རྗེ་བདག་ཉིད་ཆེན་པོ་སོགས་ཀྱི་སྐུ་བརྙན་འགའ་ཞིག་གི་ལོ་རྒྱུས་ཅུང་ཟད་བརྗོད་པ་མཉན་པར་འོས་པའི་གཏམ་གྱི་ཕྲེང་བ་བཞུགས་སོ།།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-07-10 07:40:08     རྩོམ་པ་པོ།   རྗེ་ཤེས་རབ་རྒྱ་མཚོ།    ཀློག་ཐེངས།  

༄༅༅།།ན་མོ་སུ་མ་ཏི་ཀཱིརྟི་ཡེ། ཟུང་འཇུག་སྒྱུ་མའི་སྐུ་ལ་དབང་འབྱོར་བས།།སྐུ་གསུང་ཐུགས་རྟེན་བརྟན་གཡོ་རབ་འབྱམས་སུ།།མོས་པའི་མཐའ་བཞིན་འགོག་མེད་རྟག་འཆར་བ།།།འཇམ་དཔལ་སྙིང་པོས་བྱང་ཆུབ་བར་དུ་སྐྱོངས།།འདིར་རང་གིས་མཐོང་ཐོས་སུ་གྱུར་པའི་སྐུ་བརྙན་བྱིན་ཅན་འགའ་ཞིག་གི་ལོ་རྒྱུས་མདོ་ཙམ་འགོད་པ་ལ།

དེ་ཡང་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་དགུང་ལོ་ང་དགུ་བཞེས་པའི་ཤིང་ལུག་ལ་མི་དབང་གྲགས་པ་རྒྱལ་མཚན་པས་སྤྱན་དྲངས་ཏེ་འདུལ་འཛིན་གྲགས་པ་རྒྱལ་མཚན་སོགས་འཁོར་སྡེ་སྣོད་འཛིན་པ་ཉིས་བརྒྱ་ལྷག་ཙམ་དང་བཅས་འོན་གྱི་བཀྲ་ཤིས་དོ་ཁར་བྱོན་ནས་དབྱར་གནས་མཛད།ཡིད་བཟང་རྩེ་པ་མགོས་ལོ་གཞོན་ནུ་དཔལ།པཎ་ཆེན་བྱམས་པ་གླིང་པ་བསོད་ནམས་རྣམ་རྒྱལ།ཆོས་རྗེ་གུང་སྣང་བ་མཛེས་པ་དཔལ།ཆོས་རྗེ་མི་ཉག་རིན་རྒྱལ་པ།རྒོད་ཕྲུག་གྲགས་པ་འབྱུང་གནས་སོགས་མི་ཆེན་དང་།སྟོན་ཆེན་བསམ་གྱིས་མི་ཁྱབ་པ་འདུས།ཉེར་གཉིས་རིན་པོ་ཆེ་སྤྱན་སྔ་བསོད་ནམས་རྒྱལ་མཚན་གྱིས་ནཱ་རོ་ཆོས་དྲུག་གི་ཁྲིད་ཞུས་ཏེ་ཐབས་ལམ་ཚིགས་བཅད་མའི་སྟེང་ནས་གནང་བ་ལ་ཡིད་བཟང་རྩེ་པས་ཟིན་བྲིས་མཛད།རྗེ་དགེ་འདུན་གྲུབ་ཀྱང་འདི་དུས་མཇལ་ཏེ་ཚད་མའི་དཀའ་གནས་གསུང་བ་ལ་ཟིན་བྲིས་ཡོད།བྱམས་པ་གླིང་པས་ཆོས་ཁྲིའི་ལོགས་ལ་རྗེའི་སྐུ་འདྲ་ལམ་རིམ་བརྒྱུད་པས་བསྐོར་བ་ཕྱག་བྲིས་མཛད།བཀྲ་ཤིས་དོ་ཁ་མར་གྲགས་པའི་སྐུ་བརྙན་བྱིན་ཅན་ཡང་དེ་དུས་བྱུང་ཞེས་རྣམ་ཐར་ལས་འབྱུང་།ངག་རྒྱུན་ལ་དེ་དུས་རྗེ་རིན་པོ་ཆེས་ཉིན་གཅིག་ལ་དབུ་སྐྲ་སོར་ཕྱེད་དོ་བ་བརྒྱད་བྲེགས་པའི་ཚུལ་མཛད་པ་ལ།སྲས་ཀྱི་ཐུ་བོ་རྫུ་འཕྲུལ་ལ་དབང་འབྱོར་བ་ཞིག་གིས་སྐུ་བརྙན་བརྒྱད་བཞེངས་པའི་གཟུངས་གཞུག་ལ་རྗེའི་དབུ་སྐྲ་བུབས་ཚང་རེ་བཞུགས་པར་གླེང་།དེ་ཡང་སྤྲུལ་པའི་བཟོ་བོས་བཞེངས་པ་དང་།འགའ་ཞིག་གིས་མཁས་གྲུབ་རིན་པོ་ཆེས་བཞེངས་ཟེར།མཁས་གྲུབ་རྗེ་ནི་དགུང་ལོ་ལྔ་བཅུ་པ་མེ་ཁྱིའི་ལོར་སེ་ར་ཆོས་སྡིངས་སུ་མཇལ་བས་འདི་དུས་འཁོར་དུ་བཞུགས་ཡོད་མེད་དཔྱད། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་བཀྲ་ཤིས་ལྷུན་པོའི་ཕྱིའི་མཆོད་རྟེན་གྱི་དཀར་ཆག་ཏུ།བཀྲ་ཤིས་དོ་ཁ་མར་གྲགས་ཆོས་ཀྱི་རྗེ།།བྱམས་པ་གླིང་པའི་ཕྱག་བཟོ་ལས་བྱུང་བ།།རྗེ་བཙུན་བླ་མའི་སྐུ་འདྲ་བྱིན་རླབས་ཅན།།ཞེས་གསུངས་པ་དང་།ཁྲི་སྟག་ལུང་བྲག་པ་བློ་གྲོས་རྒྱ་མཚོས་གྲུབ་ཆེན་ཆོས་པ་རིན་པོ་ཆེར་གནང་བའི་རྗེའི་སྐུ་པཎ་ཆེན་བྱམས་པ་གླིང་པའི་ཕྱག་བཟོ།རྗེའི་དབུ་སྐྲ་བུབས་གཅིག་གཟུངས་སུ་བཞུགས་པ་ལ་རྗེ་རང་གི་ཕྱག་གིས་མེ་ཏོག་འཐོར་བ་ཡོད་ཅེས་རྗེ་སྐལ་ལྡན་རྒྱ་མཚོའི་རྣམ་ཐར་ལས་འབྱུང་བ་ལྟར་ན་པཎ་ཆེན་བྱམས་པ་གླིང་པའི་ཕྱག་བཟོ་ཡིན་པ་འདྲ།གང་ལྟར་རྗེ་ཙོང་ཁ་པའི་སྐུ་བརྙན་བཀྲ་ཤིས་གདོང་ཁ་མའམ་ཟུར་ཆག་པས་བཀྲ་ཤིས་དོ་ཁ་མ་བརྒྱད་ཀྱི་ནང་ཚན་རྒྱལ་བ་དགེ་འདུན་རྒྱ་མཚོའི་ཐུགས་དམ་རྟེན་སྡེ་པ་ལྟ་རྒྱ་རི་བ་ནས་རིམ་པར་བརྒྱུད་དེ་འོང་བའི་ལོ་རྒྱུས་ཁ་བྱང་ཞབས་སུ་བྲིས་ཡོད་པ་ཞིག་སྔར་བཀྲ་ཤིས་འཁྱིལ་རིགས་གྲྭའི་རྟེན་མཇལ་གྲས་སུ་བཞུགས་ཀྱང་ཕྱིས་བླང་བ་གཅིག།གཞན་པོ་ཏ་ལའི་བླ་མ་ལྷ་ཁང་གི་རྟེན་གཙོར་བཀྲ་ཤིས་དོ་ཁ་མ་གཅིག།རྒྱལ་དབང་བསྐལ་བཟང་རྒྱ་མཚོའི་སྐུ་གདུང་མཆོད་རྟེན་གྱི་བུམ་པའི་གཟུངས་གཞུག་ཏུ་རྒྱལ་བ་ན་རིམ་གྱིས་ཐུགས་དམ་རྟེན་རྗེ་བཀྲ་ཤིས་དོ་ཁ་མ་བྱིན་རླབས་ཀྱི་གཟི་འོད་འབར་བ་གཅིག།དེའི་ཕྱིས་སུ་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་རྒྱལ་དབང་འཇམ་དཔལ་རྒྱ་མཚོར་ལམ་རིམ་ཆེན་མོའི་བཤད་ལུང་ཕུལ་བའི་མཇུག་སེམས་བསྐྱེད་མཆོད་པའི་སྐབས་ཀྱང་རྒྱལ་བའི་ཐུགས་དམ་རྟེན་བཀྲ་ཤིས་དོ་ཁ་མ་སྤྱན་དྲངས་པར་གསུངས།དགའ་ལྡན་བྱང་རྩེའི་གཟིམ་ཁང་དུ་གཅིག།བྱ་ཁྱུང་དགོན་པར་ཁྲི་ངག་དབང་སྙན་གྲགས་པས་བཞེངས་པའི་སྐུའི་གཟུངས་གཞུག་ཏུ་རྗེ་དེ་ཉིད་ཀྱི་ཁུ་བོ་ཁྲི་ངག་དབང་ཆོས་གྲགས་པའི་ཐུགས་དམ་རྟེན་བཀྲ་ཤིས་དོ་ཁ་མ་གཅིག།གསེར་ཁོག་བཙན་པོའི་བླ་བྲང་གི་རྟེན་ཁྲོད་དུ་རྗེ་བཀྲ་ཤིས་དོ་ཁ་མ་གཅིག།པྲ་སྟི་སྒྲོལ་མ་གསུང་བྱོན་མའི་ལྷ་ཁང་དུའང་རྗེ་བཀྲ་ཤིས་དོ་ཁ་མ་སོགས་རྟེན་སྣ་སྟོང་བཞུགས་ཞེས་ཐོས།༈།

རྗེ་ང་འདྲ་མ་ནི་རྒྱལ་བ་ཙོང་ཁ་པ་ཆེན་པོ་ཞལ་བཞུགས་པའི་དུས་སུ་འདྲ་སྐུ་བདུན་བཞེངས་པ་ལ་བྱིན་རླབས་ཀྱི་མེ་ཏོག་རྗེ་རང་ཉིད་ནས་འཐོར་ཏེ་ང་དང་འདྲ་ཞེས་གསུངས་པས་ང་འདྲ་མར་གྲགས།དེའི་ནང་ཚན་གཅིག་དགའ་ལྡན་ཧར་གདོང་གི་རྟེན་གཙོར་བཞུགས་པ་ཇུན་ཝང་ངག་དབང་དར་རྒྱས་ཀྱིས་གཞུང་ལ་ཞུས་ནས་གནང་བ་འདུ་ཁང་སྟེང་གི་ཤར་གྱི་མཆོད་ཁང་དང་པོ་བཀའ་གདམས་ལྷ་ཁང་དུ་བཞུགས་པ་འདི་ཡིན།སླར་ཡང་སྐུ་ཚབ་བཞེངས་པའི་ཐེབས་སུ་དངུལ་རྟ་རྨིག་མ་དྲུག་ཕུལ་ཟེར།སྐུ་དངོས་ལ་རྩེ་ཁྲུ་གང་དང་།པདྨ་ཉིས་རིམ་ལ་མཁྱུད་གང་ཙམ།རྒྱུ་སྨན་གདམ་ལས་གྲུབ་པ།གོང་བ་མཐུ་བཟློག།དབུ་པཎ་དང་པད་སྡོང་མེད།ཕྱག་གཉིས་ཐུགས་ཀར་ཆོས་འཁོར་མཛད་ཅིང་།ཞབས་ཕྱེད་སྐྱིལ་གྱིས་བཞུགས་པ་ཞིག་ཡོད།གཞན་དགའ་ལྡན་ཡངས་པ་ཅན་གྱི་གཙང་ཁང་དུ་རྗེ་ང་འདྲ་མ་གཅིག།འོལ་ཁ་ཆོས་བཟང་ན་རྗེའི་དབུ་སྐྲ་བུབས་གཟུངས་སུ་བཞུགས་པའི་ང་འདྲ་མ་གཅིག།འོལ་ཁ་ཆོས་ལུང་གི་རྟེན་གཙོ་རྗེ་དགེ་ལེགས་རྒྱ་མཚོའི་ཕྱག་བཟོ་ཡིན་ཟེར་བའི་རྗེའི་སྐུ་ང་འདྲ་མ་གཅིག།ལྷ་སའི་ཇོ་བོའི་མཐའ་སྐོར་གྱི་མཆོད་ཁང་ལྔ་པར་རྗེ་ང་འདྲ་མ་གཅིག།གཞན་འོལ་ཁ་བསམ་གཏན་གླིང་གི་སྟེང་ངོས་རྗེའི་སྒྲུབ་ཁང་དུ་རྗེ་ཞལ་བཞུགས་དུས་མཁས་གྲུབ་རྗེའི་ཕྱག་བཟོ་མཛད་པར་གྲགས་པའི་རྗེ་ང་འདྲ་མ་ཡབ་སྲས་གསུམ།འོལ་ཁ་མགར་ཕུག་ཏུ་བྱམས་པ་གླིང་པའི་ཕྱག་བཟོ་རྗེ་ང་འདྲ་མ་ཁྲུ་དོ་པ།འོལ་ཁ་རྫིང་ཕྱིའི་འདུ་ཁང་འོག་མའི་རྟེན་གཙོ་གྱང་རིས་ལ་རྗེ་རང་གི་སྐུ་དུས་སུ་བཞེངས་པའི་ང་འདྲ་མ་ཕྱོགས་གང་ནས་མཇལ་ཀྱང་དེར་གཟིགས་ཡོད་པ་ལྟ་བུ་སོགས་ཡོད་ཅེས་ཐོས་སོ།།ངག་རྒྱུན་ལ་བཀྲ་ཤིས་དོ་ཁ་མ་བརྒྱད་དང་།ང་འདྲ་མ་བདུན་ཟེར་ཡང་མང་པོ་སྣང་ངོ་།།༈།

རྗེ་གཞན་ཕན་མ་ནི་པར་དེ་བཞེངས་ནས་རྗེ་རིན་པོ་ཆེར་སྤྱན་འབེབས་ཞུས་པས་འདི་ང་དང་མི་འདྲ་ཡང་གཞན་ལ་ཕན་གསུངས་པས་མཚན་དེ་ལྟར་ཆགས་ཟེར།༈།

རྗེ་བཞད་འཕར་མ་ནི།སྐུ་བརྙན་དེ་བཞད་ཅིང་ནམ་མཁའ་ལ་འཕར་བ་ཡིན་ཟེར་བ་དང་།འགའ་ཞིག་གཞན་ཕན་མ་དང་གཅིག་ཟེར་ཡང་རྒྱལ་དབང་བསྐལ་བཟང་རྒྱ་མཚོའི་སྐུ་གདུང་མཆོད་རྟེན་གྱི་བུམ་པའི་གཟུངས་སུ་རྗེ་གཞན་ཕན་མ་གཉིས་དང་།རྗེ་བཞད་འཕར་མར་གྲགས་པ་བྱིན་ཅན་གཉིས་བཞུགས་ཅེས་མི་འདྲ་བར་བཤད་དོ།།འདུ་ཁང་གི་ངོ་མཚར་ལྷ་ཁང་དུ་གཅིག་ལ་རྗེ་བཞད་འཕེལ་མ་དང་།གཅིག་ལ་བཞད་འཕར་མ་ཞེས་ཁ་བྱང་ཅན་གྱི་པར་སྐུ་གཉིས་བཞུགས་པ་རྒྱུ་སྨན་འདམ།ཆེ་ཆུང་མཐོ་གང་ལྷག།མདུན་དུ་པད་འདབ་ཉིས་རིམ།རྒྱབ་ཏུ་མེད།སྐུ་འགག་གི་གོང་བ་བཟློག།གཡོན་གྱི་པད་སྡོང་གི་གླེགས་བམ་གྱི་སྟེང་ནོར་བུ་སུམ་ཚུགས་ལྟ་བུ་ཞིག་ཡོད།གཉིས་ཀ་ཕལ་ཆེར་འདྲ།༈།

ཡང་རྗེ་བཞད་དཔལ་མ་ཆེ་བ་དང་།བཞད་དཔལ་མ་ཆུང་བ་ཞེས་ཁ་བྱང་བཏབ་ཡོད་པའི་པར་སྐུ་ཆེ་ཆུང་གཉིས་དངོས་སུ་མཇལ་བའི་ཆེ་བ་ཁྲུ་གང་མ་ལོང་ཙམ།པད་གདན་གྱི་སྟེང་ཐུབ་པ་རྡོར་གདན་མ་ལྟར་རྡོ་རྗེ་འབུར་དོད་དུ་ཡོད།མདུན་དུ་ཡར་མར་པད་རིས་ཉིས་བརྩེགས།རྒྱབ་ཏུ་མར་པད་རིས་རིམ་པ་གཅིག་ཡོད།བཞད་དཔལ་མ་ཆུང་བ་མཐོ་གང་ལྷག།གདན་ལ་རྡོ་རྗེ་མེད།མདུན་དུ་པད་རིས་ཉིས་བརྩེགས།གཉིས་ཀར་དབུ་པཎ་མེད།ཞབས་སྐྱིལ་ཀྲུང་།ཕྱག་གཉིས་ཐུགས་ཀར་ཆོས་འཁོར་གྱི་ཕྱག་རྒྱས་གླེགས་རལ་འཛིན་ཅིང་། སྐུའི་ལྟོ་བ་ལྡིར་བ་སོགས་བབས་ཡོངས་གྲགས་དང་འདྲ་སྟེ།འདི་གཉིས་ཁ་བྱང་གི་ཡི་གེའི་ཟུར་ཉམས་པ་ལས།དོན་ལ་གོང་གི་གཞན་ཕན་མ་དང་།བཞད་འཕར་མ་དེ་རང་ཡིན་ནམ་སེམས།༈།རྗེ་རིགས་གསུམ་མ་ཞེས་པད་སྡོང་གཉིས་ཀྱི་སྟེང་སྐུ་ཡོད་པ་ཞིག་སྟེ།གསེར་ཁོག་བཙན་པོའི་བླ་བྲང་ན་རྗེ་རིགས་གསུམ་མའི་སྐུ་པར་རྗེ་རང་གི་རབ་གནས་མཛད་པ་བཞུགས་ཞེས་ཐོས།རྗེས་ཚང་སྨྱུང་གནས་པ་བློ་བཟང་བཀྲ་ཤིས་ཀྱིས་བཞེངས་པའི་རྗེའི་སྐུ་པར་དེ་འདིའི་འདྲ་ཅོག་ཡིན་ནམ་སྙམ།༈།

རྗེ་གླིང་འཕུར་མ་ནི་པར་དེ་བཞེངས་མ་ཐག་འགྲོ་བའི་དོན་ལ་གནས་གཞན་དུ་འཕུར་བས་མཚན་དེ་ལྟར་གསོལ་བ་དང་།འགའ་ཞིག་རྡོ་རྗེ་གླིང་འཕུར་མ་ཞེས་བཞུགས་གནས་ནས་རྡོ་རྗེ་གླིང་ཞེས་པར་འཕུར་བ་ཡིན་ཡང་ཟེར།གང་ལྟར་པར་སྐུའི་སྙན་གྱི་སྣེ་ཟླུམ་པོ་ཞིག་ཡོད་གསུངས།བདག་གིས་རྗེ་གླིང་འཕུར་མ་ཞེས་ཁ་བྱང་ཡོད་པའི་པར་སྐུ་དབུས་གཙང་ནས་གདན་དྲངས་པ་གསུམ་མཇལ་བར་ཆེ་ཆུང་མཁྱུད་གང་ཙམ།ཕྱག་གཉིས་ཆོས་འཁོར་མཛད་པའི་པད་སྡོང་གི་གླེགས་རལ་གྱི་འོག་ངོས་སྐུ་ཆུང་ངུ་གཉིས་ཡོད།དབུ་པཎ་མེད།ཞབས་སྐྱིལ་ཀྲུང་།གདན་གྱི་མདུན་དུ་པད་རིས་ཉིས་བརྩེགས་འདུག།བྱ་ཁྱུང་དགོན་པར་རྗེ་གླིང་འཕུར་མའི་སྐུ་པར་ཞིག་ཡོད་ཟེར།མཛོ་མོ་མཁར་ནས་ལེ་བར་དྲུག་ཅུ་ན་ཁ་ཐི་ཁའི་དགོན་པར་རྗེ་བླ་མའི་ཤངས་མཚལ་ལས་བཞེངས་པའི་རྗེའི་སྐུ་གཡས་གཡོན་དུ་རྒྱལ་ཚབ་འདུལ་འཛིན་བཅས་བཞུགས་པ་རྩ་ཐང་གཞན་ཕན་ཆེན་མོ་ཞེས་པའི་ཁ་བྱང་ཅན་རྗེ་རང་གིས་མ་ཡུམ་ལ་གནང་བ་ཡིན་ཟེར་བ་དང་།རྗེ་གླིང་འཕུར་མའི་པར་སྐོང་པཎ་ཆེན་བློ་བཟང་ཡེ་ཤེས་ཀྱིས་ཕྱག་ནས་བརྒྱ་རྩ་སོང་བའི་ཁ་བྱང་ཅན་ཡོད་ཅེས་ཐོས་སོ།༈།

རྗེ་ཞབས་སྙུང་མ་ཞེས་ཙ་རིར་ཕེབས་པའི་སྐབས་སྐུའི་ཞབས་སྙུང་བའི་དུས་སུ་བཞེངས་པ་ཡིན་ཟེར།དབུས་ནས་ཕེབས་པའི་རྗེ་ཞབས་སྙུང་མའི་པར་སྐུ་གཉིས་མཇལ་བར།གུང་མཐོ་གང་ཙམ།དབུ་པཎ་ཡོད།ཕྱག་གཡས་ས་གནོན།གཡོན་མཉམ་གཞག།ཞབས་གཡས་སྟེང་མ་བྱས་པའི་ཕྱེད་སྐྱིལ་དུ་བཞུགས།ངོ་མཚར་ལྷ་ཁང་དུ་རྗེ་ཞབས་སྙུང་མ་ཞེས་ཁ་བྱང་ཡོད་པའི་འདྲ་སྐུ་ལི་མ་ཆེ་ཆུང་ཚོན་ཕྱེད་དང་བརྒྱད་པ་གཉིས་འདུག་པར་དབུ་པཎ་མེད།སྐུའི་བབས་གཞན་ཐམས་ཅད་ཡོངས་གྲགས་དང་འདྲ།ཞབས་གཡས་རྡོར་དཀྱིལ་སོར་བཞག་ལ།གཡོན་འོག་ཏུ་སོར་མོ་ཞབས་གཡས་བྱིན་པའི་འོག་ནས་ཕྱིར་མངོན་པ་ཕྱེད་སྐྱིལ་གྱི་ཚུལ་དུ་ཡོད།ཡང་རྗེའི་སྐུ་བོད་ལི་རྙིང་ལ་དབུ་པཎ་ཅན།གོང་བ་མཐུ་བཟློག་བྱས་པ་ཞིག་ཀྱང་འདུག་པའི་ཞབས་ཀྱི་བཞུགས་སྟངས་བཀའ་གདམས་ལྷ་ཁང་གི་ང་འདྲ་མ་དང་ལྔ་ཀ་མཐུན་ནོ།༈།

རྗེ་སླེའུ་ཆུང་མ་ནི།རྗེ་རིན་པོ་ཆེའི་སྐུ་དུས་སུ་སླེའུ་ཞེས་པའི་གྲོང་དུ་ལྷ་བཟོ་མཁས་པ་ཞིག་བྱུང་བ་དེས་རྒྱུ་གསེར་ཟངས་ལས་བཞེངས་པ་ལ་ཆེ་ཆུང་སྣ་ཚོགས་དང་རྗེ་རང་གི་ཕྱག་ནས་མའང་ཡོད།གཞན་འཇིགས་བྱེད་སླེའུ་ཆུང་མ།རྗེ་དགེ་འདུན་གྲུབ་ཀྱི་སྐུ་སླེའུ་ཆུང་མ།སྒྲོལ་མ་སླེའུ་ཆུང་མ་སོགས་སྐུའི་རིགས་མང་།༈།

རྗེ་པདྨ་མཁར་བ་ཡང་དེ་དང་འདྲ་བར་བཟོ་བོ་ལས་མིང་བཏགས་པ་སྟེ།འདི་ལའང་རྗེའི་ཕྱག་ནས་མ་ཟེར་བའང་ཡོད་ལ།སངས་རྒྱས་བྱང་སེམས་ཀྱི་སྐུ་གཞན་ཡང་མང་པོ་འདུག།

རྗེ་སླེ་དཔལ་མའམ་སླེའུ་པར་མ་ཞེས་པའི་ཁ་བྱང་བཏབས་ཡོད་པའི་པར་སྐུ་དབུས་ནས་ཕེབས་པ་ཞིག་དངོས་སུ་མཇལ་བར་ཆེ་ཆུང་དཀྱིལ་མཐོ་གང་ཙམ།སྐུའི་བབས་ཡོངས་གྲགས་ལ།དབུ་པཎ་མེད།མདུན་དུ་པད་རིས་ཉིས་བརྩེགས།རྒྱབ་ཏུ་མེད།ཕྱག་གཉིས་ཆོས་འཁོར་མཛད་པའི་གཡས་ཀྱི་ཕྱག་སོར་གསུམ་ལས་མི་མཐོང་།ཞབས་སྐྱིལ་ཀྲུང་།གདན་ལ་རྡོ་རྗེ་མེད།གླེགས་རལ་གྱི་གདན་པད་གདན་སྟེང་འོག་ཉིས་རིམ་གྱི་ཚུལ་ཅན།༈།

རྗེ་འོད་ཟེར་མ་ནི།སྐུ་པར་ལས་འོད་ཟེར་འཕྲོས་པ་དང་།ཁ་ཅིག་ལྷ་བཟོའི་མིང་ཟེར།བཀའ་གདམས་ལྷ་ཁང་དུ་རྗེ་འོད་ཟེར་མ་ཞེས་དེབ་ཡིག་ཏུ་འཁོད་པའི་སྨན་འདམ་གྱི་པར་སྐུ་པད་སྦྲགས་ཀྱི་དཔངས་སོར་བཅུ།དབུ་པཎ་མེད་གོང་བ་མཐུ་བཟློག།མདུན་གྱི་ན་བཟའི་རི་མོས་པད་འདབ་ཅུང་ཟད་ཁེབས་པ།སྐུའི་བབས་གཞན་ཡོངས་གྲགས་དང་འདྲ་བ་ཞིག་བཞུགས།འདིའི་སྐུ་པར་འོལ་ཁ་སླེ་རི་ན་ཡོད་ཟེར།གཞན་འོལ་ཁ་ཆོས་ལུང་གི་གཟིམས་ཁང་དུ་རྗེ་བླ་མ་ཞལ་བཞུགས་པའི་དུས་ལྷ་བཟོ་ཞིག་གིས་གྱང་གི་གཡས་ངོས་ལ་རྗེའི་སྐུ་ཞིག་གི་སྐྱ་ཐིག་བཏབ་པས།རྗེའི་སྐུ་ལས་འོད་ཟེར་འཕྲོས་ནས་གྱང་རིས་ལ་ཐིམ།དེ་ལས་འོད་ཟེར་འཕྲོས་ནས་གཡོན་ངོས་ཀྱི་གྱང་རིས་ལ་ཕོག་པ་དེར་ཡང་རྗེའི་སྐུ་ང་འདྲ་མ་ཞིག་བཞུགས།ད་ལྟ་དེ་གཉིས་ཀྱི་བར་དུ་འོད་ཟེར་རྟ་རྔ་ཙམ་རྒྱུན་མ་ཆད་པ་ཡོད་པ་རེད་ཟེར་བ་ཐོས།རྗེ་ཞལ་བཞུགས་དུས་དགེ་ལྡན་སྐོར་ལམ་གྱི་རིགས་གསུམ་མགོན་པོ་རང་བྱོན་ལས་ཁྲི་ཐོག་ཁང་གི་རྗེའི་གཟིམས་ཆུང་འོད་གསལ་ཕུག་ལ་རྟག་པར་འོད་ཟེར་འཕྲོ་བ་ཡོད།དེར་ལྡེབས་རིས་ལ་རྗེའི་སྐུ་འོད་ཟེར་མ་བཞུགས་ཞེས་བཤད་དེ།ལྷ་སའི་འོད་ཟེར་འཕྲོ་བའི་ལྷ་བརྒྱད་ལྟ་བུ་འདི་འདྲའི་ལོ་རྒྱུས་ཅན་གཞན་ཡང་མང་ངོ་།༈།

ཡང་རྗེ་འོད་ཟེར་མའམ་མཆོད་འཛིན་མ་ཞེས་མཁས་གྲུབ་རིན་པོ་ཆེས་པར་དུ་བཞེངས་ཏེ་དགའ་ལྡན་ཁྲི་པའི་རྩིས་སྤྲོད་ལ་བཞུགས་པ་ཁྲི་སྤོར་མཚམས་པར་ཁ་ཤས་རེ་འདེབས་པ་མཁྱུད་གང་ཙམ།མདུན་པར་ལ་ས་སྐུ་རྒྱབ་ལེབ་མོར་ཡོད་པ་ཁྲི་བྱང་ཆུབ་ཆོས་འཕེལ་བས་གནང་བ་བདག་གི་བླ་མ་རྣམ་གཉིས་ཀྱི་རྟེན་ཁྲོད་དུ་བཞུགས་པ་དངོས་སུ་མཇལ།འདིའི་སྐུ་པར་གཞན་ལ་དད་ལྡན་འགའ་ཞིག་གིས་མཆོད་མེ་ཆུང་ངུ་ཕུལ་བ་ཡུན་རིང་བཟུང་ཞེས་ཀྱང་ཐོས་སོ།།མཆོད་མེ་བཟུང་བའི་ལོ་རྒྱུས་ཅན་གྱི་རྟེན་གཞན་ཤིན་ཏུ་མང་ངོ་།།༈།

རྗེ་ས་སྐྱ་མ་ཟེར་བ་དེར་ཕེབས་དུས་ཞིག་ལ་བཞེངས་སམ་བརྟག་གསུངས།གང་ལྟར་བདག་གིས་དབུས་ནས་ཕེབས་པའི་པར་སྐུ་ཁ་བྱང་ཅན་ཞིག་མཇལ་བར་སྐུ་ཚད་གུང་མཐོ་གང་ཙམ།ཕྱག་གཡས་ས་གནོན་དང་།གཡོན་མཉམ་གཞག་ཅན།པད་སྡོང་དང་གླེགས་རལ་མེད།དབུ་ཞྭའི་རྩེ་ས་ཞུ་ལྟར་ཅུང་ཟད་ཟླུམ་པ།སྐུ་བེར་གྱི་རྒྱབ་རྡོ་རྗེའི་གོང་ཁྱོན་ལྟ་བུའི་པ་ཏྲ་རིས་ཡོད་པ་ཞབས་སྐུ་བེར་གྱིས་སྒྲིབ་པས་མི་མངོན།གདན་གྱི་མདུན་དུ་པད་རིས།རྒྱབ་ཏུ་མེད།སྐུ་འགག་གི་གོང་བ་བཟློག་པ་ཞིག་འདུག་གོ།༈།

རྗེ་ཛམ་གདན་མའམ་ཛམ་སྐུ་མ་ཞེས་ཛམ་ལས་བཏེག་པ་ཞིག་ཡོད་ཅེས་ཟེར།བདག་གིས་ཀྱང་རྗེ་ཛམ་སྒྲུབ་མ་ཞེས་ཁ་བྱང་བྲིས་ཡོད་པའི་པར་སྐུ་གཉིས་མཇལ་བར།སྐུ་ཚད་མཐོ་གང་ལྷག་ཙམ།པཎ་ཞྭ་མེད།ཕྱག་གཉིས་ཆོས་འཁོར་གླེགས་རལ་ཅན།མདུན་རྒྱབ་ཏུ་སེངྒེ་བཞི།གཡས་གཡོན་སེངྒེ་མེད།མདུན་གྱི་གློ་འབུར་གྱི་ངོས་གཡས་སུ་ཛམ་སེར་དང་།གཡོན་དུ་ཛམ་ནག་གི་སྐུ་ཡོད་པའི་ཤིན་ཏུ་རྟགས་ཅན་ཞིག་བཞུགས།

རྗེ་མཐུ་བཟློག་མ་ནི།གཞན་གྱི་བྱད་ཕུར་སོགས་བཟློག་ཕྱིར་སྐུ་འགག་གི་གོང་བ་གཡས་ནས་གཡོན་དུ་གོ་བཟློག་སྟེ་མནབས་པ་ལས་སྐུའི་བབས་ཡོངས་གྲགས་དང་འདྲ།རྗེ་ས་སྐྱ་མ་དང་།ཛམ་སྐུ་མ་གཉིས་ཀྱང་སྐུ་འགག་དེ་ལྟར་ཡོད་ལ།སྔོན་གྱི་དཔེ་པར་རྙིང་མང་པོའི་དབུ་ལྷ་ནའང་དེ་འདྲ་མང་།བླ་སྐུ་གཞན་ལ་ཡང་དེ་འདྲ་མཐོང་།

རྗེ་འབུམ་ཐེར་མ་ཞེས་རྗེ་རང་གིས་རབ་གནས་འབུམ་གནང་བ་ཞིག་ཡོད་ཅེས་ཐོས།

རྗེ་ཕྱག་ནས་བརྒྱ་རྩ་མ་ཞེས་གཙང་པ་བདུན་བརྒྱུད་ཀྱི་ནང་ཚན་བློ་གྲོས་ཆོས་སྐྱོང་གིས་འཕྲལ་གསོལ་ཞིབ་ལས་བཞེངས་པ་ཡོད་ཟེར་ཏེ།ཁྲི་ངག་དབང་མཆོག་ལྡན་གྱིས་ཐུབ་དབང་དང་།རྗེ་རིན་པོ་ཆེའི་སྐུ་པར་བཞེངས་པ་ལ་རྒྱལ་དབང་བསྐལ་བཟང་རྒྱ་མཚོས་རབ་གནས་བརྒྱ་རྩ་མཛད་པ་སོགས་དམ་པ་གཞན་གྱི་ཕྱག་ནས་བརྒྱ་རྩ་མའང་མང་།

གཙང་པ་དགེ་ལེགས་མ་ཞེས་ད་ལྟ་དཔལ་འཁོར་ཆོས་སྡེ་ཡོད་ས་དེའི་རྫོངས་དཔོན་ཞིག་གིས་བཞེངས།རྗེ་རིན་པོ་ཆེར་རབ་གནས་ཞུས་པས་འདི་དགེ་ཞིང་ལེགས་ཞེས་གསུངས་པས་མཚན་དེ་ལྟར་ཆགས།ཕྱིས་མདུན་པར་པཎ་ཆེན་བློ་བཟང་ཡེ་ཤེས་དུས་ཅུན་གར་གྱིས་ཁྱེར་ནས་ལམ་བར་འབྲི་ཆུར་ཤོར།ཚོང་དཔོན་ཞིག་དེར་བབས་པས་ཆུ་ལ་འཇའ་ཚོན་གྱི་ཀ་བ་ཟུག་པ་མཐོང་།དེར་བལྟས་པས་སྐུ་པར་རྙེད་ནས་པཎ་ཆེན་དཔལ་ལྡན་ཡེ་ཤེས་ལ་ཕུལ།རྒྱབ་པར་གསར་དུ་བཟོས་ཏེ་ཁྲི་ཙམ་པར་དུ་བཏབ།ཕྱིས་སྐུ་པར་པཎ་ཆེན་དེ་ཉིད་ཀྱི་སྐུ་གདུང་མཆོད་རྟེན་གྱི་གཟུངས་སུ་ཕུལ་ཡང་ཟེར།ཡང་ཚོང་དཔོན་དགེ་ལེགས་མ་ཞེས་རྗེའི་དུས་ཚོང་དཔོན་དགེ་ལེགས་ཟེར་བས་བཞེངས་པ་ཁྲུ་གང་མ་ལོང་ཙམ།དབུ་ཞྭ་མེད་པའི་སྐུའི་བབས་ཡོངས་གྲགས་དང་འདྲ་བ་འདི་མང་པོ་མཐོང་།ཡང་རྨེ་རུའི་རྗེ་ཟེར་བའི་སྐུ་པར་ཞིག་གི་མདུན་པར་པཎ་ཆེན་རིན་པོ་ཆེའི་ཕྱག་ཏུ་ཡོད་ཅེས་ཟེར་ཡང་ངོ་མ་ཧ་ལ་ཤཱན་དུ་ཡོད།དེའི་རྒྱབ་པར་ལ་ངོས་པར་གསར་བ་ཞིག་བཞེངས་པ་འདིའང་སྔ་མ་དང་གཅིག་མི་གཅིག་སྣ་ཚོགས་ཟེར་བ་ཐོས་སོ།།

རྗེ་མཛེ་གྲིབ་མ་ཞེས་ཡུལ་ཞིག་ལ་མཛེ་ནད་དྲག་པོ་བྱུང་བ་བཞེས་པས་ནད་དེ་རྒྱུན་ཆད་པ་ཞིག་ཡོད།༈།

རྗེ་དབུ་ཡོན་མ་ཞེས་ལྷོ་བྲག་མན་གྱི་ཀརྨའི་དགོན་རྙིང་ཞིག་ནས་སྔོན་བླ་མ་རྒྱལ་མཚན་སེངྒེ་ཟེར་བས་རྗེ་རིན་པོ་ཆེ་མཇལ་ཏེ་རྟེན་ཞིག་ཞུས་པས་ཡོང་གསུངས་ཏེ་དབུ་གཡོན་དུ་ཅུང་ཟད་ཡོན་ནས་ཏིང་ངེ་འཛིན་ལ་བཞུགས་སོང་བས་རྟེན་ཞལ་བཞེས་གནང་བ་འདི་ཡིན་པ་འདྲ་སྙམ་ནས་དེ་ལྟར་བྲིས་ཐང་བཞེངས་ཟེར་བ་ཐོས།བདག་གི་བླ་མ་རྡོ་རྗེ་འཆང་དབལ་མང་རིན་པོ་ཆེའི་ཐུགས་དམ་རྟེན་དུ་རྗེ་དབུ་ཡོན་མ་ཞེས་པའི་ཞལ་ཐང་འགག་གི་གོང་བ་བཟློག་པ།ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཕྱག་བྲིས་ཡིན་ཟེར་བ་ཞིག་བཞུགས་པ་དངོས་སུ་མཇལ།

རྗེ་ནམ་གཟིགས་མ་ནི།བྱམས་མགོན་གྱི་ཞལ་གཟིགས་པའི་དུས་བཞེངས་པ་འབྲས་སྤུངས་དགེ་འཕེལ་འདུ་ཁང་གི་གྲལ་དབུར་སྐུ་ཁྲི་གང་བ་ཞིག་བཞུགས་ཞེས་ཐོས།

ཡར་ལུང་རྣམ་རྒྱལ་དུ་སྨྱུང་གནས་རས་ཆེན་པ་ལ་རྗེའི་ཞལ་གཟིགས་ནས་སྐུ་ལ་ཐིམ་པས་རྗེ་ཞལ་གཟིགས་མའམ་རྗེ་གསུང་བྱོན་མ་ཡོད་ཟེར།གཞན་ཡང་རྗེ་ནམ་ཕུར་མ་དང་།རྗེ་ནས་སྤུངས་མ།རྗེ་རྣམ་དག་ཞིང་མཆོག་མ་ཟེར་བ་སོགས་ཡོད།

ཡང་རྗེ་རིན་པོ་ཆེ་སྐུ་མ་བལྟམས་གང་དང་།ཞལ་བཞུགས་པའི་དུས་དང་མྱ་ངན་འདས་པའི་ཕྱིས་ནས་ཀྱང་ལན་བདུན་གྱི་བར་དུ་ཆུ་བོ་གངྒཱའི་ནང་ནས་རང་བྱུང་དུ་བྱོན་པའི་རྗེ་རིན་པོ་ཆེའི་སྐུ་འདྲ།རྒྱུ་རྒྱ་གར་གྱི་ལི་རིགས་འདྲ་བའི་ངོ་མཚར་ཤིན་ཏུ་ཆེ་བ་ཡོད།དེ་ལས་རིང་བསྲེལ་ཅན་ཞིག་ལྕང་སྐྱ་རོལ་བའི་རྡོ་རྗེའི་ཐུགས་དམ་རྟེན་ཁྲོད་དུ་ཡོད་ཅེས་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་གསུངས།རྗེ་རིན་པོ་ཆེའི་སྐུ་པར་བྱིན་ཅན་གྱི་རིགས་བགྲང་ན་པར་ཆེན་བཅོ་བརྒྱད་ཟེར་མཁན་ཡང་འདུག།༈།

ཙོང་ཁ་བརྒྱད་ཅུའི་ཞལ་ཐང་གི་གཙོ་སྐུ་ལ་རྗེའི་སྐུ་འདིའི་རིགས་ཕལ་ཆེར་གྱི་འདྲ་སྐུ་ཡོད་ཅེས་ཁ་ཅིག་ཟེར།དགའ་ལྡན་ཡངས་པ་ཅན་དུ་རྗེ་ཡབ་སྲས་ཀྱི་སྐུ་རིང་བསྲེལ་ཅན་དང་།ཐང་རིང་གི་ཉེ་འཁོར་སྤང་ལྗོངས་དགོན་དུ་རྗེའི་ཚེམས་རིང་བསྲེལ་ཅན།རྗེའི་སྐུ་ཆིངས།གྲོ་ཚང་རྡོ་རྗེ་འཆང་གི་མདུན་ཐད་ཀྱི་གྲོང་པའི་ནང་ན་རྗེ་རིན་པོ་ཆེའི་གཎྜི་དང་།མགོ་མོག་དགོན་གྱི་ཉེ་འཁོར་ཁྱིམ་ཞིག་ན་རྗེའི་དབུ་ཞྭ་ལྟག་པར་ཞྭ་སྒྲོ་ཆུང་ངུ་ཡོད་པ་ཞིག།སྐུ་འབུམ་ཆིང་ཧུ་ཝང་བླ་བྲང་གི་རྟེན་ཁྲོད་དུ་རྗེའི་པཎ་ཞྭ་གཅིག།རེབ་ཙ་བཀའ་འགྱུར་བ་བློ་བཟང་ཉི་མ་དབུས་སུ་ཕེབས་སྐབས་དགའ་ལྡན་གྱི་ཉེ་འཁོར་གནས་ཚང་ཞིག་ཏུ་བཞུགས་པ་སྔོན་རྗེ་རིན་པོ་ཆེའི་སྦྱིན་བདག་ཅིག་ཡིན་པས།རྗེའི་དབུ་སྐྲ་བུབས་གཟུངས་གཞུག་ཏུ་བཞུགས་པའི་རྗེའི་སྐུ་ཞིག་ཡོད་པ་ཁོང་ལ་དད་དེ་ཕུལ་བ་ད་ལྟ་རེབ་ཙའི་རྒྱལ་མོ་དགོན་དུ་བཞུགས་པ་ཞར་བྱུང་དུ་སྨྲས་སོ།།༈།

ཡང་དབུས་ནས་ཕེབས་པའི་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་གཏེར་བུམ་མ་ཞེས་ཁ་བྱང་ཅན་གྱི་པར་སྐུ་ཆེ་ཆུང་མཐོ་གང་ཙམ།ཕྱག་གཡས་ཐུགས་ཀར་ཆོས་འཆད།གཡོན་མཉམ་གཞག་སྟེང་བུམ་པ་བསྣམས་པ།པཎ་ཞྭ་སྣེ་རིང་གསོལ་བ་ཞིག་དང་།ཡང་འཕན་པོའི་འཇམ་དབྱངས་ཞེས་ཁ་བྱང་བཏབ་ཡོད་པའི་འཇམ་དབྱངས་དམར་སེར་གྱི་སྐུ་དབུས་གཙང་ནས་གདན་དྲངས་པ་ཞིག་དངོས་སུ་མཇལ་བར།མཐའ་ཟླུམ་པོར་ཡོད་པའི་ལེབ་མོ་མཁྱུད་གང་ཙམ་པ་སྐུའི་གཡས་སུ་ལཉྩས་ཨར་པ་གསུམ།གཡོན་དུ་ཙ་ན་དྷཱིཿགསུམ་བརྩེགས་ཏེ་འབུར་མ།མཐའ་སྐོར་དུ་བོད་ཡིག་གི་ཡེངྷརྨཱ་ཡོད་པ་ཞིག་འདུག་གོ།ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྣམ་ཐར་དུ།བརྩི་བཞག་སྦྱོར་ལམ་ལ་སླེབས་པའི་སྐབས་འཇམ་དབྱངས་བསྟོད་སྒྲུབ་མཛད་པའི་སྐུ་དེ་འོད་སྔོན་པོའི་གུར་ཁྱིམ་གྱི་དབུས་སུ་བཞུགས་པའི་འཇམ་དབྱངས་དངོས་སུ་གྱུར་ཏེ་ཞལ་གཟིགས་པར་གསུངས་པའི་སྐུ་མགོན་ཁང་གི་འཇིགས་བྱེད་ཀྱི་ཐུགས་ཀར་ཡེ་ཤེས་སེམས་དཔའི་ཚུལ་དུ་བཞུགས་ཤིང་།ད་ལྟ་དགོན་འདིར་འཇམ་དབྱངས་དམར་སེར་གྱི་པར་སྐུ་མཐོ་གང་ཙམ་ཞིག་ཡོད་པ་འདི་ཐུགས་དམ་གྱི་སྐུ་དེའི་པར་ཚ་ཡིན་པར་གྲགས།འགའ་ཞིག་འདི་ལ་འཕན་པོའི་འཇམ་དབྱངས་ཟེར་ཀྱང་སྔ་མའི་ཁ་བྱང་ལྟར་ན་མིན་ནམ་བརྟག།ཡང་རྗེ་རིན་པོ་ཆེའི་ཕྱག་བར་གནས་པོའི་འཇམ་དབྱངས་ཟེར་བའི་པར་སྐུ་ཆུང་ངུ་གྲུ་བཞི་འཇམ་དབྱངས་དམར་སེར་གྱི་སྐུའི་གཡས་གཡོན་དུ་འཇམ་དབྱངས་དམ་བཅའི་གཟུངས་ཡོད་པ་བྱིན་ཅན་དང་།རྗེ་རིན་པོ་ཆེའི་ཕྱག་ཚ་སླེའུ་འོད་དཔག་མེད་ཨ་དམ་མ་ཞེས་སོར་དོ་ལྷག།པད་འདབ་ཉིས་རིམ།རྒྱབ་ཡོལ་གྱི་རི་མོ་ཅན།སྐུ་རྒྱབ་ཏུ་མཐེ་བོང་གི་རྗེས་དང་།ཨོཾ་ཨཱཿཧཱུཾ།བརྩེགས་ནས་པར་ཡོད་པ་མང་པོ་མཇལ།༈།

ཀླུ་འཇིམ་མ་ནི།མགོན་པོ་ཀླུ་སྒྲུབ་ཀྱིས་ཀླུ་ཡུལ་ནས་འཇིམ་པ་བསྣམས་ཏེ་ཕེབས་པ་ལས་བཞེངས་པ་ངོ་མཚར་ལྷ་ཁང་གི་ཐུབ་པ་ཀླུ་འཇིམ་མ་དང་།བཀའ་གདམས་ལྷ་ཁང་གི་ཧ་ཤང་ཀླུ་འཇིམ་མ་ལྟ་བུ་མང་།༈།

གླང་དར་ཁྲིམས་ཕོག་མ་ནི།དེས་བསྟན་པ་བསྣུབས་སྟེ་སྐུ་གཟུགས་བཤིག་པའི་ཚེ་ཨ་ཚ་ཞེས་གསུང་བྱོན་པ་དང་།ཁྲག་ཐོན་པ་སོགས་ཆོ་འཕྲུལ་བསྟན་པའི་རིགས་ཡིན་ཟེར་ཏེ་སྨན་བླ་ཕྱག་གཡོན་པའི་མཛུབ་མོ་བཅད་པ་དང་།སྒྲོལ་མའི་སྐུ་ཕྱག་གཡས་ཀྱི་མཁྲིག་མ་ནས་བཅད་པ་དང་།དུས་འཁོར་གྱི་སྐུ་ཞབས་ཀྱི་བྱིན་པ་ནས་བཅད་པ་སོགས་འགའ་ཞིག་དངོས་སུ་མཐོང་།

ཛྷཻ་ཀྵིཾ་མ་ནི།རྒྱུ་རིན་པོ་ཆེ་སྣ་ཚོགས་འདུས་པ་ལས་གྲུབ་པ་སྟེ།ཛྷཻ་ཀྵིཾ་འཁྲུལ་མེད་ཙན་དུག་གི་ཆུས་བྱུགས་ན་འོད་ཟེར་སྣ་ལྔ་འཆར་བར་གྲགས།ས་འོག་ནས་རང་བྱུང་དུ་ཐོན་པའི་ཟངས་ལའང་ཛྷཻ་ཀྵིཾ་ཡོད་ལ།གསེར་དངུལ་ཟངས་ལྕགས་དཀར་རྡོ་ཤེལ་ཞ་ཉེ་དཀར་ནག་དངུལ་ཆུ་དང་བརྒྱད་པོ་བཞུ་བཏུལ་བྱས་པ་བཅོས་མའི་ཛྷཻ་ཀྵིཾ་ཡིན་ཟེར་བ་ཡང་བཤད་དོ།།༈།

ཐུབ་དབང་རྡོར་གདན་མ་ནི།གདན་གྱི་སྟེང་དུ་རྡོ་རྗེ་ཡོད་པ་ཆེ་ཆུང་སྣ་ཚོགས་འདུག་པ་ཡུལ་དབུས་རྡོ་རྗེ་གདན་གྱི་ལི་མ་ཤས་ཆེའམ་སྙམ།རྒྱ་གར་དབུས་ལི་ལྷའི་བཟོ་རྒྱུན་ཡིན་པས་མཛེས་ཤིང་ལེགས།རྒྱ་གར་ཤར་ལི་གནོད་སྦྱིན་གྱི་བཟོ་རྒྱུན་ཡིན་པས་སྐུ་སྟོད་བརྗིད།རྒྱ་གར་ནུབ་ལི་ཀླུའི་བཟོ་རྒྱུན་ཡིན་པས་སྐུ་སྨད་ཕྲ།རྒྱ་གར་ཤར་ལིས་རིང་བསྲེལ་འཁྲུལ་མེད་འཛིན་པས་ཤར་ལི་དང་རིང་བསྲེལ་ཕན་ཚུན་རྟོགས་བྱེད་དུ་འགྱུར་ཟེར།ཡང་རྟེན་བྱིན་ཅན་གཞན་གྱིས་ཀྱང་རིང་བསྲེལ་འཛིན་པ་ཡོད་འདུག།རྒྱ་གར་དབུས་ལི་སྐུ་ཤ་ལི་སེར།ན་བཟའ་ལི་དམར་ལས་བྱས་པའི་ཐུབ་པ་ལ་ཐུབ་དབང་ཟངས་ཐང་མ་ཟེར།གཞན་ཡང་ཐུབ་པ་ཚུལ་ཁྲིམས་མ།ཐུབ་པ་ཆོས་འཁོར་མ།ཐུབ་པ་གསེར་གླིང་མ།ཐུབ་པ་སྟ་ཟུར་མ།ཐུབ་དབང་གྲོང་ཁྱེར་མ་སོགས་མང་།སྤྱིར་སྐུ་རྒྱུ་གསེར་དངུལ་ཟངས་གསུམ།ཙན་དན་དཀར་དམར།སྨན་འདམ།ལྗོན་དམར།ཀཱ་མ་རཱུ་པའི་རྡོ།རྡོ་ནག།ལི་དཀར།ལི་དམར།ལི་སེར།ལི་ཁྲ།ལི་སྨུག།ཀླུ་འཇིམ།ཛྷཻ་ཀྵིཾ་སོགས་ལས་ལི་ནི་སངས་རྒྱས་འོད་སྲུང་གིས་བྱིན་གྱིས་བརླབས་པས་རྒྱུའི་ཆ་ནས་ཀྱང་རྟེན་དུ་འོས་གསུངས།རྒྱ་གར་དབུས་ལི།ཤར་ལི།ནུབ་ལི།བོད་ཀྱི་ཆོས་རྒྱལ་གོང་མ་དག་གི་དུས་སུ་བཞེངས་པའི་ཆོས་ལི་གསར་རྙིང་།སྟོང་ཧོར་ལི་མ།རྒྱ་ནག་ཏཱ་མིང་མ།འདོད་དཔལ་ལི་མ་སོགས་འབྱུང་ཁུངས་ལས་མིང་བཏགས་སོ།།

གནས་བཅུ་མེ་ཐུབ་མ་དང་།རྡོར་ཕྲེང་དཀྱིལ་ཐང་མེ་ཐུབ་མ་ཟེར་བ་སོགས་མེས་གནོད་པས་མ་ཚིག་པ་དང་།ཐོག་ཐུབ་མ་ལ་ཁྲོ་ཕུ་ཐོག་ཐུབ་མ་ནི་ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་གྱི་ཡབ་ཇོ་འཕན་ནམ་གནུབས་ཀྱི་སྔགས་འཆང་ནག་པོ་རོ་ཟན་ཟེར་བ་གཤིན་རྗེ་ལ་ནུས་པ་ཐོན་པ་དེས་དགྲ་མང་པོ་མཐུས་བསད་པས་ཤི་ནས་དམྱལ་བར་སྐྱེས།དེའི་སྒྲིབ་སྦྱོང་དུ་ཁྲོ་ཕུ་ལོ་ཙཱ་བས་ཡབ་ཀྱི་རུས་པ་ཞུགས་ལ་སྦྱར་ནས་རུས་ཆོག་མཛད་དེ་འཇིམ་པ་དང་བསྲེས་ནས་སངས་རྒྱས་ཀྱི་སྐུ་མང་པོ་བར་དུ་བཏབ་སྟེ་ཁྲོ་ཕུའི་མཆོད་རྟེན་གྱི་གྱང་འདབ་ཏུ་སྦྱར་ནས་ཡོད་པ་ལས་འཁྱར་བ་ཡིན་འདུག།དེ་ཡང་སངས་རྒྱས་ཀྱི་སྐུ་མཛུབ་གང་མ་ལོང་ཙམ།སྨྲྀ་ཏིའི་ཕྱག་ཚ་ཆེ་བ་དང་སྐུ་ཚུགས་འདྲ་བ་པདྨའི་རྒྱབ་ཏུ་ཝརྟུ་ལའི་མུ་ནེ་ཕྲེང་གཅིག་ཡོད་པ་ཞིག་ཡིན་ཞེས་པཎ་ཆེན་དཔལ་ལྡན་ཡེ་ཤེས་གསུངས།ཁྲོ་ཕུ་ལོ་ཙཱ་བ་འདི་གནུབས་ནམ་མཁའི་སྙིང་པོའི་གདུང་བརྒྱུད།ཕག་གྲུའི་སློབ་མ་རིན་པོ་ཆེ་རྒྱལ་ཚ་དང་།ཀུན་ལྡན་རས་པ་གཉིས་ཀྱི་དབོན་པོ་སྟེ།དེ་གཉིས་ལས་དགེ་ཚུལ་དང་བསྙེན་རྫོགས་མཛད།བུདྡྷ་ཤྲཱི།མི་ཏྲ།ཁ་ཆེ་པཎ་ཆེན་གསུམ་ག་བོད་དུ་སྤྱན་དྲངས།བྱམས་ཆེན་ཁྲུ་བརྒྱད་ཅུ་ཡོད་པ་བཞེངས།རིགས་སྲས་ཁྲོ་ཕུ་སེམས་དཔའ་ཆེན་པོ་བསོད་ནམས་སེངྒེའོ།།༈།

ཇོ་ནང་ཐོག་ཐུབ་མ་ཇོ་ནང་འབུམ་པ་ཆེན་པོའི་ནང་དུ་ཡོད་ཟེར།ཐུབ་དབང་མཛུབ་གང་མ་ལོང་ཙམ་དབུའི་དཔྲལ་བ་ལ་དར་དཔྱངས་དང་སྙན་གོང་དུ་མེ་ཏོག་བཅིངས་པ།མདུན་དུ་པད་གདན་ཉིས་རིམ།རྒྱབ་ཀྱི་གདན་ལ་ཐེལ་བཏབ་པ་ལྟ་བུའི་ཡི་གེ་ཞིག་འདུག་པ་དངོས་སུ་མཇལ་ཡང་ཡི་གེ་ཅི་ཡིན་མི་མཐོང་འདུག།

ཕུར་བུ་ལྕོག་ཐོག་ཐུབ་མ་ནི་སྐུའི་དབྱིབས་སྔ་མ་དང་འདྲ་ཞིང་།དེ་ལས་ཅུང་ཟད་ཆུང་།མདུན་དུ་པདྨ་ཉིས་རིམ་ཡོད།རྒྱབ་ཀྱི་ཐེལ་ལྟ་བུ་དེ་མེད།གཉིས་ཀ་སྐུ་རྒྱུ་གྱོ་མོག་ལྟ་བུ་སྒྲ་སང་ངེ་འབྱུང་བ་ཡོད།༈།

སྣར་ཐང་ཐོག་ཐུབ་མ་ནི།སྣར་ཐང་གི་བླ་མ་གཏུམ་སྟོན་དང་།གྲོ་སྟོན་སོགས་ཀྱིས་སྐུ་དེ་གང་གིས་འཆང་ཡང་ཐོག་གིས་མི་ཚུགས་པ་ཡིན་ཟེར།༈།ཡང་བླ་མ་ཞང་།ཕག་གྲུ།གྲུབ་ཐོབ་ཐང་སྟོང་གི་སྐུ་རྣམས་ལ་ནོར་བུ་རྣམ་གསུམ་ཞེས་ནང་དུ་བཞུགས་ན་ལོངས་སྤྱོད་རྒྱས་ཟེར་བ་ལ་སྒོ་མང་བླ་མ་བསྟན་པ་ཐར་པ་སོགས་ཀྱིས་རྗེ་རིན་པོ་ཆེའི་སྐུས་མ་ཆོག་པ་མེད་ཅེས་ཚོགས་གཏམ་མཛད་པར་གྲགས།ཡང་ཞང་འགྲོ་བའི་མགོན་པོ་གཡུ་བྲག་པ་བརྩོན་འགྲུས་གྲགས་པའི་སྐུ་བརྙན་སེ་ན་གང་མར་གྲགས་པ་བྱིན་ཅན་ཞིག་དང་།ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོ་སྐུ་འདས་རྗེས་འཇག་སྤྱིལ་དུ་སྨན་དང་རིན་པོ་ཆེ་གདུང་ཐལ་བསྲེས་པའི་འདྲ་སྐུ་བཞེངས་པ་བྱིན་ཅན་གསུང་ལན་མང་དུ་བྱོན་པ་ལ་བྱི་བས་གདན་གྱི་ཟུར་ནས་ས་བྲུས་པ་དཀོན་གཉེར་ལ་གསུང་བྱོན་ནས་སླར་ཡང་བཅོས།ས་དེ་རྣམས་གཞིར་བྱས་ནས་འདྲ་སྐུ་མང་དུ་བཞེངས་པ་ལ་ཕག་གྲུ་བྲ་ཟ་མའམ།བྱི་ས་མ་ཟེར།སྐུ་བཟོ་བའི་ཚེ་ཆ་ཤས་ལྷག་པ་རྣམས་དྲས་པ་གཞིར་བྱས་ནས་བཞེངས་པའི་འདྲ་སྐུ་རྣམས་ལ་ཕག་གྲུ་དྲས་ས་མ་ཟེར།དྲས་ས་མའི་ཁ་བྱང་ཅན་གྱི་སྐུ་གཡས་ས་གནོན།གཡོན་མཉམ་གཞག་སྟེང་ནོར་བུ་བསྣམས་པ་དབུ་རེག།གོང་བ་མཐུ་བཟློག།ཞབས་སྐྱིལ་ཀྲུང་།མགྲིན་པར་གཉེར་མ་དང་།འབོལ་གདན་ཅན་མཐོ་གང་ཙམ་པ་ཞིག་དང་།ཡང་ཕག་གྲུའི་སྐུ་དེ་ལས་ཆེ་ཞིང་ཉམས་དོད་པ།ཞལ་དབྱིབས་དང་སྐུའི་བབས་སྔ་མ་དང་འདྲ་ཞིང་།ཆོས་གོས་ཀྱི་རི་མོ་འབུར་དོད་ཅན།གཡོན་མཉམ་གཞག་སྟེང་ནོར་བུ་མེད་པ་ཞིག་བདག་གིས་མཐོང་ལ།རྒྱལ་དབང་བསོད་ནམས་རྒྱ་མཚོའི་རྣམ་ཐར་དུ་ཕག་གྲུ་དྲས་ས་མ་དང་།བྱི་ས་མ་རྩོད་མེད་ལྔ་ཕྱག་ཏུ་འབྱོར་ཞེས་ཡོད་དོ།།

ཡང་བུ་སྟོན་ལྕགས་སྙུག་མ་ཞེས་བུ་སྟོན་རིན་ཆེན་གྲུབ་ཀྱི་ལྕགས་སྙུག་གི་དུམ་བུ་སྲོག་ཤིང་གི་ཚུལ་དུ་བཞུགས་པའི་འདྲ་སྐུ་གོང་མཐོ་གང་ཙམ་དངོས་སུ་མཇལ་ཞིང་།བུ་སྟོན་ང་འདྲ་མ་ནི་ཞ་ལུ་རི་ཕུག་གི་རྟེན་དུ་བཞུགས་པའི་དྲུང་ནས་ཀུན་མཁྱེན་འཇིགས་མེད་དབང་བོས་གསོལ་འདེབས་བཀའ་རྩོམ་མཛད་པ་དེ་དུས་བུ་སྟོན་དུ་སྐྱེས་པ་དྲན་པའི་ཚུལ་མཛད་ཅེས་རྒྱལ་མཁན་ཆེན་གྲགས་པ་རྒྱལ་མཚན་པའི་ཞལ་ནས་གསུང་བ་ཐོས་སོ།།༈།

སྔོན་རྒྱུད་སྨད་པ་མཐར་རྒྱས་གཞི་ཀ་ནས་ཀོ་གྲུ་བུབས་སྐབས་རྒྱུད་སྨད་པའི་སློབ་དཔོན་གྱིས་ཁྱོད་ཀྱང་ཆུ་ལ་གཤེགས་ཞེས་ལྷ་མོའི་ཐང་ག་གཙང་བོར་བསྐུར་བ་གྱེན་དུ་ཁུར་ནས།རྗེ་རིན་པོ་ཆེའི་སྦྱིན་བདག་ནང་པ་ལྟེ་ཁ་པའི་ཁྱིམ་དུ་རྗེའི་ཚེམས་གཅིག་ཡོད་པས་གཙང་པོར་བྲུབ་ནས་ཁང་པའི་འགྲམ་ལ་སླེབས་ཀྱང་ཆུས་གནོད་མི་སྲིད།འོན་ཀྱང་བལྟས་པས་ཉེ་འཁོར་ཆུ་གཡས་སྐོར་ཅིག་ན་ཐང་ཀ་སྙན་ཤལ་ཅན་ཞིག་འོང་བ་མཐོང་ནས་ཏོག་ར་ཁམས་ཆན་གྱི་དཔལ་ཤུལ་བློ་བཟང་ངམ།སྡེ་པ་མཛོ་མོ་ཟེར་བ་ལ་ལབ་པས།ཁོས་ཤ་ཟུང་ཞིག་གཏད་ནས་ལོངས་ལ་ཁྱེར་ཤོག་དང་མདང་རྨི་ལམ་ལེགས་པོ་ཞིག་བྱུང་ཟེར།བླངས་ནས་ལྷ་མོའི་བསྐང་འདོན་པ་ཚོས་བསུས་ནས་ནང་དུ་གདན་དྲངས།ཕྱི་ཉིན་བྱང་རྩེ་བརྟན་བཞུགས་འབུལ་བར་གདན་དྲངས་པས་ཐང་ག་མི་འདུག།བཙལ་བས་བྱང་རྩེའི་ལྷ་མོའི་ཁང་དུ་ཐང་ཀ་རྙིང་པ་ཞིག་བཀྲམ་འདུག་པ་དཀོན་གཉེར་གྱིས་མཐོང་ནས་བྱང་རྩེའི་མཁན་པོ་རྡོ་ར་གསེར་རི་ལ་ཞུས།མཁན་པོ་ཕེབས་པར།ཁོ་མོ་འདིར་སྡོད་ཅེས་གསུང་ལན་གཉིས་བྱོན།དེའི་རྐྱེན་གྱིས་རྒྱུད་སྨད་པའི་ལྷ་མོའི་ཞལ་ཐང་ད་ལྟ་བྱང་རྩེའི་མགོན་ཁང་དུ་བཞུགས།བལ་པོའི་འཁྲུགས་པའི་དུས་བྱང་རྩེའི་རྡོ་གཅལ་དུ་མདའ་ཞིག་དང་།དྲེའུའི་རྗེས།མགོན་ཁང་མཐིལ་དུའང་དྲེའུའི་རྗེས་བབས་ཟེར་བ་ཐོས་སོ།།

སྨྲྀ་ཏིའི་ཕྱག་ཚ་བྱང་ངམ་རིང་།རྟ་ནག་རྒྱང་མཁར་ཕྱུག་པོ།ཤངས་ཆུམས་ཀྱི་ཡུལ་ནས་འོང་བ་ཐུབ་དབང་ཆེ་བ་མཁྱུད་གང་པདྨའི་རྒྱབ་ཏུ་རྒྱ་གར་གྱི་ཡི་གེ་ཕྲེང་གསུམ་ཡོད་པ་ཞིག་དང་།འབྲིང་པོ་ཐུབ་དབང་དང་།སྒྲོལ་མ་སོར་གསུམ་ལྷག་ཙམ་པདྨའི་རྒྱབ་ཀྱི་སྔགས་བོད་ཡིག་ཏུ་ཡོད་པ།ཐུབ་དབང་ཆུང་བ་ཚུན་གང་བ།རྒྱབ་ཏུ་ཨོཾ་ཨཱཿཧཱུཾ་གསུམ་བོད་ཡིག་ཏུ་ཡོད་པ་དང་།ཡང་ཐུབ་དབང་གི་སྐུ་མཁྱུད་གང་ལས་ཆེ་ཙམ་གཅིག།ཐུབ་དབང་དང་སྒྲོལ་མ་མཁྱུད་གང་བ་རྣམས་ཡོད་འདུག་པས་རྒྱ་གར་ནས་བསྣམས་པའི་བར་རྣམས་བགྲེས་སྐྱོན་གྱིས་བོད་དུ་པར་གསར་དུ་བཞེངས་པ་དང་།ཁམས་སུ་ཡང་སྨྲྀ་ཏིའི་ཕྱག་ཚ་མང་པོ་ཡོད་པ་འདྲ་ཞེས་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་གསུངས།བཀའ་གདམས་ལྷ་ཁང་དུའང་སྨྲྀ་ཏིའི་ཕྱག་ཚ་ཐུབ་དབང་གི་སྐུ་བར་མ་སོར་གསུམ་ལྷག་ཙམ་གཉིས་བཞུགས།ངག་རྒྱུན་ལ་སྨྲྀ་ཏིའི་མ་བོད་ཀྱི་ཁྱིམ་ཚང་ཞིག་གི་ཐབ་ཁའི་ནང་གི་འབུ་ཞིག་ཏུ་སྐྱེས་པས་ཁོང་ཁྱིམ་དེར་ཕེབས་ནས་གཡོག་བྱས།ཐབ་ཀྱི་ས་བླངས་སཙྪ་དང་སྐུ་པར་བཏབ།ཕྱུགས་འཚོ་བའི་ཚེ་ཐུར་མའི་རྩེ་ལ་བཅུགས་ནས་བཞག་པས་ཞབས་ན་ཤིང་ཐུར་གྱི་ཤུལ་ཡོད་པ་དེའི་རྟགས་ཡིན་ཟེར་བ་ཐོས།ལོ་རྒྱུས་གཞན་དུ་བལ་པོ་པདྨ་རུ་ཙི་བྱ་བའི་ལོ་ཙཱ་བ་མཁས་པ་ཞིག་གིས་པཎྚི་ཏ་ཕྲ་ལ་རིང་བ་དང་།སྨྲྀ་ཏི་གཉིས་གདན་དྲངས་ཏེ་ཕེབས་པའི་ལམ་བར་དུ་ལོ་ཙཱ་བ་སྐུ་འདས།པཎྚི་ཏ་ཕྲ་ལ་རིང་བ་བོད་དུ་གྲོང་འཇུག་མཛད་པ་རོང་ཟོམ་ཆོས་བཟང་ཡིན་པར་བཤད།ཁ་ཅིག་གིས་སྨྲྀ་ཏི་ཁམས་སུ་སྐུ་འདས་ཏེ་གཙང་སྨད་རོང་དུ་སྐུ་འཁྲུངས་པ་རོང་ཟོམ་ཆོས་བཟང་ཡིན་ཟེར་ཡང་བཀའ་འགྱུར་གྱི་ལུང་གི་བརྒྱུད་ཡིག་ཏུ་རོང་ཟོམ་གྱིས་སྨྲྀ་ཏི་ལ་ཆོས་གསན་པར་བཤད་པས་ལོ་རྒྱུས་དེ་མ་དག་པ་འདྲའོ།།གང་ལྟར་སྨྲྀ་ཏིས་བོད་སྐད་མ་མཁྱེན་པར་རེ་ཞིག་གཙང་རྟ་ནག་ཏུ་ཁྱིམ་ཚང་ཞིག་གི་ར་ལུག་གི་རྫི་བོ་བྱས།བོད་དུ་ཕེབས་ནས་ངུ་བྲོ་བ་གསུམ་དང་།རྒོད་བྲོ་བ་གསུམ་བྱུང་།དང་པོ་ནི་ཉིན་གཅིག་འདམ་རྫབ་ཏུ་ཁྱིམ་དེའི་བུད་མེད་ཀྱི་བཞོན་སྟེགས་ལ་བཞུགས་དགོས་བྱུང་པས།ངེད་རྒྱ་གར་དུ་མཁས་དགུའི་གཙུག་ཏུ་བཀུར་བ་ལས།ད་ལྟ་བུད་མེད་ཀྱི་སྟེགས་སུ་འདུག་དགོས་བྱུང་ཞེས་ངུ་བྲོ།ར་ལུག་འཚོ་བའི་ཚེ་ཁོང་རྣལ་འབྱོར་བ་རྟེན་འབྲེལ་ལ་མངའ་བརྙེས་པ་ཡིན་པས་རྡེའུ་འགའ་ར་ལུག་གཡས་སུ་སོང་ཚེ་གཡོན་དུ་བཀྲམ།གཡོན་དུ་སོང་ཚེ་གཡས་སུ་བཀྲམ་ཞིང་ཕྱོགས་གཅིག་ཏུ་བསྡུས་པས་ཆོག་ལ།ནང་དུ་རྡེའུ་ནག་པོ་རེ་བྱུང་ན་སྤྱང་ཀི་འོང་བའི་རྟགས་ཡིན་པས།དེ་ཉིད་སོར་མོས་མནན་ན་སྤྱང་ཀི་འོང་མི་ནུས།མཚན་མོ་ཁྱིམ་དེའི་ཡོས་འཐག་དགོས་པས་ལན་གཅིག་གཉིད་དུ་སོང་སྟེ་མཆིག་གི་སྟེང་དུ་དབུ་རྒྱབ་པས་བུད་མེད་དེས།ཡོས་མ་ཕོ་འམ་ཟེར།ཁོང་གིས་ང་རང་གི་མགོ་དང་ཡོས་གཉིས་ཀྱི་གལ་ཆེ་བ་ཡོས་རེད་གསུངས་ནས་ངུ་བྲོ།ཉིན་གཅིག་བྱ་ཁྲུང་ཁྲུང་ཞིག་གླག་གིས་བསད་ནས་བྱའི་རོ་ཁོང་གི་པང་དུ་ལྷུང་བས་ཁྱོད་ཀྱང་ས་མཐའི་བྱ།ང་ཡང་ས་མཐའི་མི་གསུངས་ནས་ངུ་བྲོ་བ་བྱུང་།རྒོད་བྲོ་བ་གསུམ་ནི།ཉིན་གཅིག་མེ་ཕུང་གཅིག་བསྐྱིལ་ནས་བཞུགས་པར་རི་བོང་གཅིག་ཀྱང་ཁོང་ལ་མི་འཛེམ་པར་མེ་ལ་བསྲོས་ཏེ་བསྡད་པས་དར་ཅིག་གཉིད་ནས་མགོ་མེ་ནང་དུ་ཉུག་བྱས་པས་གདོང་གི་སྤུ་ཚིག་ནས་ཕྱོགས་ཕྱོགས་སུ་བརྒྱུག་པས་རྒོད་བྲོ།ལན་ཅིག་མཚོ་ཁ་ཞིག་ཏུ་བཞུགས་པས་མཚོ་དེར་གནས་པའི་ཀླུས་ཁོང་མཁས་པ་ཆེན་པོར་ཤེས་ནས་བུད་མེད་ཅིག་ཏུ་སྤྲུལ་ཏེ།གཉན་གྱི་རྭ་ཅོ་ཞིག་ཏུ་འོ་མ་བླུག་པ་ས་ལ་བཞག་ནས་ཕྱག་འཚལ་བའི་བར་ལ་རྭ་ཅོ་འདྲིལ་ཏེ་འོ་མ་ཐང་དུ་བོ་སོང་བས་ཁོ་ངོ་ཚ་སྟེ།ཕྱིར་བཀྱེད་ནས་སྤྲུལ་པ་ཡང་མ་བསྡུས་པར་མཚོ་ནང་དུ་ལྷུང་བས་རྒོད་བྲོ།ཉིན་གཅིག་རྒྱ་གར་ན་བཞུགས་དུས་ཀྱི་ཡོན་ཏན་རྣམས་བར་སྐབས་སུ་བརྗེད་ཡོད་ལས་ཆེ་སྙམ་དུ་དཔྱོད་པ་ལ་ཞུགས་པས་གཅིག་ཀྱང་མ་བརྗེད་པར་ཐུགས་ལ་གསལ་བས་རྒོད་བྲོ་བ་བྱུང་།ཁོང་གིས་ཁྱིམ་དེའི་ཕྱི་སྒོའི་ཡ་ཐེམ་ལ།རི་བོང་འཛིན་པ་རྒྱུ་སྐར་ཕྲེང་ཅན།།མཚན་མོ་མཁའ་ལ་རྒྱུ་བ་མ་མཐོང་ནས།།དྭངས་པའི་མཚོ་ནང་འདི་ན་ཟླ་བ་ཞེས།།གཟུགས་བརྙན་ཟླ་བར་འཛིན་པ་ཤིན་ཏུ་འཁྲུལ།།ཞེས་བྲིས་ཡོད་པ་སྔོན་རྒྱ་གར་དུ་ནཱ་རོ་པ་དང་།སྨྲི་ཏྀ་བླ་མར་བརྟེན་པའི་ལོ་ཙཱ་བ་དཔྱལ་སེ་ཙ་བསོད་ནམས་རྒྱལ་མཚན་ནམ།འབྱུང་གནས་རྒྱལ་མཚན་བྱ་བས་མཐོང་སྟེ་བླ་མའི་ཕྱག་བྲིས་སུ་ངོ་ཤེས་ནས་འདི་སུས་བྲིས་དྲིས་པར།ངེད་ཀྱི་ཨ་ཕོ་ཐང་རྙེད་ཀྱིས་བྲིས་ཟེར།ད་ལྟ་ག་ན་ཡོད་དྲིས་པས།ར་རྫི་ལ་སོང་ཟེར།དེར་ལོ་ཙཱ་བས་མཇལ་ཁྱིམ་དེར་གསེར་བྱིན་ནས་བླུས།རང་ཡུལ་དུ་སྤྱན་དྲངས་ཏེ་འཕྲིན་ལས་རྒྱས།བཞུགས་པར་ཞུས་ཀྱང་མ་གནང་བར་ཁམས་སུ་ཕེབས།གཞུང་མང་པོ་རང་འགྱུར་མཛད།མཚན་བརྗོད་འགྲེལ་པ་སྔགས་དོན་རྣམ་གཟིགས་དང་།མངོན་པ་མཛོད་སོགས་སྡེ་སྣོད་དུ་མའི་བཤད་ཉན་དང་།ཕྱིས་བོད་སྐད་ལ་བྱང་སྟེ།བྱང་ཆུབ་སེམས་འགྲེལ་གྱི་རྣམ་བཤད་དང་།སྨྲ་སྒོ་མཚོན་ཆ་སོགས་བརྩམས་པར་གྲགས།དཔང་ལོའི་ཚོགས་གསུམ་གསལ་བར་སྨྲ་སྒོ་ནི་བོད་ཀྱིས་བྲིས་པའི་ཁ་གཡར་ལས་རྒྱ་གར་གྱི་པཎྚི་ཏས་མཛད་པ་མིན་པའི་ཤེས་བྱེད་མང་དུ་བཀོད་འདུག།འབྲོམ་སྟོན་པ་ཁམས་སུ་བླ་མ་སེ་བཙུན་གྱི་དྲུང་ན་བཞུགས་དུས་པཎྚི་ཏ་སྒྲའི་ཚེར་མ་ཅན་ཞེས་པ་དྲན་པ་ཡེ་ཤེས་གྲགས་པ་ལས་སྒྲ་བསླབ་ཅེས་པའང་པཎྚི་ཏ་འདི་ཉིད་ཡིན།ཕྱིས་ཁམས་སུ་སྐུ་འདས་པས་ཡང་འདུལ་གྱི་ལྷ་ཁང་བཞིའི་ནང་ཚན་ལྡན་གྱི་གླང་ཐང་སྒྲོལ་མའི་ཉེ་འཁོར་དྲན་ཐང་དགོན་དུ་པཎྚི་ཏ་སྨྲྀ་ཏིའི་གདུང་འབུམ་མཆོད་རྟེན་ཆེན་མོ་ན་བཟའི་དུམ་བུ་ཚུན་ཆད་ལ་ཚུལ་ཁྲིམས་ཀྱི་དྲི་ངད་ལྡང་ཞིང་།གདོན་བགེགས་ཀྱི་ཉེར་འཚེ་ལས་སྐྱོབ་པའི་བྱིན་ཅན་བཞུགས་ཞེས་ཐོས་ཤིང་།རྒྱལ་དབང་བསོད་ནམས་རྒྱ་མཚོ་བྱང་ཕྱོགས་སུ་ཕེབས་པའི་ལམ་བར་ནས་སྨྲྀ་ཏིའི་མཆོད་རྟེན་མཇལ་ཚུལ་རྣམ་ཐར་དུ་འདུག་གོ།ད་དུང་ལོ་རྒྱུས་གཞན་དག་ཀྱང་སྤྲོ་བར་སྤོབས་ཡོད་ཀྱི་རེ་ཞིག་དེ་ཙམ་དྲན་ཐོར་བྱས་སོ།།སྨྲས་པ།རྒྱལ་བའི་འཕྲིན་ལས་གཟུགས་ཅན་དུ།།ཤར་བའི་སྐུ་བརྙན་བྱིན་ཅན་འགའི།།ངོ་མཚར་ཡིད་ཀྱི་མེ་ལོང་དུ།།བཀྲ་བ་ཡི་གེའི་རིས་སུ་འཕོས།།དད་འདུན་མོས་གུས་ཀྱིས་བསྐུལ་ཏེ།།མཆོག་གསུམ་སྐུ་གསུང་ཐུགས་རྟེན་ལ།།ལྷག་པར་བྱ་བ་བྱེད་བརྩོན་པའི།།གཟུར་གནས་བློ་ལྡན་དེ་བསྔགས་འོས།།ཐུབ་པའི་རས་བྲིས་མཐོང་བ་དང་།།མཚན་ཙམ་ཐོས་པས་དོན་སྨིན་པ།།སྒྲ་སྒྲོགས་སྐྱེ་བོའི་ཚོགས་བཞིན་དུ།།རྡུལ་བྲལ་ཆོས་མིག་མྱུར་ཐོབ་ཤོག།༼ཅེས་རྗེ་བདག་ཉིད་ཆེན་པོ་སོགས་ཀྱི་སྐུ་བརྙན་བྱིན་ཅན་འགའ་ཞིག་གི་ལོ་རྒྱུས་ཅུང་ཟད་བརྗོད་པ་མཉན་པར་འོས་པའི་གཏམ་གྱི་ཕྲེང་བ་ཞེས་བྱ་བ་འདི་ཡང་།༧བཙུན་གཟུགས་ཤེས་རབ་རྒྱ་མཚོས་ཆོས་སྡེ་ཆེན་པོ་བཀྲ་ཤིས་འཁྱིལ་གྱི་རང་སྤྱིལ་ནས་བྲིས་པ་ལ་ངག་སྒྲོས་མ་དག་པའང་ཡོད་སྲིད་པས་ཐུགས་ཁྲེལ་མི་མཛད་པར་ཞུ་ལགས།། །།སརྦ་མངྒལཾ།།   །།༽

རྩོམ་སྒྲིག་པ། ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn    


བརྒྱུད་འགོད།