ལ། །

རྒོད་པ་དུས་ཀྱི་བློ་བཟང་སྐུའི་དཔག་བསམ། ། 

བཀྲ་ཤིས་བྱིན་རླབས་ཆར་འབེབས་དོ་ཁ་ཡི། ། 

བྱུང་རབས་ཕྲན་ཙམ་གླེང་ལ་སྤྲོ་བས་ཉོན། །

དང་པོ། རྗེ་སྐུ་བཀྲ་ཤིས་དོ་ཁ་མ་ནམ་བྱོན་ཚུལ།

 དེ་ཡང་དུས་གསུམ་མཁས་པའི་གཙུག་གི་ཅོད་པན་དུ་གྲགས་ཤིང་གྲུབ་པ་འཇམ་མགོན་བླ་མ་ཤར་ཙོང་ཁ་པ་བློ་བཟང་གྲགས་པ་མཆོག་དགུང་ལོ་ང་དགུ་བཞེས་པ་རབ་བྱུང་བདུན་པའི་ཤིང་མོ་ལུག་ལ་མི་དབང་སའི་ཚངས་པ་གྲགས་པ་རྒྱལ་མཚན་གྱིས་སྤྱན་དྲངས་ནས། འདུལ་འཛིན་གྲགས་པ་རྒྱལ་མཚན་སོགས་འཁོར་ཚོགས་སྡེ་སྣོད་འཛིན་པ་ཉིས་བརྒྱ་ལྷག་ཙམ་དང་བཅས་ཏེ་འོན་གྱི་བཀྲ་ཤིས་དོ་ཁར་བྱོན་ནས་དབྱར་ཞལ་བཞེས་མཛད་སྐབས་གངས་ཅན་བོད་ཀྱི་ལོ་རྒྱུས་སྨྲ་བའི་དབང་པོ་ཡིད་བཟང་རྩེ་བ་འགོས་ལོ་གཞོན་ནུ་དཔལ(དེབ་སྔོན་རྩོམ་པ་པོ)། པཎ་ཆེན་བྱམས་པ་གླིང་པ་བསོད་ནམས་རྣམ་རྒྱལ། (དག་ཡིག་སྨྲ་རྒྱན་རྩོམ་པ་པོ)།རྒོད་ཕྲུག་གྲགས་པ་འབྱུང་གནས་སོགས་མི་ཆེན་དང་། སྟོན་ཆེན། མཁས་ཆེན་བསམ་གྱིས་མི་ཁྱབ་པ་མང་པོ་ལ། ལམ་རིམ། དབུ་ཚད། སྤྱོད་འཇུག་སོགས་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་པས་གདན་སའི་སྤྱན་སྔ་རིན་པོ་ཆེས་ཐོག་དྲངས། མིའི་དབང་པོ་འཁོར་དང་བཅས་པ་ཤིན་ཏུ་མཐོ་བས་དཔལ་དང་ལྡན་པ་ཀུན་ཀྱང་མཆོག་ཏུ་དད་པའི་བསེར་བུས་བསྐྱོད་དེ། གཙུག་གི་པདྨོ་ཞབས་ཀྱི་ངོས་ལ་གཡོ་བས་ཚིམ་པ་མེད་པར་གྱུར། 

དུས་དེ་ཙ་ན་བཀྲ་ཤིས་དོ་ཁ་མར་གྲགས་པའི་སྐུ་བརྙན་བྱིན་རླབས་ཀྱི་གཟི་འོད་འབར་པ་ཡང་ལྷའི་བཟོ་བོ་བི་ཤྭ་ཀརྨ་དང་གཉིས་སུ་མ་མཆིས་པའི་མཁས་པ་ཆེན་པོ་པཎ་ཆེན་བྱམས་པ་གླིང་པས(༡༩༠༠—༡༩༧༥)ཕྱག་བཟོ་མཛད་པར་ཡིད་ཆེས་ཚད་མའི་ལུང་ལས་གསུངས་སོ། །འོན་ཀྱང་རྗེའི་རྣམ་ཐར་ཆེན་མོ་ངོ་མཚར་ནོར་བུའི་ཕྲེང་པར། ཤིར་རྟ་ལོར་དེ་གའི་དབྱར་གནས་ལ་མི་དབང་གིས་གསོལ་བ་བཏབ་པ་ལྟར་དབྱར་ཞལ་གྱིས་བཞེས།

དུས་དེར་རིགས་པའི་དབང་ཕྱུག་དགེ་འདུན་གྲུབ་ཀྱང་རྗེ་ཙོང་ཁ་པའི་ཞབས་ཐོག་མར་ཟིན་པ་དང་། བཀྲ་ཤིས་དོ་ཁ་མ་བདུན་སྤྲུལ་པའི་བཟོ་བོ་ཞིག་གིས་བཞེངས་པར་བཤད་པ་དག་སྲད་བརྒྱུད་གདམས་པའི་གཏེར་མཛོད་བླ་བྲང་ཨ་ཁུ་རིན་པོ་ཆེ་ཤེས་རབ་རྒྱ་མཚོས་མཛད་པའི་སྐུ་བརྙན་ལོ་རྒྱུས་མཉན་འོས་གཏམ་གྱི་ཕྲེང་པ་དང་མཁས་དབང་ཚེ་ཏན་ཞབས་དྲུང་གིས་བརྩམས་པའི་བསྟན་རྩིས་ཀུན་བཏུས་ཉེས་རྡུལ་སྤྲུགས་པའི་རྔ་ཡབ་གཉིས་ལས་གསུངས་པ་དང་བཤད་ཚུལ་མི་མཐུན་ནོ། །འདི་གཉིས་པོ་ལས་གསུངས་པའི་ལོ་ཚིགས་རྗེའི་རྣམ་ཐར་ཆེན་མོར་བཤད་པ་ལས་ལོ་གཅིག་གིས་འཕྱི་པ་ཡིན།

ད་དུང་དཔྱད་པའི་སྒོ་ཞིག་ཡོད་པ་ནི་རྗེ་ཙོང་ཁ་པའི་དངོས་སློབ་སྟེ་ནང་ཐུགས་ཀྱི་སྲས་གཅིག་པུ་མཁས་གྲུབ་དགེ་ལེགས་དཔལ་བཟང་རིན་པོ་ཆེས་མཛད་པའི་རྗེ་ཙོང་ཁ་པའི་རྣམ་ཐར་དད་པའི་འཇུག་ངོགས་ན། དེའི་ཕྱི་ལོ་དེར་དབྱར་གནས་ལ་མི་དབང་ཆེན་པོ་གྲགས་པ་རྒྱལ་མཚན་པས་གསོལ་པ་བཏབ་ནས། འོན་གྱི་བཀྲ་ཤིས་དོ་ཁར་གདན་དྲངས། ཞེས་གསུངས་པའི་ཕྱི་ལོ་ཞེས་པ་དེ་གང་ལ་བྱེད་ཅེ་ན། དེའི་གོང་དེ་མ་ཐག་འབྲུག་ལོའི་སྟོན་ཞེས་དང་། འབྲུག་ལོའི་ཟླ་བརྒྱད་པའི་ཞེས་པ་ནས་ལྷར་བཅས་འགྲོ་བ་ཡོངས་ཀྱི་དབུགས་ཕྱིན་པ་ཐོབ་པར་གྱུར། དེའི་ཕྱི་ལོ་ཞེས་འབྱུང་པས་སྦྲུལ་ལོ་ལ་ཁེལ་པ་དང་། དེ་ལྟར་ན་རྗེ་བླ་མ་ཡང་དེ་དུས་དགུང་ལོ་ང་བདུན་གྱི་སྟེང་ཡིན་པ་འདྲ་མོད། ངེས་དོན་གཟུར་གནས་དྲན་དབང་རྣམས་ཀྱིས་དཔྱད་པར་བྱ་བ་ལས་བླུན་པོ་ཆུ་སྣ་གར་ཁྲིད་ཀྱིས་ཅི་ཞིག་འཚལ།དེས་ན་གང་ལྟར་ཀྱང་སྐུ་བརྙན་འདི་བཞེངས་ནས་ད་ལྟའི་བར་དུ་ལོ་གྲངས་ལྔ་བརྒྱ་ལྔ་བཅུ་ལྷག་ཕལ་ཆེར་འགོར་ཡོད་པའི་རྟེན་མཆོག་ཅིག་ཡིན་པར་རྗེས་སུ་དཔོག་ཐུབ་བོ། །

གཉིས་པ། བཞེངས་མཁན་གྱི་བཟོ་བོ་སུ་ཡིན་ལ་དཔྱད་པ།

དེ་ཉིད་བཞེངས་མཁན་གྱི་བཟོ་བོ་གང་ཡིན་ལ་བཤད་ཚུལ་འགའ་ཞིག་ཡོད་དེ། གངས་ཅན་གྱི་པཎ་ཊི་ཏ་བྱམས་པ་གླིང་པས་བཞེངས་ཟེར་པ་དང་། མཁས་གྲུབ་ཐམས་ཅད་མཁྱེན་པས་བཞེངས་ཟེར་པ་དང་། སྤྲུལ་པའི་བཟོ་བོ་ཞིག་གིས་བཞེངས་ཟེར་པ་སོགས་ཡོད་པ་རྣམས་ལས་མཁས་གྲུབ་རྗེ་ནི་རྗེ་ཙོང་ཁ་པ་དགུང་ལོ་ལྔ་བཅུ་པ་མེ་ཁྱིའི་ལོར་སེ་ར་ཆོས་སྡིངས་སུ་ཐོག་མར་མཇལ་པས་འདི་དུས་རྗེའི་འཁོར་དུ་བཞུགས་ཡོད་མེད་དཔྱད་ཅེས་རྗེ་པྲཉྫཱའི་མཚན་ཅན་གྱིས་གསུངས་ཀྱང་གོང་དུ་དད་པའི་འཇུག་ངོགས་ལས་ཁོང་དགུང་ལོ་ང་བདུན་སྟེང་ཕེབས་ཏེ་དབྱར་ཞལ་བཞེས་གནང་པ་གཞིར་བཞག་ན་དེ་དུས་ཁོང་གི་འཁོར་དུ་གྱུར་ཡོད་པ་གསལ། ཡང་བསྟན་རྩིས་མཐོང་ཚད་ཀུན་བཏུས་ལས་མཁས་གྲུབ་རིན་པོ་ཆེ་རྗེ་དགུང་ལོ་ང་གཅིག་པ་མེ་ཕག་ལ་མཇལ་པར་གསུངས་པ་ལྟར་ན་ཡང་དེ་དུས་འཁོར་དུ་བཞུགས་ཡོད་སྙམ།

ངག་རྒྱུན་ལ་སྐབས་དེར་རྗེ་ཙོང་ཁ་པ་བླ་སློབ་རྣམས་འཚོགས་པའི་དབུས་སུ། མཁས་གྲུབ་ཐམས་ཅད་མཁྱེན་པས་ཉིན་གཅིག་ལ་སྐུ་འདྲ་བདུན་བཞེངས་ཐུབ་པར་དམ་བཅའ་མཛད། 

 རྗེ་ཙོང་ཁ་པ་རང་ཉིད་ཀྱིས་སྐུའི་གཟུངས་གཞུག་ཏུ་དབུ་སྐྲ་ཕྱེད་དོ་པ་བདུན་ཉིན་གཅིག་ལ་གསིལ་པར་ཞལ་གྱིས་བཞེས། རྒྱལ་ཚབ་རིན་པོ་ཆེ་དར་མ་རིན་ཆེན་གྱིས་ཉིན་དེ་རང་ལ་སྐུ་བརྙན་བདུན་པོ་བརླན་མེད་སྐམ་པོར་བྱ་བཏུབ་པར་དམ་བཅས་ནས་མཐུ་ནུས་ཀྱི་རྫུ་འཕྲུལ་འགྲན་པ་ན། རྗེ་དང་མཁས་གྲུབ་གཉིས་ཀྱིས་ཞལ་བཞེས་ཇི་ལྟ་བ་བཞིན་གྲུབ། རྒྱལ་ཚབ་རིན་པོ་ཆེས་སྐུ་བརྙན་གཅིག་མ་བསྐམས་པར་བརླན་དང་ལྡན་པ་མེ་ལ་ལྡེ་ནས་བཙན་སྐམ་བྱས་བཅུག་ཚེ་སྐུ་བརྙན་གྱིས། དོ་ཁའོ། །ཞེས་དུ་བ་ཁ་བར་གསུང་བྱོན་ནས་རྗེ་དོ་ཁ་མར་གྲགས་པ་ཡིན་ཟེར་པ་ནི་ཡིག་དོན་ལ་མ་ཞུགས་ཤིང་ངེད་ཅག་ཨ་མདོ་པའི་ཁ་སྐད་དང་བསྟུན་ནས་བཤད་པ་འགྲིག་འགྲིག་འདྲ་བ་ཙམ་ལས་རྗེ་རྣམ་ཐར་གང་གི་ནང་དུའང་དེ་ལྟར་མི་སྣང་པ་དང་ལྷག་པར་རྗེ་ཡབ་སྲས་ཀྱིས་ཐུན་མོང་དུ་ཕལ་བའི་མཛད་པ་ཁོ་ན་སྟོན་པ་ལས་གྲུབ་རྟགས་རྫུ་འཕྲུལ་ཕྲ་མོ་ཙམ་ཡང་མཐུན་སྣང་དུ་མི་སྟོན་པས་དེ་ལྟར་རླུང་ལྟར་གྲགས་པའང་མ་དག་རྒྱུན་འབྱམས་སུ་སོང་པ་ཤ་སྟག་ཏུ་འཁུམས་སོ། །

འོ་ན་རང་ལུགས་སམ་དོན་དངོས་ལ་ཇི་ལྟར་ཡིན་ཞེ་ན། པཎ་ཆེན་སྐུ་ཕྲེང་བཞི་བ་བློ་བཟང་ཆོས་རྒྱན་གྱིས་མཛད་པའི་བཀྲ་ཤིས་ལྷུན་པོའི་ཕྱིའི་མཆོད་རྟེན་གྱི་དཀར་ཆག་ཅེས་པའི་ནང་དུ་འདི་ལྟར། བཀྲ་ཤིས་དོ་ཁ་མར་གྲགས་ཆོས་ཀྱི་རྗེ། །བྱམས་པ་གླིང་བའི་ཕྱག་བཟོ་ལས་བྱུང་པ། །རྗེ་བཙུན་བླ་མའི་སྐུ་འདྲ་བྱིན་རླབས་ཅན། །ཞེས་གསུངས་པ་འདིའི་རྗེས་སུ་འབྲངས་ནས་ས་རྦ་བིད་ཨབྷྱའི་བསྟན་རྩིས་མཐོང་ཚད་ཀུན་བཏུས་ཉེས་རྡུལ་སྤྲུགས་པའི་རྔ་ཡབ་དང་། བྱ་ཁྱུང་དགོན་པའི་གདན་རབས་དཀར་ཆག་ཡིད་འཕྲོག་གཏམ་གྱི་ཉིང་ཁུ་ཞེས་པ་གཉིས་དང་། མཉན་འོས་གཏམ་གྱི་ཕྲེང་པ་ལས་ཀྱང་དེ་ལྟར་དུ་གསུངས་པའི་ཕྱིར། 

  ཡང་གསེར་ལྗོངས་ཞིང་གི་ཐུབ་པ་ཡབ་རྗེ་བླ་མ་སྐལ་ལྡན་རས་པའི་རྣམ་ཐར་བསམ་འཕེལ་ཡིད་བཞིན་དབང་རྒྱལ་དུ་ཁྲི་སྟག་ལུང་བྲག་པ་བློ་གྲོས་རྒྱ་མཚོས་གྲུབ་ཆེན་ཆོས་པ་རིན་པོ་ཆེར་གནང་པའི་རྗེའི་སྐུ་པཎ་ཆེན་བྱམས་པ་གླིང་པའི་ཕྱག་བཟོ་རྗེའི་དབུ་སྐྲ་བུབས་གཅིག་གཟུངས་སུ་གཞུག་པ་ལ་རྗེ་རང་གི་ཕྱག་གིས་མེ་ཏོག་འཐོར་པ་ཡོད་ཅེས་གསུངས་པས་པཎ་ཆེན་བྱམས་པ་གླིང་པས་བཞེངས་པར་ལུང་རིགས་མང་པོ་ལས་གྲུབ་པས་དེ་ལྟར་ཁས་ལེན་དགོས་པར་སེམས་སོ། །གོང་དུ་རྣམ་ཐར་ལས་དེ་ལྟར་གསུངས་པ་དང་ངག་སྒྲོས་སུ་གྲགས་པའི་སྤྲུལ་པའི་བཟོ་བོ་དེ་ཡང་འདི་ཉིད་ཡིན་འདུག དེ་ལྟར་རྗེ་ཙོང་ཁ་པའི་སྐུ་བརྙན་བརྒྱད་ཀྱི་ནང་ཚན་ཏེ། རྒྱལ་བ་སྐུ་ཕྲེང་གཉིས་པ་རྗེ་དགེ་འདུན་རྒྱ་མཚོའི་ཐུགས་དམ་གྱི་རྟེན་སྡེ་བ་ལྷ་རྒྱ་རི་བ་ནས་རིམ་པར་བརྒྱུད་དེ་འོངས་པའི་ལོ་རྒྱུས་ཁ་བྱང་ཞབས་སུ་བྲིས་ཡོད་པ་ཞིག་སྔར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་རིགས་གྲྭའི་རྟེན་མཇལ་གྲས་སུ་བཞུགས་ཀྱང་ཕྱིས་བླངས་པ་གཅིག །ཡང་བསེ་ངག་དབང་བཀྲ་ཤིས་ཀྱིས་མཛད་པའི་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྣམ་ཐར་བཙན་པོ་མར་གྲགས་པ་ལས། རྗེ་རིན་པོ་ཆེའི (འདི་ཀུན་མཁྱེན་འཇམ་དབྱངས་བཞད་པ་ལ་གོ་དགོས)བཀྲ་ཤིས་དོ་ཁ་མ་དང་། གླང་འབུར་མ་སོགས་ལ་ཐུགས་རྩིས་ཆེར་གནང་པས། སྔ་སོར་སྨན་སྐུ་ལ་ཀུན་གྱིས་རྩིས་མཐོང་ཆེ་རུ་སོང་ཞེས་གསལ་པ་ལ་བལྟས་ན་འབྲས་སྤུངས་སྒོ་མང་ནའང་གཅིག་བཞུགས་པ་ཤེས།

གཞན་ཡང་རྩེ་པོ་ཏ་ལའི་བླ་མ་ལྷ་ཁང་གི་རྟེན་གཙོར་བཀྲ་ཤིས་དོ་ཁ་མ་གཅིག །རྒྱལ་དབང་བདུན་པ་བསྐལ་བཟང་རྒྱ་མཚོའི་སྐུ་གདུང་མཆོད་རྟེན་གྱི་བུམ་པའི་གཟུངས་གཞུག་ཏུ་རྒྱལ་བ་ན་རིམ་གྱིས་ཐུགས་དམ་རྟེན་རྗེ་བཀྲ་ཤིས་དོ་ཁ་མའི་སྐུ་བྱིན་རླབས་ཀྱི་གཟི་འོད་འབར་པ་གཅིག །དེའི་ཕྱིས་སུ་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་རྒྱལ་དབང་འཇམ་དཔལ་རྒྱ་མཚོར་ལམ་རིམ་ཆེན་མོའི་བཤད་ལུང་ཕུལ་བའི་མཇུག་སེམས་བསྐྱེད་མཆོད་པའི་སྐབས་ཀྱང་རྒྱལ་བའི་ཐུགས་རྟེན་བཀྲ་ཤིས་དོ་ཁ་མ་སྤྱན་དྲངས་པར་གསུངས། དགའ་ལྡན་བྱང་རྩེའི་གྲྭ་ཚང་གི་མཁན་པོའི་གཟིམ་ཁང་དུ་རྗེ་བཀྲ་ཤིས་དོ་ཁ་མ་གཅིག །དགེ་ལྡན་བསྟན་པའི་ཆུ་མགོ་བྱ་ཁྱུང་དགོན་པར་དགའ་ལྡན་ཁྲི་ཐོག་རེ་དྲུག་པ་སེ་ར་བསམ་བློ་བ་བྱང་རྩེ་ཁྲི་ཆེན་ངག་དབང་སྙན་གྲགས་པས་བཞེངས་པའི་རྗེ་སྐུ་མི་ཚད་མ་ཞིག་གི་གཟུངས་གཞུག་ཏུ་རྗེ་དེ་ཉིད་ཀྱི་ཁུ་བོ་སྟེ། དགའ་ལྡན་ཁྲི་ཐོག་ང་བརྒྱད་པ་བྱང་རྩེ་བསམ་བློ་པ་ཁྲི་ངག་དབང་ཆོས་གྲགས་པའི་ཐུགས་དམ་རྟེན་བཀྲ་ཤིས་དོ་ཁ་མའི་སྐུ་བརྙན་གཅིག །པྲ་སྟི་སྒྲོལ་མ་གསུང་འབྱོན་མའི་ལྷ་ཁང་དུའང་བཀྲ་ཤིས་དོ་ཁ་མའི་སྐུ་བརྙན་ཞིག་བཞུགས་པར་གྲགས་པ་བཅས་སོ། །

གསུམ་པ། རྗེ་བཀྲ་ཤིས་དོ་ཁ་མ་འདིའི་གདན་ས།

འོ་ན་དེ་ལྟར་དེ་དག་ཏུ་བཞུགས་པ་གསལ་ན། ངེད་ཅག་གི་ཡུལ་མདོ་སྨད་གཡར་མོ་ཐང་དུ་གྲགས་པའི་སའི་སྙིང་པོ་དམ་པར་གྱུར་པ་རི་བོ་གྲུ་འཛིན་གཉིས་པ་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་གྱི་ཡུལ་ལ་སྟོད་སྨད་བར་གསུམ་དུ་ཕྱེ་བའི་ཡན་ལག་གམ་སའི་ཆ་སྨད་ན་སྨད་པ་སྡེ་བདུན་ཞེས་ཡོངས་སུ་གྲགས་པ་སྟེ། འཇམ། ལྷ་ཁང་། རི་རྩ། ཁྱུང་བོ། སྡོང་སྐམ། ཧ་ར་བ་དྷི། གར་རྩེ་གདོང(བོད་སྐོར་བྱ་དཀར་ལུང་སྡེ་བ)བཅས་ཀྱིས་ཕྱོགས་བཅུར་ཀུན་ནས་བསྐོར་པ། གཡས་གཡོན་གྱི་ལོགས་གཉིས་སུ་གླིང་ཆུ་དགུ་ཆུ་ཞེས་གྲགས་པའི་གཙང་ཆབ་རིང་མོའི་ལྷུང་ལྷུང་དར་དཀར་གྱིས་འཁྱུད་པ། ཁོ་ར་ཁོར་ཡུག་ཀུན་ཏུ་ཞིམ་ངད་དྲི་བཟངས་ཀྱིས་གཏམས་པའི་སྤེན་མ་དཀར་པོའི་མེ་ཏོག་ཕང་ཕུང་དུ་བཞད་པར་གྲགས་པ་སྟེ་ཐང་ཆེན་པོ་རྣམ་པར་མཛེས་པའི་ལྟེ་བ་ན་ལྟ་ན་སྡུག་པའི་གྲོང་ཁྱེར་བཞིན་སྣོད་བཅུད་ཀྱི་བཀོད་པ་ཤིན་ཏུ་ལེགས་པ་སྤེན་དཀར་ཐང་དགོན་པ་ཕུན་ཚོགས་དར་རྒྱས་གླིང་ཞེས་བྱ་བའི་གནའ་བོའི་དུས་ནས་མཚན་སྙན་ཕྱོགས་ཀུན་ཁྱབ་པ། མཁས་དང་གྲུབ་པའི་རྣལ་འབྱོར་གྱི་བསྟི་གནས་སྒྲུབ་པའི་གནས་མཆོག་གང་ཉིད་ན། རྗེ་བཀྲ་ཤིས་དོ་ཁ་མའི་སྐུ་བརྙན་བྱིན་རླབས་ཀྱི་གཟི་འོད་འབར་པ་ཞིག་དུས་རབས་ཉེར་གཅིག་པའི་ད་ལྟའི་དུས་སུ་ཡང་འཕྲིན་ལས་ཀྱི་མཇུག་མ་བསྡུས་པར་ངེད་ཅག་ཕྱི་རབས་པ་རྗེ་བླ་མ་མཆོག་གི་གསང་གསུམ་མེ་ཏོག་གི་འཛུམ་ཞལ་ལ་མཇལ་འདོད་ཀྱི་སྐལ་ལྡན་གདུལ་བྱའི་དད་པའི་རྟེན་དུ་ལྷམ་མེར་བཞུགས་པ་འདིའི་བྱུང་རབས་ཅུང་ཙམ་བརྗོད་ན་འདི་ལྟར། རབ་བྱུང་བཅུ་གསུམ་པའི་སྟོད་ཙམ་དུ་སྨད་པ་སྡེ་བདུན་གྱི་ནང་ཚན་ཏེ་ད་ལྟའི་ཐོ་རྒྱ་གྲོང་བརྡལ་གྱི་གར་རྩེ་གདོང་དུ་སྐུ་འཁྲུངས་པའི་མཁྱེན་རབ་ཀྱི་དབང་ཕྱུག་དམ་པ་བྱང་རྩེ་བློ་བཟང་འཕྲིན་ལས་ཁོང་ཉིད་གཞུང་ལུགས་ལ་ཐོས་བསམ་ཕྱིར་དུ་ཆེད་གཉེར་གྱིས་དབུས་གཙང་ཆོས་ཀྱི་ཞིང་ཁམས་སུ་བྱོན་ཏེ། རྗེ་ཙོང་ཁ་པ་ཆེན་པོས་ཕྱག་བཏབ་པའི་གདན་ས་དགའ་ལྡན་རྣམ་པར་རྒྱལ་པའི་གླིང་གི་བྱང་རྩེ་གྲྭ་ཚང་དུ་ཚོགས་ཞུགས་གནང་། 

གངས་རིའི་ལྗོངས་ན་མཁས་པའི་སྙན་པ་ཕྱོགས་སུ་ཁྱབ་པ་ཀློང་རྡོལ་བླ་མ་ངག་དབང་བློ་བཟང་དང་རྒྱལ་དབང་བརྒྱད་པའི་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་རྣམ་གཉིས་སོགས་སྨྲ་བའི་དབང་བོ་དུ་མའི་ཞབས་ལ་གཏུགས་ཏེ། མདོ་སྔགས་ཀྱི་གཞུང་ལུགས་མང་པོ་ལ་ཐོས་བསམ་རྒྱ་ཆེར་མཛད་ནས་མཐར་ཆེས་མཐོ་བའི་བསླབ་གནས་ལྷ་རམས་པའི་མཚན་སྙན་ཀྱང་ཐོབ། དེའི་ཕྱིས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་བྱང་རྩེ་གྲྭ་ཚང་གི་མཁན་པོའི་ཁྲིར་བཞུགས། རྒྱལ་བ་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ་དགའ་ལྡན་དུ་ཕེབས་སྐབས་ཤིག་ལ་ལུང་དང་རིགས་པའི་རྩེ་དགའ་ཆེན་པོའི་བགྲོ་གླེང་ངོ་མཚར་ཅན་ཕུལ་བས་རྒྱལ་དབང་རིན་པོ་ཆེ་གང་ཉིད་ཀྱིས་དགྱེས་གཟིགས་ཤིན་ཏུ་ཆེ་བ་བྱུང་། དེ་ནས་བཀྲ་ཤིས་འཁྱིལ་དུ་ཕེབས་བཞེད་ཀྱིས་བྱོན་པ་རོང་སྟོན་སྐལ་ལྡན་སྐྱབས་རྗེ་དམ་པ་དབུས་ཕེབས་དང་མཇལ་བས་ཡུལ་མདོ་སྨད་ཀྱི་ནཱ་ལེནྡྲ་གཉིས་པ་མཁས་གྲུབ་ངང་མོ་བྱེ་བའི་བསྟི་གནས་རོང་བོ་དཔལ་གྱི་དགོན་ཆེན་དུ་བྱོན་ནས་གོང་ས་སྐྱབས་མཆོག་རིན་པོ་ཆེའི་བཀའ་བཞིན་རབ་བྱུང་བཅུ་གསུམ་པའི་མེ་ལུག་ལ་གདན་སའི་ཁྲི་རབས་བཅོ་བརྒྱད་པར་ལོ་ལྔ་ལ་ལུགས་གཉིས་ཀྱི་སྒོ་ནས་ལེགས་བཤད་བདུད་རྩིས་ལེགས་པར་བསྐྱངས་ཏེ་བཞུགས།

དེ་ལྟར་དམ་པ་འདི་ཉིད་བྱང་རྩེ་མཁན་པོའི་ཁྲི་ཟུར་ནས་ཕ་ཡུལ་དུ་འབྱོན་ཁར་ཐུགས་དམ་གྱི་རྟེན་སྐལ་ཞིག་གདན་འདྲེན་དགོས་དགོངས་ནས་སྔར་བྱང་རྩེའི་གཟིམ་ཁང་དུ་བཞུགས་པའི་རྗེ་བཀྲ་ཤིས་དོ་ཁ་མའི་ཚབ་ཏུ་བཟོ་བཀོད་ཤིན་ཏུ་འདྲ་ཆེ་ཞིག་གསང་ཚུགས་ཀྱིས་བཞེངས་ཏེ་བཞུགས་པར་མཛད་ཅིང་། སྐུ་བརྙན་བྱིན་ཅན་མཆོག་མདོ་སྨད་གསེར་ལྗོངས་ཡུལ་དུ་གདན་དྲངས། རང་དགོན་རོང་པོ་དགོན་ཆེན་གྱི་ཁྲི་ཟུར་ནས་སྐུའི་ཕ་ཡུལ་གྱི་མཆོད་གནས་དམ་པ་སྤེན་དཀར་ཐང་དགོན་པར་ཕེབས་ནས་རྒྱུན་བཞུགས་མཛད། རྗེ་བླ་མ་སྐུ་དངོས་དང་དབྱེར་མེད་པའི་སྐུ་བརྙན་ངོ་མཚར་ཅན་ས་གསུམ་ན་དཀོན་པའི་བྱིན་རླབས་ཅན་དེ་ལྕགས་ཕག་ལོར་སྐུ་ཁམས་ཅུང་མི་བདེ་བའི་ཚུལ་གནང་དུས་སྐུ་མདུན་དུ་སྤྱན་དྲངས་ཏེ་གསོལ་བ་འདེབས་བཞིན་ཡིད་དགའ་ཆོས་འཛིན་དུ་གཤེགས། དེ་དུས་ནས་བཟུང་རྟེན་མཆོག་གང་ཉིད་ཆོས་སྡེ་འདིའི་རྟེན་གྱི་གཙོ་བོའམ་ལྷ་སྐལ་ཉག་གཅིག་ཏུ་གྱུར། 

བཀྲ་ཤིས་དོ་ཁ་མའི་གདན་ས་དམ་པ་སྒྲུབ་པའི་གནས་མཆོག་དགོན་འདི་འདེབས་མཁན་ལ་ཡང་ཁ་ཅིག་གིས་སྐལ་ལྡན་རས་པ་སྟེ་ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོས་བཏབ་ཟེར། འགའ་ཞིག་གིས་རྗེ་ཙོང་ཁ་པའི་ཆུང་དུས་ཀྱི་དགེ་རྒན་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་བཏབ་ཟེར་ལ། ལ་ལས་འཇམ་ཏཱ་བླ་མས་བཏབ་ཟེར་བ་སོགས་བཤད་ཚུལ་མང་ཡང་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་གནས་བརྟགས་མཛད་པར་ལོ་རྒྱུས་ཡིག་ཚང་དང་མཁས་པའི་ངག་སྒྲོས་འདུག་ཅིང་། ཁོང་ཉིད་ཤ་སྦྲང་དང་སེ་ཀུ་བྱ་ཁྱུང་ཕྱོགས་སུ་གནས་འཚོལ་ཕེབས་བཞུད་གནང་འདུག་པས་ཁོང་ཉིད་འདི་གར་དངོས་ཕེབས་ཀྱིས་གནས་བྱིན་གྱིས་བརླབས་ཤིང་ཕྱག་བཏབ་པ་ཕྱིས་སུ་རོང་སྟོན་ཆེན་པོ་སྐལ་ལྡན་རས་པ་དང་འཇམ་ཏཱ་བླ་མས་ཐུགས་བརྩེ་ཆེན་པོས་ལུགས་གཉིས་ཀྱིས་བསྐྱངས་པར་བྱས་ན་འཐད་པར་སེམས་སོ། །དེ་ནས་བཟུང་སྟེ་བྲག་སྒོམ་པ་བསྟན་པ་རབ་རྒྱས་ཀྱིས་མཛད་པའི་མདོ་སྨད་ཆོས་འབྱུང་ལས། ཆོས་རྒྱལ་རང་བཞིན་གྱིས་འཁོར་ཞེས་གསུངས་པ་ལྟར་ལས་གཤིན་ཆོས་ཀྱི་རྒྱལ་བོ་མ་བསྐུལ་རང་འཁོར་གྱིས་ཉིན་མཚན་གཡེལ་བ་མེད་པར་བྱ་ར་བྱེད་པས་སྔོན་ཆད་ཆོས་སྡེ་འདིའི་བསྟན་སྲུང་གཙོ་བོ་དཔལ་ལྡན་ལྷ་མོ་ཡིན་ཀྱང་དུས་དེ་ནས་བཟུང་སྟེ་དམ་ཅན་ཆོས་རྒྱལ་གཙོ་བོ་བྱེད་ཅེས་གྲགས་པ་ཡིན།

བཞི་བ། རྗེ་དོ་ཁ་མའི་སྐུ་བརྙན་བཞེངས་བཀོད།

དེ་ཡང་སྐུ་བརྙན་བཀྲ་ཤིས་དོ་ཁ་མ་འདིའི་བཞེངས་བཀོད་ཀྱི་རྣམ་པ་ཁོ་བོར་སྣང་ཚུལ་ནི་འདྲ་སྐུའི་མཐོ་ཚད་ལ་ཁྲུ་གང་ཙམ་ཡོད། དབུ་ལ་གཙུག་ཏོར་ཅུང་ཟད་ཅན་གྱི་སྐྲ་མདངས་བུང་པ་ལྟར་གནག་པ། དེའི་སྟེང་ཟ་འོག་གོས་ཀྱི་པཎ་ཞྭ་གསོལ་པ། ཞལ་རས་བགྲེས་ཉམས་ཀྱི་འཛུམ་མདངས་ངོམ་པ། ཕྱག་གཉིས་ཆོས་འཁོར་གྱི་ཕྱག་རྒྱ་མཛད་པ། པད་སྡོང་གཡས་གཡོན་དུ་མུ་ཏིག་ལས་གྲུབ་པའི་རལ་གྲི་དང་གླེགས་བམ་འཛིན་པ། དེའི་འོག་གི་གཡས་གཡོན་ན་སྒྲོལ་མ་ཡིད་བཞིན་འཁོར་ལོ་དཀར་སྔོན། སྟོད་འགག་གི་གོང་པ་སྡེབ་མཚམས་ཀྱི་ཐུགས་ཀར་ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་སྐུ་བརྙན། ཆོས་གོས་ཀྱི་སྟེང་དུ་འཇམ་དབྱངས་ཀྱི་ས་བོན་དྷཱིཿཡིག་ཡོད་པ། སྐུ་རིལ་བོར་རྒྱལ་བ་སེངྒེ་ང་རོའི་སྐུ་ནས་འབྲུ་ཙམ་གྱིས་ཁེབས་པ་ནི་མཁའ་ལ་རྒྱུ་སྐར་ཁྲ་ལམ་མེར་ཁྱབ་པ་དང་མཚུངས། མཁས་གྲུབ་ཆེན་པོ་འཇིགས་མེད་དམ་ཆོས་རྒྱ་མཚོ་ཡབ་སྲས་ཀྱིས་སྐུ་ནས་འབྲུ་མ་དེ་དག་རྒྱལ་པ་ཚེ་དཔག་མེད་དང་མི་འཁྲུགས་པ་རེད་ཅེས་གསུངས་པའི་བཤད་ཚུལ་ཡང་ཡོད། ཁྲིའི་མཐའ་སྐོར་དུ་དམིགས་བརྩེ་མའི་གཟུངས་སྔགས་ཀྱིས་སྤྲས་འདུག །སྐུའི་གདན་ཞབས་སུ་གསེར་ཆབ་ཀྱིས་བྱུགས་ཏེ་རྡོ་རྗེ་རྒྱ་གྲམ་གྱིས་རྒྱ་བཏབ་ཡོད་དོ། །དེ་ལྟར་ལྷ་བཟོའི་བཞེངས་བཀོད་ཕལ་གྱིས་བློ་ཡུལ་དུ་མི་ཤོང་པས་སུས་ཀྱང་མཐོང་ཙམ་ཉིད་ནས་ངོ་མཚར་པ་དང་དང་པ་གཏིང་ནས་འདྲེན་པ་ཞིག་ལགས་སོ། །

 གཞན་ཡང་རྗེ་སྐུ་བརྙན་རིན་པོ་ཆེ་འདི་ཉིད་མཁས་པ་དང་སྐྱེས་ཆེན་དུ་མས་ཚད་མའམ་ཁུངས་བཙུན་ཡིན་པར་བཞེད་ནས་ས་ཐག་ཁད་རིང་པོ་ནས་དངོས་མཇལ་དུ་ཕེབས་པའང་བསྟན་པའི་སྲོག་ཤིང་རྗེ་བླ་ཁོ་འཇིགས་མེད་ཕྲིན་ལས་རྒྱ་མཚོ། གཞུང་བརྒྱ་སྨྲ་བའི་དབང་བོ་ཨ་ཁུ་བསང་ཁོག་འཇིགས་མེད་རྒྱ་མཚོ། ཤེལ་དགོན་དགེ་བཤེས་ཚུལ་ཁྲིམས་རྒྱ་མཚོ་སོགས་རྒྱང་རིང་ནས་ཆེད་དུ་ཕེབས་ཏེ་མཆོད་པ་མཇལ་ཕྱག་ཞུས་པ་དང་། ཡང་དར་གྱི་སྐབས་འདིར་ཡང་མཁས་པའི་གཙུག་རྒྱན་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ་ཚང་དངོས་ཕེབས་ཀྱིས་མཆོད་མཇལ་དང་སྐུའི་དྲུང་ནས་སྤྲུལ་སྐུ་བཙལ་འཚོལ་སོགས་བསྟན་འགྲོའི་དོན་ཆེན་གྱི་ཐུགས་དམ་བརྟག་ཞུས་མཛད་པ་དང་། བླ་མ་རྡོ་རྗེ་འཆང་མཁས་བཙུན་ལུང་རིགས་རྒྱ་མཚོ་ཞལ་སྔ་ནས་དང་། བསྟན་པའི་དཔུང་གཉེན་གཡེར་གཤོང་འཇམ་དབྱངས་དགེ་འདུན་རྒྱ་མཚོ། ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཡོངས་འཛིན་ཨ་ཁུ་བསམ་གཏན་རྒྱ་མཚོ་བཀའ་དྲིན་ཅན། བསྟན་པའི་དཔུང་གཉེན་ཆེན་པོ་བསེ་ཁྲི་རྒན་བློ་བཟང་དཔལ་ལྡན་རིན་པོ་ཆེ། བསྟན་དོན་ལ་གཅིག་ཏུ་གཞོལ་བའི་འགར་རྩེ་སྤྲུལ་བའི་སྐུ་སྐལ་བཟང་བསྟན་པ་རྒྱ་མཚོ། བཀྲ་ཤིས་སྒོ་མང་གི་མཁས་པའི་གཙུག་རྒྱན་ཨ་ཁུ་དགེ་འདུན་རྒྱ་མཚོ་ཡབ་སྲས་སོགས་དངོས་ཕེབས་ཀྱིས་མཇལ་ཕྱག་ཕུལ་པ་ཤིན་ཏུ་མང་པ་དང་ཡང་ཐུབ་པའི་ཞལ་སྐྱིན་ཆེན་པོ་རྗེ་འཇིགས་མེད་རིགས་པའི་བློ་གྲོས་ཀྱིས་རྗེ་དོ་ཁ་མ་ཕྱིར་དགོན་པར་འབྱོར་པ་ཡ་མཚན་ཆེ་ཞེས་ཕྱག་གཉིས་ཐལ་མོ་སྦྱར་ཏེ་གསུངས་པ་ཁོ་བོས་ཀྱང་དངོས་སུ་ཐོས་པ་ཡིན་ནོ། །

ད་དུང་བསླབ་གསུམ་ནོར་བུའི་བང་མཛོད་ཀྱི་མངའ་བདག་བྱ་བཏང་པ་ཆེན་པོ་ཨ་ཁུ་བསྟན་པའི་རྒྱལ་མཚན་མཆོག་གིས་སྐུ་བརྙན་རིན་པོ་ཆེའི་ཕྲིན་ལས་ཀྱི་འཇུག་པ་མ་ནུབ་པའི་བར་དུ་སྐྱེ་འགྲོའི་རྨོངས་པའི་མུན་སེལ་དུ་རྒྱུན་མཆོད་མར་མེའི་ཐེབས་རྩ་སྦྱོར་འཇགས་མཛད་ཡོད་ཅིང་། ཁྱད་པར་དུ་ལ་མོ་ཞབས་དྲུང་མཆོག་གིས་ཆེད་མངགས་ཀྱིས་རང་ཉིད་ཀྱི་བུ་སློབ་དམ་པ་རྔ་བའི་མགོ་གཟེངས་སུ་འབོད་པས་གཏོང་སྒོ་ཕངས་མེད་དང་ངལ་པ་ཁྱད་བསད་ཀྱིས་ལྷ་ཁང་ཙོང་ཁ་སྤྲུལ་པའི་ལྡིང་ཁང་ཞེས་པ་དེ་བཞེངས་ནས་རྟེན་མཆོག་དྲུང་དུ་དཀོན་གཉེར་གྱིས་ཉིན་རེར་བརྒྱད་སྟོང་པའི་བམ་པོ་རེ་འདོན་པ། ཡོན་ཆབ་བརྒྱ་རེ་འབུལ་པ། ལྷ་བཤོས་གསུམ་རེ། མཆོད་མེ་བཅུ་རེ། ཕྱག་མཆོད་གད་བདར་བཅས་སྒྲུབ་པའི་དགེ་རྒྱུན་དགོན་པའི་བཅའ་ཡིག་ཏུ་བཙུད་དེ་བཙུགས་པ་ད་ལྟའི་བར་དུའང་མ་ཉམས་པར་གནས་སོ། །

སྔོན་གྱི་ཧོས་འཁྲུག་གི་སྐབས་སུ་ཡང་སྐུ་བརྙན་འདི་ཉིད་དད་པ་དང་སྙིང་སྟོབས་ལྡན་པ་བྱིངས་འདྲེན་སངས་རྒྱས་སོགས་ཀྱིས་རང་གི་སྲོག་ལས་ཀྱང་གཅེས་པར་བཟུང་ནས་རི་ལུང་མང་པོར་བརྒལ་ཏེ་སྦས་སྲུང་བྱས་པས་ཉམས་ཆག་ཏུ་མ་ཤོར་ཏོ། །

ཁྱད་པར་དུ་རབ་རྒྱལ་ས་ཁྱི་ལོ(སྤྱི་ལོ༡༩༥༨)ནས་བཟུང་གནམ་ས་མགོ་རྟིང་སློག་ཅིང་རང་བསྟན་རྟེན་དང་བརྟེན་པ་རྡུལ་ཙམ་མ་ལུས་པར་བརླག་པའི་རླུང་འཚུབ་ཀྱི་སྐབས་སུ། དགོན་སྡེ་འདིའི་རྟེན་དང་བརྟེན་པ་རིན་ཐང་མེད་པ་ཐམས་ཅད་འབྱུང་བཞིའི་ཁ་ཟས་སུ་བྱིན་ཏེ་ལྷག་ལུས་མེད་པར་བྱས་མོད། འོན་ཀྱང་དེའི་ཚེ་བྱིན་རླབས་གཟི་འབར་གྱི་མཐོང་གྲོལ་སྐུ་བརྙན་འདིའི་ཐུགས་བསྐྱེད་ད་དུང་མ་རྫོགས་པས་རང་དགོན་གྱི་གྲྭ་བཙུན་དད་སྟོབས་དང་དཔའ་ངར་ཆེ་བ་འཇམ་ཨ་ཁུ་གུ་རུ་ཞེས་འབོད་པ་དེས་རྒྱལ་ཚབ་ཏུ་བྱིན་རླབས་དང་སྐུ་ཉམས་ཤིན་ཏུ་མཚུངས་པ་ཞིག་བཞུགས་པར་བྱས་ནས་བཀྲ་ཤིས་དོ་ཁར་འཕྲག་ལམ་ཡོད་པའི་རང་དགོན་ལྷ་སྡེ་སྨད་པ་འཇམ་ཞེས་པར་གདན་དྲངས། 

དེ་ནས་ཀྱང་རིམ་བཞིན་གསང་ཤོར་པར་དོགས་ནས་རི་སུལ་དུ་སྦས་སྐུང་བྱས་ན་ཡང་སྲིན་པོ་ཁོག་བརླམས་དག་གི་ལག་ཏུ་སྟབས་མ་ལེགས་པར་ཤོར་མོད་སྤོབས་པ་དང་བྱེད་ཐབས་འཕྲུལ་ལྡན་གྱིས་ཕྱིར་ལ་བླངས་ཏེ་རི་ལུང་སོགས་སུས་ཀྱང་སྣང་དོགས་མེད་པའི་གནས་སུ་སྦས་ནས་ལོ་ངོ་ཉི་ཤུ་ལྷག་གི་རིང་ལ་གནོད་སྐྱོན་མ་བྱུང་པར་རང་དགོན་གདན་སར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་བཤེས་གཉེན་སྨྲ་བའི་དབང་ཕྱུག་ཨ་ཁུ་དཔལ་ལྡན་བདེ་གཤེགས་ཚང་དང་། དགེ་བའི་བཤེས་གཉེན་བཀའ་དྲིན་ཅན་ཨ་ཁུ་བློ་བཟང་དང་ཨ་ཁུ་བཟང་པོ་བཅས་ཀྱི་དབུ་འཁྲིད་ཀྱིས་བཞེངས་པའི་རྗེ་ཡབ་སྲས་ཀྱི་བཀའ་འབུམ་གཙོ་བྱས་མདོ་རྒྱུད་ཀྱི་གླེགས་བམ་བརྒྱ་ཕྲག་ལྷག་གི་ནང་རྟེན་གཟུངས་གཞུག་ཅན་གྱི་མཆོད་རྟེན་མཐོང་གྲོལ་ཆེན་མོ་གང་ཉིད་ཀྱི་བུམ་པར་བཞུགས་པར་བྱས་ནས་ཞིང་འདིའི་གོང་ས་ཆེན་པོའི་རྒྱལ་ཚབ་གསེར་ཁྲི་རིན་པོ་ཆེ་མཁས་བཙུན་ལུང་རིགས་རྒྱ་མཚོ་དབུ་བཞུགས་ཀྱིས་རབ་གནས་ལེགས་པར་མཛད་དེ་བྱིན་རླབས་ཀྱི་བང་མཛོད་དུ་གྱུར་པ་ད་ལྟ་དངོས་མཇལ་གྱི་སྐལ་པ་ཡོད་པ་དང་། གཞན་ཡང་པད་གདན་མཐའ་བསྐོར་དུ་དམིགས་བརྩེ་མའི་གཟུགས་སྔགས་ཁྲ་ལམ་མེར་གསལ་པའི་རྒྱལ་ཚབ་ཏུ་བཞུགས་པའི་སྐུ་བརྙན་བྱིན་ཅན་ཡང་བཅོམ་བརླག་བྱེད་པའི་ཉིན་ཞིག་ལ་ཕྲན་ཆུང་ཁོ་བོའི་གཞལ་མེད་དྲིན་ལྡན་ཕ་རྒན་ཁྱུང་བོ་གནམ་ལྷ་རྒྱལ་གྱིས་དད་ཞེན་དང་སྙིང་སྟོབས་གཅིག་ཏུ་བསྐྱེད་ནས་རྗེ་བཀྲ་ཤིས་དོ་ཁ་མ་འདི་ཅིས་ཀྱང་སྦས་སྲུང་བྱེད་བསམ་པའི་ཀུན་སློང་དྲག་པོ་རྩེ་གཅིག་གིས་གདན་དྲངས་ཏེ་སྨད་པ་ཁྱུང་བོའི་རང་ཁྱིམ་དུ་བཞུགས་པར་བྱས། རྩིག་པའི་སྲུབས་ཀ་སོགས་སུས་ཀྱང་སྣང་དོགས་མི་བྱ་བའི་གནས་ལ་བཞུགས་སུ་གསོལ་ཏེ་རྐྱེན་ཇི་འདྲ་ཞིག་ལ་ཐུག་ཀྱང་གསང་རྒྱ་མ་ཤོར་པར་སྦས་སྐུང་བྱས་ཚུལ་བརྗོད་དུ་མི་ལང་པ་ནི་གནའ་སྒྲུང་ལྟ་བུ་ངོ་མཚར་པ་ཕྲན་ཆུང་ཁོ་བོས་དངོས་སུ་མཐོང་ཐོས་བྱུང་ངོ་། །

དུས་དེ་ནས་བཟུང་ལོ་ངོ་བཅུ་ཕྲག་ལྷག་གི་རིང་ལ་རང་ཁྱིམ་ནས་གནོད་མེད་དུ་བཞུགས། དེ་ནས་ཡང་དར་བསྟན་པའི་དབུ་བརྙེས་པའི་ཚེ་རྒྱལ་ཚབ་ཀྱི་སྐུ་བརྙན་བྱིན་ཅན་ཡང་སྐུ་དྲིན་བསྐལ་པའི་མཐར་ཡང་གསབ་པར་དཀའ་བའི་བདག་གི་དགེ་རྒན་བཀའ་དྲིན་ཅན་ཨ་ཁུ་བློ་བཟང་བསྟན་འཛིན་རིན་པོ་ཆེ་དང་ཕ་རྒན་གནམ་ལྷ་རྒྱལ་དྲིན་པོ་ཆེ་ཟུང་གིས་སྤྱན་དྲངས་ཏེ་ཕྱིར་གདན་ས་སྤེན་དཀར་ཐང་ཕུན་ཚོགས་དར་རྒྱས་གླིང་ལ་ཕུལ་ནས་དངོས་མཇལ་བྱེད་རྒྱུ་ཡོད་པ་འདི་དག་ནི་ངོ་མཚར་ཤིན་ཏུ་ཆེ་བ་དང་རྟེན་འབྲེལ་རབ་ཏུ་བཟང་པའི་ལྟས་སུ་གོར་མ་ཆག་གོ །

སྨྲས་པ།

འདིར་འབད་རྣམ་དཀར་ལེགས་བྱས་འོ་རྒྱུན་གྱིས། །

མཐའ་དག་རྣམ་དཔྱོད་ལུས་སྟོབས་རབ་རྒྱས་ནས། །

ཤེས་བྱ་རྣམ་ཀུན་ཐོགས་པ་མེད་པ་རུ། །

མཐོང་པ་རྣམ་བཞིའི་སོ་རིག་བརྙེས་གྱུར་ཅིག །

     ཅེས་སྲིད་ན་དཀོན་པའི་སྐུ་བརྙན་རྗེ་བཀྲ་ཤིས་དོ་ཁ་མའི་བྱུང་པ་བརྗོད་པ་དྭངས་གསལ་ཤེལ་གྱི་ཆུ་མིག་ཅེས་བྱ་བ་འདི་ནི་མི་ཕྱེད་དད་ལྡན་ཤ་བོ་སོགས་འགའ་ཞིག་གིས་བསྐུལ་པ་དེ་ཉིད་ཀྱི་གནས་ཚུལ། བདག་གིས་གཞུང་བརྒྱ་སྨྲ་བའི་སེང་གེ །ཡུལ་མདོ་སྨད་ཀྱི་བཤད་པའི་ཤིང་རྟ་པ་ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཡོངས་འཛིན་དམ་པ་རང་གི་དགེ་རྒན་བཀའ་དྲིན་ཅན་མཁྱེན་བརྩེའི་གཏེར་ཆེན༧ཨ་ཁུ་བསམ་གཏན་རྒྱ་མཚོ་རིན་པོ་ཆེར་དགོངས་བསྟུན་ཡར་ཞུས་ཕུལ་སོང་པར། ཁོང་གིས་ཕྲན་ཆུང་བདག་ལ། ཅིས་ཀྱང་ཁུངས་གཏུགས་ཏེ་འདི་འདྲ་ཞིག་བྲིས་ན་ཤིན་ཏུ་ལེགས་ཞེས་རྗེས་བརྩེའི་གསུང་གི་བཀའི་གནང་བ་ཐོབ་པ་ལྟར་ཡུལ་སྨད་པ་ཁྱུང་བོ་གསེར་གཤོང་ཁུག་ཏུ་ལྟེ་ཁྲག་བོ་པའི་ཐ་སྙད་པ་ཁྱུང་ཕྲུག་བློ་བཟང་དར་རྒྱས་མཚོ་བྱུང་རོལ་པའི་བློ་གྲོས་སུ་འབོད་པས་རྗེ་ཙོང་ཁ་པ་ཆེན་པོ་མྱ་ངན་ལས་འདས་ནས་བགྲང་བྱ་ལྔ་བརྒྱ་རེ་བརྒྱད་པ་རབ་རྒྱན་མེ་ཡོས་སྤྱི་ལོ1987རང་ལོ་ཉེར་གཅིག་གི་ཚེ་ན་མཐུ་སྟོབས་དབང་ཕྱུག་ཡེ་ཐོ་དྲེགས་ལྡན་རྩལ་གྱི་ལྷ་ཞོལ་སྒྲུབ་པའི་སྡེ་ཆེན་སྤེན་དཀར་ཐང་ཕུན་ཚོགས་དར་རྒྱས་གླིང་གང་ཉིད་དུ་སྦྱར་པ་འདིས་ཀྱང་རིས་མེད་སེམས་ཅན་ཐམས་ཅད་སྐྱེ་བ་ཀུན་ཏུ་ཁམས་གསུམ་བླ་མ་འཇམ་དཔལ་སྙིང་པོའི་གསུང་གི་བདུད་རྩིས་འཚོ་ཞིང་ཞི་བདེའི་དཔལ་ལ་རོལ་པའི་རྒྱུར་གྱུར་ཅིག །

           རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།