མཁྱེན་གསུམ་གྱི་རྣམ་པ་བརྒྱ་དང་དོན་གསུམ་གྱི་རང་བཞིན་ཡང་དག་པར་བརྗོད་པ་ལེགས་བཤད་པད་མ་དཀར་པོའི་འཁྲི་ཤིང་ཞེས་བྱ་བ་བཞུགས་སོ། །

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-02-19 09:20:38     རྩོམ་པ་པོ།   ཀུན་མཁྱེན་འཇིགས་མེད་དབང་བོ    ཀློག་ཐེངས།  

 ༄༅། །མཁྱེན་གསུམ་གྱི་རྣམ་པ་བརྒྱ་དང་དོན་གསུམ་གྱི་རང་བཞིན་ཡང་དག་པར་བརྗོད་པ་ལེགས་བཤད་པད་མ་དཀར་པོའི་འཁྲི་ཤིང་ཞེས་བྱ་བ་བཞུགས་སོ། །

ཀུན་མཁྱེན་འཇིགས་མེད་དབང་བོས་མཛད།

༄༅།།ཤེས་རྣམ་ཀུན་གསལ་ཡིད་འཕྲོག་སྒེག་མོའི་གཟུགས། །དོན་རྣམ་ཉི་ཟླའི་རྣ་ཆ་ཟུང་གིས་འཁྱུད། །སྦྱོར་རྣམ་རྒྱུ་སྐར་འཛུམ་འོད་སྤྲོ་བ་ཡིས། །སྐུ་བཞིའི་མཛའ་བོ་འགུགས་མཁས་དེ་ལ་འདུད། །ཡུམ་དོན་ཡིད་བཞིན་ནོར་བུ་ལེན་འདོད་ཀྱང་། །ཚིག་གི་ཆུ་གཏེར་མཐོང་བས་སྒྱིད་ལུག་པ། །བློ་དམན་བྱིས་པ་བདེ་བླག་འཇུག་པའི་སླད། །ཚིག་ཉུང་དོན་གསལ་མན་ངག་གཟིངས་འདི་སྦྱིན། །

དེ་ལྟར་མཆོད་པར་བརྗོད་ཅིང་རྩོམ་པར་དམ་བཅའ་བ་སྔོན་དུ་བཏང་ནས། མཁྱེན་གསུམ་གྱི་རྣམ་པ་བརྒྱ་དང་དོན་གསུམ་གྱི་རྣམ་གཞག་མདོར་བསྡུས་པ་ཙམ་ཞིག་བརྗོད་པར་བྱའོ། །དེས་ན་འདི་ལ་གསུམ། མདོ་ལས་བསྟན་ཚུལ། བསྟན་བཅོས་ཀྱིས་བསྡུས་ཚུལ། རྣམ་པའི་རང་བཞིན་གཏན་ལ་དབབ་པའོ། །དང་བོ་ནི། ཡུམ་གྱི་མདོ་ལས། རབ་འབྱོར་གྱིས་གསོལ་བ། བཅོམ་ལྡན་འདས། ཡུམ་འདི་ནི་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། རབ་འབྱོར། རྣམ་མཁའ་མེད་པའི་ཕྱིར་རོ། ། ཞེས་པ་ནས། རབ་འབྱོར་གྱིས་གསོལ་བ། བཅོམ་ལྡན་འདས། ཡུམ་འདི་ནི་མི་གཡོ་བའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། རབ་འབྱོར། ཆོས་ཀྱི་དབྱིངས་གནས་པ་ཉིད་ཀྱི་ཕྱིར་རོ། །ཞེས་པའི་བར་གྱིས་གཞི་ཤེས་ཀྱི་རྣམ་པ་ཉེར་བདུན་དང་། ཡུམ་འདི་ནི་འདོད་ཆགས་དང་བྲལ་བའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། འདོད་ཆགས་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ། །ཞེས་པ་ནས། ཡུམ་འདི་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་བ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་བ་ཉིད་དམིགས་སུ་མེད་པའི་ཕྱིར་རོ། །ཞེས་པའི་བར་གྱིས་ལམ་ཤེས་ཀྱི་རྣམ་པ་སོ་དྲུག་དང་། ཡུམ་འདི་ནི་དྲན་པ་ཉེ་བར་བཞག་པའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལུས་དང་ཚོར་བ་དང་སེམས་དང་ཆོས་མི་དམིགས་པའི་ཕྱིར་རོ། །ཞེས་པ་ནས། ཡུམ་འདི་ནི་སངས་རྒྱས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་སངས་རྒྱས་པའི་ཕྱིར་རོ། །ཞེས་པའི་བར་གྱིས་རྣམ་མཁྱེན་གྱི་རྣམ་པ་བརྒྱ་དང་བཅུ་གསུངས་སོ། །དེ་ཡང་རབ་འབྱོར་གྱིས། ཡུམ་འདི་ནི་འདི་དང་འདིའི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་དམ་བཅའ་རྣམས་བཞག་ནས། དེ་བཞིན་གཤེགས་པས་དེའི་རྒྱུ་མཚན་རྣམས་བཀའ་སྩལ་པ་ཡིན་ནོ། །

གཞི་ཤེས་དང་ལམ་ཤེས་ཀྱི་རྣམ་པ་ཉེར་བདུན་དང་སོ་དྲུག་ལ་དམ་བཅའ་དང་འཐད་པའམ་རྒྱུ་མཚན་གྱི་མདོ་དེ་དག་དང་གྲངས་མཉམ་ཡོད་ལ། རྣམ་མཁྱེན་གྱི་རྣམ་པ་ལ་བྱང་ཕྱོགས་སོ་བདུན་ལ་མདོ་ཚན་བདུན་དང་། རྣམ་ཐར་བརྒྱད་ལ་མདོ་ཚན་གཅིག སྙོམས་འཇུག་དགུ་ལ་གཅིག སྤོང་ལམ་ལ་གཅིག གཉེན་པོའི་ལམ་ལ་གསུམ། སངས་རྒྱས་ཉིད་ཀྱི་ལམ་བཅུ་ལ་རེ་རེ་སྟེ་བཅུ། སྟོབས་བཅུ་ལ་གཅིག མི་འཇིགས་པ་བཞི་ལ་གཅིག སོ་སོ་ཡང་དག་པར་རིག་པ་བཞི་ལ་གཅིག སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་གཅིག དེ་བཞིན་ཉིད་དང་རང་བྱུང་དང་སངས་རྒྱས་ཉིད་ཀྱི་ཤེས་རྣམ་གསུམ་ལ་རེ་རེ་སྟེ་གསུམ་ཡོད་ཅིང་ཀུན་སྡོམ་པའི་མདོ་ཚན་དགུ་བཅུ་རྩ་དྲུག་གོ།

ཁ་ཅིག རབ་འབྱོར་གྱིས་ཤེས་རྣམ་དང་། དེ་བཞིན་གཤེགས་པས་དོན་རྣམ་གསུངས་པར་འདོད་ལ། གཞན་དག་དེ་ལས་བཟློག་སྟེ་འཆད་དོ། །དེ་ནི་རིགས་པ་མ་ཡིན་ཏེ། རབ་འབྱོར་དང་དེ་བཞིན་གཤེགས་པ་གཉིས་ཀས་དོན་རྣམ་དང་ཤེས་རྣམ་ཅི་རིགས་གསུངས་པའི་ཕྱིར། དཔེར་ན། རབ་འབྱོར་གྱིས་མ་མཆིས་པ་ཞེས་པས་དོན་རྣམ་དང་། ཕ་རོལ་ཏུ་ཕྱིན་པའོ་ཞེས་པས་ཤེས་རྣམ་སྒྲས་ཟིན་ལ་བསྟན། དེ་བཞིན་གཤེགས་པས། ནམ་མཁའ་མེད་པའི་ཕྱིར་རོ་ཞེས་པས་དངོས་སུ་རྟག་པ་མེད་པའི་དོན་རྣམ་བསྟན་ནས། ཤུགས་ལ་དེ་རྟོགས་པའི་ཤེས་རྣམ་བསྟན་པ་བཞིན་ནོ། །ནམ་མཁའ་མེད་པའི་ཕྱིར་རོ། །ཞེས་པའི་དོན་ཡང་འདུས་བྱས་རྣམས་ནམ་མཁའི་རང་བཞིན་གྱི་རྟག་པའི་ངོ་བོར་མེད་པའི་དོན་ནོ། །འདི་ནི་མཚོན་པ་ཙམ་སྟེ། ཞིབ་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་དང་དེའི་འགྲེལ་བ་རྣམས་ལས་ཤེས་དགོས་ཤིང་། ཐལ་ཕྲེང་ཙམ་ལ་མགོ་འཁོར་བས་ནི་ཀར་ཡང་མི་ཕྱིན་ཏོ། །

གཉིས་པ་བསྟན་བཅོས་ཀྱིས་བསྡུས་ཚུལ་ནི། རྒྱན་འདིར་ལུས་རྣམ་གཞག་ཏུ། རྣམ་པ་སྦྱོར་བ་བཅས་རྣམས་དང་། །ཞེས་རྣམ་པའི་ངོ་བོ་ཙམ་སྨོས་ནས་དེ་ཉིད་ཡན་ལག་གི་སྒོ་ནས་རྒྱས་པར་འཆད་པ་ལ། འོག་ནས་འབྱུང་བའི་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །དེ་ཡང་། གཞི་ཤེས་པ་ཡི་བྱེ་བྲག་རྣམས། །ཞེས་སོགས་ཤོ་ལོ་ཀ་གཅིག་གིས་མཁྱེན་གསུམ་གྱི་རྣམ་པ་མདོར་བསྟན་ནས། མེད་པའི་རྣམ་པ་ནས་བཟུང་སྟེ། །སུམ་ཅུ་རྩ་དགུ་དག་ཏུ་བཞེད། །ཅེས་པའི་བར་གྱི་ཤོ་ལོ་ཀ་བཞིས་རྒྱས་པར་བཤད་དོ༎

མདོར་བསྟན་དུ་ཤེས་རྣམ་དངོས་སུ་བསྟན་ནས་དོན་རྣམ་ཤུགས་ལ་བསྟན། རྒྱས་བཤད་དུ་དེ་ལས་བཟློག་ཏེ་བསྟན་པར་སྔོན་གྱི་མཁས་པ་འབྲེ་ཨར་གཉིས་དང་རྗེ་ཐམས་ཅད་མཁྱེན་པ་ཡབ་སྲས་རྣམས་བཞེད་དོ། །དེ་ཡང་གཞི་ཤེས་དང་རྣམ་མཁྱེན་གྱི་རྣམ་པའི་མདོའི་ས་མཚམས་དངོས་སུ་མཛད་ནས་ལམ་ཤེས་ལ་དངོས་སུ་མ་མཛད་པ་ནི་གཞི་ཤེས་དང་རྣམ་མཁྱེན་ལ་ཐོག་མཐའ་བཟུང་བས་བར་གྱི་སོ་དྲུག་པོ་ལམ་ཤེས་ཀྱི་རྣམ་པ་ཡིན་པ་གོ་སླ་བར་དགོངས་ཡོན་ནོ། །འོན་ཀྱང་། འདོད་ཆགས་བྲལ་བ་ནས་བཟུང་སྟ། །སྟོང་བ་ཉིད་ཀྱི་རྣམ་པའི་བར། །ཞེས་པ་གཅིག་དོན་གྱིས་འཐོབ་བོ། །

གསུམ་པ་རྣམ་པའི་རང་བཞིན་གཏན་ལ་དབབ་པ་ལ་གཉིས། སྤྱིའི་དོན་དང་། ཡན་ལག་གི་དོན་ནོ། །དང་བོ་ལ་གསུམ། རྣམ་པའི་རང་བཞིན། རྣམ་པ་ཇི་ལྟར་བསྒོམ་པའི་ཚུལ། བསྒོམ་ཚུལ་ལ་རྩོད་པ་སྤོང་བའོ། །དང་བོ་ནི། ཚིག་གསལ་ལས། རྣམ་པ་ནི་བྱེ་བྲག་སྟེ་སངས་རྒྱས་ཀྱི་ས་ལ་སོགས་པ་ལ་ཆོས་ཀྱི་བྱེ་བྲག་ཇི་སྙེད་ཡོད་པ་སྟོན་པའོ། །ཞེས་པ་ལྟར་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཀུན་ནས་ཉོན་མོངས་དང་རྣམ་བྱང་གི་ཆོས་ཀྱི་ཁྱད་པར་རྣམས་སོ། །

དེས་ན་གཞི་གྲུབ་ན་རྣམ་པ་ཡིན་པས་ཁྱབ་ཀྱང་། སྐབས་འདིའི་རྣམ་པ་ནི་རྣམ་པའི་སྤྱི་ལྡོག་ཙམ་མིན་གྱི་རྣམ་རྫོགས་སྦྱོར་བའི་བསྒོམ་བྱའི་མཁྱེན་གསུམ་གྱི་རྣམ་པ་ལ་བྱའོ། །དེ་ལ་ཡང་རྟོགས་བྱ་བདེན་བཞི་དང་། རྟོགས་པ་པོ་མཁྱེན་གསུམ་ལ་ཡོད་པའི་ཆོས་ཀྱི་ཁྱད་པར་གཉིས་ཏེ། སྔ་མ་ནི་ལས་སྒྲུབ་དང་། ཕྱི་མ་ནི་བྱེད་སྒྲུབ་ཀྱི་རྣམ་པའོ། །དེ་གཉིས་རིམ་པ་བཞིན་དོན་རྣམ་དང་ཤེས་རྣམ་གྱི་ཐ་སྙད་མཛད་དོ། །

སྤྱིར་རྣམ་པ་ཡིན་ན་དོན་རྣམ་ཡིན་པས་ཁྱབ་ཀྱང་བློ་གཅིག་ལ་ལྟོས་ནས་མ་ཁྱབ་སྟེ། སྡུག་བདེན་མི་རྟག་པ་རྟོགས་པའི་གཞི་ཤེས་ཀྱི་རྣམ་པ་ལ་གཞི་ཤེས་ཁོ་རང་འཇོག་པ་གང་ཞིག དེའི་དོན་རྣམ་ལ་སྡུག་བདེན་མི་རྟག་པ་འཇོག་དགོས་པའི་ཕྱིར། གཞན་ཡང་། སྐབས་འདིའི་རྣམ་པ་ལ་དུ་མ་ཡོད་དེ། སྡུག་བདེན་མི་རྟག་པ་ལ་སོགས་པའི་དོན་རྣམ་བརྒྱ་དང་བདུན་ཅུ་དོན་གསུམ། སྡུག་བདེན་མི་རྟག་པར་རྟོགས་པའི་གཞི་ཤེས་སོགས་ཤེས་རྣམ་བརྒྱ་དང་དོན་གསུམ། མཁྱེན་གསུམ་གྱི་འཛིན་སྟངས་བརྒྱ་དང་དོན་གསུམ་རྟོགས་པའི་བྱང་སེམས་ཀྱི་སྦྱོར་བའི་ཤེས་རྣམ་བརྒྱ་དང་དོན་གསུམ་ཡོད་པའི་ཕྱིར། །

གཉིས་པ་ནི། མི་རྟག་པ་དང་སྟོང་ཉིད་བསྒོམ་ཞེས་པ་ལྟ་བུ་འཛིན་སྟངས་ཀྱི་ཡུལ་དུ་བྱས་ནས་བསྒོམ་པ་དང་། སྙིང་རྗེ་དང་བྱམས་པ་ལ་སོགས་པ་བསྒོམ་པ་ལྟ་བུ་བློ་དེའི་ངོ་བོར་བསྐྱེད་ནས་བསྒོམ་པའི་ཚུལ་གཉིས་ཡོད་དོ། །གསུམ་པ་ནི། ཁ་ཅིག་ཚོགས་ལམ་དུ་ཐུན་མོང་མ་ཡིན་པའི་རྣམ་མཁྱེན་གྱི་རྣམ་པ་བསྒོམ་པ་མི་སྲིད་དེ། བསྒོམ་པའི་དོན། སྒོམ་བྱེད་ཀྱི་བློ་དེ་ཉིད་བསྒོམ་བྱའི་ངོ་བོར་བསྐྱེད་པ་ལ་བྱེད་དགོས་པའི་ཕྱིར་ཞེ་ན། བསྒོམ་བྱའི་ཁྱད་པར་འགའ་ཞིག་ལ་དེ་ལྟར་ཡིན་ཀྱང་ཁྱབ་པ་མ་ངེས་ཏེ། མོས་པ་ཡིད་ལ་བྱེད་པའི་སྒོམ་དང་། ངོ་བོ་ཇི་ལྟ་བ་བཞིན་དུ་བསྐྱེད་པའི་སྒོམ་དང་། མཚན་ཉིད་རྗེས་སུ་དཔྱོད་པའི་སྒོམ་དང་། སྨོན་ལམ་གྱི་རྣམ་པའི་སྒོམ་སྟེ་བྱང་ཆུབ་སེམས་དཔའི་སྒོམ་ཚུལ་བཞི་ཡོད་པའི་ཕྱིར། དང་བོ་ནི། བསྒོམ་བྱ་དེའི་མཚན་ཉིད་ཇི་ལྟ་བ་བཞིན་དུ་སྐྱེད་མི་ནུས་པར་རྗེས་མཐུན་པ་ཙམ་རྒྱུད་ལ་སྐྱེད་པ་སྟེ། དཔེར་ན། ཚོགས་ལམ་དུ་དབང་བོ་ལྔ་སྒོམ་པ་བཞིན་ནོ། །གཉིས་པ་ནི། བསྒོམ་བྱའི་བློ་དེའི་མཚན་ཉིད་ཇི་ལྟ་བ་བཞིན་རྒྱུད་ལ་སྐྱེ་བ་སྟེ། དཔེར་ན། ཚོགས་ལམ་དུ་དྲན་པ་ཉེར་བཞག་སྒོམ་པ་ལྟ་བུའོ། ། གསུམ་པ་ནི། ཐོབ་བྱའི་ཆོས་གོང་མ་རྣམས་ཀྱི་མཚན་ཉིད་ནི་འདི་དང་འདིའོ་ཞེས་སོ་སོར་ཡིད་ལ་བྱེད་ཅིང་ཤེས་རབ་ཀྱི་རྗེས་སུ་དཔྱོད་པ་སྟེ། དཔེར་ན། ཚོགས་ལམ་དུ་ངེས་འབྱེད་ཆ་མཐུན་གྱི་མཚན་ཉིད་ཡིད་ལ་བྱེད་པ་བཞིན་ནོ། །བཞི་བ་ནི། ཐོབ་བྱའི་གོ་འཕང་དེ་དང་དེ་ཐོབ་པར་གྱུར་ཅིག་སྙམ་དུ་སྨོན་པས་ཡིད་ལ་བྱེད་པའོ། །དེས་ན་སྒོམ་ཚུལ་བཞི་བོ་འདི་དག་ཅི་རིགས་པས་ཚོགས་ལམ་དུ་ཡང་རྣམ་མཁྱེན་གྱི་རྣམ་པ་བརྒྱ་རྩ་བཅུ་བསྒོམ་ཚུལ་ཡོད་དེ། ཐུན་མོང་གི་རྣམ་པ་སུམ་ཅུ་རྩ་བདུན་དང་སུམ་ཅུ་རྩ་བཞི་ནི་ས་བདུན་པ་མན་ཆད་དུ་མཚན་ཉིད་ཇི་ལྟ་བ་བཞིན་དུ་མི་སྐྱེ་ཡང་རྟོགས་རིགས་རྗེས་མཐུན་པ་ཙམ་ཞིག་སྐྱེ་བས་མོས་པ་ཡིད་བྱེད་ཀྱི་རྗེས་སུ་བསྒོམ་ལ། ཐུན་མོང་མ་ཡིན་པའི་རྣམ་པ་སོ་དགུ་ནི་རྗེས་མཐུན་པ་ཙམ་ཡང་མི་སྐྱེ་བས་མཚན་ཉིད་རྗེས་སུ་དཔྱོད་པ་དང་། སྨོན་ལམ་གྱི་ཚུལ་གྱིས་བསྒོམ་པར་བྱེད་དོ། །ས་བརྒྱད་པ་ཡན་ཆད་དུ་ནི་སྟོབས་སོགས་རྗེས་མཐུན་པ་ཐོབ་པའི་ཕྱིར་མོས་པ་ཡིད་བྱེད་ཀྱི་ཚུལ་གྱིས་བསྒོམ་པ་ཡིན་པས། ཚོགས་ལམ་དུ་རྣམ་མཁྱེན་བསྒོམ་མི་ནུས་པའི་ཉེས་པ་མེད་དོ། །གཞི་ཤེས་དང་ལམ་ཤེས་གཉིས་ཀྱང་མོས་སྤྱོད་དུ་མོས་པ་ཡིད་བྱེད་དང་། མཚན་ཉིད་རྗེས་སུ་དཔྱོད་པ་ཅི་རིགས་ཀྱིས་སྒོམ་ལ།  ས་ཐོབ་ནས་ངོ་བོ་ཇི་ལྟ་བ་བཞིན་དུ་བསྐྱེད་པའི་སྒོ་ནས་སྒོམ་པར་བྱ་བ་ཡིནནོ། ། གནད་འདི་ལེགས་པར་རྟོགས་ན་སློབ་ལམ་དུ་རྣམ་མཁྱེན་བསྒོམཔའི་བློ་མེད་དོ་ཞེས་སྨྲ་བ་ཡང་ཁེགས་པར་འགྱུར་རོ། །

གཉིས་པ་ཡན་ལག་གི་དོན་ལ་གཉིས་རྒྱས་པར་བཤད་པ་དང་། དོན་བསྡུ་བའོ། །དང་བོ་ལ་གསུམ། གཞི་ཤེས་ཀྱི་ཉེར་བདུན། ལམ་ཤེས་ཀྱི་སོ་དྲུག རྣམ་མཁྱེན་གྱི་བརྒྱ་དང་བཅུ་བཤད་པའོ། །དང་བོ་ལ་གཉིས། དབྱེ་བ་དངོས་དང་། ལམ་གྱི་རྣམ་པ་ལ་དོགས་པ་བཅད་པའོ། །དང་བོ་ནི། འདིར་དོན་རྣམ་ཤེས་རྣམ་གཉིས་ལས། གཞི་ཤེས་ཀྱི་དོན་རྣམ་ཉེར་བདུན་ནི། བདེན་པ་སོ་སོ་ལ་བཞི་དང་། །ཞེས་པ་ལྟར་མི་རྟག་སྡུག་བསྔལ་སྟོང་བདག་མེད་བཞི། རྒྱུ་ཀུན་འབྱུང་རྐྱེན་རབ་སྐྱེ་བཞི། འགོག་པ་ཞི་བ་གྱ་ནོམ་ངེས་འབྱུང་བཞི་སྟེ་བདེན་པ་དང་པོ་གསུམ་གྱི་རྣམ་པ་བཅུ་གཉིས་སོ། །

ལམ་བདེན་གྱི་རྣམ་པ་ནི། ལམ་ལ་དེ་ཉིད་བཅོ་ལྔར་བཤད། །ཅེས་པ་ལྟར་ཉོན་སྒྲིབ་གྱི་གཉེན་པོ་མཐོང་ལམ་ཟག་མེད་བཞི། ཤེས་སྒྲིབ་ཀྱི་གཉེན་པོ་སྒོམ་ལམ་ཟག་བཅས་ལྔ། དེའི་གཉེན་མཐོང་ལམ་ཟག་མེད་དྲུག་ཡོད་པའི་ཕྱིར། དང་བོ་བཞི་ཡོད་དེ། བླང་དོར་བྱེད་པ་པོ་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་བ་དང་། ཤེས་པ་པོ་གང་ཟག་གི་བདག་མེད་པ་དང་། རྟོགས་པ་འོག་མ་ནས་གོང་མར་འཕོ་བ་པོ་གང་ཟག་གི་བདག་མེད་པ་དང་། ཉོན་མོངས་འདུལ་བ་པོའི་གང་ཟག་གི་བདག་མེད་པ་སྟེ་གང་ཟག་གི་བདག་མེད་ཕྲ་མོ་དེ་བཞི་མངོན་སུམ་དུ་རྟོགས་པའི་མཐོང་ལམ་ཟག་མེད་དུ་གྱུར་པའི་གཞི་ཤེས་བཞི་ནི་རིམ་པ་བཞིན་ལམ་རིག་པ་སྒྲུབ་པ་ངེས་འབྱིན་བཞིར་འཇོག་གོ།

གཉིས་པ་ནི། གཟུགས་སོགས་ཕྱི་རོལ་དོན་དུ་མ་གྲུབ་ཀྱང་ཕྱི་རོལ་དོན་དུ་རྨི་ལམ་ལྟར་སྣང་བ་དང་། གཟུགས་སོགས་ཕྱི་རོལ་དོན་དུ་གྲུབ་པའི་སྐྱེ་བ་མེད་ཀྱང་ཕྱི་རོལ་དོན་དུ་སྒྲ་བརྙན་ལྟར་སྣང་བ་དང་། གཟུགས་སོགས་ཕྱི་རོལ་དོན་དུ་གྲུབ་པའི་འགག་པ་མེད་ཀྱང་ཕྱི་རོལ་དོན་དུ་མིག་ཡོར་ལྟར་སྣང་བ་དང་། གཟུགས་སོགས་ཕྱི་རོལ་དོན་དུ་གྲུབ་པའི་གཟོད་མ་ནས་ཞི་ཡང་ཕྱི་རོལ་དོན་དུ་སྨིག་རྒྱུ་ལྟར་སྣང་བ་དང་། གཟུགས་སོགས་ཕྱི་རོལ་དོན་དུ་གྲུབ་པའི་རང་བཞིན་གྱིས་མྱ་ངན་ལས་འདས་ཀྱང་ཕྱི་རོལ་དོན་དུ་སྒྱུ་མ་ལྟར་སྣང་བ་སྟེ་གཟུང་འཛིན་གཉིས་སྟོང་སྒྱུ་མ་ལྟ་བུ་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་ཟག་བཅས་སྒོམ་ལམ་དུ་གྱུར་པའི་གཞི་ཤེས་ལྔ་ཡོད་དོ། །

གསུམ་པ་ཤེས་སྒྲིབ་ཀྱི་གཉེན་པོ་མཐོང་ལམ་ཟག་མེད་དྲུག་ཡོད་དེ། ཆགས་སོགས་ཀུན་ཉོན་ཕྱི་རོལ་དོན་དུ་གྲུབ་པས་སྟོང་བ་དང་། དད་སོགས་རྣམ་བྱང་གི་ཆོས་ཕྱི་རོལ་དོན་གྱིས་སྟོང་བ་དང་། སེམས་ཀྱི་རང་བཞིན་ཕྱི་དོན་གྱི་སྒྲིབ་པའི་དྲི་མས་གོས་པ་མེད་པ་དང་། གཟུགས་སོགས་ཕྱི་རོལ་དོན་དུ་གྲུབ་པའི་དབྱེ་བའི་སྤྲོས་པ་མེད་པ་དང་། རྟོགས་པ་ཐོབ་ཟིན་ལ་ཕྱི་རོལ་དོན་དུ་གྲུབ་པའི་ཉམས་པ་མེད་པ་སྟེ་ཕྱི་རོལ་དོན་སྟོང་དེ་དྲུག་མངོན་སུམ་དུ་རྟོགས་པའི་མཐོང་ལམ་ཟག་མེད་ཀྱི་གཞི་ཤེས་དྲུག་གོ། ཤེས་རྣམ་ནི། དེ་དག་འཛིན་སྟངས་ཀྱི་ཡུལ་དུ་བྱས་པའི་གཞི་ཤེས་ཉེར་བདུན་ནོ། །ཁ་ཅིག་གཞི་ཤེས་ཕྱི་མ་བཅོ་ལྔའི་དོན་རྣམ་ལ་གང་ཟག་གི་བདག་མེད་ཕྲ་མོ་སོགས་འཇོག་ཀྱང་བདག་གི་དགེ་བའི་བཤེས་གཉེན་པ་དེ་ལ་ལམ་བདེན་གྱིས་ཁྱབ་པར་བཞེད་དོ། །

གཉིས་པ་དོགས་པ་བཅད་པ་ལ་བཞི་ལས། དང་བོ་ལམ་བདེན་གྱི་རྣམ་པ་བཅོ་ལྔ་ལས་དང་བོ་བཞི་ཉོན་སྒྲིབ་ཀྱི་གཉེན་པོ་དང་། ལྷག་མ་བཅུ་གཅིག་ཤེས་སྒྲིབ་ཀྱི་གཉེན་པོར་འཇོག་པའི་རྒྱུ་མཚན་གང་ཞེ་ན། བྱེད་པ་པོ་མེད་པ་སོགས་བཞི་ནི་གང་ཟག་གི་བདག་མེད་པའི་རྣམ་པ་ཅན་དང་། དེ་བཞི་ལམ་རིགས་པ་སྒྲུབ་པ་ངེས་འབྱིན་བཞི་ཡིན་ལ། གང་ཟག་གི་བདག་འཛིན་ཉོན་སྒྲིབ་ཀྱི་རྒྱུ་ཡིན་པ་དང་། མི་རྟག་སོགས་བཅུ་དྲུག་རྟོགས་པའི་ལམ་ཡང་ཉོན་སྒྲིབ་ཀྱི་གཉེན་པོར་ཕྱེ་བའི་ཕྱིར་ན་དང་བོ་ནི་ཉོན་སྒྲིབ་ཀྱི་གཉེན་པོ་དང་། ལྷག་མ་བཅུ་གཅིག་ནི། ལམ་གྱི་རྣམ་པ་འདི་དག་སྒྲིབ་པའི་གཉེན་པོར་ནི་བསྟན་དགོས་ལ། ཉོན་སྒྲིབ་ཀྱི་གཉེན་པོ་བསྟན་ཟིན་པས་ཤེས་སྒྲིབ་ཀྱི་གཉེན་པོར་འོས་མེད་ཀྱི་རིགས་པས་བཞག་གོ། གཉིས་པ་འདིའི་ཟག་བཅས་ཟག་མེད་ནི། རྗེས་ཐོབ་ཡེ་ཤེས་བདེན་སྟོང་སྒྱུ་མ་ལྟ་བུའི་མ་ཡིན་དགག་གི་རྣམ་པ་ཅན་གྱི་ཞེན་རིག་ཡིན་པས་ཟག་བཅས་དང་། མཉམ་བཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་མེད་དགག་གི་རྣམ་པ་ཅན་ཡིན་པས་ཟག་མེད་དུ་བཞག་གོ། གསུམ་པ་ཤེས་སྒྲིབ་རགས་པའི་གཉེན་པོ་མཐོང་ལམ་ལ་ཟག་མེད་དང་སྒོམ་ལམ་ལ་ཟག་བཅས་སུ་འཇོག་པའི་རྒྱུ་མཚན་ཡོད་དེ། མཐོང་ལམ་གཙོ་བོར་མཉམ་བཞག་བར་མ་ཆད་དུ་སྐྱེ་ཞིང་དུས་ཐུང་བས་ཟག་མེད་དང་། སྒོམ་ལམ་ནི་མཉམ་རྗེས་སྤེལ་མར་སྐྱེ་ཞིང་དུས་རིང་བས་ཟག་བཅས་སུ་བཞག་གོ། བཞི་བ་ཤེས་སྒྲིབ་ལ་གཉེན་པོ་གཉིས་དང་ཉོན་སྒྲིབ་ལ་གཅིག་བཞག་པ་ནི། ཤེས་སྒྲིབ་སྤོང་དཀའ་བས་ཟག་བཅས་ཟག་མེད་གཉིས་དང་། ཉོན་སྒྲིབ་སྤོང་སླ་བའི་ཕྱིར་ཟག་མེད་གཅིག་པུ་བཞག་གོ།

གཉིས་པ་ལམ་ཤེས་ཀྱི་སོ་དྲུག་བཤད་པ་ལ་གཉིས། དབྱེ་བ། དངོས་དང་། ཀུན་འབྱུང་ལ་དོགས་པ་བཅད་པའོ། །དང་བོ་ནི། རྒྱུ་དང་ལམ་དང་སྡུག་བསྔལ་དང་། །འགོག་པ་ཡི་ནི་གོ་རིམ་བཞིན། །དེ་དག་བརྒྱད་དང་བདུན་དང་ནི། །ལྔ་དང་བཅུ་དྲུག་ཅེས་བསྒྲགས་སོ། །ཞེས་པ་ལྟར། བདེན་པ་བཞིའི་དང་བོ་ཀུན་འབྱུང་ལ། ཡུལ་མ་འོངས་པ་ལ་སྲེད་པའི་འདུན་པ་དང་། ད་ལྟ་བའི་ཕུང་བོ་ལ་སྲེད་པའི་འདོད་ཆགས་དང་། ཡང་སྲིད་ལ་དགའ་བའི་སྲེད་པ་གསུམ་ནི། རྒྱུའི་རྣམ་པ་དང་། གང་ཟག་གི་བདག་འཛིན་དུ་གྱུར་པའི་འདོད་ཆགས་དང་ཞེ་སྡང་དང་མ་རིག་པ་གསུམ་ནི། ཀུན་འབྱུང་གི་རྣམ!པ་དང་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་གྲུབ་པའི་གཙང་བདེ་རྟག་བདག་ཏུ་འཛིན་པའི་ཉོན་མོངས་ནི། རབ་སྐྱེའི་རྣམ་པ་དང་། རང་དབང་བ་སྟེ་རང་རྐྱང་ཐུབ་པའི་རྫས་ཡོད་ཀྱི་སེམས་ཅན་འཛིན་པའི་ཉོན་མོངས་ནི། རྐྱེན་གྱི་རྣམ་པ་སྟེ་བརྒྱད་ནི་དོན་རྣམ་དང་། དེ་དག་གི་ཞེན་ཡུལ་མེད་པར་རྟོགས་པའི་བྱང་སེམས་ཀྱི་མཐོང་ལམ་བརྒྱད་ནི། གཉེན་པོ་ལམ་ཤེས་ཀྱི་ཤེས་རྣམ་དུ་འཇོག་གོ། གཉིས་པ་ལམ་བདེན་ལ་ལམ་གྱི་རྣམ་པ་ནི། སེམས་ཅན་ཚད་མེད་པ་ལ་ཐར་བའི་གོ་སྐབས་འབྱེད་པའི་ལམ་བདེན་དང་། ཇི་ ལྟར་ལམ་གྱི་རྣམ་པ་ཡིན་པ་ནི། སྲིད་ཞིའི་མཐའ་གཉིས་དང་མ་འབྲེལ་བར་ཐར་བའི་གོ་སྐབས་འབྱེད་པའི་སེམས་དཔའི་ལམ་བདེན་དང་། རིག་པའི་རྣམ་པ་ནི། ཆོས་ཐམས་ཅད་བདེན་སྟོང་དུ་ཐ་མི་དད་དུ་མངོན་སུམ་དུ་རྟོགས་པའི་དེ་དང་། ཇི་ལྟར་རིག་པའི་རྣམ་པ་ཡིན་པ་ནི། ཉན་རང་གི་ལམ་ལ་མཆོག་འཛིན་མེད་པར་སྤྲོས་བྲལ་མངོན་སུམ་དུ་རྟོགས་པའི་དེ་དང་། སྒྲུབ་པའི་རྣམ་པ་ནི། ཆོས་ཐམས་ཅད་བདེན་མེད་དུ་མངོན་སུམ་དུ་རྟོགས་པའི་དེ་དང་། ཇི་ལྟར་སྒྲུབ་པའི་རྣམ་པ་ཡིན་པ་ནི། ཆོས་ཐམས་ཅད་དོན་དམ་པར་ཚད་མས་གཞལ་དུ་མེད་པར་མངོན་སུམ་དུ་རྟོགས་པའི་དེ་དང་། ངེས་འབྱིན་གྱི་རྣམ་པ་ནི། ཆོས་ཐམས་ཅད་དོན་དམ་པར་ཆགས་པ་མེད་པར་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཏེ་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་བྱང་སེམས་ཀྱི་ཡེ་ཤེས་བདུན་ཡོད་དོ། །མདོ་ལས་ལམ་བདེན་དམ་བཅའ་དང་འཐད་པའི་སྒོ་ནས་བཤད་ཅིང་ལམ་བདེན་གྱི་རྣམ་པ་དང་བོ་གསུམ་ལ་དམ་བཅའ་དང་རྒྱུ་མཚན་གཉིས་བཤད་ནས།ངེས་འབྱིན་ལ་དམ་བཅའ་ཙམ་ལས་མ་བཤད་པ་ནི། གདུ་ལ་བྱ་ཉེ་བའི་བསམ་པ་ལ་ལྟོས་པ་ཡིན་གྱི་རྒྱུ་མཚན་མེད་པ་ནི་མ་ཡིན་ནོ། །

གསུམ་པ་སྡུག་བདེན་ལ། མི་རྟག་སོགས་བཞི་དང་། དོན་དམ་པར་མེད་པ་སྟེ་ལྔའོ། །སྔ་མ་བཞི་རང་གི་མཚན་ཉིད་དང་། ཕྱི་མ་ནི་སྤྱིའི་མཚན་ཉིད་དོ། ། བཞི་བ་འགོག་བདེན་ལ། སྤྱིར་སྟོང་ཉིད་བཅུ་དྲུག་ནི། མིག་སོགས་དབང་བོ་ལྔ་བདེན་པར་མེད་པ་ནང་སྟོང་བ་ཉིད་དང་། ཕྱི་རོལ་གྱི་གཟུགས་སྒྲ་སོགས་བདེན་པར་མེད་པ་ཕྱི་སྟོང་བ་ཉིད་དང་། དབང་རྟེན་ཁོག་པ་བདེན་པར་མེད་པ་ཕྱི་ནང་སྟོང་བ་ཉིད་དང་། སྟོང་ཉིད་བདེན་པར་མེད་པ་སྟོང་བ་ཉིད་སྟོང་བ་ཉིད་དང་། ཕྱོགས་བཅུ་བདེན་མེད་ཆེན་པོ་སྟོང་བ་ཉིད་དང་། མྱང་འདས་བདེན་མེད་དོན་དམ་པ་སྟོང་བ་ཉིད་དང་། འདུས་བྱས་བདེན་པར་མེད་པ་འདུས་བྱས་སྟོང་བ་ཉིད་དང་། འདུས་མ་བྱས་བདེན་པར་མེད་པ་འདུས་མ་བྱས་སྟོང་བ་ཉིད་དང་། རྟག་ཆད་ཀྱི་མཐའ་དང་བྲལ་བ་བདེན་པར་མེད་པ་མཐའ་ལས་འདས་པ་སྟོང་བ་ཉིད་དང་། འཁོར་བའི་ཐོག་མཐའ་མེད་པ་བདེན་པར་མ་གྲུབ་པ་ཐོག་མ་དང་མཐའ་མ་མེད་པ་སྟོང་བ་ཉིད་དང་། བླང་དོར་བདེན་པར་མེད་པ། དོར་བ་མེད་པ་སྟོང་བ་ཉིད་དང་། རང་བཞིན་བདེན་པར་མེད་པ་རང་བཞིན་སྟོང་བ་ཉིད་དང་། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་བདེན་པར་མེད་པ་ཆོས་ཐམས་ཅད་སྟོང་བ་ཉིད་དང་། གཟུགས་རུང་བདེན་པར་མེད་པ་རང་གི་མཚན་ཉིད་སྟོང་བ་ཉིད་དང་། དུས་གསུམ་བདེན་པར་མེད་པ་མི་དམིགས་པ་སྟོང་བ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་བདེན་པར་མ་གྲུབ་པ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་བ་ཉིད་དེ་བཅུ་དྲུག་གོ། དབང་རྟེན་ཁོག་པ་ཕྱི་ནང་གཉིས་ཀར་བརྗོད་པའི་རྒྱུ་མཚན་ཡོད་དེ། ཤེས་རྒྱུད་ཀྱིས་བསྡུས་པས་ནང་དང་། དབང་བོས་མ་བསྡུས་པས་ཕྱིར་བཞག་པའི་ཕྱིར། ཕྱོགས་བཅུ་ལ་ཆེན་པོ་ཞེས་བརྗོད་པའི་དོན་ཡོད་དེ། སྣོད་བཅུད་ཀྱི་འཇིག་རྟེན་ཀུན་ལ་ཁྱབ་པའི་ཕྱིར། དུས་གསུམ་ལ་མི་དམིགས་པ་ཞེས་པ་བརྗོད་པའི་རྒྱུ་མཚན་ཡོད་དེ། དུས་གང་དུ་དུས་གསུམ་པོ་དེ་དག་ལྷན་ཅིག་ཏུ་ཚོགས་པ་མི་དམིགས་པའི་ཕྱིར། གཞན་རྣམས་གོ་སླའོ། །

འདིར་བསྟན་པའི་སྟོང་བ་ཉིད་བཅུ་དྲུག་ནི། མིག་སོགས་ནང་གི་ཆོས་བདེན་པར་འཛིན་པའི་མཐོང་སྤངས་བདེན་འཛིན་སྤངས་པའི་འགོག་བདེན་གྱི་སྟེང་གི་ཆོས་ཉིད་སྐབས་འདིར་བསྟན་པའི་ནང་སྟོང་བ་ཉིད་དང་། ཕྱིའི་ཆོས་བདེན་གྲུབ་ཏུ་འཛིན་པའི་བདེན་འཛིན་ཀུན་བཏགས་སམ་མཐོང་སྤངས་ སྤངས་པའི་འགོག་བདེན་གྱི་སྟེང་གི་ཆོས་ཉིད་འདིར་བསྟན་ཕྱི་སྟོང་བ་ཉིད་དུ་འཇོག་པ་སོགས་ལྷག་མ་རྣམས་ལ་ཡང་རིགས་འགྲེ་སྦྱར་བར་བྱའོ། །

དེས་ན་སྐབས་འདིར་བསྟན་པའི་སྟོང་ཉིད་བཅུ་དྲུག་པོ་གང་རུང་ལ་ནང་སྟོང་བ་ཉིད་ཀྱིས་ཁྱབ་སྟེ། དེ་འདྲའི་སྟོང་གཞི་ལ་ནང་གི་ཆོས་འགོག་བདེན་གྱིས་ཁྱབ་པའི་ཕྱིར་རོ། །དེ་ལྟ་ན་ཀུན་འབྱུང་གི་རྣམ་པ་བརྒྱད་ཀྱི་ཞེན་ཡུལ་མེད་པར་མངོན་སུམ་དུ་རྟོགས་པའི་སེམས་དཔའི་ཡེ་ཤེས་བརྒྱད་དང་། བདེན་པ་ཕྱི་མ་གསུམ་གྱི་རྣམ་པ་ཉེར་བརྒྱད་འཛིན་སྟངས་ཀྱི་ཡུལ་དུ་བྱས་པའི་བྱང་སེམས་འཕགས་པའི་ཡེ་ཤེས་ཉེར་བརྒྱད་དེ་ལམ་ཤེས་ཀྱི་རྣམ་པ་སོ་དྲུག་གོ།

གཉིས་པ་དོགས་པ་བཅད་པ་ནི། ཁོ་ན་རེ། ཀུན་འབྱུང་གི་རྣམ་པའི་སྐབས་སུ་གང་ཟག་གི་བདག་འཛིན་དུ་གྱུར་པའི་ཞེ་སྡང་བཤད་པ་མི་འཐད་དེ། གང་ཟག་གི་བདག་འཛིན་ལ་ལུང་མ་བསྟན་དང་། ཞེ་སྡང་ལ་མི་དགེ་བ་དགོས་པའི་ཕྱིར་ཞེ་ན། འདི་ལ་དཔལ་ལྡན་བཀྲ་ཤིས་སྒོ་མང་བའི་གསུང་རྒྱུན་དུ། མཛོད་ལས། གོང་མ་ཐམས་ཅད་ལུང་མ་བསྟན། །འདོད་ན་འཇིག་ཚོགས་ལྟ་བ་དང་། །མཐར་འཛིན་ལྷན་ཅིག་མ་རིག་པ། །ཞེས་པའི་ལུང་ལ་བརྟེན་ནས་བདག་འཛིན་ལ་ལུང་མ་བསྟན་གྱིས་ཁྱབ་ཅིང་། དེར་གྱུར་པའི་ཞེ་སྡང་མི་སྲིད་པར་འདོད། ཀུན་མཁྱེན་བླ་མས་བསམ་གཟུགས་ཆེན་མོ་དང་། རྟེན་འབྲེལ་རྩོམ་འཕྲོ་གཉིས་སུ་ཞེ་སྡང་དང་། མཚུངས་ལྡན་གྱི་གང་ཟག་གི་བདག་འཛིན་ཡོད་པར་གསུངས་པ་འདིའི་ཐད་ཀྱི་རྣམ་བཤད་དང་མཐུན་ཚབས་ཆེ་བར་སྣང་བས་ཕྱི་མ་འདི་ཉིད་ལེགས་སམ་སྙམ་སྟེ་བློ་གྲོས་དང་ལྡན་པ་རྣམས་ཀྱིས་ཕྱོགས་ལྷུང་སྤངས་ཏེ་ཞིབ་ཏུ་དཔྱད་པར་བྱའོ། །

  གསུམ་པ་རྣམ་མཁྱེན་གྱི་རྣམ་པ་བརྒྱ་རྩ་བཅུ་བཤད་པ་ལ། དབྱེ་བ་དངོས་དང་། དོགས་པ་བཅད་པ་གཉིས། དང་བོ་ནི། དྲན་པ་ཉེར་བཞག་ནས་བཟུང་སྟེ། །སངས་རྒྱས་རྣམ་པའི་མཐར་ཐུག་རྣམས། །ལམ་གྱི་བདེན་པའི་རྗེས་མཐུན་པར། །ཀུན་མཁྱེན་གསུམ་དུ་ཕྱེ་བས་ན། །སློབ་མ་བྱང་ཆུབ་སེམས་དཔའ་དང་། །སངས་རྒྱས་རྣམས་ལ་རིམ་བཞིན་ཏེ། །སུམ་ཅུ་བདུན་དང་སུམ་ཅུ་བཞི། ། སུམ་ཅུ་རྩ་དགུ་དག་ཏུ་བཞེད། །ཞེས་པ་ལྟར་འཆད་པ་ལ། །ཐུན་མོང་བའི་རྣམ་པ་དང་། ཐུན་མོང་མ་ཡིན་པའི་རྣམ་པ་གཉིས།

དང་བོ་ནི། རང་ཉིད་གང་གི་སྡེར་གཏོགས་པའི་སྡེ་ཚན་མཚན་ཉིད་པ་འཕགས་པ་འོག་མའི་རྒྱུད་ལ་ཡོད་པའི་རྣམ་མཁྱེན་དེ་ཐུན་མོང་བའི་རྣམ་མཁྱེན་གྱི་རྣམ་པའི་མཚན་ཉིད། དེ་ལ་དབྱེ་ན། ཉན་རང་ལ་ཡོད་པ་དང་རྗེས་སུ་མཐུན་པའི་ཐུན་མོང་བའི་རྣམ་པ་དང་། བྱང་སེམས་ལ་ཡོད་པ་དང་རྗེས་སུ་མཐུན་པའི་ཐུན་མོང་བའི་རྣམ་པ་གཉིས། དང་བོ་ལ། མཐར་ཐུག་གི་གཞི་ཤེས་ཀྱི་རྣམ་པ་སོ་བདུན་ཡོད་དེ། སྡེ་ཚན་བདུན་ཡོད་པའི་ཕྱིར།

སྡེ་ཚན་དང་པོ་ཡོད་དེ།  ལུས་ཚོར་སེམས་ཆོས་དྲན་པ་ཉེ་བར་བཞག་པ་བཞི་དེ་ཡིན་པའི་ཕྱིར།

སྡེ་ཚན་གཉིས་པ་ཡོད་དེ། མི་དགེ་བ་སྐྱེས་པ་སྤོང་བ་དང་།  མ་སྐྱེས་པ་མི་བསྐྱེད་པ་དང་། དགེ་བ་སྐྱེས་པ་སྤེལ་བ་དང་། མ་སྐྱེས་སྐྱེད་པའི་ཡང་དག་སྤོང་བ་བཞི་དེ་ཡིན་པའི་ཕྱིར།

སྡེ་ཚན་གསུམ་པ་ཡོད་དེ། འདུན་པ་དང་། སེམས་དང་། བརྩོན་འགྲུས་དང་། དཔྱོད་པའི་རྫུ་འཕྲུལ་གྱི་རྐང་བ་བཞི་དེ་ཡིན་པའི་ཕྱིར།

སྡེ་ཚན་བཞི་བ་ཡོད་དེ། དད་པ་དང་བརྩོན་འགྲུས་དང་དྲན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་དབང་པོ་ལྔ་དེ་ཡིན་པའི་ཕྱིར།

སྡེ་ཚན་ལྔ་བ་ཡོད་དེ། དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་སྟོབས་ལྔ་དེ་ཡིན་པའི་ཕྱིར།

  སྡེ་ཚན་དྲུག་པ་ཡོད་དེ། དྲན་པ་དང་ཤེས་རབ་དང་བརྩོན་འགྲུས་དང་། ཤིན་སྦྱངས་དང་ཏིང་ངེ་འཛིན་དང་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་བདུན་རྣམས་ཡོད་པའི་ཕྱིར།

སྡེ་ཚན་བདུན་པ་ཡོད་དེ། ཡང་དག་པའི་ལྟ་བ། ཡང་དག་པའི་རྟོགས་པ། ཡང་དག་པའི་ངག ཡང་དག་པའི་ལས་ཀྱི་མཐའ། ཡང་དག་པའི་འཚོ་བ། ཡང་དག་པའི་རྩོལ་བ། ཡང་དག་པའི་དྲན་པ། ཡང་དག་པའི་ཏིང་ངེ་འཛིན་འཕགས་ལམ་ཡན་ལག་བརྒྱད་དེ་ཡིན་པའི་ཕྱིར། །

གཉིས་པ་བྱང་སེམས་དང་ཐུན་མོང་བ་སོ་བཞི་ཡོད་དེ། སྡུག་བདེན་གྱི་ཁྱད་ཆོས་སྟོང་བདག་མེད་གཉིས་རྟོགས་པའི་དེ་རྣམ་པར་ཐར་བའི་སྒོ་སྟོང་བ་ཉིད་དང་། འགོག་ལམ་གྱི་ཁྱད་ཆོས་བརྒྱད་རྟོགས་པའི་དེ་རྣམ་པར་ཐར་བའི་སྒོ་མཚན་མ་མེད་པ་དང་། སྡུག་ཀུན་གྱི་ལྷག་མ་དྲུག་རྟོགས་པའི་དེ་རྣམ་པར་ཐར་བའི་སྒོ་སྨོན་པ་མེད་པ་དང་། གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་ཐར། གཟུགས་མེད་གཟུགས་ལ་ལྟ་བའི་རྣམ་ཐར། གཟུགས་སྡུག་པའི་རྣམ་ཐར། གཟུགས་མེད་བཞིའི་རྣམ་ཐར་བཞི། འགོག་པའི་རྣམ་ཐར་སྟེ་བརྒྱད་དང་། བསམ་གཟུགས་བརྒྱད་དང་འགོག་སྙོམས་ཏེ། མཐར་གནས་སྙོམས་འཇུག་དགུ་དང་། བདེན་པ་བཞིའི་ཡུལ་ཅན་གྱི་ཆོས་བཟོད་བར་ཆད་མེད་ལམ་བཞི་དང་། སྤྱིན་སོགས་ཕར་ཕྱིན་བཅུ་སྟེ་སུམ་ཅུ་རྩ་བཞིའོ། །

གསུམ་པ་ཐུན་མོང་མ་ཡིན་པའི་རྣམ་མཁྱེན་གྱི་རྣམ་པ་བརྒྱ་དང་བཅུ་ལས། སྟོབས་བཅུ་ནི། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང་། ལས་ཀྱི་རྣམ་སྨིན་མཁྱེན་པའི་སྟོབས་དང་། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་དང་། འཇིག་རྟེན་གྱི་ཁམས་མཁྱེན་པའི་སྟོབས་དང་། དབང་པོ་མཆོག་དམན་གྱི་རིམ་པ་མཁྱེན་པའི་སྟོབས་དང་། ཐམས་ཅད་དུ་འགྲོ་བ་མཁྱེན་པའི་སྟོབས་དང་། ཀུན་ནས་ཉོན་མོངས་དང་རྣམ་བྱང་མཁྱེན་པའི་སྟོབས་དང་། སྔོན་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་དང་། འཆི་འཕོ་བ་དང་སྐྱེ་བ་མཁྱེན་པའི་སྟོབས་དང་། ཟག་པ་ཟད་པའི་སྟོབས་རྣམས་སོ། །

མི་འཇིགས་པ་བཞི་ནི། རང་ཉིད་སྤངས་པ་ཕུན་ཚོགས་སུ་དམ་བཅས་པ་ལ་མི་འཇིགས་པ་དང་། རྟོགས་པ་ཕུན་ཚོགས་སུ་དམ་བཅས་པ་ལ་མི་འཇིགས་པ་དང་། ཆགས་སོགས་བར་དུ་གཅོད་་པའི་ཆོས་སུ་རང་དབང་དུ་སྟོན་པར་དམ་བཅས་པ་ལ་མི་འཇིགས་པ་་དང་། གཞི་ཤེས་དང་ལམ་ཤེས་སོགས་ངེས་པར་འབྱུང་བའི་ལམ་དུ་དམ་བཅས་པ་ལ་མི་འཇིགས་པའོ། །

སོ་སོ་ཡང་དག་པར་རིག་པ་བཞི་་ནི། མིང་གི་རྣམ་གྲངས་མཁྱེན་པའི་ཆོས་སོ་སོ་ཡང་དག་པར་རིག་པ་དང་། རང་སྤྱིའི་མཚན་ཉིད་ཐམས་ཅད་མཁྱེན་པའི་དོན་སོ་སོ་ཡང་དག་པར་རིག་པ་དང་། སྐད་རིགས་ཐམས་ཅད་མཁྱེན་པའི་ངེས་ཚིག་སོ་སོ་ཡང་དག་པར་རིག་པ་དང་། ངོ་བོ་དང་རྣམ་པའི་རབ་དབྱེ་མཁྱེན་པའི་སྤོབས་པ་སོ་སོ་ཡང་དག་པར་རིག་པའོ། །

སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི། སྤྱོད་པ་མ་འདྲེས་པ་དྲུག རྟོགས་པ་མ་འདྲེས་པ་དྲུག འཕྲིན་ལས་མ་འདྲེས་པ་གསུམ། ཡེ་ཤེས་མ་འདྲེས་པ་གསུམ་མོ། །དང་བོ་ནི། སྐུ་ལ་འཁྲུལ་བ་མི་མངའ་བ་དང་། གསུང་ལ་ཅ་ཅོ་མི་མངའ་བ་དང་། ཐུགས་དྲན་པ་ཉམས་པ་མི་མངའ་བ་དང་། ཐུགས་མཉམ་པར་མ་བཞག་པ་མི་མངའ་བ་དང་། ཐུགས་ཐ་དད་པ་ཉིད་ཀྱི་འདུ་ཤེས་མི་མངའ་བ་དང་། ཐུགས་སོ་སོ་མ་བརྟགས་པའི་བཏང་སྙོམས་མི་མངའ་བ་སྟེ་དྲུག་གོ།

གཉིས་པ་ནི། འདུན་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་ལས་ཉམས་པ་མི་མངའ་བ་དྲུག་གོ།

གསུམ་པ་ནི། སྤྱོད་ལམ་བཞིས་གདུལ་བྱ་འདུལ་པ་སྐུའི་འཕྲིན་ལས་དང་། ཆོས་དང་ལྡན་པ་དང་དོན་དང་ལྡན་པའི་གཏམ་མཛད་པ་གསུང་གི་འཕྲིན་ལས་དང་། བྱམས་པ་དང་སྙིང་རྗེ་སོགས་ཐུགས་ཀྱི་འཕྲིན་ལས་རྣམས་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བའི་རྣམ་པ་གསུམ་གྱི་ནི་འཕྲིན་ལས་གཞན་དང་མ་འདྲེས་པའོ། །

བཞི་བ་ནི། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་ཐམས་ཅད་ཐོགས་མེད་དུ་མཁྱེན་པ་གསུམ་སྟེ་བཅོ་བརྒྱད་དོ། །

དེ་བཞིན་ཉིད་ཀྱི་ཤེས་རྣམ་ནི། སངས་རྒྱས་ཀྱི་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང་། རང་བྱུང་གི་ཤེས་རྣམ་ནི་ཆོས་ཀྱི་འཁོར་ལོ་མ་ལུས་པ་བསྐོར་བ་ལ་མངའ་བརྙེས་པའི་ཡེ་ཤེས་དང་། སངས་རྒྱས་ཉིད་ཀྱི་ཤེས་རྣམ་ནི་ཇི་ལྟ་ཇི་སྙེད་མ་ལུས་པ་མངོན་སུམ་དུ་རྟོགས་པའི་རྣམ་མཁྱེན་ཏེ་ཐུན་མོང་མ་ཡིན་པའི་རྣམ་མཁྱེན་གྱི་རྣམ་པ་སོ་དགུའོ། །དེས་ན་བརྒྱ་དང་དོན་གསུམ་མོ། །

གཉིས་པ་དོགས་པ་བཅད་པ་ནི། ཁོ་ན་རེ། རང་ཉིད་གང་དུ་གཏོགས་པའི་སྡེ་ཚན་མཚན་ཉིད་པ་འཕགས་པ་འོག་མ་ལ་ཡོད་པ་དང་མེད་པ་ཐུན་མོང་བ་དང་ཐུན་མོང་མ་ཡིན་པའི་དོན་དུ་འདོད་པ་མི་འཐད་དེ། སོ་སོ་ཡང་དག་པར་རིག་པ་བཞི་འཕགས་པ་འོག་མ་ལ་ཡོད་ཀྱང་ཐུན་མོང་བའི་རྣམ་པ་མ་ཡིན་པའི་ཕྱིར། དང་བོ་གྲུབ་སྟེ། རྒྱན་ལས། སོ་སོ་ཡང་དག་རིག་བློ་བཟང་། །ས་དེ་ལེགས་པའི་བློ་གྲོས་ཡིན། །ཞེས་གསུངས་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། ས་དགུ་པའི་གནས་སྐབས་སུ་སོ་སོ་ཡང་དག་པར་རིག་པ་བཞི་རྗེས་མཐུན་པ་ཙམ་ཐོབ་པ་ལ་དགོངས་པ་ཡིན་པའི་ཕྱིར། ། སྨྲས་པ། བློ་གྲོས་དག་བྱེད་རྫིང་བུའི་ནང་། །ལེགས་བཤད་མེ་ཏོག་སྡོང་བོ་འཁྲུངས། །བློ་གསལ་རྐང་དྲུག་ལྡན་པའི་ཚོགས། ། འཕུར་ལྡང་གར་གྱི་རོལ་བར་གྱིས། །དཔྱིད་ཀྱི་དཔལ་ལས་མ་འོངས་ཤིང་། །ཟླ་བ་ཤར་བས་ཟུམ་མིན་ཡང་། །ལུང་རིགས་དྲི་བཟང་སྤྲོ་བ་འདི། །སྔོན་མེད་འདབ་སྟོང་མ་ཡིན་ནམ། །ཁེངས་དང་དྲེགས་པ་མ་བསྟེན་པར། །མཁས་པའི་མདུན་སར་སྦྱངས་པའི་མཐུས། །ལེགས་བཤད་དགའ་སྟོན་ཅི་ཞིག་ལྟར། །རྙེད་པ་གང་དེ་ཡ་མཚན་ནོ། །

ཞེས་མཁྱེན་གསུམ་གྱི་རྣམ་པ་བརྒྱ་དང་དོན་གསུམ་གྱི་རང་བཞིན་ཡང་དག་པར་བརྗོད་པ་ལེགས་བཤད་པད་མ་དཀར་བོའི་འཁྲི་ཤིང་ཞེས་བྱ་བའི་འདི་ནི། རིགས་པ་སྨྲ་བ་དགེ་སློང་དཀོན་མཆོག་འཇིགས་མེད་དབང་བོས་ཆོས་གྲྭ་ཆེན་པོ་བཀྲ་ཤིས་འཁྱིལ་དུ་སྦྱར་བའོ། ། ། །

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།