ཕྱི་སོག་ཏུ་བཞུགས་པའི་རྒྱ་ནག་ཙན་དན་ཇོ་བོ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-05-17 08:11:17     རྩོམ་པ་པོ།   གནམ་ལྷ་བཀྲ་ཤིས།    ཀློག་ཐེངས།  

微信图片_20230517081045.jpg

     ༧སྔོན་ཚེ་སངས་རྒྱས་དངོས་ཀྱིས་ཕྱག་གཡས་དབུར་བཞག་བྱིན་གྱིས་བརླབས་པའི་རྒྱ་ནག་ཙན་དན་ཇོ་བོ་རིན་པོ་ཆེ།།འཛམ་གླིང་ནང་བསྟན་ཀུན་ལ་གྲགས་ཆེ་ཐུགས་རྗེའི་བྱིན་རླབས་དྲོད་ཁོལ་མ་ཉམས་གྲགས་སྙན་ས་གསུམ་ཁྱབ་པའི་རྟེན།།རྒྱལ་ཁབ་བརྒྱད་ཀྱིས་བཅོམ་བརླག་སྐབས་སུ་བརྩོན་འགྲུས་ཞེས་བྱ་སོག་པོ་སྐྱེས་བུས་དཀའ་བའི་ཚགས་མང་རབ་སྤྱད་དེ་།།པུར་ཐེའི་ཨེ་གེ་ཐུར་ཞེས་དགེ་ལྡན་དམ་ཆོས་རབ་རྒྱས་གླིང་དུ་ལེགས་དྲངས་མཇལ་ཞུས་ཨེ་མ་སྐལ་བ་བཟང་།།གནམ་བཀྲས་ཕུལ།།

     ཨེ་གེ་ཐུ་དགེ་ལྡན་དམ་ཆོས་རབ་རྒྱས་གླིང་ནི་1820ལོར་བཙུགས། ད་ལྟ་དགོན་པ་དེར་བྱིན་རླབས་ཀྱི་ཕུང་པོ་ཆེན་པོ་ཙདྣན་ཇོ་བོར་གྲགས་པའི་སྐུ་ཆེན་པོ་ཅིག་སྐུའི་རྟེན་དུ་ཉར་ཡོད། ཙནྡན་ཇོ་བོའི་སྐུ་དེ་ནི་གནའ་བོའི་དུས་སུ་པེ་ཅིན་གྱི་ཙནྡན་དགོན་པའི་རྟེན་གྱི་གཙོ་བོ་ཡིན།

     ལྕང་སྐྱ་རོལ་པའི་རྡོ་རྗེས་ཙན་དན་ཇོ་བོའི་ལོ་རྒྱུས་སྐོར་ཚད་ཕན་ཡོན་མདོར་བསྡུས་རིན་པོ་ཆེའི་འཕྲེང་བ་དང་ཙནྡན་ཇོ་བོའི་དྲུང་དུ་མཆོད་འབུལ་རྒྱས་པ་བྱེད་པའི་ཚེ་མཁོ་བའི་འདོན་ཡིག་བླ་མ་མཆོག་གསུམ་བཀའ་སྡོད་སྤྱིའི་མཆོད་ཆོག་ཡིད་བཞིན་དབང་རྒྱལ་ཞེས་བྱ་བ་མཛད་ཡོད། གཞན་རྒྱ་ནག་ཆོས་འབྱུང་དུ་གུང་མགོན་པོ་སྐྱབས་ཀྱིས་ཙནྡན་ཇོ་བོའི་ལོ་རྒྱུས་ཤིག་བརྩམས་ཡོད་པར་གསུངས་པ་དུང་དཀར་ཚིག་མཛོད་ཆེན་མོའང་ལུང་དྲངས་ཡོད། འོན་ཀྱང་ད་ལྟ་དཔེ་རྒྱུན་མཐོང་མ་བྱུང་། 

     1900ལོའི་རྒྱལ་ཁབ་བརྒྱད་ཀྱི་དམག་དཔུང་གིས་པེ་ཅིན་ལ་བཙན་འཛུལ་བྱེད་སྐབས་ཨུ་རུ་སུའི་དམག་གིས་པེ་ཅིན་གྱི་ཙནྡན་དགོན་པ་མེར་བསྲེགས། དགོན་པ་དེའི་རྟེན་གྱི་གཙོ་བོ་ཙནྡན་ཇོ་བོ་སྐུའི་མཐོ་ཚད་ལ་སྨི་2.18ཡོད་པ་དམག་ཐོབ་དངོས་རྫས་སུ་ལྐོག་ཏུ་ཨུ་རུ་སུར་གདན་དྲངས་ནས་ཨེ་ཅི་ཐུའུ་ཡ་(埃吉图亚 སྒྲ་འགྱུར། ཨེ་གེ་ཐུ་དགོན་ཡིན་ཡང་སྲིད།)ཞེས་པའི་དགོན་པ་ཞིག་ཏུ་མཆོད་བཞུགས་གནང་། 

     1935ལོའི་གསར་བརྗེའི་དུས་འགྱུར་ཁྲོད་ཝུའུ་ལེན་ཝུའུ་དིའི་(乌兰乌德)རྒྱལ་ཁབ་གསར་བརྗེའི་ལོ་རྒྱུས་རྟེན་མཛོད་ཁང་དུ་གདན་ཞུས་གནང་། དུས་རབས་21པའི་དུས་མགོར་ཨེ་གེ་ཐུ་དགེ་ལྡན་དམ་ཆོས་རབ་རྒྱས་གླིང་གི་ཆོས་སྒོ་སླར་གསོ་བྱུང་། 

     1991ལོར་ཙནྡན་ཇོ་བོའི་སྐུ་དེ་གྱེན་འཕར་གནམ་གྲུ་ཞིག་གིས་དགོན་པ་འདིར་གདན་འདྲེན་ཞུས་ཏེ་ད་ལྟའི་བར་མཆོད་བཞུགས་གནང་ཡོད། ཡང་ཤོད་རྒྱུན་ལ་ཨ་ཁུ་བརྩོན་འགྲུས་བྱ་བ་ཞིག་གིས་རྩོལ་བ་ལ་བརྟེན་ནས་གདན་ཞུས་གནང་བ་རེད། 

     2003ལོར་ཨུ་རུ་སུ་སྲིད་གཞུང་ནས་ཨེ་གེ་ཐུ་དགེ་ལྡན་དམ་ཆོས་རབ་རྒྱས་གླིང་དེ་ནང་བསྟན་གྱི་ཤུལ་བཞག་གནས་ཆེན་དུ་བདམས་ནས་སྲུང་སྐྱོབ་གནང་བཞིན་ཡོད། དགོན་པ་འདིར་པར་ཁང་རྒྱ་ཆེ་བ་ཞིག་བཙུགས་ཡོད། 

     བདག་གིས་གཙུག་ལག་པར་ཐོའི་དྲ་བར་ཆོས་སྡེ་ཆེན་པོ་ཨེ་གེ་ཐུའི་དགོན་སྡེ་དགེ་ལྡན་དམ་ཆོས་རབ་རྒྱས་གླིང་གི་པར་ཁང་ལ་བཞུགས་པའི་དཔར་ཐོ་ཆ་ཚང་བཀོད་པ་བསྡོམས་ན་དཔེ་སྣ་གྲངས་296ཡོད། དེ་དག་པར་རིང་པོ་དང་འབྲིང་བོ་ཁྲུ་ཚད་མ། པར་ཐུང་བཅས་རིགས་གསུམ་དུ་བགར་ཡོད། འོན་ཀྱང་1911ལོར་ནང་པའི་ཆོས་ཀྱི་དབུ་འཛིན་མཁན་པོ་བླ་མ་མཆོག་གི་ལས་ཁུངས་ནས་ཐོན་པའི་སྙན་ཞུར་བོད་ཡིག་གི་དཔེ་སྣ་གྲངས་46གི་མཚན་བྱང་ལས་འཁོད་མེད། འདི་པེ་ཅིན་རིག་གནས་ཕོ་བྲང་གི་བྱམས་པས་བྲིས་པ་ཞིག་གོ།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།