སྟག་ཚ་དགོན་དགེ་ལྡན་བཀྲ་ཤིས་ཆོས་བཟང་གླིང་གི་དཔེ་མཛོད་ཁང་།(པར་རིས།)

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2021-07-10 07:49:40     རྩོམ་པ་པོ།   སྟག་ཚ་དགོན་དཔེ་མཛོད་ཁང་།     ཀློག་ཐེངས།  

微信图片_20210712103447.jpg

སྟག་ཚ་དགོན་དགེ་ལྡན་བཀྲ་ཤིས་ཆོས་བཟང་གླིང་ནི་སི་ཁྲོན་ཞིང་ཆེན་མཛོད་དགེ་རྫོང་མཁར་གྱི་སྟག་ཚ་གྲོང་བརྡལ་དུ་ཡོད་ཅིང་།སི་ཁྲོན་ནུབ་བྱང་ཁུལ་གྱི་དགེ་ལུགས་པའི་དགོན་སྡེ་གྲགས་ཆེན་ཞིག་ཡིན། དགོན་སྡེ་འདིའི་འཛུགས་སྐྲུན་ཐད་ནས་ཚོགས་ཆེན་འདུ་ཁང་འདུ་དང་། རྒྱུད་པའི་འདུ་ཁང་།དུས་འཁོར་འདུ་ཁང་།སྟག་ཚ་བླ་བྲང་། སྨན་བླའི་ལྷ་ཁང་། རྗེ་ལྷ་ཁང་།  མགོན་ཁང་།བསེ་ཁྲབ་པའི་བཙན་ཁང་།  དུས་འཁོར་མཆོད་རྟེན་དང་།  བྱང་ཆུབ་མཆོད་རྟེན།རྣམ་རྒྱལ་མཆོད་རྟེན།  བདུད་འདུལ་མཆོད་རྟེན། དེ་མིན་གྲྭ་ཤག་མང་བོ་དང་།  འཁོར་ཁང་སོགས་ཀྱི་གོ་རིམ་ཞིབ་ཚགས་ལྡན་པ་མ་ཟད་བོད་རྒྱའི་བཟོ་བསྐྲུན་གྱི་སྒྱུ་རྩལ་ཟུང་དུ་བསྡེབས་པས་འཛུགས་བསྐྲུན་རྔམ་བརྗིད་ཆེ་ཞིང་བྱིན་རླབས་ཀྱི་འོད་སྟོང་མངོན་པར་འཚེར།

微信图片_20210712111856.jpg

དགོན་པ་འདི་ནི་བོད་རབ་བྱུང་བཅུ་གཅིག་པའི་ཆུ་ཡོས་ལོར་སྟག་ཚ་སྐུ་ཕྲེང་དང་བོ་ཆོས་རྗེ་སྨོན་ལམ་ལྷུན་གྲུབ་ཀྱིས་ཕྱག་འདེབས་གནང་ཞིང་ད་བར་ཕལ་ཆེར་ལོ350ཙམ་ལོན་ཡོད།

སྟག་ཚའི་ཆོས་རིག་དཔེ་མཛོད་ཁང་ཆེན་པོ་འདི་ནི་སྟག་ཚ་བླ་མ་རྣམ་གཉིས་ཀྱིས་ས་གནས་རང་ཉིད་ཀྱི་སེར་སྐྱ་ཡོངས་ཀྱི་བསམ་བློའི་གོ་རྟོགས་མཐོར་འདེགས་དང་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད་དད་ཟས་གཤིན་ཟས་ཆུད་ཟོས་སུ་མ་བཏང་བར་རྒྱུ་འབྱོར་ཆ་ཚང་ཕུད་དེ་དབུ་ཁྲིད་གནང་ཞིང་ལོ་ངོ་གསུམ་ཙམ་རིང་བཞེངས་བསྐྲུན་བགྱིས་པ་ཞིག་རེད། འདི་ནི་བླ་ན་མེད་པའི་བོད་བརྒྱུད་ནང་བསྟན་གྱིས་མཚོན་པའི་བོད་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་དང་གསར་བྱུང་ཚན་རྩལ་ལ་སོགས་པ་ནང་འདྲེན་བྱེད་པའི་ལྟེ་གནས་ཤིག་ཡིན།

微信图片_20210712104411.jpg

འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་རྨིས་གྲུ་བཞི་མ་3500ལྷག་ཟིན་པ་དང་། བོད་རྒྱའི་གནའ་དེང་གི་ཆོས་རིག་དཔེ་དེབ་དང་གླེགས་བམ་འབུམ་ཕྲག་ལྷག་ཉར་ཚགས་བྱས་ཡོད། སྟག་ཚའི་ཆོས་རིག་དཔེ་མཛོད་ཁང་འདི་ལེགས་གྲུབ་བྱུང་བས་བོད་ཁུལ་གྱི་དགོན་སྡེར་དེང་རབས་ཀྱི་དཔེ་མཛོད་ཁང་ཆེན་མེད་པའི་ལོ་རྒྱུས་མཇུག་སྒྲིལ་བ་མ་ཟད་དཔེ་ཆ་ལྟ་ཀློག་བྱེད་ཞོར་དུ་བོད་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་ཡུལ་སྲོལ་དང་རིག་རྫས་རྩ་ཆེན་རིགས་བཤམ་སྟོན་དཀྱུས་གཅིག་བྱས་པས་རིགས་སོ་སོའི་ཆེད་ལས་ཞིབ་འཇུག་པ་དང་སློབ་གཉེར་བ། ཡུལ་སྐོར་གྱི་སྐུ་མགྲོན་རྣམས་ཀྱིས་བོད་མི་རིགས་ཀྱི་ཆོས་རིག་གཉིས་ཀྱི་ནང་བཅུད་དང་གཟི་བརྗིད་ལྡན་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཆ་ཚང་ཞིག་རོལ་མྱོང་བྱེད་ཐུབ་པ་མ་ཟད། རྒྱལ་ཕྱི་ནང་གི་སྐུ་མགྲོན་མང་བོས་འདི་ནི་བོད་ཁམས་ཀྱི་སྣ་ཚོགས་རང་བཞིན་གྱི་དཔེ་མཛོད་ཁང་དང་བོ་རེད་ཅེས་བསྔགས་བརྗོད་ཀྱི་མེ་ཏོག་ཡང་ཡང་འཐོར།

微信图片_20210712111255.jpg

འདི་ལ་ནང་གསེས་ཀྱི་རིག་གཞུང་སྙན་ཞུ་ཁང་དང་དཔེ་གཟིགས་ཁང་དཔེ་མཛོད་ཁང་། འགྲེམ་སྟོན་ཁང་། གློག་རྩིས་ཁང་།  སྒྲ་སྒྱུར་ཁང་།  གུར་ཀུམ་ཆུན་པོ་རྩོམ་སྒྲིག་ཁང་། ཤར་རྩེའི་འོད་སྣང་རྩོམ་སྒྲིག་ཁང་།གསོ་རིག་ཞིབ་འཇུག་ཁང་། ཆོས་རིག་ཞིབ་འཇུག་ཁང་།  གནམ་རིག་སྐར་རྩིས་ཁང་། བསྟན་འཛིན་དགའ་ཚལ། སྣེ་ལེན་ཁང་། ལམ་རིམ་ལྷ་ཁང་སོགས་ཚན་ཁག་མང་བོ་ཕྱེས་ཡོད།

དཔེ་མཛོད་ཁང་།

微信图片_20210712103503.jpg

ཐོག་ཁང་དང་བོར་དཔེ་མཛོད་ཁང་དང་དཔེ་གཟིགས་ཁང་།  རིག་གཞུང་སྙན་ཞུ་ཁང་སོགས་ཚན་ཁག་འགའ་ཡོད་ལ་དཔེ་མཛོད་ཁང་དུ་ཆོས་དང་རིག་གནས་སྐོར་གྱི་གླེགས་བམ་དང་དཔེ་དེབ་འབུམ་ལྷག་བཞུགས་ཤིང་།བོད་ཡིག་སྐོར་ལ་བཀའ་བསྟན་སོགས་མདོ་སྔགས་ཀྱི་གསུང་རབ་མང་བོ་དང་།  གསོ་རིག་དང་སྒྲ་རིག་པ།  བཟོ་རིག་པ།  གནམ་རིག་དང་སྐར་རྩིས་རྣམ་ཐར་དང་ཟློས་གར་སོགས་མང་བོ་བཞུགས་ཡོད།  རྒྱ་ཡིག་སྐོར་ལ་རྒྱལ་ཁབ་ཕྱི་ནང་གི་རྩོམ་རིག་དང་། ལོ་རྒྱུས་ཚད་མ་རིག་པ།  མཛེས་རྩལ་པར་རྒྱག་སྒྱུ་རྩལ། ཡུལ་ལྗོངས་དང་། ལྗོངས་རྒྱུའི་ཟིན་ཐོ་རིག་གཞུང་ཞིབ་འཇུག ཆོས་ལུགས་སྐོར་སོགས་མང་བོ་བཞུགས་ཡོད།

微信图片_20210712103427.jpg

དཔེ་གཟིགས་ཁང་དུ་མི་བརྒྱ་ཕྲག་ལྷག་ཆུད་ཅིང་།སེམས་ཁམས་བདེ་ལྷོད་ཀྱི་ངང་ནས་བོད་རྒྱའི་དཔེ་དེབ་མང་བོ་གང་འདོད་བཀླག་ཆོག

微信图片_20210712104429.jpg

རིག་གཞུང་སྙན་ཞུ་ཁང་དུ་དེང་རབས་སྨྱན་མང་སོགས་སྔོན་ཐོན་སྙན་ཞུ་ཡོ་བྱད་ཆ་ཚང་བ་མ་ཟད་སྔ་རྗེས་སུ་རྒྱལ་ཕྱི་ནང་གི་ཆེད་མཁས་པ་སྐོར་ཞིག་གདན་དྲངས་ཏེ་བོད་ཀྱི་རིག་གནས་དང་ཡུལ་སྲོལ་འཛམ་གླིང་མི་རིགས་ཁག་གི་སྔོན་ཐོན་རྩོམ་རིག་དང་ལྟ་སྤྱོད་སྐོར་ལ་བགྲོ་གླེང་ཐེངས་བཅུ་ཕྲག་ཁ་ཤས་སྤེལ་པས་ས་གནས་སེར་སྐྱ་མང་ཚོགས་ཀྱི་བསམ་བློ་ཡར་བསྐྱེད་ལ་ཕན་ཐོགས་མངོན་གསལ་བྱུང་ཡོད།

བཤམ་སྟོན་ཁང་།

微信图片_20210712103457.jpg

ཐོག་ཁང་གཉིས་པའི་བཤམ་སྟོན་ཁང་དུ་གཙོ་བོ་བོད་མི་རིགས་ཀྱི་ཁྱད་དུ་འཕགས་པའི་བློ་གྲོས་དང་ཟུངས་ཁྲག་དྲོན་མོས་བསྐྲུན་ཅིང་འཕོ་འགྱུར་ཆེ་བའི་ལོ་རྒྱུས་ཀྱི་གོད་ཆག་ཁྲོད་དུ་དཀའ་ངལ་གང་ལ་འཕྲད་ཀྱང་སེར་སྐྱ་མང་ཚོགས་ཀྱིས་རང་གི་ཚེ་སྲོག་ལྟར་སྲུང་སྐྱོབ་བྱས་པའི་གསེར་ཟངས་དང་།  ཤིང་ལས་གྲུབ་པའི་སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན་བྱིན་ཅན་དང་།  ཚྭ་ཚྭ་ཐང་ཀ་གྱང་ཐང་།  དེ་མིན་གསེར་བྲིས་དང་། དངུལ་བྲིས། དུང་བྲིས་ཀྱི་གླེགས་བམ་འགའ།  མཆོད་ཆ་སྣ་ཚོགས་བཅས་ཆོས་ལུགས་རིག་དངོས་རྩ་ཆེན་མང་བོ་དང་རོལ་ཆས་སྣ་ཚོགས་ཁྱད་འཕགས་ལག་རྩལ་གྱི་ཐོན་རྫས་གང་མང་།  འཚོ་བའི་ཡོ་བྱད། འགྱུར་རྡོ་དང་།  ཐོག་རྫས་སྣ་ཚོགས།  རྡུལ་ཚོན་གྱི་དཀྱིལ་འཁོར་སོགས་བཤམ་སྟོན་བྱས་ཡོད་ཅིང་།  འདི་དག་གི་གསོན་ཉམས་ལྡན་པའི་བཟོ་བཀོད་དང་རྒྱུ་སྤུས་སོགས་ལ་བརྟེན་ནས་ང་ཚོའི་སེམས་རྒྱུད་སེམས་རྒྱུད་ལ་རྒྱང་རིང་ལོ་རྒྱུས་ཀྱི་མཚར་སྡུག་དང་ཕུན་སུམ་ཚོགས་པའི་མི་ཆོས་ཀྱི་བག་ཆགས་བཟང་བོ་ཞིག་ངང་གིས་སྐྱེ་འོང་།

ལམ་རིམ་ལྷ་ཁང་།

微信图片_20210712112354.jpg

ཐོག་ཁང་གསུམ་པའི་ལམ་རིམ་ལྷ་ཁང་དུ་བོད་བརྒྱུད་ནང་བསྟན་དར་སྤེལ་དང་བོད་མི་རིགས་ཀྱི་རིག་གནས་ལ་མཛད་རྗེས་བླ་མེད་བཞག་པའི་སྐྱེས་ཆེན་དམ་པ་རིམ་བྱོན་གྱི་སྐུ་བརྙན་ཆ་ཚང་བཞེངས་ཡོད།

མདུན་ངོས་ཀྱི་གཙོ་སྐུ་ནི་རྒྱལ་བ་གཉིས་པ་མཉམ་མེད་ཙོང་ཁ་བ་ཡབ་སྲས་རྣམ་གསུམ་དང་། གཡས་ཕྱོགས་སུ་རྒྱ་ཆེན་སྤྱོད་རྒྱུད་མཚོན་པ་མི་ཕམ་མགོན་པོ་སོགས་བཞུགས་ཡོད་ཅིང་། གཡོན་ཕྱོགས་ནས་ཟབ་མོ་ལྟ་རྒྱུད་དང་ཉམས་ལེན་བྱིན་རླབས་རྒྱུད་མཚོན་པ་རྗེ་བཙུན་འཇམ་པའི་དབྱངས། དེའི་གཡས་ཕྱོགས་སུ་བརྒྱུད་པ་གསུམ་དྲིལ་དང་བོད་ལ་བཀའ་དྲིན་ཤིན་ཏུ་ཆེ་བ་མཚོན་པ་དཔལ་ལྡན་ཨ་ཏི་ཤ་སོགས་བཞུགས་ཡོད།  འདི་དག་གི་ནང་གཞུག་ལ་མདོ་དབུས་ཁམས་གསུམ་ནས་གདན་དྲངས་པའི་རྟེན་རྫས་ཁུངས་བཙུན་ཞིང་འགངས་ཆེ་བ་མང་བོ་བཞུགས་ཡོད་པས་བྱིན་རླབས་ཤིན་ཏུ་ཆེ་ཞིང་།གསོན་ཉམས་དོད་པའི་སྐུ་བརྙན་རེ་རེར་མཇལ་ན་བོད་བརྒྱུད་ཀྱི་ནང་བསྟན་གྱི་ཟབ་མོར་ངེས་ཤེས་འདྲེན་ཐུབ་པ་མ་ཟད་ཁོང་རྣམ་པའི་བླ་ན་མེད་པའི་མཁྱེན་དཔྱོད་དང་འཛད་མཐའ་བྲལ་བའི་མཛད་རྗེས་རྣམས་ཡིད་ལ་དྲན་ཐུབ།

微信图片_20210712104424.jpg

མཇུག་མཐར་ཁྱེད་རྣམ་པས་སྟག་ཚའི་ཆོས་རིག་དཔེ་མཛོད་ཁང་ཆེན་མོར་ཐུགས་ཁུར་དང་། རྒྱབ་སྐྱོར་གནང་བ་དང་། དཔེ་མཛོད་ཁང་འདི་ཉིད་དུ་ཕེབས་ནས་དཔེ་གཟིགས་དང་བསམ་བློ་བརྗེ་རེས་བྱས་ནས་མཉམ་དུ་བོད་ཀྱི་ཕུལ་བྱུང་རིག་གནས་འཛིན་སྐྱོང་སྤེལ་གསུམ་མཛད་པར་ང་ཚོ་བླ་གྲྭ་ཡོངས་ནས་དགའ་བསུ་ཡང་ཡང་ཞུ།

微信图片_20210712112756.jpg

བཀྲ་ཤིས་བདེ་ལེགས། བསམ་དོན་ལྷུན་གྲུབ།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།