བོད་ཀྱི་དཔེ་མཛོད་ཁང་གི་སྐོར་གླེང་བ།

    སྤེལ་དུས།  2015-12-08 10:20:15     རྩོམ་པ་པོ།   ཤེས་རབ་བསྟན་དར།    ཀློག་ཐེངས།  

              (བསྟན་འཛིན་གཙུག་ལག་ཁང་གི་མཛད་སྒོའི་གཏམ་བཤད་ཀྱི་ཚན་བཤུས

             དེ་རིང་བློ་བཟང་ཆོས་འཁོར་སློབ་གླིང་གི་བསྟན་འཛིན་གཙུག་ལག་ཁང་གི་སྒོ་ཕྱེས་པ་རེད།འདི་ནི་ན་ནིང་བློ་བཟང་ཆོས་འཁོར་སློབ་གླིང་བཙུགས་པ་ནས་གོམ་པ་ཞིག་གསར་ཏུ་སྤོས་པ་རེད།དེ་བས་ངས་འདིར་དཔེ་མཛོད་ཁང་གི་སྐོར་ངོ་སྤྲོད་ཅུང་ཟད་ཅིག་བྱའོ།།

དཔེ་མཛོད་ཁང་ནི་ཆེད་དུ་དཔེ་ཆ་ཉར་ཚགས་དང་དག་བསྒྲིགས།ཕྱོགས་བསྡུ།ཡིག་ཚགས་དར་སྤེལ་བརྒྱུད་ནས་ཚན་རིག་དང་རིག་གནས་སློབ་གསོ།ཚན་རིག་ཞིབ་འཇུག་བྱེད་པའི་སྡེ་ཁག་ཅིག་ཡིན།ཡིག་ཚགས་ནི་དཔེ་མཛོད་ཁང་གི་རྨང་གཞི་ཡིན་ལ།དཔེ་མཛོད་ཁང་གི་ནུས་པ་དང་སྤྱི་ཚོགས་ཀྱི་འགན་འཁུར་ཐད་ལ་༡༩༧༥ལོར་རྒྱལ་སྤྱི་དཔེ་དེབ་ལྷན་ཚོགས་ཀྱི་ཚོགས་འདུ་ཧྥ་རན་སི་ནས་འཚོགས་པའི་དཔེ་མཛོད་ཁང་གི་འགན་འཁུར་གྱི་ཚན་རིག་གི་ཚོགས་འདུའི་སྟེང་དུ་གནད་བཞིར་འདུས་པར་གཏན་འཁེལ་བྱས།གནད་བཞི་ནི་འགྲོ་བ་མིའི་རིགས་ཀྱི་རིག་གནས་ཀྱི་ཁྱད་ནོར་ཉར་ཚགས་བྱེད་པ།སྤྱི་ཚོགས་ཀྱི་སློབ་གསོ་དར་སྤེལ་གཏོང་བ།ཚན་རིག་གནས་ཚུལ་སྒྲོག་པ།མིའི་རིག་གནས་ཀྱི་བློ་སྒོ་འབྱེད་པ་བཅས་ཡིན།དཔེ་མཛོད་ཁང་རིག་གནས་ཀྱི་རྩ་འཛུགས་ཤིག་ཡིན་པས་ད་ལྟ་མི་རྣམས་ཀྱི་རིག་གནས་ཀྱི་ཆུ་ཚད་གོང་འཕེལ་དུ་སོང་བ་དང་བསྟུན་ནས་མི་རྣམས་ལ་རིག་གནས་ཀྱི་རོལ་རྩེད་བྱེད་པའི་ནུས་པ་ཁ་བསྣན་ནས་གནད་ལྔ་འདུས་པར་གཏན་ལ་ཕབ།

ད་ལྟ་འཛམ་གླིང་ན་ལྟོས་ས་ལྟོས་འཇོག་གི་བཤད་ན་དཔེ་མཛོད་ཁང་ཆེས་མང་བའི་མི་རིགས་དང༌།བློ་གྲོས་ཆེས་ཆེ་བའི་མི་རིགས་ནི་ཡུ་ཐེ་མི་རིགས་ཡིན་ཏེ།ནོར་པའར་བྱ་དགའ་ཐོབ་པ་ཆེས་མང་བའི་མི་རིགས་ཤིག་ཡིན།ཁོ་ཚོའི་སྡེ་བ་རེ་རེར་དཔེ་མཛོད་ཁང་ཡོད་ཅིང་ཁྱིམ་ཚང་རེ་རེ་ནའང་དཔེ་མཛོད་ཁང་ཡོད་པས་དཔེ་ཆ་ཀློག་པ་ནི་མི་རིགས་དེའི་གོམས་སྲོལ་ཏུ་གྱུར་ཡོད།སྡེ་བའི་མི་དག་ཀྱང་ཅུང་ཟད་ཁོམ་པ་རེ་བྱུང་ན་དཔེ་མཛོད་ཁང་དུ་སོང་ནས་དཔེ་ཆ་ཀློག

ཡུ་ཐེ་མི་རིགས་ཀྱིས་མཁས་པ་ཞིག་བུ་མོ་ཆུང་མ་ལོན་ན་དེ་ནི་གཟི་བརྗིད་ཅིག་ལ་བརྩི་ཞིང་བུ་མོ་ཞིག་ཡིན་ན་ཡོན་ཏན་ཅན་གྱིས་ཆུང་མ་བྱེད་ཐུབ་ནི་དེ་ནི་ཆེས་གཟི་བརྗིད་ཅིག་ཡིན།བུ་མོ་གནས་ལ་སྐྱེལ་བ་ལ་ཆ་རྐྱེན་གཙོ་བོ་ནི་ཁྱིམ་དེར་དཔེ་ཁང་ག་འདྲ་ཞིག་ཡོད་པ་བལྟ་དགོས་པ་དེ་ཡིན།གལ་ཏེ་ཁྱིམ་ཚང་གི་དཔེ་ཁང་མེད་ན་བུ་མོས་གནས་ཡུལ་ལེགས་པོ་ཞིག་རྙེད་མི་ཐུབ།

མི་རིགས་དེ་དཔེ་ཆ་ལ་དེ་འདྲ་དགའ་བའི་རྐྱེན་གྱིས་མར་ཁེ་སི་ལྟ་བུའི་ཆབ་སྲིད་པ་དང༌།ཨེ་ཡིན་སི་ཏན་ལྟ་བུའི་ཚན་རིག་པ་བྱུང་མྱོང་བ་རེད།ད་ལྟ་ཡང་འཛམ་གླིང་ན་ནོའོ་པའར་བྱ་དགའི་རྟགས་མ་ལེན་མཁན་ལས།བརྒྱ་ཆའི་ཉེར་གསུམ་ཡུ་ཐེའི་མི་རིགས་རེད།

དཔེ་མཛོད་ཁང་གི་ལོ་རྒྱུས་ལ་བལྟས་ན་སྤྱི་ལོ་སྔོན་གྱི་ལོ་བཞི་སྟོང་སྔོན་དུ་ནུབ་ཕྱོགས་རྒྱལ་ཁབ་ཏུ་དཔེ་མཛོད་ཁང་ཐོག་མར་བྱུང་བ་རེད།ནུབ་ཕྱོགས་རྒྱལ་ཁབ་ཡར་རྒྱས་སུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་དཔེ་མཛོད་ཁང་ལ་ཐུག་ཡོད།

ང་ཚོ་བོད་ལ་ནམ་ཞིག་ལ་དཔེ་མཛོད་ཁང་བྱུང་བ་ནི་གསལ་བོར་མི་ཤེས་ནའང་གལ་སྲིད་སྲོང་བཙན་རིང་ལ་བྱུང་བའི་དབང་དུ་བཏང་ནའང་ལོ་སྟོང་ཕྲག་གཉིས་ལས་འགོར་མེད།ཡིན་ཡང་ང་ཚོ་དགོན་པ་རེ་རེ་ན་དཔེ་མཛོད་ཁང་རེ་ཡོད།དེ་དག་ནི་དཔེ་མཛོད་ལྷ་ཁང་ཟེར།སྡེ་སྲིད་ཕག་མོ་གྲུ་བའི་དུས་སུ་བཙུགས་པའི་ཕག་གྲུ་དཔེ་མཛོད་ཁང༌།སྡེ་བ་གཙང་བའི་སྐབས་སུ་བཙུགས་པའི་བསམ་འགྲུབ་རྩེ་དཔེ་མཛོད་ཁང༌།དུས་རབས་བཅུ་བདུན་པའི་གོང་ཀརྨ་རིམ་བྱོན་གྱིས་ཉར་ཚགས་མཛད་པའི་རྩེ་ལ་སྒང་དཔེ་མཛོད་ཁང༌།འབྲས་སྤུངས་གནས་བཅུ་ལྷ་ཁང་དཔེ་མཛོད་ཁང་ནི་རྒྱལ་དབང་ལྔ་བའི་སྐུ་སྒེར་གྱི་དཔེ་དཔེ་མཛོད་ཁང་དུ་གྲགས།ད་ལྟ་དེ་རུ་དཔེ་པོད་སྟོང་ཕྲག་གསུམ་ལ་དཔེ་ཚན་ཁྲི་གཉིས་ཀྱི་དཔེ་རྙིང་རྙེད།འདི་ནི་དགའ་ལྡན་ཕོ་བྲང་མ་ཚུགས་གོང་གི་བོད་ཀྱི་དགོན་སྡེ་ཆེ་གྲས་དང་སྡེ་དཔོན་སོགས་ཀྱིས་ཉར་ཚགས་བྱས་པའི་དཔེ་དཀོན་ཕལ་ཆེ་བ་བསྡུས་པས་ད་ལྟ་མཛོད་ཁང་ཆེ་གྲས་སུ་ཡིན།འབྲས་སྤུངས་མི་དབང་ལྷ་ཁང་ནང་དུ་དུས་རབས་བཅུ་བདུན་པའི་གོང་གི་བོད་ཀྱི་བཀའ་བསྟན་མ་ཕྱི་མི་འདྲ་བ་ཁག་བརྒྱད་བཞུགས།

འབྲས་སྤུངས་ཀུན་དགའ་ར་བ་ནི་སྲིད་གཞུང་གིས་ཐད་ཀར་དོ་དམ་བྱེད་པའི་དཔེ་མཛོད་ཁང་ཞིག་རེད།དེའི་ནང་དུ་ཏཱ་ལའི་ལོ་མར་བྲིས་པའི་རྒྱ་དཔེ་དང་རྩོམ་གདན་པོད་བརྒྱ་དང་ཉི་ཤུ་རྩ་བདུན་ཡོད་པར་གྲགས།རིག་གནས་སྐབས་གཏོར་བརླག་ཚབས་ཆེན་ཐེབས་པས་ད་ལྟ་བཅུ་དྲུག་ལས་མེད།

འབྲས་སྤུངས་སྒོ་མང་དཔེ་མཛོད་ཁང་ནི་དུས་རབས་ཉི་ཤུ་བའི་ལོ་རབས་སུམ་ཅུ་བཞི་བཅུའི་ནང་དུ་བཙུགས།དཔེ་མཛོད་ཁང་འདིར་༡༩༥༩ལོའི་གོང་དུ་དགེ་ལུགས་པའི་དཔར་གཞི་ཡོད་པའི་མཁས་པའི་མཁས་པའི་གསུང་འབུམ་ཕལ་ཆེར་ཡོད་འདུག

གཞན་འབྲས་སྤུངས་བློ་གསལ་གླིང་གི་དཔེ་མཛོད་ཁང་ཀྱང་ཡོད།ཇོ་ནང་རྟག་བརྟན་ཕུན་ཚོགས་གླིང་གི་དཔེ་མཛོད་ཁང་དང༌།བླ་བྲང་དཀོན་པའི་དཔེ་མཛོད་ཁང་གི་མིང་ལ་དཔེ་མཛོད་ལྷ་ཁང་ཟེར།བོད་ཀྱི་དཔེ་མཛོད་ཁང་དེ་དག་གིས་རིག་གནས་གསར་བརྗེའི་ལྟ་བུའི་ལས་འགུལ་བྱུང་ནའང་བོད་ཀྱི་རིག་གནས་སྲུང་སྐྱོབ་ལ་བྱས་རྗེས་ཆེན་པོ་ཞིག་བཞག་པ་རེད།

དཔེ་མཛོད་ཁང་ནི་མི་རིགས་ཤིག་ལ་མཚོན་ན་མེད་དུ་མི་རུང་བ་ཞིག་ཡིན་པ་མ་ཟད།ས་ཆ་ཞིག་ལ་མཚོན་ནའང་མེད་དུ་མི་རུང་བ་ཞིག་རེད།ལྷག་པར་སློབ་གྲྭ་ཞིག་ལ་མཚོན་ན་དཔེ་མཛོད་ཁང་ནི་མེད་དུ་མི་རུང་བ་ཞིག་ཡིན་ཏེ་དཔེ་མཛོད་ཁང་ནི་སློབ་གྲྭ་ཚད་ལྡན་ཞིག་ལ་མེད་དུ་མི་རུང་བའི་ཆ་རྐྱེན་ལྔ་ཡོད་པའི་ནང་གི་གཅིག་ཡིན།སློབ་གྲྭ་ཚད་ལྡན་ཞིག་ཡིན་དང་སློབ་གྲྭ་དེའི་དཔེ་མཛོད་ཁང་ལ་བལྟ་དགོས་པ་རེད།

དེ་རིང་ང་ཚོའི་བློ་བཟང་ཆོས་འཁོར་སློབ་གླིང་འདི་ཚད་དང་ལྡན་པའི་སློབ་གླིང་ཞིག་ཏུ་འགྱུར་བའི་སྔོན་འགྲོ་ལ་དཔེ་མཛོད་ཁང་འདི་དངོས་སུ་དབུ་བརྙེས་པ་ནི་ཨ་ཚོགས་དགོན་དང་ལྷག་པར་བློ་བཟང་ཆོས་འཁོར་སློབ་གླིང་འདིར་མཚོན་ན་བཀྲ་ཤིས་པའི་དོན་ཞིག་ཡིན།

སྤྱིར་ན་ང་ཚོའི་སློབ་གྲྭའི་འཆར་གཞི་ལ་བསྟན་འཛིན་གཙུག་ལག་ཁང་འདི་འཛུགས་པའི་འཆར་གཞི་བཀོད་མེད།ཚེས་ལྔ་ཉིན་གྱི་ཕྱི་དྲོར་ཁོང་བདག་གི་སར་ཡོང་ནས་ད་རེས་ང་ཚོའི་སློབ་གྲྭ་འདིར་དཔེ་ཆ་མང་བོ་མེད་ཅིང་དགོན་པ་ལའང་དཔེ་ཆ་མང་བོ་མེད་པས་དགེ་རྒན་རྣམས་ལ་ཟུར་བལྟའི་དཔེ་ཆ་དང༌།སློབ་མ་རྣམས་ལའང་བལྟ་རྒྱུ་དཔེ་ཆ་མང་བོ་ཞིག་མེད་པས་ཁོང་གིས་སྒོར་ཁྲི་ཉིས་ཙམ་བཀོལ་ནས་དཔེ་མཛོད་ཁང་ཞིག་བསྐྲུན་ན་དགེ་རྒན་དང་སློབ་མ་དག་ལ་ཕན་པ་ངེས་ཅན་ཞིག་འབྱུང་ངེས་སྙམ་པས་ད་རེས་དཔེ་མཛོད་ཁང་ཞིག་བཙུགས་ན་འདོད་ཅེས་གསུངས་བྱུང་བས་ངས་ཐོས་མ་ཐག་ཏུ་བསྔགས་པ་བརྗོད་པ་ཡིན།

ཚེས་དྲུག་གི་དགུང་མོར་ང་ཚོས་གྲོས་བྱས་ཤིང་མགྲིན་གཅིག་ཏུ་སྤྲུལ་སྐུ་རིན་པོ་ཆེའི་དགོངས་པ་ལེགས་སོ་བཅས་བློ་བཟང་ཆོས་འཁོར་སློབ་གླིང་གི་སློབ་གཙོ་སོགས་ལ་དྲིས་ཏེ།དགུང་མོ་དུས་ཚོད་བརྒྱད་ཀྱི་སྟེང་ངེད་ཅག་མཚན་བརྒྱུད་ནས་ཟི་ལིང་ལ་སོང་སྟེ།ཚེས་བདུན་ཉིན་སྒོར་ཁྲི་གཉིས་ལྷག་གིས་དཔེ་ཆ་ཉོས་ཤིང༌།དཔེ་མཛོད་ཁང་ནི་དེང་གི་མིང་ཞིག་ཡིན་ལ་སྔོན་ཆད་བོད་ཀྱིས་གཙུག་ལག་ཁང་ཟེར་བས་ད་རེས་ཆེད་དུ་རྟེན་འབྲེལ་གྱིས་དགོན་འདིར་བསྟན་འཛིན་གྱི་སྐྱེས་བུ་ཆེན་པོ་མང་དུ་འབྱུང་བའི་རྟེན་འབྲེལ་གྱིས་སྤྲུལ་སྐུ་རིན་པོ་ཆེས་བསྟན་འཛིན་གཙུག་ལག་ཁང་ཞེས་གསོལ།

ད་ལྟ་ང་ཚོས་སྒོ་ཕྱེས་མ་ཐག་པའི་བསྟན་འཛིན་གཙུག་ལག་ཁང་འདི་དཔེ་ཆ་འཛོམས་པོ་ཞིག་མིན་ལ།ཁང་བ་དང་བཅས་ཆ་རྐྱེན་ཆ་ཚང་བ་ཞིག་མིན་ནའང༌།འདིས་སློབ་གྲྭ་འདི་ལ་ཕན་རྒྱ་ཆེན་པོ་ཞིག་ཐོགས་པ་སྨོས་མ་དགོས་པ་ཞིག་རེད།རིམ་བཞིན་སློབ་གྲྭ་དང་མཉམ་དུ་དར་རྒྱས་སུ་འགྲོ་ཐུབ་པ་མ་ཟད།དར་རྒྱས་སུ་སོང་བ་དང་བསྟུན་ནས་ས་ཆ་འདི་དང་ཡུལ་ཕྱོགས་འདིའི་དགེ་ཚུལ་སློང་དང་དགེ་བསྙེན་དང་དགེ་སློབ།སྐྱ་སེར་ཕོ་མོ་བཅས་ལ་དངོས་དང་བརྒྱུད་ནས་ཕན་པ་རྒྱ་ཆེན་པོ་ཞིག་འབྱུང་ངེས་ཡིན།


བརྒྱུད་འགོད།