རྟེན་འབྲེལ་བསྟོད་པའི་འགྲེལ་བ་ལེགས་བཤད་ནོར་བུའི་བང་མཛོད་ ཅེས་བྱ་བ་བཞུགས་སོ། །

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2021-12-02 09:50:01     རྩོམ་པ་པོ།   ལྕང་སྐྱ་རོལ་བའི་རྡོ་རྗེ།    ཀློག་ཐེངས།  

༄༅། །ན་མོ་སུ་མ་ཏི་ཀིརྟི་ཡ། འགྲོ་བ་མ་ལུས་སྲིད་པའི་རྒྱ་མཚོ་ལས། །སྒྲོལ་སླད་རྟེན་འབྱུང་ཟབ་མོའི་རིགས་ཚུལ་མཆོག །འཕགས་ཚོགས་འཁོར་གྱི་དབུས་སུ་སྒྲོགས་མཛད་པ། །ཐུབ་དབང་སྨྲ་བའི་སེངྒེར་བདག་ཕྱག་འཚལ། །དྲན་ཙམ་གྱིས་ཀྱང་ཤེས་རབ་མཆོག་སྩོལ་བའི། །རྒྱལ་སྲས་ཐུ་བོ་རྗེ་བཙུན་འཇམ་པའི་དབྱངས། །འཕགས་མཆོག་ཀླུ་སྒྲུབ་དཔལ་ལྡན་སངས་རྒྱས་བསྐྱངས། །ཟླ་གྲགས་ཞི་བ་ལྷ་དང་བཅས་ལ་འདུད། །མདོ་རྒྱུད་མ་ལུས་ཐུབ་པའི་དགོངས་པ་བཞིན། །འཆད་རྩོད་རྩོམ་ལ་འཕགས་དང་བོད་ཡུལ་ན། །འགྲན་ཟླ་མ་མཆིས་རྒྱལ་སྲས་སྙིང་སྟོབས་ཆེ། །རྒྱལ་བ་གཉིས་པ་སྲས་དང་བཅས་ལ་འདུད། །བརྩེ་བ་ཆེན་པོས་འགྲོ་ཀུན་རྗེས་སུ་འཛིན། །བསླབ་གསུམ་དུལ་ཞིའི་དཔལ་གྱིས་མངོན་པར་མཐོ། །རྩ་བའི་བླ་མ་མཁས་དང་གྲུབ་པའི་ཚོགས། །སྙིང་དབུས་བཞུགས་ལ་བློ་གྲོས་མཆོག་སྩོལ་ཅིག །གང་ཞིག་སྙིང་ནས་གྲོལ་བ་དོན་གཉེར་རྣམས། །འཇུག་བྱའི་གནས་སུ་དཔེ་ཟླ་མ་མཆིས་པའི། །གཞུང་མཆོག་ལེགས་བཤད་སྙིང་བོ་གང་དེ་ནི། །དྲི་མེད་རིགས་པས་འདིར་ནི་འགྲེལ་ལ་སྤྲོ། །

དེ་ལ་འདིར་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནང་ནས་སྙིང་སྟོབས་ཆེན་པོར་བསྔགས་པ་བདག་ཅག་གི་འདྲེན་མཆོག་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་ཞེས་ས་གསུམ་ན་འགྲན་ཟླ་དང་བྲལ་བ་དེ་ཉིད་ཀྱིས་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་ལ་ཡང་དག་པའི་རིགས་པའི་ལམ་ནས་དྲངས་པའི་དད་པ་བཅོས་མ་མ་ཡིན་པས་མཚམས་སྦྱར་ཏེ་ཐལ་མོ་སྦྱར་བ་དབུར་བཞག་ནས་དོན་ཟབ་མོ་རྟེན་ཅིང་འབྲེལ་བར་འབྱུང་བའི་གཏམ་ལས་བརྩམས་ཏེ་བསྟན་བཅོས་ལེགས་པར་བཤད་པའི་སྙིང་བོ་ཞེས་བྱ་བ་འདི་ཉིད་ཀྱི་སྒོ་ནས་བཀའ་དྲིན་རྗེས་སུ་དྲན་ཏེ་བསྟོད་པར་མཛད་དོ་ཞེས་བྱ་བ་ནི་གླེང་བར་བྱ་བའི་གཞིའོ། །ཚུལ་དེ་ཡང་ཇི་ལྟ་བུ་ཞེ་ན་འདི་ལ་གསུམ། བསྟན་བཅོས་ལ་འཇུག་པའི་སྒོ་མཆོད་པར་བརྗོད་པ། འཇུག་བྱ་བསྟན་བཅོས་ཀྱི་རང་བཞིན། བསྟན་བཅོས་མཐར་ཕྱིན་པའི་བྱ་བའོ། །

དང་པོ་ལ་གཉིས། འགྱུར་ཕྱག་དང་མཐུན་པའི་མཆོད་བརྗོད་དང་། ལུས་རྣམ་གཞག་གི་ཚུལ་གྱིས་མཆོད་པར་བརྗོད་པའོ། །དང་པོ་ནི། ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། བླ་མ་དང་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །ཞེས་པ་སྟེ་བསྟན་བཅོས་འདི་ཉིད་མངོན་པའི་སྡེ་སྣོད་དུ་གཏོགས་པས་འཇམ་དཔལ་ལ་མཆོད་པར་བརྗོད་པ་སྟེ། སྔོན་གྱི་སྲོལ་དང་མཐུན་པར་མཛད་པའོ། །ཚིག་དོན་གོ་སླ། གཉིས་པ་ནི།

གང་ཞིག་གཟིགས་ཤིང་གསུང་བ་ཡིས།

མཁྱེན་དང་སྟོན་པ་བླ་ན་མེད།

རྒྱལ་བ་རྟེན་ཅིང་འབྲེལ་བར་འབྱུང་།

གཟིགས་ཤིང་འདོམས་པ་དེ་ལ་འདུད།

 ཅེས་རྐང་བ་བཞིས་སྟོན།དོན་ནི། སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། ཁྱོད་ལ་སྙིང་ཐག་པ་ནས་འདུད་ཅིང་ཕྱག་འཚལ་བའི་རྒྱུ་མཚན་ཡོད་དེ། ཁྱོད་དོན་གཉིས་ཕུན་སུམ་ཚོགས་པས་སྟོན་པ་བོ་གཞན་ལས་ཁྱད་པར་དུ་འཕགས་པའི་སྐྱབས་ཡང་དག་པ་ཡིན་པའི་ཕྱིར། དེ་ཆོས་ཅན། ཁྱོད་དོན་གཉིས་ཕུན་སུམ་ཚོགས་པ་མཐར་ཕྱིན་པའི་སྐྱབས་ཡིན་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོ་སྟོང་བ་ཉིད་གཟིགས་པ་མཐར་ཕྱིན་པའི་ཆོས་ཀྱི་སྐུ་ལ་མངའ་བརྙེས་ཤིང་དག་པ་དང་མ་དག་པའི་གདུལ་བྱ་མཐའ་ཡས་པ་ལ་གཟུགས་སྐུ་རྣམ་པ་གཉིས་སྣང་བར་བྱེད་པའི་སྒོ་ནས་དོན་དེ་ཉིད་འདོམས་པས་འཁོར་བའི་འཇིགས་པ་ལས་སྐྱོབ་པར་བྱེད་པའི་ཕྱིར། རྒྱུ་མཚན་དེས་སྟོན་པ་གཞན་ལས་ཁྱད་ཞུགས་པར་གྲུབ་སྟེ། དབང་ཕྱུག་ལ་སོགས་པ་དེ་དག་ལ་ནི་རང་ཉིད་སྲིད་པའི་འཇིགས་པ་ལས་གྲོལ་ཞིང་གཞན་སྒྲོལ་བར་ནུས་པའི་ཡོན་ཏན་དེ་མེད་པའི་ཕྱིར། དེས་ན་གྲོལ་བ་དོན་དུ་གཉེར་བ་རྣམས་ཀྱི་མངོན་པར་འདོད་པའི་དོན་ནི་འཁོར་བའི་སྡུག་བསྔལ་ལས་ཐར་བའི་གོ་འཕང་ཡིན་པས་གང་གིས་དོན་དེ་ཉིད་སྒྲུབ་བྱེད་ཀྱི་ཐབས་ཡང་དག་པ་གཟིགས་པ་དང་གསུང་བ་སྟེ་སྟོན་པར་བྱེད་པ་དེ་ལ་ནི་མཁྱེན་པ་བླ་ན་མེད་པ་དང་སྟོན་པ་བླ་ན་མེད་པ་ཞེས་བསྔགས་པར་འོས་པ་ཡིན་ལ། བདུད་བཞིའི་གཡུལ་ལས་རྒྱལ་བའི་བཅོམ་ལྡན་འདས་ཀྱིས་ནི་གང་གིས་སེམས་ཅན་རྣམས་སྡུག་བསྔལ་གྱིས་ཉེན་པའི་རྒྱུའི་གཙོ་བོ་མ་རིག་པ་ལྡོག་པར་བྱེད་པའི་ཐབས་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ཟབ་མོ་ཇི་ལྟ་བ་བཞིན་དུ་གཟིགས་ཤིང་དོན་དེ་ཉིད་གཞན་ལ་ཐུགས་བརྩེ་བ་ཆེན་པོས་འདོམས་པར་མཛད་པས་ན་མཁྱེན་པ་དང་སྟོན་པ་བླ་ན་མེད་པར་གྲུབ་པ་ཡིན་ནོ། །

          བསྟན་བཅོས་ཀྱི་བརྗོད་བྱའི་གཙོ་བོ་ཡང་བཅོམ་ལྡན་འདས་འབའ་ཞིག་གྲོལ་བ་དོན་དུ་གཉེར་བ་ལ་མི་བསླུ་བའི་སྐྱབས་གནས་སུ་བསྒྲུབས་ཏེ་དོན་དེ་ལས་བཀའ་དྲིན་རྗེས་སུ་དྲན་པ་སྒོམ་ཚུལ་སྟོན་པ་ཉིད་ཡིན་ལ། ཚིགས་སུ་བཅད་པ་འདིས་ཀྱང་དོན་དེ་མདོར་བསྡུས་ཏེ་སྟོན་པས་ལུས་རྣམ་པར་བཞག་པ་ཡང་ཡིན་ནོ། །བརྗོད་པར་བྱ་བ་ནི་བཤད་ཟིན་ཏོ། །དགོས་པ་ནི་ཆེད་དུ་བྱ་བའི་གདུལ་བྱས་བསྟན་བཅོས་འདི་ལ་བརྟེན་ནས་རྒྱལ་བའི་བསྟན་པ་ལ་ཐོས་བསམ་སྒོམ་གསུམ་གྱིས་ཞུགས་ཏེ་རྟེན་འབྲེལ་ཟབ་མོའི་དོན་རྟོགས་པའོ། །ཉིང་དགོས་ནི། གདུལ་བྱས་སྟོང་བ་ཉིད་རྟོགས་པའི་དོན་དེ་བསོད་ནམས་ཀྱི་ཚོགས་དང་འབྲེལ་བར་ཉམས་སུ་བླངས་པས་སྒྲིབ་གཉིས་སྤངས་ཏེ་སྐུ་གསུམ་གྱི་གོ་འཕང་འཐོབ་པའོ། །འབྲེལ་བ་ནི། ཉིང་དགོས་དགོས་པ་ལ་རག་ལས་ཤིང་དགོས་པ་བརྗོད་བྱ་ལ་རག་ལས་པའོ། །

གཉིས་པ་ལ་ལྔ། རྟེན་འབྲེལ་གསུངས་པའི་སྒོ་ནས་བསྟོད་པའི་རྒྱུ་མཚན། སངས་རྒྱས་ཁོ་ན་གྲོལ་བ་དོན་གཉེར་ལ་མི་བསླུ་བར་སྒྲུབ་པ། དེ་ལས་རྒྱལ་བའི་བསྟན་པ་ཁོ་ན་ཐར་འདོད་ཀྱི་འཇུག་ངོགས་སུ་བསྟན་པ། དེ་ལ་བརྟེན་ནས་སངས་རྒྱས་ཀྱི་བཀའ་དྲིན་རྗེས་སུ་དྲན་ཚུལ། མཇུག་བསྡུ་བའོ། །དང་པོ་ལ་གསུམ་ལས། རྟེན་འབྲེལ་འཁོར་བའི་རྩ་བ་གཅོད་བྱེད་དུ་སྟོན་པ་ནི།

འཇིག་རྟེན་རྒུད་པ་ཇི་སྙེད་པ། །

དེ་ཡི་རྩ་བ་མ་རིག་སྟེ། །

གང་ཞིག་མཐོང་བས་དེ་ལྡོག་པ། །

རྟེན་ཅིང་འབྲེལ་བར་འབྱུང་བར་གསུངས། །

ཞེས་སོགས་ཚིག་རྐང་བཞིས་སྟོན།དོན་ནི། ཤེས་བྱ་ཆོས་ཅན། རྟེན་ཅིང་འབྲེལ་བར་འབྱུང་བ་རྟོགས་པའི་བློ་དེ་འཁོར་བའི་རྩ་བ་གཅོད་བྱེད་ཡིན་ཏེ། འཇིག་རྟེན་གྱི་སྐྱེ་རྒ་ན་འཆིའི་རྒུད་པ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱི་རྩ་བ་སྟེ་རྒྱུའི་གཙོ་བོ་མ་རིག་པ་ཡིན་པ་གང་ཞིག གང་ཞིག་མཐོང་བའམ་རྟོགས་པ་ལས་མ་རིག་པ་དེ་ལྡོག་པར་འགྱུར་བའི་གཉེན་པོའི་གཙོ་བོ་ནི་ཟབ་མོ་སྟོང་བ་ཉིད་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པའི་ཕྱིར། དེ་ཡང་ཚུལ་ཇི་ལྟར་ཞེ་ན། རང་ཅག་གྲོལ་བ་དོན་དུ་གཉེར་བ་རྣམས་ཀྱིས་འདི་ལྟར་བསམ་པར་བྱ་སྟེ། འཁོར་བ་འདི་དག་ཐམས་ཅད་ནི་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བའི་རང་བཞིན་ལས་མ་འདས་ཤིང་རྟག་ཏུ་སྡུག་བསྔལ་གྱིས་མནར་བ་འདི་ལས་ཐར་བར་ནུས་སམ་མི་ནུས། འདི་ལ་རྒྱུ་ཡོད་དམ་མེད། ཡོད་ན་སྤོང་ཚུལ་ཇི་ལྟ་བུ་ཞེས་རྣམ་པར་དཔྱད་པར་བྱ་སྟེ། སྡུག་བསྔལ་རང་གི་ངོ་བོ་ཚེར་མ་གདོན་པ་ལྟར་སྤོང་མི་ནུས་པར་མཐོང་བའི་ཕྱིར་རོ། །

དེ་ལྟར་བརྟགས་པ་ན་རྒྱུ་མེད་པ་དང་མི་མཐུན་པའི་རྒྱུ་ལས་འབྱུང་བ་ནི་མི་རིགས་ཏེ། རིག་པའི་དབང་ཕྱུག་གི་རྣམ་འགྲེལ་ལས། རེས་འགའ་བ་ཉིད་ཡིན་པས་ན་ཞེས་སོགས་ཀྱི་རིགས་པས་རྒྱུ་མེད་པ་མ་ཡིན་པར་འགྲུབ། འབྱུང་བ་དང་འབྱུང་འགྱུར་སོགས་ནི་རྒྱུ་འབྲས་ཀྱི་འབྲེལ་བ་མ་གྲུབ་ཅིང་དབང་ཕྱུག་སོགས་ནི་རྟག་པ་ཡིན་པས་དོན་བྱེད་པའི་ནུས་པ་དང་བྲལ་བའི་ཕྱིར་མི་མཐུན་པའི་རྒྱུ་ལས་འབྱུང་བ་ལེགས་པའི་ཕྱིར་རོ། །འདི་དག་གི་རིགས་པ་རྒྱས་པར་ནི་ཆོས་ཀྱི་གྲགས་པའི་གཞུང་ལས་ཤེས་པར་བྱོས་ཤིག འོ་ན་རྒྱུ་དེ་གང་ཞེ་ན། འདི་ལྟ་སྟེ། ལས་དང་ཉོན་མོངས་པའོ། །རྒྱུ་དེས་རང་ཅག་འཁོར་བར་འཁོར་ཚུལ་ཇི་ལྟར་ཡིན་ཞེ་ན་བཤད་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་མདོ་ལས་འདི་ཡོད་པས་འདི་འབྱུང་འདི་སྐྱེས་པའི་ཕྱིར་འདི་སྐྱེ་སྟེ། འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ།རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། ཞེས་པ་ནས། སྡུག་བསྔལ་གྱི་ཕུང་བོ་ཆེན་པོ་འབའ་ཞིག་པ་འདི་འབྱུང་བར་འགྱུར་རོ། །ཞེས་གསུངས་པ་ལྟར་ཡིན་ལ། དེ་ཡང་ཕྱི་ནང་གི་དངོས་པོ་རྣམས་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྒྲོ་འདོགས་པའི་བློ་ནི་འདིར་རིག་པ་ཡེ་ཤེས་བསྐྱེད་པའི་འགལ་ཟླ་མི་མཐུན་ཕྱོགས་ཡིན་པས་ན་མ་རིག་པ་ཞེས་བྱ་སྟེ། དེ་ལ་གང་ཟག་དང་ཆོས་ཀྱི་བདག་ཏུ་རྨོངས་པའི་མ་རིག་པ་གཉིས་སོ། །དེས་དེ་ཁོ་ན་ཉིད་དང་ལས་འབྲས་ལ་རྨོངས་པའི་དབང་གིས་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བའི་ལས་གསོག་གོ །དེས་རྣམ་པར་ཤེས་པ་ལ་བག་ཆགས་བསྒོས་ཏེ་བག་ཆགས་དེ་ཉིད་སྲེད་ལེན་གྱིས་གསོས་བཏབ་སྟེ་ཡང་སྲིད་ཕྱི་མ་ལེན་པ་ལ་ནུས་མཐུ་ཅན་དུ་གྱུར་པ་ལ་སྲིད་པ་ཞེས་བྱ་ཞིང་། དེས་རྣམ་པར་ཤེས་པ་ཉིང་མཚམས་སྦྱར་ཏེ་མིང་གཟུགས་སྐྱེ་མཆེད་རེག་པ་ཚོར་བ་རྣམས་རིམ་གྱིས་འགྲུབ་བོ། །ཉིང་མཚམས་སྦྱོར་བ་ནི་སྐྱེ་བ་དང་སྐད་ཅིག་ཕྱི་མར་གནས་འགྱུར་བ་ནི་རྒ་བ་དང་ཕུང་བོ་རིགས་མཐུན་དོར་བ་ནི་ཤི་བའོ། །

དེ་ལྟ་བུའི་རྟེན་འབྲེལ་བཅུ་གཉིས་ཀྱི་རིམ་པས་འཁོར་བར་བརྒྱུད་མར་སྐྱེ་བ་བླངས་ཏེ་སྡུག་བསྔལ་རྣམ་པ་སྣ་ཚོགས་ཀྱིས་མནར་བའི་ཚུལ་ལ་ཞིབ་ཏུ་བསམ་པར་བྱའོ། །དབྱེ་བསྡུ་དང་ཚེ་དུ་ལ་རྫོགས་པ་སོགས་རྒྱས་པར་ནི་རྗེ་ཡབ་སྲས་ཀྱི་ལེགས་བཤད་ལས་ཤེས་པར་བྱའོ། །

འོ་ན་མ་རིག་པས་འཕེན་བྱེད་ཀྱི་ལས་དེ་ལྟར་གསོག་པ་ཅིས་འགྲུབ་ཅེ་ན། སེམས་ཅན་རྣམས་ནི་དང་པོར་ངར་འཛིན་པའི་འཇིག་ལྟ་ལྷན་སྐྱེས་ཀྱིས་བདག་ཏུ་འཛིན་པས་བདག་ལ་མངོན་པར་ཞེན་ཅིང་ཆགས་པར་བྱེད་ལ། དེ་ནས་མིག་རྣ་སོགས་ལ་ང་ཡིའོ་སྙམ་དུ་བདེན་པར་འཛིན་པའི་འཇིག་ལྟ་བསྐྱེད་ཅིང་དེའི་མཐུས་བདག་གི་བདེ་བ་སྒྲུབ་པ་ལ་ཆགས་པར་བྱེད། དེ་ནས་རྒྱུད་ཐ་དད་པ་ལ་གཞན་དུ་རིས་སུ་བཅད་དེ་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པས་རང་ཕྱོགས་ལ་ཆགས་པ་དང་གཞན་ཕྱོགས་ལ་ཞེ་སྡང་བས་ཀུན་ནས་བསླངས་ཏེ་བདག་ཉིད་ཀྱི་བདེ་བ་སྲུང་བར་རློམ་པས་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་སོགས་ཀྱི་ལས་ལ་འཇུག་པར་འགྱུར་རོ། །དེ་སྐད་དུ་ཡང་དཔལ་ལྡན་ཟླ་བའི་ཞབས་ཀྱིས། དང་པོར་ང་ཞེས་བདག་ལ་ཞེན་གྱུར་ཅིང་། །བདག་གི་འདི་ཞེས་དངོས་ལ་ཆགས་བསྐྱེད་པ། །ཟོ་ཆུན་འཕྱན་ལྟར་རང་དབང་མེད་པ་ཡི། །འགྲོ་ལ་ཞེས་དང་། །རིགས་པའི་དབང་ཕྱུག་གིས། གང་ཞིག་བདག་མཐོང་དེ་ལ་ནི། །ང་ཞེས་རྟག་ཏུ་ཞེན་གྱུར་ཅིང་། །ཞེས་སོགས་དང་། བདག་གཞན་ཆ་ལས་འཛིན་དང་སྡང་། །འདི་དག་དང་ནི་ཡོངས་འབྲེལ་ལས། །ཉེས་པ་ཐམས་ཅད་འབྱུང་བར་འགྱུར། །ཞེས་གསུངས་སོ། །བདེན་འཛིན་ཡན་ལག་བཅུ་གཉིས་ཀྱི་དང་པོའི་མ་རིག་པ་ཡིན་པ་ནི། ས་ལུ་ལྗང་བའི་མདོ་ལས། དེ་ཁོ་ན་ཉིད་ལ་མི་རྟོགས་ཤིང་ལོག་པར་ཤེས་ཏེ་མི་ཤེས་པ་ནི་མ་རིག་པའོ། །ཞེས་དང་། མགོན་པོ་ཀླུ་སྒྲུབ་ཀྱིས། རྒྱུ་དང་རྐྱེན་ལས་སྐྱེ་དངོས་རྣམས། །ཡང་དག་པར་ནི་རྟོག་པ་གང་། །དེ་ནི་སྟོན་པས་མ་རིག་གསུངས། །དེ་ལས་ཡན་ལག་བཅུ་གཉིས་འབྱུང་། །ཞེས་གསལ་བར་གསུངས་སོ། །གལ་ཏེ་འཁོར་བ་ནི་ལས་དང་ཉོན་མོངས་པའི་རྒྱུ་ཅན་ཡིན་པ་ལེགས་པར་བསྒྲུབས་མོད། འཁོར་བ་དེ་ཉིད་རྒྱུན་ཆད་པར་བྱེད་དུ་རུང་བར་གང་གིས་འགྲུབ་ཅེ་ན། དེ་ནི་ཤིན་ཏུ་འགྲུབ་སྟེ། གང་ཞིག་རང་གི་རྒྱུའི་རིགས་ལ་གནོད་བྱེད་སྟོབས་ལྡན་དམིགས་པ་དེ་ནི་རྒྱུན་ཆད་དུ་རུང་བས་ཁྱབ་སྟེ། དཔེར་ན་གྲང་རེག་ལ་གནོད་བྱེད་སྟོབས་ལྡན་མཐོང་བས་གྲང་འབྲས་སྤུ་ལོང་བྱེད་ཀྱི་རྒྱུན་ཆད་པ་མཐོང་བ་བཞིན། འཁོར་བའི་ཡང་རྒྱུའི་རིགས་ལ་གནོད་བྱེད་སྟོབས་ལྡན་དམིགས་པ་ཡིན་ནོ། །ཞེས་པའི་གཏན་ཚིགས་ལས་སོ། །འདིའི་ཁྱབ་པ་མངོན་སུམ་གྱིས་འགྲུབ་ལ། ཁོ་ན་རེ། ཕྱོགས་ཆོས་མ་གྲུབ་བོ་ཞེ་ན། སྒྲུབ་བྱེད་ཀྱི་གཏན་ཚིགས་ཡོད་དེ། གང་དངོས་པོའི་གནས་ལུགས་ལ་ལོག་པར་ཞུགས་པ་དེ་ལ་དེའི་རིགས་ལ་གནོད་བྱེད་སྟོབས་ལྡན་ཡོད་པས་ཁྱབ། དཔེར་ན་དུ་ལྡན་ལ་ལ་མེ་མེད་པར་འཛིན་པའི་སྒྲོ་འདོགས་བཞིན། ཆོས་བདེན་པར་འཛིན་པ་འདི་ཡང་དངོས་པོའི་གནས་ལུགས་ལ་ལོག་པར་ཞུགས་པ་ཡིན་ནོ། །ཞེས་སོ། །བདེན་འཛིན་མ་རིག་པ་ལ་གནོད་བྱེད་མཐོང་བས་སྡུག་བསྔལ་གྱི་རྒྱུ་ལ་གནོད་པར་ཅིས་འགྲུབ་ཅེ་ན། དེ་ནི་དེ་གཉིས་རྒྱུ་འབྲས་སུ་ངེས་བྱེད་ཀྱི་ཚད་མ་ལས་གྲུབ་སྟེ། གོང་དུ་བཤད་ཟིན་ཏོ། །འོ་ན་བདེན་འཛིན་མ་རིག་པའི་དངོས་ཀྱི་གཉེན་པོ་སྟོབས་ལྡན་དེ་གང་ཡིན་ཞེ་ན། དེ་ནི་ཟབ་མོ་སྟོང་བ་ཉིད་རྟེན་ཅིང་འབྲེལ་བར་འབྱུང་བ་རྟོགས་པའི་ཤེས་རབ་ཉིད་ཡིན་ཏེ། མ་རིག་པ་དང་འཛིན་སྟངས་དངོས་འགལ་དུ་ཞུགས་པའི་སྒོ་ནས་དངོས་པོའི་གནས་ལུགས་ཇི་ལྟ་བ་བཞིན་དུ་མཐོང་བའི་བློ་ཡིན་པའི་ཕྱིར་རོ། །འདི་ལ་བརྟེན་ནས་མ་རིག་པ་ལྡོག་པར་བྱེད་པའི་ཚུལ་ནི། ཐོག་མར་རྟེན་འབྲེལ་གྱི་རྟགས་ལས་གཟུགས་རང་བཞིན་མེད་པར་རྟོགས་པའི་རྗེས་དཔག་སྐྱེས་པ་ན་དེའི་ལྡོག་ཕྱོགས་ཀྱི་སྒྲོ་འདོགས་གཅོད་པར་བྱེད་ཅིང་། རྗེས་དཔག་དེའི་རྒྱུན་གོམས་པར་བྱས་པ་ལས་རིམ་གྱིས་བདེན་འཛིན་མངོན་གྱུར་གྱི་དབལ་གཞོམ་པ་དང་། རང་བཞིན་མེད་པའི་དོན་མངོན་སུམ་དུ་མཐོང་བས་མཉམ་པར་བཞག་པའི་སྐབས་སུ་གཉིས་སྣང་གི་སྤྲོས་པ་བཅད་པའི་ཚུལ་གྱིས་བདེན་འཛིན་གྱི་ནུས་པ་ཉམས་པར་བྱེད་པ་དང་། མཐོང་ཟིན་གོམས་པར་བྱས་པ་ལས་བདེན་འཛིན་ས་བོན་དང་བཅས་པ་སྤངས་ཏེ་ཉོན་མོངས་པའི་སྒྲིབ་པ་མ་ལུས་པ་སྤོང་བར་བྱེད་པ་དང་། ཐེག་ཆེན་གྱི་རིགས་ཅན་རྣམས་ནི་དང་པོ་ནས་ཚོགས་མཐའ་ཡས་པའི་གྲོགས་ཀྱིས་ཟིན་པར་བྱས་ཏེ་རིགས་པའི་རྣམ་གྲངས་མཐའ་ཡས་པས་གཏན་ལ་ཕབ་སྟེ་དུས་ཡུན་རིང་བོར་གོམས་པར་བྱས་པས་མཐར་ཤེས་བྱའི་སྒྲིབ་པ་ཡང་སྤོང་བར་བྱེད་དོ། །འདི་ནི་འཕགས་པ་ལྷས། རྟེན་ཅིང་འབྲེལ་བར་འབྱུང་བ་ནི། །མཐོང་ན་གཏི་མུག་འབྱུང་མི་འགྱུར། །ཞེས་དང་། ཀླུའི་ཞལ་སྔ་ནས་ཀྱིས། མ་རིག་འགག་པར་འགྱུར་བ་ནི། །ཤེས་པས་དེ་ཉིད་སྒོམ་པས་སོ། །ཞེས་སོགས་ལུགས་ལྡོག་གི་ཚུལ་གྱིས་རྣམ་བྱང་གི་རྟེན་འབྲེལ་རྒྱས་པར་བསྟན་པ་དང་། འཕགས་པ་ལྷས། ཞི་སྒོ་གཉིས་པ་མེད་པ་དང་། །ཞེས་དང་། ཡུལ་ལ་བདག་མེད་མཐོང་ན་ནི། །སྲིད་པའི་ས་བོན་འགག་པར་འགྱུར། །ཞེས་དང་། མགོན་པོ་ཞི་བ་ལྷས། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །ཞེས་དང་། ཀླུའི་ཞབས་ཀྱིས། མཚན་མ་མེད་པ་མ་རྟོགས་པར། །ཁྱོད་ཀྱིས་ཐར་བ་མེད་པར་གསུངས། །དེ་ཕྱིར་ཁྱོད་ཀྱིས་ཐེག་ཆེན་ལས། །དེ་ནི་ཚང་བར་བསྟན་པ་ལགས། །ཞེས་སོགས་རང་བཞིན་མེད་རྟོགས་ཀྱི་ལྟ་བ་ཐེག་པ་གཉིས་ཀའི་ལམ་གྱི་སྙིང་བོར་བསྒྲུབས་པ་ལས་ཤེས་པར་བྱའོ། །སྤྲོས་པས་ཆོག་གོ །

གཉིས་པ་རྟེན་འབྱུང་ཟབ་མོ་བསྟན་པའི་སྙིང་པོར་བསྟན་པ་ནི།

 དེ་ཚེ་བློ་དང་ལྡན་པ་ཡིས། །

རྟེན་ཅིང་འབྲེལ་བར་འབྱུང་བའི་ལམ། །

ཁྱོད་ཀྱི་བསྟན་པའི་གནད་ཉིད་དུ། །

ཇི་ལྟར་ཁོང་དུ་ཆུད་མི་འགྱུར། །

ཞེས་སོགས་རྐང་བ་བཞིས་སྟོན།དོན་ནི། ཤེས་བྱ་ཆོས་ཅན། བློ་གྲོས་དང་ལྡན་པ་རྣམས་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བའི་ལམ་ཟབ་མོ་འདི་ཉིད་བཅོམ་ལྡན་འདས་ཁྱོད་ཀྱི་བསྟན་པའི་སྙིང་པོའི་གནད་ཉིད་དུ་ཇི་ལྟར་ཁོང་དུ་ཆུད་པར་མི་འགྱུར་ཏེ་འགྱུར་བར་ཐལ། གང་གི་ཚེ་འཁོར་བའི་རྩ་བ་མ་རིག་པ་ཡིན་ཞིང་དེ་ཉིད་ལྡོག་པར་བྱེད་པའི་ཐབས་ཀྱི་གཙོ་བོ་རྟེན་འབྱུང་ཡིན་ལ་དེ་ལ་བརྟེན་ནས་ཐར་བ་དང་ཐམས་ཅད་མཁྱེན་པ་ཆོས་ཀྱི་སྐུ་བརྙེས་པར་འགྱུར་བ་དེའི་ཚེ་སྟེ་དེའི་ཕྱིར། དེ་ཡང་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོས་ཆོས་ཀྱི་ཕུང་བོ་མཐའ་ཡས་པ་ཞིག་བཀའ་བསྩལ་པ་དེ་དག་ཐམས་ཅད་དངོས་སམ་བརྒྱུད་པའི་སྒོ་ནས་དེ་ཁོ་ན་ཉིད་རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོ་ཉིད་གདུལ་བྱས་རྟོགས་པར་བྱེད་པའི་ཐབས་སུ་འགྱུར་བ་ཡིན་ཏེ། རྒྱལ་བའི་བཀའ་དེ་དག་གི་ཆེད་དུ་བྱ་བ་ནི་འགྲོ་བ་རྣམས་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགོད་པ་ཉིད་ཡིན་ལ་དོན་དེ་ཉིད་སྒྲུབ་པར་བྱེད་པ་ལ་རྟེན་ཅིང་འབྲེལ་བར་འབྱུང་བའི་ལྟ་བ་འདི་འགྲན་ཟླ་དང་བྲལ་བའི་ལམ་མཆོག་ཏུ་བསྒྲུབས་ཟིན་པ་ལྟར་ཡིན་པས་སོ། །དེ་སྐད་དུ་ཡང་ཤིང་རྟ་ཆེན་པོ་ཀ་མ་ལ་ཤཱི་ལས། བཅོམ་ལྡན་འདས་ཀྱི་བཀའ་ཐམས་ཅད་ནི་ལེགས་པར་གསུང་བ་སྟེ། མངོན་སུམ་དུའམ་བརྒྱུད་པས་དེ་ཁོ་ན་མངོན་དུ་གསལ་བར་བྱེད་པ་དང་། དེ་ཁོ་ན་ལ་གཞོལ་བ་ཉིད་དོ། །ཞེས་གང་གསུངས་པའོ། །དེའི་ཚུལ་ཡང་འདི་ཡིན་ཏེ། གང་ཞིག་མི་རྟག་པ་དང་སྡུག་བསྔལ་བ་དང་བདག་མེད་པ་དང་མི་གཙང་བ་སྒོམ་པ་ལ་སོགས་པའི་ཚུལ་བཀའ་བསྩལ་པ་དེ་དག་ཀྱང་ལམ་འདི་ལ་བཀྲི་བར་བྱ་བའི་ཆེད་དུ་གསུངས་པ་སྟེ།དེ་ལྟར་ཡང་བཅོམ་ལྡན་འདས་ཉིད་ཀྱིས་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པ་ལས། ནོར་བུ་མཁན་གྱིས་བཀྲུ་བ་གསུམ་དང་ཕྱི་བ་གསུམ་གྱིས་ནོར་བུ་སྦྱོང་བའི་དཔེས་དོན་འདི་ཉིད་གསལ་བར་བཀའ་བསྩལ་ཞིང་། མགོན་པོ་ཀླུ་སྒྲུབ་ཀྱིས་ཀྱང་། མི་རྟག་སྟོང་བ་སྡུག་བསྔལ་ཞེས། །བྱ་བ་གསུམ་པོས་སེམས་སྦྱོང་བྱེད། །མཆོག་ཏུ་སེམས་ནི་སྦྱོང་བྱེད་པའི། །ཆོས་ནི་རང་བཞིན་མེད་པ་ཡིན། །ཞེས་གསུངས་སོ། །དེ་བཞིན་དུ་དོན་སྨྲ་སྡེ་གཉིས་ཀྱིས་འདོད་པ་ལྟར་གྱི་གང་ཟག་གི་བདག་ནི་མེད་ལ།གཟུང་འཛིན་གཉིས་ཡོད་པ་དང་། སེམས་ཙམ་པའི་ལུགས་ལྟར་གཉིས་སྟོང་གི་ཤེས་པ་བདེན་གྲུབ་ལས་བརྩམས་པ་རྣམས་ཀྱང་མཐར་འདི་ལ་བཀྲི་བའི་ཆེད་དུ་གསུངས་པ་ཡིན་ཏེ། རིན་ཆེན་ཕྲེང་བ་ལས། བརྡའ་སྤྲོད་པ་དག་ཇི་ལྟ་བུར། །ཡི་གེའི་ཕྱི་མོ་ཀློག་འཇུག་ལྟར། །དེ་བཞིན་སངས་རྒྱས་སེམས་ཅན་ལ། །ཇི་ཙམ་བཟོད་པའི་ཆོས་སྟོན་ཏོ། །ཞེས་སོགས་ཀྱི་དོན་རྗེ་ཐམས་ཅད་མཁྱེན་པས་ཇི་སྐད་བཤད་པ་ལྟར་བཀྲལ་བའི་ཕྱིར་དང་། རྗེ་དགེ་འདུན་རྒྱ་མཚོས་ཀྱང་། གྲུབ་མཐའ་འོག་མ་འོག་མའི་ལྟ་བ་གོ་བ་གོང་མ་གོང་མའི་ལྟ་བ་གོ་བའི་ལམ་སྟེགས་སུ་གསུངས་པ་དེ་ལེགས་པར་བཤད་པ་ཆེན་པོ་ཡིན་པའི་ཕྱིར་རོ། །ཡང་གལ་ཏེ་དེ་དག་བདེན་དུ་ཆུག་མོད། མདོ་ལས། གང་ཟག་རྫས་སུ་ཡོད་པ་དང་ཕུང་བོ་བདེན་གྲུབ་ཏུ་གསུངས་པ་ཆོས་འདིའི་འགལ་ཟླ་མ་ཡིན་ནམ། ཇི་ལྟར་དྲང་ཞེ་ན། སྐྱོན་མེད་དེ། དེ་དག་ནི་གདུལ་བྱ་ཡུན་རིང་བོར་མུ་སྟེགས་ཀྱི་ལྟ་བ་གོམས་པས་ཟབ་མོ་རེ་ཞིག་བསྟན་པའི་སྣོད་དུ་མི་རུང་བ་རྣམས་ལ་ཐོག་མར་ཚུལ་དེ་ལྟར་བསྟན་པས་མུ་སྟེགས་ཀྱི་ལུགས་བསལ་ནས་དེ་དག་གི་དོན་ཆེན་པོ་འདྲེན་པར་འགྱུར་ཞིང་ཕྱི་ནས་གསུང་རབ་ཀྱི་དོན་ལེགས་པར་རིག་ནས་གང་ཟག་རྫས་སུ་ཡོད་པ་སོགས་ཀྱང་སྤོང་བར་འགྱུར་བས་དེ་ལྟར་བསྟན་པ་ལ་ཡོན་ཏན་ཁོ་ན་འབྱུང་གི་སྐྱོན་མི་འབྱུང་བའི་ཕྱིར་རོ། །ཚུལ་འདི་ཡང་རྒྱས་པར་ནི་རྗེ་ཐམས་ཅད་མཁྱེན་པའི་ལེགས་པར་བཤད་པ་འཇུག་པའི་རྣམ་བཤད་ཆེན་མོར་གསལ་བས་དེར་བལྟའོ། །རིམ་པ་འདི་ལྟར་དུ་འཁྲིད་པའི་ཚུལ་ལ་དགོངས་ནས།འཕགས་པ་ལྷས། གང་ཞིག་གང་གང་ལ་དགའ་བ། །དེ་ཡིས་དེ་དེ་སྔར་སྤྱད་བྱ། །ཉམས་པ་གྱུར་པ་དམ་ཆོས་ཀྱི། །སྣོད་ནི་ཅིས་ཀྱང་མ་ཡིན་ནོ། །ཞེས་གསུངས་སོ། །དེ་ལྟར་ན་རྟེན་འབྲེལ་སྟོན་པའི་མདོ་རྣམས་ལུང་གི་བསྟན་པའི་སྙིང་པོ་དང་། རྟེན་འབྲེལ་སྟོང་བ་ཉིད་སྒོམ་པར་བྱེད་པ་རྟོགས་པའི་བསྟན་པའི་སྙིང་པོ་ཡིན་ནོ་ཞེས་བྱ་བ་འདི་ལེགས་པར་འགྲུབ་བོ། །

གསུམ་པ་རྟེན་འབྲེལ་གསུངས་པའི་སྒོ་ནས་བསྟོད་པ་ཉིད་བསྟོད་པའི་སྒོ་མཆོག་ཏུ་སྟོན་པ་ནི།

དེ་ལྟ་ལགས་ན་མགོན་ཁྱོད་ལ། །

བསྟོད་པའི་སྒོ་ནི་སུ་ཞིག་གིས། །

བརྟེན་ནས་འབྱུང་བ་གསུངས་པ་ལས། །

ངོ་མཚར་གྱུར་བ་ཅི་ཞིག་རྙེད། །

ཅེས་སོགས་རྐང་བ་བཞིས་སྟོན།དོན་ནི། ཤེས་བྱ་ཆོས་ཅན། མགོན་པོ་ཁྱོད་ལ་བསྟོད་པའི་སྒོ་མང་དུ་ཡོད་པ་ལས་བསྟོད་པ་བོ་སུ་ཞིག་གིས་རྟེན་ཅིང་འབྲེལ་བར་འབྱུང་བ་གཟིགས་ཤིང་གསུངས་པ་ལས་བརྩམས་ཏེ་བསྟོད་པར་བྱེད་པ་འདི་ལས་ངོ་མཚར་དུ་གྱུར་པ་དང་རྨད་དུ་བྱུང་བ་ཅི་ཞིག་རྙེད་དེ་མི་རྙེད་པར་ཐལ། རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་འདི་ལུང་དང་རྟོགས་པའི་བསྟན་པའི་སྙིང་པོ་ཡིན་པར་བསྒྲུབས་ཟིན་པ་དེ་ལྟར་ལགས་ན་སྟེ་དེ་ལྟར་ཡིན་པའི་ཕྱིར་རོ། །དེ་ཡང་འདི་ལྟར་རིག་པར་བྱ་སྟེ། བཅོམ་ལྡན་འདས་ལ་བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྫུ་འཕྲུལ་དང་། མངོན་པར་ཤེས་པ་མངའ་བ་སོགས་ཀྱི་སྒོ་ནས་བསྟོད་པ་ནི་བསྟོད་པ་དམ་པ་མ་ཡིན་ཏེ། ཡོན་ཏན་དེ་དག་ནི་ཕྱི་རོལ་བ་དང་ཐུན་མོང་བ་ཡིན་པའི་ཕྱིར་རོ། །སྐུ་མཚན་དཔེ་དང་ལྡན་པ་དང་བྱང་ཕྱོགས་སོ་བདུན་སོགས་མངའ་བས་བསྟོད་པ་ཡང་ཆེས་མཆོག་ཏུ་གྱུར་པ་མ་ཡིན་ཏེ། དེ་ཙམ་གྱིས་བསྟོད་ཡུལ་སངས་རྒྱས་དེ་ཉིད་གྲོལ་བ་དོན་གཉེར་གྱི་སྐྱབས་ཡང་དག་ཏུ་ངེས་མི་ནུས་པའི་ཕྱིར། དེ་ཁོ་ན་ཉིད་རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་འདི་ཉིད་མཁྱེན་པ་དང་གསུངས་པ་སོགས་ཀྱིས་བསྟོད་པ་ནི་བསྟོད་པའི་སྒོ་བླ་ན་མེད་པ་ཡིན་ཏེ། ཚུལ་འདི་ནི་རང་གི་སྟོན་པ་བཅོམ་ལྡན་འདས་ཉིད་སྟོན་པ་གཞན་ལས་ཁྱད་པར་དུ་འཕགས་པའི་འཕགས་ཆོས་བླ་ན་མེད་པ་ཡིན་པའི་ཕྱིར་དང་། རྟེན་འབྱུང་སྟོང་བ་ཉིད་རྟོགས་པས་བཅོམ་ལྡན་འདས་ཀྱི་དགོངས་པ་མཐར་ཐུག་གོ་བར་ནུས་པའི་ཕྱིར་དང་། ཐུབ་པའི་དབང་བོ་འཇིག་རྟེན་དུ་བྱོན་པའི་དགོས་པའི་གཙོ་བོ་ཡང་ཚུལ་འདི་གསལ་བར་བྱ་ཆེད་ཡིན་པའི་ཕྱིར་རོ། །དང་པོ་གྲུབ་སྟེ། ལེགས་བཤད་སྙིང་པོ་ལས། རང་བཞིན་གྱིས་སྟོང་བའི་དོན་རྟེན་འབྱུང་གི་དོན་དུ་གསུངས་པ་འདི་ཉིད་རང་གི་སྟོན་པ་སྨྲ་བ་གཞན་ལས་ཁྱད་པར་དུ་འཕགས་པའི་འཕགས་ཆོས་བླ་ན་མེད་པར་གཟིགས་ནས་སློབ་དཔོན་གྱིས་གཞུང་མང་པོར་བཅོམ་ལྡན་འདས་ལ་རྟེན་འབྱུང་གསུངས་པའི་སྒོ་ནས་བསྟོད་དེ་ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ཡང་གྲུབ་སྟེ། མདོ་ལས། དངོས་པོ་གཅིག་གི་བསམས་བྱས་ན། །དེ་དག་ཐམས་ཅད་སྒོམ་འགྱུར་ཏེ། །སངས་རྒྱས་ཀུན་གྱིས་ཆོས་མང་པོ། །ཇི་སྙེད་རབ་ཏུ་བསྟན་པ་རྣམས། །ཆོས་རྣམས་ཀུན་གྱི་བདག་མེད་ཡིན། །མི་གང་དོན་ལ་མཁས་རྣམས་ཀྱིས། །གནས་འདི་ལ་ནི་བསླབ་བྱས་ན། །སངས་རྒྱས་ཆོས་རྣམས་རྙེད་མི་དཀའ། །ཞེས་སངས་རྒྱས་རྣམས་ཀྱིས་ཆོས་ཇི་སྙེད་ཅིག་གསུངས་པ་དེ་དག་ཐམས་ཅད་ཀྱི་དོན་རྟེན་འབྲེལ་སྟོང་བ་ཉིད་རྟོགས་པར་འགྱུར་བར་གསུང་ཤིང་། དེའི་རྒྱུ་མཚན་ཡང་སངས་རྒྱས་ཀྱིས་ཆོས་གསུངས་པ་དེ་དག་གི་དགོས་པའི་གཙོ་བོ་གདུལ་བྱས་རྟེན་འབྲེལ་སྟོང་བ་ཉིད་རྟོགས་པར་བྱ་བ་ཉིད་ཡིན་པ་ལ་ཐུག་པའི་ཕྱིར་རོ། །གསུམ་པ་ཡང་གྲུབ་སྟེ།སངས་རྒྱས་འཇིག་རྟེན་དུ་བྱོན་པའི་དགོས་པའི་གཙོ་བོ་སེམས་ཅན་གྲོལ་བར་བྱ་བའི་ཆེད་ཡིན་ཞིང་དེ་ལ་ཟབ་མོ་སྟོང་བ་ཉིད་ཀྱི་ཚུལ་འདི་ཉིད་འབའ་ཞིག་ཐབས་ཀྱི་ཚུལ་དང་རིགས་པའི་རྣམ་གྲངས་མཐའ་ཡས་པས་གདུལ་བྱ་རྣམས་ལ་གསལ་བར་མཛད་དགོས་པའི་ཕྱིར། དེ་ལྟར་ཡང་མདོ་ལས། སྟོང་བ་ཞི་བ་སྐྱེ་བ་མེད་པའི་ཚུལ། །མི་ཤེས་པས་ནི་འགྲོ་བ་འཁྱམས་གྱུར་པ། །དེ་དག་ཐུགས་རྗེ་མངའ་བས་ཐབས་ཚུལ་དང་། །རིགས་པ་བརྒྱ་དག་གིས་ནི་འཛུད་པར་མཛད། །ཞེས་གསུངས་སོ། །རྒྱུ་མཚན་འདི་དག་ལ་དགོངས་ནས་མགོན་པོ་ཀླུ་སྒྲུབ་ཀྱིས་ཀྱང་རིགས་པའི་ཚོགས་རྣམས་དང་བསྟོད་ཚོགས་སོགས་སུ་རྟེན་འབྲེལ་གསུངས་པ་འབའ་ཞིག་གི་སྒོ་ནས་བསྟོད་པར་མཛད་ཅིང་རྗེ་ཐམས་ཅད་མཁྱེན་པས་ཀྱང་དེ་ཁོ་ན་ལྟར་མཛད་དོ། །ཞེས་ཤེས་པར་བྱའོ། །

གཉིས་པ་བཅོམ་ལྡན་འདས་ཉག་གཅིག་གྲོལ་བ་དོན་གཉེར་ལ་མི་བསླུ་བའི་སྐྱེས་བུར་བསྟན་པ་ལ་གཉིས། བཅོམ་ལྡན་འདས་ཀྱི་ལུང་གི་བསྟན་པ་སྐྱོན་མེད་དུ་སྒྲུབ་པ། དེ་ལས་སངས་རྒྱས་ཉིད་གྲོལ་བ་དོན་གཉེར་ལ་མི་བསླུ་བར་སྒྲུབ་པའོ། །

དང་པོ་ལ་གཉིས། སྟོང་བ་ཉིད་སྟོན་པའི་བཀའ་རྣམས་སྐྱོན་མེད་དུ་སྒྲུབ་པ། དཔེ་དེས་བཀའ་གཞན་རྣམས་ཀྱང་སྐྱོན་མེད་དུ་སྒྲུབ་པའོ། །དང་པོ་ལ་གསུམ། རང་བཞིན་གྱིས་སྟོང་བ་རྟེན་འབྱུང་གི་དོན་དུ་གསུངས་ཚུལ། དེ་ལྟར་ཁས་མི་ལེན་པ་ལ་གནོད་བྱེད་བསྟན་པ་དང་། སྟོང་བ་རྟེན་འབྱུང་གི་དོན་དུ་གསུངས་པས་སྒྲོ་སྐུར་གྱི་ལྟ་བ་སྤོང་ཚུལ་ལོ། །དང་པོ་ལ་མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས།དང་པོ་ལ་གསུམ་ལས།

དང་པོ་སྟོང་བ་རྟེན་འབྱུང་གི་དོན་དུ་གསུངས་ཚུལ་དངོས་ནི།

གང་གང་རྐྱེན་ལ་རག་ལས་པ། །

དེ་དེ་རང་བཞིན་གྱིས་སྟོང་ཞེས། །

གསུངས་པ་འདི་ལས་ཡ་མཚན་པའི། །

ལེགས་འདོམས་ཚུལ་ནི་ཅི་ཞིག་ཡོད། །

ཅེས་སོགས་རྐང་བ་བཞིས་སྟོན།དོན་ནི། ཆོས་ཅན། སངས་རྒྱས་བཅོམ་ལྡན་འདས་ཁྱོད་ཀྱིས་གང་དང་གང་རྒྱུ་རྐྱེན་ལ་རག་ལས་པའི་ཕྱི་ནང་གི་དངོས་པོ་དེ་དང་དེ་དག་ནི་རང་བཞིན་གྱིས་གྲུབ་པས་སྟོང་ངོ་ཞེས་གསུངས་པ་འདི་ལས་ཆེས་ཡ་མཚན་པའི་ལེགས་འདོམས་ཚུལ་ནི་ཅི་ཞིག་ཡོད་དེ་མེད་པར་ངེས་ཏེ། གསུང་དེ་ལ་བརྟེན་ནས་གདུལ་བྱ་རྣམས་ཀྱིས་བདེན་པར་འཛིན་པའི་བློ་ནི་ཡུལ་ལ་ཕྱིན་ཅི་ལོག་ཏུ་ཞུགས་པའོ་ཞེས་ངེས་ནས་མཐའ་གཉིས་དང་བྲལ་བའི་དབུ་མའི་ལམ་ལ་ཞུགས་ནས་ཐར་བའི་གོ་འཕང་འཐོབ་པར་ནུས་པའི་ཕྱིར་རོ། །འོ་ན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚུལ་འདི་ཉིད་ཇི་ལྟར་བཀའ་བསྩལ་ཅེ་ན། བཤད་པར་བྱ་སྟེ། མ་དྲོས་པས་ཞུས་པ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེས་པའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་བར་བཤད། །གང་ཞིག་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་པའི་ཚུལ་གྱིས་སོ། །དེ་ཡང་འདི་ལྟར་ཤེས་པར་བྱ་སྟེ། རང་བཞིན་གྱིས་མ་སྐྱེས་ཏེ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའོ། །རྐྱེན་ལས་སྐྱེས་པ་ནི་གཏན་ཚིགས་སོ། །བསྒྲུབ་པར་བྱ་བ་ངེས་པས་ནི་རྟག་ལྟ་སེལ་ཞིང་རང་བཞིན་མེད་པ་ལ་ངེས་པ་རྙེད་པར་འགྱུར་ལ། གཏན་ཚིགས་ངེས་པས་ཆད་ལྟ་སེལ་ཞིང་ལས་འབྲས་སོགས་ཐ་སྙད་ཀྱི་རྣམ་གཞག་ལ་ངེས་པ་རྙེད་པར་འགྱུར་རོ། །དེ་ལྟར་ཡང་དཔལ་ལྡན་ཟླ་བས། གང་ཕྱིར་དངོས་པོ་བརྟེན་ནས་རབ་འབྱུང་བས། །རྟོག་པ་འདི་དག་བརྟག་པར་མི་ནུས་པ། །དེ་ཕྱིར་རྟེན་འབྱུང་རིགས་པ་འདི་ཡིས་ནི། །ལྟ་ངན་དྲ་བ་མཐའ་དག་གཅོད་པར་བྱེད། །ཅེས་སོ། །དེ་ཡང་ཡིན་ཏེ། རྟག་པ་དང་ཆད་པའི་མཐར་འཛིན་པ་ལ་སོགས་པའི་ལྟ་བ་ངན་པ་དག་ནི་རང་བཞིན་གྱིས་གྲུབ་པར་འཛིན་པ་ཉིད་ལས་སྐྱེ་བར་འགྱུར་བ་ཡིན་པས་ན་བདེན་འཛིན་འདི་ཉིད་བཀག་པས་མཐར་འཛིན་གྱི་ལྟ་བ་དེ་དག་ཀྱང་སྐྱེ་བར་མི་ནུས་པའི་ཕྱིར། དཔེར་ན་བུད་ཤིང་མེད་པར་མེ་མི་འབྱུང་བ་བཞིན། ཞེས་བསྟན་པའི་ཕྱིར། དེ་ཉིད་ཀྱིས། རྟག་རྣམས་དངོས་པོ་ཡོད་ན་འབྱུང་བ་སྟེ། །དངོས་པོ་ཇི་ལྟར་མེད་པར་ཡོངས་དཔྱད་ཟིན། །དངོས་པོ་མེད་པར་འདི་རྣམས་མི་འབྱུང་སྟེ། །བུད་ཤིང་མེད་པར་མེ་ཡོད་མིན་དེ་བཞིན། །ཞེས་ཀྱང་གསུངས་སོ། །འདི་དག་ལས་བརྩམས་ཏེ་བཤད་པར་བྱ་བ་མང་དུ་ཡོད་ཀྱང་ཡི་གེ་མང་བས་འཇིགས་ནས་མ་བྲིས་སོ། །

གཉིས་པ་རྟེན་འབྱུང་གི་རྒྱུ་མཚན་གྱིས་རང་བཞིན་གྱིས་གྲུབ་མ་གྲུབ་ཏུ་ལྟ་བ་འཆིང་གྲོལ་གྱི་རྒྱུར་བསྟན་པ་ནི།

གང་དུ་བཟུང་བའི་བྱིས་པ་རྣམས། །

མཐར་འཛིན་འཆིང་བ་བརྟན་བྱེད་ཅིང་། །

དེ་ཉིད་མཁས་ལ་སྤྲོས་པ་ཡི། །

དྲ་བ་མ་ལུས་གཅོད་པའི་སྒོ། །

ཞེས་སོགས་རྐང་བ་བཞི་གསུངས།དོན་ནི། ཆོས་ཅན། གང་དངོས་པོ་བདེན་པར་གྲུབ་པའི་སྒྲུབ་བྱེད་དུ་བཟུང་བས་དངོས་སྨྲ་བ་སོགས་བྱིས་པ་རྣམས་མཐར་འཛིན་གྱི་འཆིང་བ་བརྟན་པར་བྱེད་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་དེ་ཉིད་མཁས་པ་དབུ་མ་པ་རྣམས་ལ་ཉོན་མོངས་པའི་རྣམ་རྟོག་གི་དྲ་བ་མ་ལུས་པ་གཅོད་པའི་སྒོར་འགྱུར་བ་ཡིན་ཏེ། དངོས་པོར་སྨྲ་བ་དག་གིས་ནི་ཕྱི་ནང་གི་དངོས་པོ་འདི་དག་རང་གིས་མཚན་ཉིད་ཀྱིས་མེད་ན་མེད་པར་འགྱུར་བས་བྱ་བྱེད་གང་ཡང་བཞག་ཏུ་མེད་པར་བཟུང་ནས་རྟེན་འབྲེལ་གྱི་བྱ་བྱེད་ཁས་བླངས་ཕྱིན་ཆད་དེ་རྣམས་ཡོད་དགོས། ཡོད་ན་རང་གི་མཚན་ཉིད་ཀྱིས་ཡོད་དགོས་པས་སོ་ཞེས་རྟེན་འབྲེལ་ཡིན་པའི་རྒྱུ་མཚན་གྱིས་བདེན་གྲུབ་ཏུ་ཁས་ལེན་པས་རྟག་ཆད་ཀྱི་མཐར་འཛིན་པའི་བློ་དེ་ཉིད་ཕྱིར་ཞིང་སྒྲུབ་བྱེད་དང་བཅས་པས་བརྟན་པར་བྱེད་ལ། དབུ་མ་བས་ནི་རྟེན་འབྲེལ་གྱི་རྒྱུ་མཚན་གྱིས་རང་བཞིན་མེད་པར་དམ་འཆའ་བས་རིམ་གྱིས་ཀུན་བཏགས་པ་དང་ལྷན་སྐྱེས་ཀྱི་བདེན་འཛིན་རྣམ་པར་གཞོམ་པར་བྱེད་ཅིང་དེས་ཉོན་མོངས་པ་གཞན་དག་ཀྱང་རྩ་བ་མེད་པའི་ཡལ་ག་བཞིན་སྐྱེ་བ་རྒྱུན་ཆད་པའི་ཕྱིར་རོ། །རྒྱལ་བ་གཉིས་པས། སེམས་ཅན་གཞན་རྣམས་ནི་རྒྱུ་དང་རྐྱེན་ལ་བརྟེན་ནས་སྐྱེ་བར་བཟུང་བ་ན། དེ་ལ་བརྟེན་ནས་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པའི་རང་བཞིན་ཡོད་པར་འཛིན་པས་འཆིང་བར་འགྱུར་ལ།མཁས་པ་དག་ལ་ནི་རྒྱུ་མཚན་དེ་ལ་བརྟེན་ནས་རང་བཞིན་ཡོད་པ་འགོག་ཅིང་རང་བཞིན་མེད་པ་ལ་ངེས་ཤེས་དྲངས་ཏེ། མཐར་འཛིན་གྱི་དྲ་བའི་འཆིང་བ་གཅོད་པས་ན། རྟེན་འབྲེལ་གྱི་རྟགས་ཀྱིས་རང་བཞིན་མེད་པ་འགྲུབ་པ་འདི་ནི་རྨད་དུ་བྱུང་བའི་ཐབས་ལ་མཁས་པ་ཆེན་པོའོ། །ཞེས་གསུངས་སོ། །

གསུམ་པ་རྒྱུ་མཚན་དེས་སྟོན་པ་གཞན་ལས་ཁྱད་ཞུགས་པར་བསྒྲུབ་པ་ནི།

བསྟན་འདི་གཞན་དུ་མ་མཐོང་བས། །

སྟོན་པ་ཞེས་བྱ་ཁྱོད་ཉིད་དེ། །

ཝ་སྐྱེས་ལ་ནི་སེང་གེ་བཞིན། །

མུ་སྟེགས་ཅན་ལའང་གཅམ་བུའི་ཚིག །

ཨེ་མའོ་སྟོན་པ་ཨེ་མའོ་སྐྱབས། །

ཨེ་མའོ་སྨྲ་མཆོག་ཨེ་མའོ་མགོན། །

རྟེན་ཅིང་འབྲེལ་འབྱུང་ལེགས་གསུངས་པའི། །

སྟོན་པ་དེ་ལ་བདག་ཕྱག་འཚལ། །

ཞེས་སོགས་ཚིགས་བཅད་གཉིས་བྱུང་།སྟོན་པ་ཞེས་བྱ་བ་ནི་ཀོའུ་ཏ་མ་ཁྱོད་ཉིད་གཅིག་པུ་ཡིན་པར་བསྒྲུབ་སྟེ། །རྟེན་འབྱུང་དེ་ཁོ་ན་ཉིད་མཐར་འཛིན་གྱི་སྤྲོས་པ་གཅོད་པར་བྱེད་པའི་ཚུལ་བསྟན་པ་འདི་ལྟ་བུ་ཁྱོད་འབའ་ཞིག་ལས་གཞན་མུ་སྟེགས་ཅན་དག་གིས་བཤད་པ་མ་མཐོང་བའི་ཕྱིར་རོ། །ཅི་དྲང་སོང་སེར་སྐྱ་དང་གཟེགས་ཟན་ལ་སོགས་པ་དེ་དག་ལ་ཡང་སྟོན་པ་ཞེས་གྲགས་པ་མ་ཡིན་ནམ། ཅིའི་ཕྱིར་གོའུ་ཏ་མ་འབའ་ཞིག་ལ་སྟོན་པ་ཞེས་བརྗོད་ཅེ་ན། དོན་འདི་དཔེས་བསྟན་པར་བྱ་སྟེ། འདི་ལྟར་སེང་གེ་ཞེས་བྱ་བའི་སྒྲ་ནི་གཡུ་རལ་དང་སྤར་མོ་དང་མཆེ་བ་ལ་སོགས་པ་རྩལ་ཡོངས་སུ་རྫོགས་པའི་སྲོག་ཆགས་ལ་འཇུག་པ་ཡིན་མོད་ཀྱི། དེ་ལྟར་ན་ཡང་སྐྱེ་བོ་ལ་ལ་དག་ཝ་སྐྱེས་ལ་ནི་སེངྒེའི་སྒྲས་འདོགས་པར་བྱེད་པ་ཡང་སྲིད་པ་ཉིད་དོ། །དེ་བཞིན་དུ་སྟོན་པ་ཞེས་བྱ་བའི་སྒྲ་ནི་རང་གི་གདུལ་བྱ་ལ་ཐར་ལམ་ཕྱིན་ཅི་མ་ལོག་པར་སྟོན་པར་བྱེད་པ་ཉིད་ལ་འཇུག་པ་ཡིན་མོད་ཀྱི། འོན་ཀྱང་སྐྱེས་བུ་བླུན་པོ་ལ་ལ་དག    བྱིས་པ་བརྡོལ་ཐབས་སྨྲ་བ་དང་ཚུལ་མཚུངས་པའི་མུ་སྟེགས་པ་དག་ལའང་སྟོན་པ་ཞེས་བརྗོད་པ་ནི་ཡང་དག་པའི་ངག་མ་ཡིན་པས་གཅམ་བུའི་ཚིག་ཁོ་ནའོ། །དེ་བས་ན་བཅོམ་ལྡན་འདས་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་དངོས་པོའི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་གཟིགས་ནས་གཞན་དག་ཀྱང་ལམ་དེ་ཉིད་ལ་བཀྲི་བའི་ཆེད་དུ་ཆོས་སྟོན་པས་ན་སྟོན་པ་དང་། རྒྱུ་དེས་གདུལ་བྱ་རྣམས་འཁོར་བའི་འཇིགས་པ་ལས་སྐྱོབ་པར་བྱེད་པས་ན་སྐྱབས་དང་། འགྲོ་བ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་བཞུགས་པས་ན་མགོན་དང་། མཐའ་བྲལ་རྟེན་འབྱུང་གི་དོན་རིགས་པ་བརྒྱ་ཕྲག་དུ་མས་འདོམས་པས་ན་སྨྲ་མཆོག་སྟེ། མུ་སྟེགས་ཀྱི་སྟོན་པ་རྣམས་སྟོན་པ་མ་ཡིན་པ་ནས་སྨྲ་བ་ངན་པ་ཞེས་བྱ་བའི་བར་དུའོ། །ཨེ་མའོ་ཞེས་པ་ནི་ངོ་མཚར་བའི་ཚིག་གོ །རྟེན་འབྱུང་གསུངས་པ་ཉིད་ཀྱིས་བཅོམ་ལྡན་འདས་འབའ་ཞིག་སྨྲ་བ་གཞན་ལས་ཁྱད་ཞུགས་པར་གྲུབ་སྟེ། མུ་སྟེགས་པ་དག་གིས་དངོས་པོ་རྣམས་རྒྱུ་མེད་པ་དང་། མི་མཐུན་པའི་རྒྱུ་དང་། རྒྱུ་གཅིག་པུ་སོགས་སུ་སྨྲ་བ་མཐའ་དག་རྟེན་འབྱུང་གི་ཚུལ་འདི་གསལ་བར་མཛད་པ་ཉིད་ཀྱིས་ཁེགས་པར་འགྱུར་བའི་ཕྱིར་དང་། རྟེན་འབྱུང་གསུངས་པ་ཉིད་ཀྱིས་དངོས་པོའི་རང་བཞིན་ཇི་ལྟ་བ་བཞིན་གསལ་བར་བྱེད་ནུས་པའི་ཕྱིར་དང་། རྟེན་འབྱུང་གི་ཚུལ་འདི་དངོས་པོ་སྟོབས་ཞུགས་ཀྱི་རིགས་པ་ཡང་དག་གང་གིས་ཀྱང་དགག་པར་མི་ནུས་པའི་ཕྱིར་རོ། །རྒྱུ་མཚན་ཡང་དག་དེས་ན་རྟེན་ཅིང་འབྲེལ་བར་འབྱུང་བ་རྐྱེན་ཉིད་འདི་བ་ཙམ་གྱི་ཚུལ་ཡང་དག་པ་ཇི་ལྟ་བ་བཞིན་གསུངས་པ་སྟེ་འདོམས་པར་མཛད་པ་བོ་སངས་རྒྱས་བཅོམ་ལྡན་འདས་དེ་ལ་ཕྱག་འཚལ་ལོ། །ཞེས་པ་སྟེ། སྟོན་པ་ཡང་དག་དང་ལྟར་སྣང་གི་ཁྱད་པར་དྲི་མ་མེད་པའི་རིགས་པས་བརྟགས་ཏེ་བླང་དོར་བྱེད་ཚུལ་འདི་ནི་མཁས་པ་ཆེན་པོའི་ལུགས་སྲོལ་བླ་ན་མེད་པའོ། །དོན་འདི་དང་མཐུན་པར་དཔལ་ལྡན་ཟླ་བ་གྲགས་པས་ཀྱང་། དེའི་ཕྱིར་དེ་ལྟར་ན་འདིར་བཅོམ་ལྡན་འདས་ཀྱིས་དངོས་པོ་རྣམས་ཀྱི་འབྱུང་བ་རྒྱུ་དང་རྐྱེན་ལ་ལྟོས་པ་ཡོངས་སུ་གསལ་བར་མཛད་པ་ན། དངོས་པོ་རྣམས་རྒྱུ་མེད་པ་ཉིད་དང་རྒྱུ་གཅིག་པུ་དང་མི་མཐུན་པའི་རྒྱུ་ལས་བྱུང་བ་ཉིད་དང་། རང་དང་གཞན་དང་གཉིས་ཀས་བྱས་པ་ཉིད་འགོག་པར་འགྱུར་ལ། དེ་དག་བཀག་པས་ནི་དངོས་པོ་ཀུན་རྫོབ་པ་རྣམས་ཀྱི་རང་གི་ངོ་བོ་ཀུན་རྫོབ་པ་ཇི་ལྟར་གནས་པ་བཞིན་གསུངས་པར་འགྱུར་རོ། །ཞེས་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ཇི་སྐད་བསྟན་པ་ཐུགས་སུ་ཆུད་པའི་ཕྱིར་དེ་བཞིན་གཤེགས་པ་ཉག་གཅིག་དོན་ཕྱིན་ཅི་མ་ལོག་པར་གསུངས་པ་ཉིད་དུ་གཟིགས་ཤིང་ཕ་རོལ་པོའི་སྨྲ་བ་ཐམས་ཅད་བྱིས་པ་བརྡོལ་ཐབས་སྨྲ་བ་དང་འདྲ་བར་ཐུགས་སུ་ཆུད་ནས་སློབ་དཔོན་ཤིན་ཏུ་དང་བ་དང་ལྡན་པར་གྱུར་པས་སླར་ཡང་བཅོམ་ལྡན་འདས་ལ་ཁྱད་པར་དུ་མཛད་པ་ནི་སྨྲ་རྣམས་ཀྱི་དམ་པ་ཞེས་བྱའོ། །ཞེས་ཚིག་གསལ་ལས་གསུངས་ཏེ་བརྗོད་བྱ་ཕྱོགས་མཐུན་པའོ། །

གཉིས་པ་རྒྱས་པར་བཤད་པ་ལ་བཞི། རང་བཞིན་གྱིས་སྟོང་བ་རྟེན་འབྱུང་གི་དོན་དུ་ཤར་བ་བཅོམ་ལྡན་འདས་ཀྱི་རང་ལུགས་མཐར་ཐུག་ཏུ་བསྟན་པ་དང་། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་བར་གསུངས་ཚུལ་དང་། རང་བཞིན་གྱིས་མེད་ཀྱང་རྟེན་འབྱུང་གི་བྱ་བྱེད་འཐད་པར་གསུངས་ཚུལ།རང་བཞིན་གྱིས་སྟོང་བ་ལ་རྒྱུ་འབྲས་ཀྱི་རྣམ་གཞག་འཐད་པར་མ་ཟད་བརྟེན་ནས་འབྱུང་བ་ཉིད་ཀྱིས་མཐར་ལྟ་བ་ལ་མི་བརྟེན་པར་གསུངས་པ་ལ་མཆོག་ཏུ་བསྔགས་པའོ། །

དང་པོ་ལ་གསུམ། རྟེན་འབྱུང་མ་མཐོང་བ་དང་མཐོང་བ་ཡང་དེའི་དོན་རང་བཞིན་གྱིས་མེད་པར་མ་ཤེས་པ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་རང་ལུགས་མ་རྟོགས་པར་བསྟན་པ་དང་། རང་བཞིན་གྱིས་སྟོང་བ་རྟེན་འབྱུང་གི་དོན་དུ་ཤར་བ་བཅོམ་ལྡན་འདས་ཀྱི་རང་ལུགས་མཐར་ཐུག་ཏུ་བསྟན་པ་དངོས། རང་བཞིན་གྱིས་སྟོང་བ་རྟེན་འབྱུང་གི་དོན་དུ་ཤར་བའི་ཚད་བསྟན་པའོ། །དང་པོ་ནི།

ཕན་མཛད་ཁྱོད་ཀྱིས་འགྲོ་བ་ལ། །

སྨན་པའི་སླད་དུ་བཀའ་བསྩལ་པ། །

བསྟན་པའི་སྙིང་བོ་སྟོང་བ་ཉིད། །

ངེས་པའི་རྒྱུ་མཚན་ཟླ་མེད་པ། །

རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ། །

འགལ་བ་དང་ནི་མ་གྲུབ་པར། །

མཐོང་བ་འདི་ཡིས་ཁྱོད་ཀྱི་ལུགས། །

ཇི་ལྟར་ཁོང་དུ་ཆུད་པར་ནུས། །

ཞེས་སོགས་ཚིགས་བཅད་གཉིས་བྱུང་།དོན་ནི། ཆོས་ཅན། གཅིག་ཏུ་གཞན་ལ་ཕན་པར་མཛད་པའི་སངས་རྒྱས་བཅོམ་ལྡན་འདས་ཁྱོད་ཀྱིས་སྲིད་པའི་འབྲོག་དགོན་པར་ཉམ་ཐག་པའི་འགྲོ་བ་རྣམས་ལ་སྨན་པ་མཆོག་ཐར་བ་བླ་ན་མེད་པའི་གོ་འཕང་ལ་དགོད་པའི་སླད་དུ་བཀའ་བསྩལ་པའི་ལུང་རྟོགས་ཀྱི་བསྟན་པའི་སྙིང་བོ་ཟབ་མོ་སྟོང་བ་ཉིད་ངེས་པར་བྱེད་པའི་རྒྱུ་མཚན་ནམ་གཏན་ཚིགས་ཟླ་མེད་པ་ནི། ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་འདི་འབའ་ཞིག་ཡིན་ཏེ། རྡོ་རྗེ་གཟེགས་མ་དང་རྣམ་བདུན་གྱི་རིགས་པ་སོགས་དབུ་མའི་ལུགས་ལས་འབྱུང་བའི་རིགས་པ་ཐམས་ཅད་ཀྱིས་ཀྱང་མཐར་གཏུགས་ས་འདི་ཁོ་ནར་ཟད་པའི་ཕྱིར་དང་། ཆོས་རྣམས་རང་རང་གི་གདགས་གཞི་ལ་བརྟེན་ནས་བཏགས་པར་ངེས་པ་ཉིད་ཀྱིས་དེའི་རང་བཞིན་མེད་པ་བདེ་བླག་ཏུ་ངེས་པའི་ཕྱིར། གང་དག་གཏན་ཚིགས་བཟང་པོ་འདི་ལ་འགལ་བར་འདོད་པ་རང་གི་སྡེ་བ་གཞན་དག་དང་། མ་གྲུབ་པར་འདོད་པའི་གཞན་སྡེ་འདི་ཡིས་ཇི་ལྟར་ན་ཁྱོད་ཀྱི་ལུགས་ཟབ་མོའི་དོན་འདི་ཁོང་དུ་ཆུད་པར་ནུས་ཏེ་མི་ནུས་པ་ཉིད་ཡིན་ཏེ། ཟབ་མོ་ཁོང་དུ་ཆུད་པའི་རྒྱུའི་གཙོ་བོ་གཏན་ཚིགས་འདི་ལས་ཕྱིར་ཕྱོགས་པའི་ཕྱིར་རོ། །འགལ་རྟགས་སུ་འདོད་པ་ནི་སེམས་ཙམ་མན་ཆད་ཀྱི་རང་སྡེ་ཡིན་མོད་ཀྱང་། རྟེན་འབྲེལ་དེ་འདུས་བྱས་རང་བཞིན་གྱིས་མེད་པར་སྒྲུབ་པ་ལ་རང་རྒྱུད་པ་རྣམས་ཀྱང་འགལ་རྟགས་སུ་བཞེད་དོ། །ཡན་ལག་གི་དོན་དབྱེ་བར་བྱ་སྟེ།གཞན་དག་ན་རེ། ཇི་ལྟར་ན་ཀླུའི་ཞལ་སྔ་ནས་སོགས་ཀྱིས་མཐའ་བཞི་ལས་སྐྱེ་བ་འགོག་པ་ལ་སོགས་པའི་གཏན་ཚིགས་རབ་ཏུ་མང་པོ་བཤད་པ་དེ་དག་ཐམས་ཅད་ཀྱི་གནད་རྟེན་འབྱུང་གི་རིགས་པ་འདི་འབའ་ཞིག་ལ་ཐུག་པར་འགྱུར་ཞེས་དོགས་ན། བཤད་པར་བྱ་སྟེ། འདི་ལ་གཉིས། རྟེན་འབྲེལ་གྱི་དོན་ངོས་བཟུང་བ་དང་། དེ་ཉིད་སྒྲུབ་པའི་གཏན་ཚིགས་གཞན་ཐམས་ཅད་ཀྱི་གནད་གཏན་ཚིགས་འདི་ལ་ཐུག་ཚུལ་དངོས་སོ། །

དང་པོ་ནི། མུ་སྟེགས་བྱེད་དག་གིས་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་ཁས་མི་ལེན་ཏེ། ལེགས་བཤད་སྙིང་པོ་ལས། གང་ཟག་དང་ཆོས་བརྟེན་ནས་འབྱུང་བའི་རྟེན་འབྲེལ་མི་འདོད་པར་དེ་གཉིས་བདེན་པར་འདོད་པའི་གཞན་སྡེ་ནི་རྟག་ཆད་ཀྱི་ལྟ་བའི་གཡང་དུ་ལྷུང་ལ་ཞེས་དང་། ཟླ་བས་ཀྱང་རིགས་པ་དྲུག་ཅུ་བའི་འགྲེལ་བར། མུ་སྟེགས་ཅན་རྟེན་ཅིང་འབྲེལ་བར་འབྱུང་བ་མ་ཡིན་པར་སྨྲ་བ་ཞེས་གསུངས་ཤིང་། རིགས་པས་ཀྱང་འགྲུབ་པས་སོ། །རང་གི་སྡེ་བ་རྣམས་ནི་ཐམས་ཅད་རྟེན་འབྲེལ་ཁས་ལེན་པར་མཚུངས་ཀྱང་འདོད་པའི་ཚུལ་ལ་ནི་དབྱེ་བར་བྱ་བ་ཡོད་དེ། འདི་ལྟར། བྱེ་བྲག་སྨྲ་བ་དང་། མདོ་སྡེ་བ་དང་། རྣམ་པར་རིག་པ་ཙམ་དུ་སྨྲ་བ་རྣམས་ཀྱིས་ནི། འདུས་བྱས་རྣམས་རྒྱུ་རྐྱེན་ལ་བརྟེན་ནས་སྐྱེ་བ་རྟེན་འབྱུང་གི་དོན་དུ་འདོད་ཀྱི་འདུས་མ་བྱས་པ་རྣམས་བརྟེན་ནས་འབྱུང་བར་མི་འདོད་དོ། །སློབ་དཔོན་ལེགས་ལྡན་དང་ཞི་བ་འཚོ་ལ་སོགས་པས་སྲོལ་ཕྱེ་བའི་རྗེས་སུ་ཞུགས་པའི་རང་རྒྱུད་པ་དག་གིས་ནི། རྒྱུ་རྐྱེན་ལ་བརྟེན་ནས་སྐྱེ་བ་དང་། རང་གི་ཆ་ཤས་ལ་ལྟོས་ནས་གྲུབ་པ་ཡང་རྟེན་འབྱུང་གི་དོན་དུ་འདོད་པས། འདུས་བྱས་དང་འདུས་མ་བྱས་གཉིས་ཆར་རྟེན་འབྱུང་དུ་ཁས་ལེན་ནོ། །འདི་དག་གི་ཤེས་བྱེད་རྒྱས་པར་ནི་གཞན་ལས་བཙལ་བར་བྱའོ། །

དབུ་མ་ཐལ་འགྱུར་བས་ནི། རྒྱུ་རྐྱེན་རྟེན་ལ་བརྟེན་ནས་སྐྱེ་བ་དང་རང་གི་ཆ་ཤས་ལྟོས་ནས་གྲུབ་པའི་རྟེན་འབྲེལ་ནི་འདོད་མོད་ཀྱི། རང་གི་ལུགས་ཐུན་མོང་མ་ཡིན་པ་ནི། བརྟེན་ནས་བཏགས་པ་ཙམ་ཞིག་རྟེན་འབྱུང་གི་དོན་དུ་འདོད་པའོ། །དེ་ཡང་ཟླ་བའི་ཞབས་ཀྱིས། བུམ་པ་ལ་སོགས་པ་རྣམས་རང་གི་རྒྱུ་ལས་དེ་ཉིད་དང་གཞན་དུ་རྣམ་པ་ལྔར་དཔྱད་པ་ན་ཡོད་པ་མ་ཡིན་མོད། དེ་ལྟ་ན་ཡང་བརྟེན་ནས་བཏགས་པས་སྦྲང་རྩི་དང་ཆུ་དང་འོ་མ་འཛིན་པ་དང་འཆུ་བ་ལ་སོགས་པའི་བྱ་བ་ལ་རུང་བར་འགྱུར་བ་འདི་ཅི་ངོ་མི་མཚར་བ་ཞིག་གམ་ཞེས་པ་ལྟར་རོ། །

བརྟེན་ནས་བཏགས་པའི་ཚུལ་ནི། སློབ་དཔོན་འཕགས་པ་ལྷས། ཀུན་ཀྱང་ཡན་ལག་ཏུ་གྱུར་ནས། །སླར་ཡང་ཡན་ལག་ཅན་དུ་འགྱུར། །ཞེས་པའི་འགྲེལ་བར་དཔལ་ལྡན་ཟླ་བས་བུམ་པ་དེ། གྱོ་མོ་སོགས་རང་གི་ཆ་ཤས་ལ་བརྟེན་ནས་ཡན་ལག་ཅན་དང་། བུམ་པ་ཞེས་བློས་བཏགས་པ་ཙམ་དང་། དེ་བཞིན་དུ་གྱོ་མོ་ནས་རྡུལ་ཕྲ་རབ་ཀྱི་བར་དུ་ཡང་སྦྱར་བ་དང་། གཞན་ཡང་དབང་པོ་དང་། ཡུལ་དང་། སེམས་དང་། སེམས་ལས་བྱུང་བ་དང་། འབྱུང་བ་ཆེན་པོ་བཞི་ལ་སོགས་པ་རྣམས་དེ་དང་དེའི་གདགས་གཞི་ལ་བརྟེན་ནས་རང་འདོགས་བྱེད་ཀྱི་རྟོག་པས་བཏགས་པ་ཙམ་དུ་རིགས་པ་དུ་མས་རྒྱས་པར་བསྒྲུབས་པ་དང་། རྩ་ཤེའི་འགྲེལ་བ་རྣམས་དང་། འཇུག་པ་རྩ་འགྲེལ་སོགས་ལས་ཤེས་པར་བྱོས་ཤིག གཉིས་པ་ནི། གང་བདག་མེད་པ་གཉིས་སྒྲུབ་པར་བྱེད་པའི་འབྲེལ་ཟླ་མ་དམིགས་པའི་གཏན་ཚིགས་དེ་དག་ཐམས་ཅད་ཀྱི་གནད་ནི་རྟེན་འབྱུང་གི་རིགས་པ་འདི་ཉིད་ལ་ཐུག་པ་ཡིན་ཏེ། རྩ་ཤེ་ལས། གང་ལ་བརྟེན་ཏེ་གང་འབྱུང་བ། །དེ་ནི་རེ་ཞིག་དེ་ཉིད་མིན། །དེ་ལས་གཞན་པའང་མ་ཡིན་པ། །དེ་ཕྱིར་ཆད་མིན་རྟག་མ་ཡིན། །ཞེས་དང་། འཇིག་རྟེན་ལས་འདས་པར་བསྟོད་པ་ལས་ཀྱང་། སྡུག་བསྔལ་རང་གིས་བྱས་པ་དང་། །གཞན་གྱིས་བྱས་དང་གཉིས་ཀས་བྱས། །རྒྱུ་མེད་པར་ནི་རྟོག་གེ་འདོད། །ཁྱོད་ཀྱིས་བརྟེན་ནས་འབྱུང་བར་གསུངས། །རྟེན་ཅིང་འབྲེལ་བར་གང་འབྱུང་བ། །དེ་ཉིད་ཁྱོད་ཀྱིས་སྟོང་བར་བཞེད། །དངོས་པོ་རང་དབང་ཡོད་མིན་ཞེས། །མཉམ་མེད་ཁྱོད་ཀྱི་སེང་གེའི་སྒྲ། །ཞེས་རྟེན་འབྲེལ་གྱི་གཏན་ཚིགས་ཀྱིས་གཅིག་དང་ཐ་དད་དང་རྟག་ཆད་ཀྱི་མཐའ་དང་། སྐྱེ་བའི་མཐའ་བཞིར་འཛིན་པ་འགོག་པར་གསུངས་པ་དང་། ཟླ་བའི་ཞབས་ཀྱིས་གང་ཟག་གི་བདག་མེད་པ་སྒྲུབ་པའི་རིགས་པའི་གཙོ་བོ་རྣམ་བདུན་གྱི་རིགས་པ་དང་། ཆོས་ཀྱི་བདག་མེད་སྒྲུབ་པའི་རིགས་པའི་གཙོ་བོ་མཐའ་བཞི་ལས་སྐྱེ་བ་འགོག་པ་ལ་མཛད་ཅིང་། དེ་གཉིས་ཆར་གྱི་གནད་རྟེན་འབྱུང་གི་རིགས་པ་ལ་ཐུག་པར་ཡང་སློབ་དཔོན་ཉིད་ཀྱིས། དབུ་མ་ལ་འཇུག་པ་རྩ་འགྲེལ་ལས་གསལ་བར་གསུངས་པའི་ཕྱིར་རོ། །དེ་ཡང་འཇུག་པ་ལས། གང་ཕྱིར་རྒྱུ་མེད་པ་དང་དབང་ཕྱུག་གི །རྒྱུ་ལ་སོགས་དང་བདག་གཞན་གཉིས་ཀ་ལས། །དངོས་རྣམས་སྐྱེ་བར་འགྱུར་བ་མ་ཡིན་པ། །དེ་ཕྱིར་བརྟེན་ནས་རབ་ཏུ་སྐྱེ་བར་འགྱུར། །ཞེས་དང་། དེ་ནི་དེ་ཉིད་དུའམ་འཇིག་རྟེན་དུ། །རྣམ་པ་བདུན་གྱིས་འགྲུབ་འགྱུར་མིན་མོད་ཀྱི། །རྣམ་དཔྱད་མེད་པར་འཇིག་རྟེན་ཉིད་ལས་འདིར། །རང་གི་ཡན་ལག་བརྟེན་ནས་འདོགས་པ་ཡིན། །ཞེས་གསུངས་པའི་ཚུལ་གྱིས་སོ། །གང་གི་ཚེ་མྱུ་གུ་སོགས་ཀྱི་སྐྱེ་བའི་ཐ་སྙད་བཏགས་པའི་དོན་བཙལ་བ་ན། མཐའ་བཞི་ལས་མི་སྐྱེ་བར་ངེས་པ་རྙེད་པ་དེའི་ཚེ། དེ་དག་གི་སྐྱེ་བ་བཏགས་པ་ཙམ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ཞིང་། སྐྱེ་བ་ཐ་སྙད་བཏགས་པ་ཙམ་དུ་ངེས་པ་རྙེད་ན། གོར་མ་ཆག་པར་སྐྱེ་བའི་ཐ་སྙད་བཏགས་པའི་དོན་བཙལ་ན་མི་རྙེད་པ་ལ་ཡང་ངེས་པ་འདྲེན་པས་ན་མཐའ་བཞི་ལས་སྐྱེ་བ་འགོག་པའི་རིགས་པའི་གནད་རྟེན་འབྱུང་གི་རིགས་པ་ལ་ཐུག་ཡིན་ལ། དེ་བཞིན་དུ་རྣམ་བདུན་གྱི་རིགས་པའི་གནད་འདི་ལ་ཐུག་ཚུལ་ཀྱང་ཤེས་པར་བྱའོ། །འདི་དག་ལེགས་པར་ཤེས་པ་གལ་ཆེ་སྟེ། རྒྱལ་བ་གཉིས་པས། དེ་ལྟར་ན་བརྟེན་ནས་སྐྱེ་བ་དང་བརྟེན་ནས་བཏགས་པའི་གཏན་ཚིགས་ཀྱིས་རང་ལས་སྐྱེ་བ་ལ་སོགས་པ་བཞི་དང་རང་བཞིན་གཅིག་ཐ་དད་ལ་སོགས་པ་བདུན་ཆོས་དང་གང་ཟག་ལ་འགོག་པ་འདི་ཉིད་རིགས་པ་རྣམས་ཀྱི་དོན་པོར་ཟུངས་ཤིག ཅེས་གསུངས་པས་སོ། །རྟེན་འབྲེལ་གྱི་རྟགས་ཀྱིས་མཐའ་གཉིས་གཅིག་ཅར་སྤོང་ཞིང་། གཞན་འབྲེལ་ཟླ་མ་དམིགས་པའི་གཏན་ཚིགས་རྣམས་ཀྱིས་སྒྲོ་འདོགས་ཀྱི་ལྟ་བ་སེལ་ཀྱང་། ཆད་ལྟ་མི་ཁེགས་པས་རང་བཞིན་མེད་རྟོགས་ཀྱི་རྗེས་དཔག་སྐྱེ་བ་ལ་ནི་ངེས་པར་བརྟེན་ནས་བཏགས་པའི་ཚུལ་ངེས་དགོས་སོ། །སྤྲོ་བར་བྱ་བ་མང་ཡང་དེ་ཙམ་གྱིས་ཆོག་གོ །

གཉིས་པ་ལ་གསུམ། ཐུབ་པས་སྟོང་བ་རྟེན་འབྱུང་གི་དོན་དུ་གོ་ན་རང་བཞིན་མེད་པ་ལ་བྱ་བྱེད་འཐད་པར་བཞེད་པ་དང་། དེ་ལྟར་མ་གོ་ན་མཐར་ལྟུང་བར་བཞེད་པ་དང་། དེས་ན་རྟེན་འབྲེལ་དང་སྟོང་བ་མི་འགལ་བ་ཐུབ་པའི་དགོངས་པ་མཐར་ཐུག་ཏུ་བསྟན་པ་དངོས་སོ། །དང་པོ་ནི།

ཁྱོད་ནི་ནམ་ཞིག་སྟོང་བ་ཉིད། །

རྟེན་འབྱུང་དོན་དུ་མཐོང་བ་ན། །

རང་བཞིན་གྱིས་ནི་སྟོང་བ་དང་། །

བྱ་བྱེད་འཐད་པའང་མི་འགལ་ཞིང་། །

ཞེས་སོགས་ཚིགས་བཅད་གཅིག་བྱུང་།དོན་ནི། ཚད་མར་གྱུར་པའི་སྟོན་པ་ཐུབ་པའི་དབང་བོ་ཁྱོད་ཀྱིས་ནི། གང་དག་ཆོས་རྣམས་ཀྱི་ཡིན་ལུགས་འཚོལ་བ་དེ་དག་གིས་དུས་ནམ་ཞིག་གི་ཚེ། སྐྱེ་བ་སོགས་ལ་རང་བཞིན་བཀག་པའི་སྟོང་བ་ཉིད་དེ། དེ་དག་གི་བརྟེན་ནས་སྐྱེས་པའམ་བརྟེན་ནས་བཏགས་པའི་རྟེན་འབྱུང་ཉིད་ཀྱི་དོན་དུ་མཐོང་བ་དེའི་ཚེ་ན། རྣལ་འབྱོར་བ་དེའི་བློ་ངོར་ཆོས་ཐམས་ཅད་རང་བཞིན་གྱིས་ནི་གྲུབ་པ་རྡུལ་ཙམ་ཡང་མེད་པའི་སྟོང་བ་དང་། རྒྱུ་འབྲས་དང་སྤང་བླང་ལ་སོགས་པའི་བྱ་བྱེད་ཐམས་ཅད་འཐད་པའང་མི་འགལ་ཞིང་སྟེ་འགལ་འདུ་ཅུང་ཟད་ཀྱང་མེད་པར་འཇོག་ནུས་སོ། །ཞེས་བཞེད་པ་ཡིན་ཏེ། སྟོང་བ་རྟེན་འབྱུང་གི་དོན་དུ་མཐོང་བའི་རྣལ་འབྱོར་བ་དེ་དག་ཉིད་ཀྱིས་རང་བཞིན་གྱིས་སྟོང་བ་ལ་བྱ་བྱེད་ཐམས་ཅད་འཐད་པ་ལ་ཚད་མས་གནོད་པ་དང་བྲལ་བ་རྟོགས་པའི་ཕྱིར་རོ། །འདིར་སྟོང་བ་རྟེན་འབྱུང་གི་དོན་ཡིན་པར་ནི། སློབ་དཔོན་ཀླུ་སྒྲུབ་ཀྱིས། རྟེན་ཅིང་འབྲེལ་བར་འབྱུང་བ་གང་། །དེ་ནི་སྟོང་བ་ཉིད་དུ་བཤད། །དེ་ནི་བརྟེན་ནས་གདགས་པ་སྟེ། །དེ་ནི་དབུ་མའི་ལམ་ཡིན་ནོ། །ཞེས་གསུངས་སོ། །དཔྱོད་པ་ལ་ཞུགས་པ་དག་ན་རེ། རྟེན་འབྲེལ་དང་སྟོང་བ་དོན་གཅིག་པར་གསུངས་ན། དེ་ནི་ཇི་ལྟར་རུང་བར་འགྱུར་ཏེ། ལྟོ་ལྡིར་བ་བུམ་པའི་དོན་དུ་འཇོག་པ་ལྟར་ན། མྱུ་གུ་རྐྱེན་ལ་བརྟེན་ནས་སྐྱེ་བར་ངེས་པའི་བློ་དེ་ཉིད་ཀྱིས་མྱུ་གུའི་རང་བཞིན་མེད་པ་ཡང་ངེས་པར་འགྱུར་ལ། རྟེན་འབྲེལ་རྗོད་བྱེད་ཀྱི་སྒྲའི་དངོས་ཀྱི་དོན་ཉིད་སྟོང་བ་ཉིད་དུ་འདོད་ན་ཡང་ཉེས་པ་དེ་ཉིད་ཡོད་པ་དང་། ཅི་སྟེ་རྟེན་འབྲེལ་དངོས་སུ་ངེས་པའི་ཤུགས་ཀྱི་དོན་ལ་འདོད་ནའང་མི་འཐད་པས་སོ་ཟེར་ན། རྟོགས་པར་དཀའ་བའི་གནས་འདི་བརྗོད་པར་བྱ་སྟེ། སྟོང་བ་དང་རྟེན་འབྱུང་དོན་གཅིག་པ་ནི་ལྟ་བའི་དཔྱད་པ་རྫོགས་པའི་གང་ཟག་དབུ་མ་བ་རྣམས་ཀྱི་བློ་ངོར་འགྲུབ་པ་ཡིན་གྱི། གཞན་རྣམས་ལ་མ་ཡིན་ནོ། །དབུ་མ་བ་དེ་དག་གིས་ནི་ཕྱི་ནང་གི་དངོས་པོ་རྣམས་རྒྱུ་རྐྱེན་ལས་སྐྱེས་པའམ་བརྟེན་ནས་བཏགས་པའི་རྟེན་འབྱུང་དུ་དངོས་སུ་ངེས་པ་ན། བློ་དེ་ཉིད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་མྱུ་གུ་རང་བཞིན་གྱིས་སྟོང་པར་ངེས་པར་འགྱུར་ཏེ། དེས་རང་བཞིན་གྱིས་ཡོད་པ་ལ་གཞན་ལ་ལྟོས་པ་མི་འཐད་ཅིང་། དེ་དང་རྟེན་འབྱུང་གཉིས་འགལ་བར་ཡང་ཚད་མས་རྟོགས་པའི་ཕྱིར་རོ། །དེས་ན་ལྟ་བ་ལ་མྱོང་བ་གདོན་པར་འདོད་པ་དག་གིས་དངོས་པོ་རྣམས་རྒྱུ་རྐྱེན་ལ་རག་ལས་པར་མཐོང་བའམ། ཐོས་པའམ། དྲན་པའི་མོད་ལ་དེ་ཉིད་རྒྱུ་མཚན་དུ་བྱས་ཏེ་རང་བཞིན་མེད་པ་ཡིན་པའི་ཚུལ་སེམས་པ་ལ་འབད་པར་བྱ་སྟེ། དེས་ནི་སྐྱེ་བ་གཞན་དུ་རང་བཞིན་མེད་པའི་སྟོང་བ་དངོས་སུ་མ་བཤད་ཀྱང་། རྟེན་འབྱུང་གི་ཆོས་བཤད་པ་ཉིད་ཀྱིས་སྟོང་བ་ཉིད་ཀྱི་ལྟ་བའི་བག་ཆགས་སད་པར་འགྱུར་ཏེ། རྟ་ཐུལ་དང་ཉེ་རྒྱལ་གྱི་ལོ་རྒྱུས་བཞིན་ནོ། །ཚུལ་འདི་ནི་རྒྱལ་བ་གཉིས་པས་དབུ་མ་བ་ལ་གདམས་པ་ནི། ཇི་སྐད་དུ། རྒྱུ་ལ་བརྟེན་ནས་འབྲས་བུ་འབྱུང་བ་མི་བསླུ་བར་མཐོང་བའི་བློ་དེ་ཉིད་ཀྱིས་བློ་གཞན་ལ་ལྟོས་མེད་དུ་དམིགས་གཏད་ཞིག་པའི་སྟོང་བ་ཡང་འོང་བའི་ཚུལ་དང་། རྒྱུ་འབྲས་མི་བསླུ་བའི་གཏན་ཚིགས་དེ་ཉིད་ཀྱིས་རྟགས་གཞན་ལ་ལྟོས་མེད་དུ་ཡོད་མཐའ་སོགས་དང་བྲལ་བའི་སྟོང་བར་འགྲུབ་པའི་ཚུལ་ལས་རྒྱུ་འབྲས་མི་བསླུ་བ་ལ་གཏིང་ནས་ངེས་ཤེས་འདྲོངས་ཤིང་། དེ་ནས་དམིགས་གཏད་ཐམས་ཅད་ཞིག་པའི་ཞེན་མེད་ཀྱང་འོང་བ་ཡིན། ཞེས་གསུངས་ཤིང་། གཞན་ཡང་ཀླུ་སྒྲུབ་ཡབ་སྲས་སོགས་ཀྱི་གསུང་མང་དུ་ཡོད་ཀྱང་གཞན་དུ་ཞིབ་པར་འཆད་དོ། །དེ་ལྟར་སྟོང་དང་རྟེན་འབྱུང་དོན་གཅིག་པ་ལ་བྱ་བྱེད་ཐམས་ཅད་འཐད་པ་ནི། རྩ་ཤེ་ལས།གང་ལ་སྟོང་བ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བར་འགྱུར། །ཞེས་དང་། དེའི་འགྲེལ་བྱེད་དམ་པ་ཟླ་བས། གང་ལ་དངོས་པོ་ཐམས་ཅད་རང་བཞིན་གྱིས་སྟོང་བ་ཉིད་འདི་རུང་བ་དེ་ལ། ཇི་སྐད་སྨྲ་བ་དེ་དག་ཐམས་ཅད་རུང་བར་འགྱུར་རོ། །ཞེས་སོགས་ཀྱིས་བདེན་བཞི་དང་མཆོག་གསུམ་སོགས་རུང་ཚུལ་རྒྱས་པར་བཤད་པ་ལྟར་རོ། །གཉིས་པ་ནི།

དེ་ལས་ལྡོག་པར་མཐོང་བ་ན། །

སྟོང་ལ་བྱ་བ་མི་རུང་ཞིང་། །

བྱ་དང་བཅས་ལ་སྟོང་མེད་པས། །

ཉམ་ངའི་གཡང་དུ་ལྟུང་བར་བཞེད། །

 ཅེས་སོགས་ཚིགས་བཅད་གཅིག་བྱུང་།དོན་ནི། མགོན་པོ་ཁྱོད་ཀྱིས་གང་དག་སྟོང་བ་རྟེན་འབྱུང་གི་དོན་དུ་མཐོང་བ་དེ་ལས་ལྡོག་སྟེ་དངོས་པོ་རྣམས་རང་གི་མཚན་ཉིད་ཀྱིས་མ་གྲུབ་ན་རྟེན་འབྱུང་མི་འཐད་པར་མཐོང་ན་སྟེ་མཐོང་བ་དེ་དག་གི་ལུགས་ལ་ནི། རང་བཞིན་གྱིས་སྟོང་བ་ལ་བཅིང་བ་དང་གྲོལ་བ་སོགས་བྱ་བྱེད་ཐམས་ཅད་མི་རུང་ཞིང་། བྱ་བྱེད་དང་བཅས་པ་ལ་རང་བཞིན་གྱིས་སྟོང་བ་མེད་པར་འདོད་པ་ཉིད་དུ་ངེས་པས། འབྲས་བུ་མ་རུངས་པ་འབྱིན་པས་ན་ཉམ་ང་བའི་རྟག་པ་དང་ཆད་པའི་གཡང་ས་ཆེན་པོར་ལྟུང་བར་བཞེད་དེ། དེ་དག་མཐའ་གཉིས་འགོག་པར་བྱེད་པའི་ཐབས་ཀྱི་གཙོ་བོར་གྱུར་པ་དབུ་མའི་ལམ་འདི་ལས་ཕྱི་རོལ་ཏུ་གྱུར་པའི་ཕྱིར་རོ། །དེ་ལྟར་ན་ལུགས་མཆོག་ཏུ་གྱུར་པ་འདི་ལ་ནི་ཐ་སྙད་དུ་རང་གི་མཚན་ཉིད་ཞལ་གྱིས་བཞེས་པའི་དབུ་མ་བ་དག་ཀྱང་བཤད་མ་ཐག་པའི་མཐར་ལྷུང་བའི་ཕྱོགས་སུ་ཁས་བླང་བར་བྱ་སྟེ།དེ་དག་གིས་ཀྱང་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་བ་ལ་བྱ་བྱེད་ཐམས་ཅད་འགལ་བར་བཞེད་པས་སོ། །དེ་ལྟར་ཡང་མཁས་གྲུབ་དགེ་ལེགས་དཔལ་བཟང་པོས། དབུ་མ་རང་རྒྱུད་པ་དག་ཀྱང་བདེན་པར་གྲུབ་པ་ཐ་སྙད་དུ་ཡང་མི་བཞེད་ཀྱང་། ཐ་སྙད་དུ་ཡང་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་བ་དང་བྱ་བྱེད་འཐད་པ་འགལ་མེད་དུ་འཇོག་མ་ཤེས་པས་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཐ་སྙད་དུ་ཁས་ལེན་པར་བྱེད་དེ། ལྟ་བ་དེ་མ་བོར་བཞིན་དུ་ཐེག་པ་གསུམ་གང་གིའང་འཕགས་ལམ་རྒྱུད་ལ་སྐྱེ་བའི་ཐབས་མེད་དོ་ཞེས་གསུངས་སོ། །རང་མཚན་གྱིས་སྟོང་བ་དང་རྟེན་འབྲེལ་མི་འགལ་ཚུལ་འདི་མ་ཤེས་པ་ལ་བྱ་བྱེད་ཐམས་ཅད་མི་རུང་བ་ནི། འཕགས་པ་ཀླུས།གང་ལ་སྟོང་ཉིད་མི་རུང་བ། །དེ་ལ་ཐམས་ཅད་རུང་མི་འགྱུར། ཞེས་དང་། བུདྡྷ་པཱ་ལི་ཏ་ལས། གལ་ཏེ་དངོས་པོ་རྣམས་ངོ་བོ་ཉིད་ལས་ཡོད་པར་རྗེས་སུ་ལྟ་བར་བྱེད་ན། དེ་ལྟར་ན་ཁྱོད་དངོས་པོ་རྣམས་རྒྱུ་དང་རྐྱེན་མེད་པར་ལྟ་བ་ཡིན་ནོ། །དེས་ན་འབྲས་བུ་དང་རྒྱུ་ཉིད་དང་བྱེད་པ་པོ་དང་། བྱེད་པ་དང་། བྱ་བ་དང་། སྐྱེ་བ་དང་། འགག་པ་དང་། འབྲས་བུ་ལ་ཡང་གནོད་པ་བྱེད་པ་ཡིན་ནོ། །ཞེས་སོགས་ཀྱིས་སྐྱེ་འགག་དང་བཅིངས་གྲོལ་གྱི་རྣམ་གཞག་ཐམས་ཅད་མི་འཐད་པར་གསུངས་ཤིང་། དེ་ལྟར་དཔལ་ལྡན་ཟླ་བའི་ཞབས་ཀྱིས་ཀྱང་ཤིན་ཏུ་རྒྱས་པར་གསུངས་སོ། །རྟག་ཆད་ཀྱི་མཐར་ལྟུང་ཚུལ་ནི། ཕྱི་རོལ་བ་དག་གིས་བདག་རྟག་པར་འཛིན་པ་དང་། སྤྱི་གཙོ་བོ་དང་། དབང་ཕྱུག་སོགས་རྟག་དངོས་སུ་འཛིན་པ་དང་། བྱེ་བྲག་སྨྲ་བས་ནམ་མཁའ་རྟག་རྫས་སུ་འདོད་པ་རྣམས་རྟག་པའི་མཐའ་དང་། མུ་སྟེགས་པ་དག་ཐར་བ་དང་ཐམས་ཅད་མཁྱེན་པ་དང་ལས་འབྲས་སོགས་ལ་སྐུར་བ་འདེབས་པ་སོགས་ནི་ཆད་པའི་མཐར་ལྷུང་བ་ཡིན་མོད་ཀྱང་དེ་ནི་གོ་སླ་ལ། རང་སྡེ་རང་གི་མཚན་ཉིད་ཁས་ལེན་པ་དག་ཀྱང་རྟག་ཆད་ཀྱི་མཐར་ལྷུང་བ་ནི། མགོན་པོ་ཀླུས། གང་ཞིག་རང་བཞིན་གྱིས་ཡོད་པ། །དེ་ནི་མེད་པ་མིན་པས་རྟག །སྔོན་བྱུང་ད་ལྟར་མེད་ཅེས་པ། །དེས་ན་ཆད་པར་ཐལ་བར་འགྱུར། །ཞེས་དང་། དེའི་འགྲེལ་བ་བུདྡྷཔཱ་ལི་ཏ་ལས།འདི་ལྟར་གང་ཞིག་ངོ་བོ་ཉིད་ཀྱིས་ཡོད་པ་དེ་ནི་ཕྱིས་མེད་པ་ཉིད་དུ་མི་འཐད་དེ།རང་བཞིན་ནི་མི་འགྱུར་བས། དེའི་ཕྱིར་ཡོད་པ་ཉིད་དུ་ལྟ་བ་ལས་རྟག་པར་ལྟ་བར་འགྱུར་ཏོ། །དངོས་པོ་དེ་སྔོན་བྱུང་བ་ལ་ད་ལྟར་མེད་དོ་ཞེས་དངོས་པོ་ཡོད་པ་ལ་འཇིག་པར་ལྟ་བ་དེས་ན་ཆད་པར་ལྟ་བར་འགྱུར་རོ། །ཞེས་དངོས་པོ་རང་བཞིན་གྱིས་ཡོད་ན་དེ་ཉིད་དངོས་པོའི་གནས་ལུགས་ཡིན་ཞིང་། རང་བཞིན་སྤངས་པའི་ཆོས་མི་སྲིད་པས། དངོས་པོ་དུས་རྟག་ཏུ་ཡོད་དགོས་ཤིང་། དེས་ན་དངོས་པོ་རྟག་པར་ཁས་ལེན་དགོས་པ་དང་། རང་བཞིན་གྱིས་ཡོད་པ་དེ་དངོས་པོའི་གནས་ལུགས་སུ་གྲུབ་དགོས་ཤིང་། དེ་སྐད་ཅིག་གཉིས་པར་འཇིག་ན་གནས་ལུགས་ལ་སྐུར་བ་བཏབ་པ་ཡིན་པས་རྟག་པ་དང་ཆད་པའི་མཐར་ལྷུང་བར་བཤད་པ་ལྟར་རོ། །དོན་འདི་ཚིག་གསལ་ལས་ཀྱང་བཤད་དེ་དེར་བལྟ་བར་བྱའོ། །འཆད་པར་ལྟ་བ་ཐམས་ཅད་ལ་གང་འཆད་རྒྱུའི་དངོས་པོ་སྔར་ཁས་བླངས་པ་ཞིག་དགོས་པས་ཁྱབ་པ་མིན་ཀྱང་འདིར་ནི་རང་སྡེ་དངོས་པོར་སྨྲ་བ་དག་རྟག་ཆད་ཀྱི་མཐར་ལྷུང་བའི་ཚུལ་དམིགས་ཀྱིས་བསལ་བའོ། །མདོ་ལས་ཀྱང་། མི་སྟོང་ཅུང་ཞིག་ཡོད་ན་རྒྱལ་བ་ཡིས། །འགའ་ཡང་ལུང་སྟོན་མི་གསུང་འགྱུར་མེད་པར། །རང་རང་དངོས་ལ་ཐེར་ཟུག་གནས་དེ་ལ། །འཕེལ་བ་མེད་ཅིང་ཡོངས་སུ་ཉམས་པ་མེད། །ཅེས་སོགས་གསུངས་སོ། །གསུམ་པ་ནི།

དེ་ཕྱིར་ཁྱོད་ཀྱི་བསྟན་པ་ལ། །

རྟེན་འབྱུང་མཐོང་བ་ལེགས་པར་བསྔགས། །

ཞེས་པའི་ཚིག་རྐང་གཉིས་བྱུང་།དོན་ནི། སྟོང་བ་དང་རྟེན་འབྲེལ་འགལ་བར་མཐོང་བའི་ཉེས་པ་བཤད་མ་ཐག་པ་དེའི་ཕྱིར་ཐུབ་པའི་དབང་བོ་ཁྱོད་ཀྱི་བསྟན་པ་འདི་ལ། རྟེན་འབྱུང་གི་ཚུལ་གྱིས་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་མཐོང་བ་ནི་མཁས་པ་རྣམས་ཀྱིས་ལེགས་པར་བསྔགས་པ་ཉིད་ཡིན་ཏེ། ཚུལ་འདི་འབའ་ཞིག་གིས་མཐའ་གཉིས་སེལ་ཞིང་བསྟན་པའི་སྙིང་བོར་གྱུར་པའི་ཤེར་ཕྱིན་ཟབ་མོ་རྟོགས་པའི་ཕྱིར་རོ། །འདི་ནི་གྲུབ་པའི་མཐའ་འོག་མ་ལ་གྲགས་པའི་རྟེན་འབྱུང་ཐུན་མོང་བ་མ་ཡིན་གྱི། ལུགས་འདིའི་ཐུན་མོང་མ་ཡིན་པའི་བརྟེན་ནས་བཏགས་པའི་རྟེན་འབྱུང་གི་ཚུལ་ལོ། །

བསྔགས་ཚུལ་ནི། མདོ་ལས་སུས་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བ་དེས་ཆོས་མཐོང་ངོ་། །ཆོས་མཐོང་བས་ནི་དེ་བཞིན་གཤེགས་པ་མཐོང་ངོ་། །ཞེས་དང་། རྟེན་འབྲེལ་གྱི་མདོ་དང་། ས་ལུ་ལྗང་བའི་མདོ་དང་། འཕགས་པ་ཆོས་ཐམས་ཅད་འཇུག་པ་མེད་པར་བསྟན་པའི་མདོ་དང་། བསམ་གཏན་དཔེ་མཁྱུད་ཀྱི་མདོ་དང་། ཤེར་ཕྱིན་གྱི་མདོ་མང་པོ་ལས་རྒྱ་ཆེར་བསྔགས་ཤིང་། འཕགས་པ་ཀླུས། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། །མཐོང་བ་དེས་ནི་སྡུག་བསྔལ་དང་། །ཀུན་འབྱུང་དང་ནི་འགོག་པ་དང་། །ལམ་ཉིད་དེ་དག་མཐོང་བ་ཡིན། །ཞེས་དང་། བྱང་ཆུབ་སེམས་འགྲེལ་ལས། ཆོས་རྣམས་སྟོང་བ་འདི་ཤེས་ནས། །ལས་དང་འབྲས་བུ་བསྟེན་པ་གང་། །ངོ་མཚར་བས་ཀྱང་འདི་ངོ་མཚར། །རྨད་བྱུང་བས་ཀྱང་འདི་རྨད་བྱུང་། །ཞེས་སོགས་དང་། གཞན་ཡང་ཤིང་རྟ་ཆེན་པོ་དག་གིས་ལུང་དང་རིགས་པ་རབ་ཏུ་མང་པོས་བསྔགས་པ་དང་། རྒྱལ་བ་གཉིས་པས་ཀྱང་། འཁོར་འདས་རྟེན་འབྱུང་མི་བསླུའི་གཏན་ཚིགས་ཀྱིས། །མཐར་འཛིན་དམིགས་གཏད་ཐམས་ཅད་འཇིག་བྱེད་པ། །ཟླ་བ་ལས་འོངས་ལེགས་བཤད་འོད་དཀར་གྱིས། །བློ་མིག་ཀུན་དའི་ཚལ་རབ་ཕྱེ་བའི་ཚེ། །སངས་རྒྱས་བསྐྱངས་ཀྱིས་བསྟན་པའི་ལམ་མཐོང་ནས། །ཀླུ་སྒྲུབ་ལུགས་བཟང་གཙོ་བོར་མི་འཛིན་སུ། །ཞེས་ཤིང་རྟའི་སྲོལ་ཆེན་པོ་རྣམས་ལས་འདི་ཉིད་མཆོག་ཏུ་བསྔགས་པ་སོགས་མཐའ་ཡས་སོ། །གསུམ་པ་ནི།

དེ་ཡང་ཀུན་ཏུ་མེད་པ་དང་། །

རང་བཞིན་གྱིས་ནི་ཡོད་པས་མིན། །

ལྟོས་མེད་ནམ་མཁའི་མེ་ཏོག་བཞིན། །

དེས་ན་མ་བརྟེན་ཡོད་མ་ཡིན། །

ངོ་བོས་གྲུབ་ན་དེ་འགྲུབ་པ། །

རྒྱུ་དང་རྐྱེན་ལ་ལྟོས་པ་འགལ། །

ཞེས་སོགས་ཚིག་རྐང་དྲུག་བྱུང་།གཞན་དག་ན་རེ། འོ་ན་སྟོང་བ་རྟེན་འབྱུང་གི་དོན་དུ་ཤར་བའི་ཚད་དེ་ཇི་ལྟར་ཡིན་སྨྲ་བར་རིགས་སོ་ཞེ་ན། ཚུལ་དེ་ཡང་ཕྱི་དང་ནང་གི་དངོས་པོ་རྣམས་ཀུན་ཏུ་སྟེ་གཏན་ནས་མེད་པར་མཐོང་བས་རྟེན་འབྱུང་གི་དེ་ཁོ་ན་ཉིད་མཐོང་བ་མ་ཡིན་ཏེ། གཞན་དུ་ན་འདི་དག་རྒྱུ་རྐྱེན་ནམ་གདགས་གཞི་ལ་ལྟོས་པ་མེད་པར་ནམ་མཁའི་མེ་ཏོག་བཞིན་དུ་འགྱུར་བ་ཞིག་ན། དངོས་པོ་འདི་དག་རང་གི་རྒྱུ་རྐྱེན་ནམ་གདགས་གཞི་ལ་མ་བརྟེན་པར་ཡོད་པ་ཡང་མ་ཡིན་པས་སོ། །ཡང་གང་དག་ཆོས་རྣམས་རང་བཞིན་གྱིས་ཡོད་པར་མཐོང་བ་དག་གིས་ཀྱང་ཚུལ་འདི་རྟོགས་པ་མ་ཡིན་ཏེ། གཞན་དུ་ངོ་བོས་གྲུབ་པ་ཡིན་ན་ཆོས་དེ་རྣམས་གྲུབ་པ་རང་གི་རྒྱུ་རྐྱེན་སོགས་ལ་ལྟོས་པར་འགལ་བ་སྟེ་མི་རིགས་པར་འགྱུར་བའི་ཕྱིར་རོ། །ཆོས་རྣམས་གཏན་ནས་མེད་པ་མ་ཡིན་ཏེ། ཟླ་བའི་ཞབས་ཀྱི་བཞི་བརྒྱ་བའི་འགྲེལ་བ་ལས།དེའི་ཕྱིར་འདིར་རྟེན་ཅིང་འབྲེལ་བར་འབྱུང་བ་རང་དབང་བའི་ངོ་བོ་དང་བྲལ་བའི་ཕྱིར། རང་དབང་བའི་ངོ་བོ་དང་བྲལ་བའི་དོན་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ཡིན་གྱི། ཐམས་ཅད་དངོས་པོ་མེད་པའི་དོན་ནི་མ་ཡིན་ནོ་ཞེས་གསུངས་ཤིང་། མདོ་ལས་ཀྱང་། མཁས་པས་རྟེན་འབྱུང་ཆོས་རྣམས་རྟོགས་གྱུར་ཏེ། །མཐར་ལྟ་བ་ལ་བརྟེན་པར་ཡོངས་མི་བྱེད། །རྒྱུ་དང་བཅས་ཤིང་རྟེན་བཅས་ཆོས་ཤེས་ཀྱི། །རྒྱུ་མེད་རྐྱེན་མེད་ཆོས་ཉིད་ཡོད་མ་ཡིན། །ཞེས་གསུངས་སོ། །ཡང་རང་བཞིན་གྱིས་ཡོད་པར་མཐོང་བ་ཡང་ཆོས་འདི་ལ་རྒྱབ་ཀྱིས་ཕྱོགས་པ་ཡིན་ཏེ། ངོ་བོས་གྲུབ་པ་ནི་རྒྱུ་རྐྱེན་ལ་ལྟོས་པ་འགལ་བར་གོང་དུ་རྒྱ་ཆེར་བཤད་པ་དང་། གཞན་ཡང་འཕགས་པ་ཀླུས། རང་བཞིན་རྒྱུ་དང་རྐྱེན་ལས་ནི། །འབྱུང་བར་རིགས་པ་མ་ཡིན་ནོ། །ཞེས་སོགས་དང་། ཚིག་གསལ་ལས། གལ་ཏེ་བུམ་པ་རང་བཞིན་གྱིས་ཡོད་ཅེས་རྟོགས་ན་ནི། དེའི་ཚེ་རང་བཞིན་གྱིས་ཡོད་པ་དེ་ལ་ནི་འཇིམ་པ་སོགས་རྒྱུ་དང་རྐྱེན་དག་གིས་ཅི་དགོས་ཏེ་ཞེས་སོགས་རྒྱུ་འབྲས་ཀྱི་རྣམ་གཞག་ཐམས་ཅད་དངོས་པར་སྨྲ་བའི་ཕྱོགས་ལ་གཞག་ཏུ་མི་རུང་བར་རིགས་པ་དུ་མས་བསྒྲུབས་པས་སོ། །དེས་ན་འདིར་རྟེན་འབྲེལ་གྱི་དེ་ཁོ་ན་ཉིད་མཐོང་བའི་གོལ་ས་རྣམ་པ་གཉིས་བཤད་པའི་ཤུགས་ཀྱིས་ཆོས་རྣམས་གཏན་ནས་མེད་པ་མ་ཡིན་པར་ཐ་སྙད་དུ་སྒྱུ་མ་བཞིན་རྒྱུ་འབྲས་ཀྱི་རྣམ་གཞག་ཐམས་ཅད་མ་དཔྱད་པའི་ཤེས་པའི་ངོར་བརྟེན་ནས་བཏགས་པ་ཙམ་གྱི་ཚུལ་དུ་ལེགས་པར་འཇོག་ཤེས་པ་དང་། དེ་དག་ཉིད་ལ་རང་བཞིན་འཚོལ་བའི་རིགས་པས་དཔྱད་པའི་མཐུས། རང་གི་མཚན་ཉིད་ཀྱིས་གྲུབ་པ་རྡུལ་ཙམ་ཡང་མ་དམིགས་པར་མཐོང་བ་གཉིས་ཕན་ཚུན་གཅིག་གྲོགས་སུ་གཅིག་སོང་སྟེ་བདེན་པ་གཉིས་ཆར་གྱི་རྣམ་གཞག་ལ་ངེས་པ་ཡང་དག་པ་འདྲེན་ནུས་པ་ནི་རྟེན་འབྲེལ་གྱི་དེ་ཁོ་ན་ཉིད་ཀྱི་ཚུལ་ཤེས་པའི་ཚད་དོ་ཞེས་བྱ་བར་གྲུབ་བོ། །དེ་ལྟར་ཡང་ཟླ་བའི་ཞབས་ཀྱི་བཞི་བརྒྱ་བའི་འགྲེལ་བ་ལས། བདག་ནི་དངོས་པོ་མེད་པར་སྨྲ་བ་མིན་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་སྨྲ་བ་ཡིན་པའི་ཕྱིར་རོ། །ཅི་ཁྱོད་དངོས་པོར་སྨྲ་བ་ཞིག་གམ་ཞེ་ན། མིན་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་སྨྲ་བ་ཡིན་པ་ཉིད་ཀྱི་ཕྱིར་རོ། །ཁྱོད་ཅི་སྨྲ་བ་ཞིག་ཡིན་ཞེ་ན། རྟེན་ཅིང་འབྲེལ་བར་འབྱུང་བ་སྨྲ་བའོ། །ཡང་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་གང་ཞིག་ཅེ་ན། རང་བཞིན་མེད་པའི་དོན་ཏེ།རང་བཞིན་གྱིས་མ་སྐྱེས་པའི་དོན་དང་། སྒྱུ་མ་དང་། སྨིག་རྒྱུ་དང་། གཟུགས་བརྙན་དང་། དྲི་ཟའི་གྲོང་ཁྱེར་དང་། སྤྲུལ་བ་དང་། རྨི་ལམ་དང་མཚུངས་པའི་རང་བཞིན་ཅན་གྱི་འབྲས་བུ་འབྱུང་བའི་དོན་དང་། སྟོང་བ་ཉིད་དང་། བདག་མེད་པའི་དོན་ནོ། །ཞེས་མཐའ་གཉིས་དང་བྲལ་བ་ཉིད་ཀྱིས་དབུ་མའི་དོན་རྟེན་འབྱུང་གི་དེ་ཁོ་ན་ཉིད་འགྲུབ་ཚུལ་གསལ་བར་གསུངས་སོ། །འདིར་རྟེན་འབྱུང་གི་དེ་ཁོ་ན་ཉིད་ལ་དཔྱད་པ་རྫོགས་པའི་ཚེ། རྗེ་བདག་ཉིད་ཆེན་པོས། ནམ་ཞིག་རེས་འཇོག་མེད་པར་ཅིག་ཅར་དུ། །རྟེན་འབྲེལ་མི་བསླུར་མཐོང་བ་ཙམ་ཉིད་ནས། །ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་འཇིག་ན། །དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས། །ཞེས་གསུངས་པ་ལྟར་ལེགས་པར་ཤེས་དགོས་སོ། །

     གཉིས་པ་ལ་གསུམ། ཆོས་ཐམས་ཅད་རང་བཞིན་མེད་པར་གསུངས་ཚུལ་དངོས་དང་། རང་བཞིན་གྱིས་ཡོད་ན་མྱང་འདས་མི་འཐད་པར་གསུངས་ཚུལ་དང་། དེ་ལྟར་གསུངས་པ་ལ་ཆོས་མཐུན་གྱི་རྒོལ་བ་མེད་པར་བསྟན་པའོ། །དང་པོ་ནི།

 དེ་ཕྱིར་བརྟེན་ནས་འབྱུང་བ་ལས། །

མ་གཏོགས་ཆོས་འགའ་ཡོད་མིན་པས། །

རང་བཞིན་གྱིས་ནི་སྟོང་བ་ལས། །

མ་གཏོགས་ཆོས་འགའ་མེད་པར་གསུངས། །

ཞེས་སོགས་ཚིགས་བཅད་གཅིག་བྱུང་།དོན་ནི། བཤད་མ་ཐག་པའི་ཆོས་ཐམས་ཅད་མཐའ་གཉིས་སྤངས་པའི་ཚུལ་དེའི་ཕྱིར། སངས་རྒྱས་ཐུབ་པའི་དབང་བོ་ཁྱོད་ཀྱིས། གང་ལ་བརྟེན་ནས་འབྱུང་བ་ལས་མ་གཏོགས་པའི་ཆོས་ནི་འགའ་ཡང་ཡོད་མིན་པས་ཆོས་ཐམས་ཅད་རང་བཞིན་གྱིས་ནི་སྟོང་བ་ཉིད་ཡིན་གྱི། ཚུལ་དེ་ལས་མ་གཏོགས་པའི་ངོ་བོ་ཉིད་ཀྱིས་གྲུབ་པའི་ཆོས་འགའ་ཡང་མེད་པར་གསུངས་པ་ཡིན་ནོ། །གསུངས་ཚུལ་ཇི་ལྟར་ཞེ་ན། འཕགས་པ་ལང་ཀར་གཤེགས་པ་ལས། བློ་གྲོས་ཆེན་པོ་ངས་རང་བཞིན་གྱིས་མ་སྐྱེས་པ་ལ་དགོངས་ནས་ངས་ཆོས་ཐམས་ཅད་སྐྱེ་བ་མེད་པར་གསུངས་སོ། །ཞེས་དང་། འཕགས་པ་བརྒྱ་ལྔ་བཅུ་བ་ལས་ཀྱང་། ཆོས་ཐམས་ཅད་ནི་སྟོང་བ་སྟེ་རང་བཞིན་མེད་པའི་ཚུལ་གྱིས་སོ། །ཞེས་གསུངས་ཤིང་། གོང་དུ་དྲངས་པའི། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །ཞེས་སོགས་ཀྱིས་བསྟན་ཏོ། །གཞུང་འདིའི་འགྲེལ་བྱེད་མཁས་པ་ཁ་ཅིག དེ་ཕྱིར་བརྟེན་ནས་འབྱུང་བ་ལས། །ཞེས་སོགས་ཀྱི་ཚིགས་བཅད་འདིས་ཆོས་ཐམས་ཅད་རང་བཞིན་མེད་པར་གསུངས་པའི་མདོ་རྣམས་ངེས་དོན་གྱི་བཀར་སྒྲུབ་པར་བྱེད་པ་ཡིན་ཞེས་ལུང་རིགས་དུ་མ་དང་བཅས་ཏེ་འཆད་པར་མཛད་དེ། དེ་ཡང་ཤིན་ཏུ་ལེགས་སོ། །འཕགས་པ་ཀླུའི་ཞབས་ཀྱིས། གང་ཕྱིར་རྟེན་འབྱུང་མ་ཡིན་པའི། ཆོས་འགའ་ཡོད་པ་མ་ཡིན་པ། །དེ་ཕྱིར་སྟོང་བ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པའང་འདི་དང་དགོངས་པ་གཅིག་ལ། འདི་ལྟར་གསུངས་པའང་བརྟེན་ནས་བཏགས་པའི་རྟེན་འབྱུང་ལ་བྱ་ཡི་རྒྱུ་རྐྱེན་ལས་སྐྱེས་པ་ཙམ་ཁོ་ན་ལ་བྱས་ན་འདུས་མ་བྱས་ཀྱི་རྟེན་འབྱུང་ལ་མི་འགྲིག་གོ །གཉིས་པ་ནི།

རང་བཞིན་ལྡོག་པ་མེད་པའི་ཕྱིར། །

ཆོས་རྣམས་རང་བཞིན་འགའ་ཡོད་ན། །

མྱ་ངན་འདས་པ་མི་རུང་ཞིང་། །

སྤྲོས་ཀུན་ལྡོག་པ་མེད་པར་གསུངས། །

 ཞེས་སོགས་ཚིགས་བཅད་གཅིག་བྱུང་།དོན་ནི། ཐུབ་པའི་དབང་བོ་ཁྱོད་ཀྱིས་གལ་ཏེ་གང་གི་ཚེ་ཆོས་རྣམས་ལ་རང་བཞིན་གྱིས་གྲུབ་པ་འགའ་འམ་ཅུང་ཟད་ཅིག་ཡོད་ན་དེའི་ཚེ། སྐྱེ་བོ་འགའ་ཡང་ལས་ཉོན་གྱི་འཆིང་བ་ལས་གྲོལ་བའི་མྱ་ངན་འདས་པ་ཐོབ་པ་མི་རུང་བར་འགྱུར་ཞིང་། བདེན་འཛིན་སོགས་ཀྱི་སྤྲོས་པ་ཀུན་ནམ་དུ་ཡང་ལྡོག་པ་མེད་པར་འགྱུར་ཏེ། འཆིང་བ་ཀུན་ལྡན་གྱི་སྐྱེ་བོ་འདི་དག་ངོ་བོ་ཉིད་ཀྱིས་གྲུབ་པས་དེ་ཉིད་སྡུག་བསྔལ་གྱིས་བཅིངས་པ་དང་བདེན་འཛིན་སོགས་ཀྱི་སྤྲོས་པ་དང་བཅས་པ་ཡང་དེའི་རང་བཞིན་ཡིན་དགོས་ལ། རང་བཞིན་ནི་ལམ་སྒོམ་པ་སོགས་རྐྱེན་གྱིས་ལྡོག་པ་མེད་པའི་ཕྱིར་རོ། །ཞེས་གསུངས་སོ། །གསུངས་ཚུལ་ནི། གླང་བོ་རྩལ་གྱི་མདོ་ལས། གལ་ཏེ་ཆོས་རྣམས་རང་བཞིན་ཡོད་གྱུར་ན། །རྒྱལ་བ་ཉན་ཐོས་བཅས་པས་དེ་མཁྱེན་འགྱུར། །ཐེར་ཟུག་ཆོས་ནི་མྱ་ངན་འདའ་མི་འགྱུར། །མཁས་རྣམས་ནམ་ཡང་སྤྲོས་དང་བྲལ་མི་འགྱུར། །ཞེས་སོ། །དོན་འདི་ནི། འཕགས་པ་ཀླུའི་ཞབས་ཀྱིས། གལ་ཏེ་ལ་ལས་ཉོན་མོངས་པ། །གང་དག་རང་བཞིན་གྱིས་ཡོད་ན། །ཇི་ལྟ་བུར་ན་སྤོང་བར་འགྱུར། །ཡོད་པ་སུ་ཞིག་སྤོང་བར་བྱེད། །ཅེས་པ་དང་། དཔལ་ལྡན་ཟླ་བས་ཀྱང་ཚིག་གསལ་ལས། གང་ལས་དེ་དག་ལོག་པས་མྱ་ངན་ལས་འདའ་བར་འགྱུར་བ་ཉོན་མོངས་པ་རྣམས་དང་། ཕུང་བོ་རང་བཞིན་གྱིས་རྣམ་པར་གནས་པ་རྣམས་ལྡོག་པར་ག་ལ་འགྱུར་ཏེ། རང་བཞིན་ལ་ལྡོག་པ་མེད་པའི་ཕྱིར་རོ། །ཞེས་རང་བཞིན་གྱིས་ཡོད་ན་ཟག་བཅས་ཀྱི་ཕུང་བོ་དང་ཉོན་མོངས་སོགས་གཉེན་པོ་སྒོམ་པའི་སྟོབས་ཀྱིས་ལྡོག་མི་ནུས་པར་གསུངས་པ་དང་བརྗོད་བྱ་མཐུན་ནོ། །གསུམ་པ་ནི།

དེ་ཕྱིར་རང་བཞིན་རྣམ་བྲལ་ཞེས། །

སེང་གེའི་སྒྲ་ཡིས་ཡང་ཡང་དུ། །

མཁས་པའི་ཚོགས་སུ་ལེགས་གསུངས་པ། །

འདི་ལ་སུ་ཡིས་འགོང་བར་ནུས། །

ཞེས་སོགས་ཚིགས་བཅད་གཅིག་བྱུང་།དོན་ནི། སྟོན་པ་ཐུབ་པའི་དབང་བོ་ཁྱོད་ཀྱིས། ཕྱི་ནང་གི་ཆོས་ཐམས་ཅད་ནི་རང་བཞིན་གྱིས་ཡོད་པ་དང་རྣམ་པར་བྲལ་ལོ། །ཞེས་འཇིགས་པ་མེད་པ་བཞི་དང་ལྡན་པའི་སེངྒེའི་སྒྲ་ཡིས་ལན་ཅིག་མ་ཡིན་པར་ཡང་དང་ཡང་དུ། གནས་ལུགས་རྟོགས་པའི་མཁས་པ་འཕགས་པའི་འཁོར་གྱི་ཚོགས་ལ་ལེགས་པར་གསུངས་པའི་ཚུལ་འདི་ལ། རྒོལ་བ་སུ་ཡིས་ཚུལ་དང་མཐུན་པར་འགོང་བའམ་རྒོལ་བར་ནུས་ཏེ་མི་ནུས་ཏེ། རང་བཞིན་གྱིས་གྲུབ་པ་ནི་རྣམ་པ་ཐམས་ཅད་དུ་མི་འཐད་པ་དེའི་ཕྱིར། ཇི་ལྟར་གསུངས་ཤེ་ན། འཕགས་པ་སྡུད་པ་ལས། དཔེར་ན་སེངྒེ་རི་སུལ་བརྟེན་ནས་འཇིགས་མེད་པར། །རི་དྭགས་ཕྲ་མོ་མང་སྐྲག་བྱེད་ཅིང་སྒྲ་སྒྲོགས་ལྟར། །མི་ཡི་སེངྒེ་ཤེས་རབ་ཕ་རོལ་ཕྱིན་བརྟེན་ནས། །མུ་སྟེགས་ཅན་མང་སྐྲག་བྱེད་འཇིག་རྟེན་སྒྲ་ཡང་སྒྲོགས། །ཞེས་གསུངས་སོ། །ཚུལ་འདི་ལ་སུས་ཀྱང་ཚུལ་དང་མཐུན་པར་རྒོལ་མི་ནུས་ཏེ། དངོས་པོ་རང་བཞིན་མེད་པ་སྒྲུབ་པར་བྱེད་པའི་གཏན་ཚིགས་དང་མཐུན་པའི་དཔེ་ཡང་དག་པའི་སྒོ་ནས་གཞན་ལ་ངེས་པ་བསྐྱེད་པར་ཆེས་སླ་བ་དེ་བཞིན་དུ་དངོས་པོ་རང་བཞིན་དང་བཅས་པའི་ཕྱོགས་ནི་གཞན་ལ་བསྒྲུབ་པར་བྱེད་པའི་གཏན་ཚིགས་དང་དཔེ་ཡང་དག་པ་མེད་པའི་ཕྱིར་རོ། །དེ་སྐད་དུ་ཡང་དཔལ་ལྡན་ཟླ་བས་དབུ་མ་ལ་འཇུག་པ་ལས། དངོས་པོ་མཐའ་དག་དངོས་པོ་མེད་པར་རྟོགས་སུ་གཞུག་པར་ནི། །ནུས་པར་ཆེས་སླ་ཇི་ལྟ་དེ་ལྟར་རང་བཞིན་གཞན་དག་ལ། །ཁོང་དུ་ཆུད་པར་བདེ་བླག་ཏུ་ནི་ནུས་པ་མ་ཡིན་ནོ། །ཞེས་གསུངས་སོ། །འཕགས་པ་ཀླུའི་ཞབས་ཀྱིས་ཀྱང་། །སྟོང་བ་ཉིད་ཀྱིས་བརྩད་བྱས་ཚེ། །གང་ཞིག་ལན་འདེབས་སྨྲ་བྱེད་པ། །དེ་ཡི་ཐམས་ཅད་ལན་བཏབ་མིན། །བསྒྲུབ་པར་བྱ་དང་མཚུངས་པར་འགྱུར། །ཞེས་གསུངས་པ་ལྟར་རོ། །གསུམ་པ་ནི།

རང་བཞིན་འགའ་ཡང་མེད་པ་དང་། །

འདི་ལ་བརྟེན་ནས་འདི་འབྱུང་བའི། །

རྣམ་གཞག་ཐམས་ཅད་འཐད་པ་གཉིས། །

མི་འགལ་འདུ་བ་སྨོས་ཅི་དགོས། །

བརྟེན་ནས་འབྱུང་བའི་རྒྱུ་མཚན་གྱིས། །

མཐར་ལྟ་བ་ལ་མི་བརྟེན་ཞེས། །

ལེགས་གསུངས་འདི་ནི་མགོན་ཁྱོད་ཀྱི། །

སྨྲ་བ་བླ་ན་མེད་པའི་རྒྱུ། །

ཞེས་སོགས་ཚིགས་བཅད་གཉིས་བྱུང་།དོན་ནི། མགོན་པོ་ཁྱོད་ཀྱིས་ཆོས་རྣམས་ལ་ངོ་བོས་གྲུབ་པའི་རང་བཞིན་འགའ་སྟེ་ཅུང་ཟད་ཙམ་ཡང་མེད་པ་དང་། རྒྱུ་འདི་ལ་བརྟེན་ནས་འབྲས་བུ་འདི་འབྱུང་བའི་ཚུལ་ལ་སོགས་པའི་བྱ་བྱེད་ཀྱི་རྣམ་གཞག་ཐམས་ཅད་འཐད་པའི་བདེན་པ་གཉིས་གཞི་གཅིག་གི་སྟེང་དུ་མི་འགལ་བར་འདུ་བ་ལྟ་སྨོས་ཀྱང་ཅི་དགོས། ཆོས་ཐམས་ཅད་རང་རང་གི་གདགས་གཞི་ལ་བརྟེན་ནས་འབྱུང་བའི་རྒྱུ་མཚན་ནམ་གཏན་ཚིགས་ཉིད་ཀྱིས་རྟག་ཆད་ཀྱི་མཐར་ལྟ་བ་ལ་མི་བརྟེན་ནོ་ཞེས་ལེགས་པར་གསུངས་པ་འདི་ནི། མགོན་པོ་ཁྱོད་ཀྱི་སྨྲ་བ་བླ་ན་མེད་པའི་རྒྱུ་མཚན་ཡང་དག་པ་ཡིན་ཏེ། སྐྱེ་བོ་རྣམས་མཐར་འཛིན་པའི་ལྟ་བའི་བཅིང་པ་གཅོད་པར་བྱེད་པའི་ངག་འདི་ལྟ་བུ་ཕྱི་རོལ་མུ་སྟེགས་བྱེད་ཀྱི་སྟོན་པ་རྣམས་ལ་མེད་པའི་ཕྱིར་རོ། །དེ་ལྟར་གསུངས་ཚུལ་ནི། །མདོ་ལས། མཁས་པས་རྟེན་འབྱུང་ཆོས་རྣམས་རྟོགས་གྱུར་ཏེ། །མཐར་ལྟ་བ་ལ་བརྟེན་པར་ཡོངས་མི་བྱེད། ཅེས་དང་། ས་ལུ་ལྗང་བའི་མདོ་ལས་ཀྱང་། རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བ་རྣམས་ཀྱིས་སྔོན་གྱི་མཐའ་དང་། ད་ལྟར་བྱུང་བའི་མཐའ་དང་། ཕྱི་མའི་མཐའ་ལ་ཡང་མི་བརྟེན་པར་གསུངས་པ་ཚིག་གསལ་གྱི་རབ་བྱེད་ཉེར་བདུན་པའི་འགྲེལ་བར་དྲངས་པ་དང་། གཞན་ཡང་ཏིང་འཛིན་རྒྱལ་པོ་སོགས་ལས་ཀྱང་བཀའ་བསྩལ་པ་སོགས་མཐའ་ཡས་སོ། །རྟེན་ཅིང་འབྲེལ་བར་འབྱུང་བ་དངོས་པོའི་དེ་ཁོ་ན་ཉིད་བསྟན་པ་འདིས་ཐུགས་ཕྲོགས་ནས་འཕགས་པ་ཀླུའི་ཞབས་ཀྱིས་ཀྱང་ཐུབ་པའི་དབང་བོ་ལ་སྨྲ་བ་རྣམས་ཀྱི་དམ་པ་ཞེས་བསྟོད་པར་མཛད་པ་ཡིན་ཏེ། བུདྡྷ་པཱ་ལི་ཏ་ལས། བཅོམ་ལྡན་འདས་ཀྱིས་ཕྱི་རོལ་བ་ཕས་ཀྱི་རྒོལ་བ་ཐམས་ཅད་བྱིས་པ་བསླུ་བ་འདྲ་བར་ཐུགས་སུ་ཆུད་ནས་འགྲོ་བ་ལོང་བ་ལག་ནོམ་བྱེད་པ་ལྟ་བུ་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་བསྟན་པར་སློབ་དཔོན་གྱིས་ཡང་དག་པར་གཟིགས་པས་སྨྲ་བ་རྣམས་ཀྱི་དམ་པ་ཞེས་གསུངས་སོ། །ཞེས་བཤད་ཅིང་ཟླ་བས་བཤད་པ་གོང་དུ་དྲངས་ཟིན་པས་སོ། །བཞི་བ་ནི།

འདི་ཀུན་ངོ་བོས་སྟོང་བ་དང་། །

འདི་ལས་འདི་འབྲས་འབྱུང་བ་ཡི། །

ངེས་པ་གཉིས་པོ་ཕན་ཚུན་དུ། །

གེགས་མེད་པར་ནི་གྲོགས་བྱེད་པ། །

འདི་ལས་ངོ་མཚར་གྱུར་བ་དང་། །

འདི་ལས་རྨད་དུ་བྱུང་བ་གང་། །

ཚུལ་འདིས་ཁྱོད་ལ་བསྟོད་ན་ནི། །

བསྟོད་པར་འགྱུར་གྱི་གཞན་དུ་མིན། །

ཞེས་སོགས་ཚིགས་བཅད་གཉིས་བྱུང་།དོན་ནི། བཅོམ་ལྡན་འདས་ཁྱོད་ཀྱིས་ཇི་ལྟར་བཀའ་བསྩལ་པ་ལྟར་རྣལ་འབྱོར་བ་རྣམས་ཀྱིས་དབུ་མའི་དོན་འདི་ཉམས་སུ་བླངས་པའི་ཚེ། ཕྱི་དང་ནང་གི་དངོས་པོ་འདི་ཀུན་ངོ་བོས་གྲུབ་པས་སྟོང་བར་ངེས་པའི་ངེས་ཤེས་དང་། རྒྱུ་འདི་ལས་འབྲས་བུ་འདི་འབྱུང་བའི་རྟེན་འབྲེལ་གྱི་ཚུལ་ངེས་པའི་ངེས་ཤེས་གཉིས་པོ་ཕན་ཚུན་དུ་གེགས་མེད་པར་ནི་མ་ཟད་གྲོགས་བྱེད་པ་འདི་ལས་ངོ་མཚར་གྱུར་པ་དང་། འདི་ལས་རྨད་དུ་བྱུང་བ་གང་ཞིག་ཡོད་དེ་མེད་པ་ཡིན་ཏེ།བསྟན་པའི་སྙིང་བོ་མུ་སྟེགས་བྱེད་སོགས་གང་གིའང་སྤྱོད་ཡུལ་དུ་མ་གྱུར་པའི་ལམ་བཟང་བོ་ཡིན་པར་བསྒྲུབས་ཟིན་པས་སོ། །དེས་ན་ཚུལ་འདི་ལྟ་བུ་གསུངས་པའི་སྒོ་ནས་མགོན་པོ་ཁྱོད་ལ་བསྟོད་ན་བསྟོད་པ་བླ་ན་མེད་པར་འགྱུར་གྱི་གཞན་དུ་བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་མངའ་བ་སོགས་ཀྱིས་བསྟོད་པ་ནི་བསྟོད་པ་བླ་ན་མེད་པ་མ་ཡིན་ནོ། །འདི་ནི་གོང་དུ་ཡང་བསྟོད་པའི་སྒོར་ནི་སུ་ཞིག་གིས་ཞེས་སོགས་ཀྱི་སྐབས་སུ་རྒྱས་པར་བཤད་ཟིན་ཏོ། །འདིར་ཐལ་འགྱུར་བའི་ཁྱད་ཆོས་སྣང་བས་ཡོད་མཐའ་སེལ་ཞིང་། སྟོང་བས་མེད་མཐའ་སེལ་ཚུལ་ནི། ཆོས་ཐམས་ཅད་རང་གི་ངོ་བོས་གྲུབ་པ་ལ་དཔྱད་པ་རྣམ་པ་ལྔ་སོགས་ཀྱིས་བཙལ་ན་མི་དམིགས་པས་ཡུལ་སྟེང་ན་གྲུབ་པ་རྡུལ་ཙམ་ཡང་མེད་པར། རང་གི་རྒྱུ་རྐྱེན་ནམ་གདགས་གཞི་ལ་བརྟེན་ནས་རྟོག་པས་བཏགས་པ་ཙམ་དེ་ལུགས་འདིའི་རྟེན་འབྲེལ་གྱི་དོན་ཡིན་ལ། ལུགས་འདིའི་ལྟ་བ་ལ་གོ་བ་རྣམ་དག་སྐྱེས་པའི་སྐབས་སུ་ནི། ཆོས་གང་དང་གང་དེ་ལྟ་བུའི་རྟེན་འབྱུང་དུ་བློ་ལ་ནམ་ཤར་བའི་ཚེ། ཆོས་དེ་དང་དེ་རང་བཞིན་གྱིས་སྟོང་བར་ངེས་ཤེས་འདྲེན་པ་ནི་སྣང་བས་ཡོད་མཐའ་སེལ་ཚུལ་དང་།གཅིག་དུ་བྲལ་ལྟ་བུའི་རིགས་པས་དཔྱད་དེ་ཆོས་གང་དང་གང་རང་བཞིན་མེད་པའི་ཚུལ་བློ་ལ་ནམ་ཤར་བའི་ཚེ། ཆོས་དེ་དང་དེ་རྟོག་པས་བཏགས་ཙམ་གྱི་རྟེན་འབྱུང་ཡིན་པར་འབད་མེད་དུ་འཆར་བ་ནི་སྟོང་བས་མེད་མཐའ་སེལ་ཚུལ་ཏེ་ཚུལ་གཅིག་གོ །ལྟ་བ་ལ་མྱོང་བ་ལེགས་པར་ཐོན་པའི་གནས་སྐབས་སུ་ནི། མཉམ་གཞག་ལས་ལངས་པའི་དུས་སུ་རི་རབ་ཁང་ཁྱིམ་ལ་སོགས་པ་སྣང་བའི་ཚེ། གང་སྣང་བ་དེ་དག་རང་བཞིན་མེད་པར་ལྷང་ལྷང་འཆར་བ་ནི་སྣང་བས་ཡོད་མཐའ་སེལ་ཚུལ་དང་། རང་བཞིན་གྱིས་སྟོང་བར་ཤར་བ་དེ་ཉིད་ཀྱིས་གང་སྣང་ཐམས་ཅད་རྟོག་པས་བཏགས་ཙམ་དུ་ལམ་མེ་འཆར་བ་ནི་སྟོང་བས་མེད་མཐའ་སེལ་ཚུལ་ཏེ་ཚུལ་གཉིས་ཡོད་དོ། །ཞེས་རང་རེའི་མཁས་པ་དག་གིས་འཆད་དོ། །ཚུལ་འདི་གོང་དུ་ཡང་ཅུང་ཟད་བཤད་མོད། འོན་ཀྱང་ལུགས་འདིའི་ལྟ་བའི་གནད་མཐར་ཐུག་པ་ཡིན་པས་གང་དག་གཞན་དང་རྩོད་པ་རྒྱལ་བ་ཙམ་དང་གྲགས་འབྱོར་འཁོར་སློབ་སོགས་ཀྱི་ཕྱིར་མ་ཡིན་པར་སྙིང་ནས་གྲོལ་བ་དོན་དུ་གཉེར་བ་རྣམས་ཀྱིས་ལེགས་པར་རྩད་གཅོད་དགོས་པའི་རིགས་སུ་འདུག་པས་འདིར་ཡང་མཁས་པ་དག་གི་བཞེད་པ་བསྐྱར་བ་སྟེ། ཞིབ་པར་མཐའ་བཅད་པ་ནི་གཞན་དུ་འཆད་དོ། །

གཉིས་པ་དེ་ལྟར་མི་འདོད་པ་ལ་གནོད་བྱེད་བསྟན་པ་ལ་གསུམ། རྟེན་འབྲེལ་རང་བཞིན་གྱིས་གྲུབ་པར་འདོད་པ་ཤིན་ཏུ་སྨད་པའི་གནས་སུ་བསྟན་པ་དང་། དེ་ལྟར་ཁས་ལེན་པ་རྣམས་རྒྱལ་བ་དགྱེས་པའི་ལམ་ལ་རེ་ཞིག་བཀྲི་ཐབས་མེད་པར་བསྟན་པ་དང་། ཁས་བླངས་ནང་འགལ་གྱི་གནོད་བྱེད་བསྟན་པ་དངོས་སོ། །དང་པོ་ནི།

རྨོངས་པས་བྲན་དུ་བཟུང་བ་ཡིས། །

གང་ཞིག་ཁྱོད་དང་ཞེ་འགྲས་པ། །

དེ་ཡིས་རང་བཞིན་མེད་པའི་སྒྲ། །

མི་བཟོད་གྱུར་ལ་མཚར་ཅི་ཡོད། །

ཁྱོད་ཀྱི་གསུང་གི་གཅེས་པའི་མཛོད། །

བརྟེན་ནས་འབྱུང་བ་ཁས་བླངས་ནས། །

སྟོང་ཉིད་ང་རོ་མི་བཟོད་པ། །

འདི་ལ་ཁོ་བོ་ངོ་མཚར་གྱུར། །

ཞེས་སོགས་ཚིགས་བཅད་གཉིས་བྱུང་།དོན་ནི། སྐྱེ་བོ་གང་ཞིག་ཡིད་ནི་སྐྱབས་དང་སྐྱབས་མ་ཡིན་པ་ལེགས་ཉེས་རྣམ་པར་འབྱེད་པ་ལ་རྨོངས་པའི་དབང་དུ་སོང་སྟེ། རྨོངས་པ་དེས་བྲན་དུ་བཟུང་བ་ལྟར་གྱུར་པ་ཡིས། སྟོན་པ་ཚད་མ་ཁྱོད་དང་ཞེ་འགྲས་པ། གྲངས་ཅན་པ་དང་། བྱེ་བྲག་པ་སོགས་མུ་སྟེགས་ཅན་དེ་དག་གིས། ཆོས་ཐམས་ཅད་རང་བཞིན་མེད་པར་སྟོན་པའི་སྒྲ་མི་བཟོད་པར་གྱུར་པ་ལ་ངོ་མཚར་ཅི་ཞིག་ཡོད་དེ་མེད་པ་ཡིན་ཏེ། དེ་དག་གིས་རྟེན་ཅིང་འབྲེལ་བར་འབྱུང་བ་ཁས་མ་བླངས་པས་རང་བཞིན་མེད་པ་མ་ཡིན་པར་སྨྲས་ཀྱང་ཁས་བླངས་སྔ་ཕྱི་འགལ་བ་མེད་པའི་ཕྱིར་དང་། དེ་དག་གི་སྟོན་པའི་ལུགས་ལས་ཀྱང་དེ་ལྟར་འབྱུང་བས་རང་གི་གྲུབ་མཐའ་དང་མི་འགལ་བའི་ཕྱིར། དཔེར་ན་མིག་ལོང་བ་དག་གིས་ལམ་མ་མཐོང་བར་གོམས་པས་གཡང་ལ་ཟགས་ཏེ་ཤི་བ་ལ་འཇིག་རྟེན་རྒན་པོ་དག་གིས་མཚར་བའི་གནས་སུ་མི་འཛིན་པ་བཞིན་ནོ། །གང་དག་མགོན་པོ་ཁྱོད་ཀྱི་གསུང་རབ་མཐའ་དག་གི་གཅེས་པའི་མཛོད་ཟབ་མོར་གྱུར་པ། བརྟེན་ནས་འབྱུང་བའི་ཚུལ་འདི་ཁས་བླངས་ནས་ཆོས་ཐམས་ཅད་རང་བཞིན་གྱིས་མེད་དོ་ཞེས་པའི་སྟོང་བ་ཉིད་སྟོན་པའི་སེངྒེའི་ང་རོ་མི་བཟོད་པའི་རང་སྡེ་བྱེ་བྲག་ཏུ་སྨྲ་བ་དང་། མདོ་སྡེ་དང་། རྣམ་པར་རིག་པ་ཙམ་དུ་སྨྲ་བ་འདི་དག་ལ། །མཛད་པ་བོ་ཙོང་ཁ་པ་ཆེན་པོ་ཁོ་བོ་ངོ་མཚར་དུ་གྱུར་ཏེ།དངོས་པོ་རྣམས་རྟེན་ཅིང་འབྲེལ་བར་འབྱུང་བར་སྨྲ་ཞིང་། རང་བཞིན་གྱིས་ཡོད་པར་ཡང་སྨྲ་བས་ངའི་མ་མོ་གཤམ་མོ་ཞེས་སྨྲ་བ་དང་ཚུལ་མཚུངས་པའི་ཕྱིར་དང་། རང་གི་སྟོན་པས་རང་བཞིན་མེད་པ་སྒྲུབ་བྱེད་ཀྱི་གཏན་ཚིགས་མཆོག་ཏུ་གསུངས་པའི་རྟེན་འབྱུང་གི་ཚུལ་དེ། རང་བཞིན་མེད་པ་ལ་གནོད་བྱེད་ཀྱི་མཆོག་ཏུ་འཛིན་པའི་ཕྱིར། དཔེར་ན་མི་ལ་ལ་དག་བ་ལས་འོ་མ་འཇོ་བར་འདོད་ནས། གླང་གི་རྭ་ཅོ་ལ་འབད་པས་འཐེན་པ་ན་གཞན་དག་གད་མོའི་གནས་སུ་འཛིན་རིགས་པ་བཞིན་ནོ། །འདིའི་འགྲེལ་བྱེད་ལ་ལ་དག་ཚིགས་བཅད་སྔ་མའི་རྨོངས་པས་བྲན་དུ་བཟུང་བ་ཞེས་པ་ལ། གང་ཟག་གི་བདག་ཏུ་རྨོངས་པ་དང་། དེ་ཁོ་ན་ཉིད་ལ་རྨོངས་པ་སོགས་ཀྱི་འབྲུ་གནོན་བྱེད་མོད་ཀྱང་། དེ་དག་ནི་སོ་སོ་སྐྱེ་བོ་ཐམས་ཅད་ལ་ཁྱབ་པའི་རྨོངས་པ་ཡིན་པས་ན། མུ་སྟེགས་ཅན་སྨོད་པའི་ཁྱད་པར་གྱི་ཚིག་ཏུ་མ་འབྲེལ་བས་སྐབས་ཀྱི་དོན་ལས་ཉམས་པའོ། །འཕགས་པ་ཀླུས་རིགས་པ་དྲུག་ཅུ་བ་ལས། གལ་ཏེ་ཡོད་པར་སྨྲ་བ་རྣམས། །དངོས་མཆོག་བཟུང་ནས་གནས་པ་ནི། །ལམ་དེ་ཉིད་ལ་གནས་པ་སྟེ། །དེ་ལ་ཡ་མཚན་ཆུང་ངུའང་མེད། །སངས་རྒྱས་ལམ་ལ་བརྟེན་ནས་ནི། །ཀུན་ལ་མི་རྟག་སྨྲ་བ་རྣམས། །རྩོད་པའི་དངོས་རྣམས་མཆོག་བཟུང་ནས། །གནས་པ་གང་ཡིན་དེ་རྨད་དོ། །ཞེས་པ་དང་གསུང་འདི་དག་བརྗོད་བྱ་མཐུན་ཞིང་། དེའི་འགྲེལ་བར་ཟླ་བའི་ཞབས་ཀྱིས་ཀྱང་། གྲངས་ཅན་པ་རྣམས་རང་གི་གྲུབ་པའི་མཐའ་ལས་ཡོན་ཏན་གསུམ་པོ་རྣམས་རྟག་པ་ཉིད་དུ་བཏོན་ཅིང་། བྱེ་བྲག་པ་རྣམས་ཀྱང་རང་གི་གྲུབ་པའི་མཐའ་ལས་འབྱུང་བ་དངོས་པོ་རྟག་པར་སྨྲ་བ་ཉིད་ཀྱི་ཕྱིར། གལ་ཏེ་དངོས་པོ་ལ་མཆོག་ཏུ་བཟུང་ནས་གནས་ཤིང་གལ་ཏེ་དངོས་པོར་བཟུང་ནས་གནས་པ་དེ་ལ་བློ་མཆོག་དང་ལྡན་པ་དག་ལ་ཡ་མཚན་ཆུང་ངུའང་མེད་ཅིང་ངོ་མཚར་ཅུང་ཟད་དུ་ཡང་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་མི་སྲིད་པའི་དངོས་པོ་ལ་བརྟེན་པ་ནི་འཇིག་རྟེན་ན་ཡ་མཚན་པའི་རྒྱུ་ཡིན་གྱི། སྲིད་པའི་དངོས་པོ་ལ་བརྟེན་པ་ནི་མ་ཡིན་ཏེ། འདི་ནི་འཚམས་པ་ཉིད་ཀྱི་ཕྱིར་རོ། །ཞེས་དང་། ཚིགས་བཅད་ཕྱི་མའི་འགྲེལ་བར། རྟེན་ཅིང་འབྲེལ་བར་འབྱུང་བ་ནི་སངས་རྒྱས་པའི་ལམ་ཡིན་ཏེ། དེ་ལ་བརྟེན་ནས་འདུ་བྱེད་འདི་དག་ཐམས་ཅད་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་ཀྱི་ཕྱིར་མི་རྟག་པའོ། །ཞེས་དེ་སྐད་ཁས་ལེན་པ་ཡང་དངོས་པོ་རྣམས་ཀྱི་ངོ་བོ་གྲུབ་པར་འདོད་ཅིང་། སྟོང་བ་ཉིད་སྨྲ་བ་ལ་རྩོད་པ་འགོད་པར་བྱེད་པ་གང་ཡིན་པ་དེ་ནི། འདི་དག་གིས་མི་སྲིད་པའི་དངོས་པོ་ལ་བརྟེན་པ་སྟེ་ཡ་མཚན་གྱི་རྒྱུ་ཡིན་པའི་ཕྱིར་ན་རྨད་དོ། །ཞེས་རྟེན་འབྲེལ་ཁས་མི་ལེན་པའི་གཞན་སྡེ་དག་གིས་རང་བཞིན་མེད་པ་མི་འདོད་པ་ལ་ངོ་མཚར་རྒྱུ་མེད་ཅིང་། རང་སྡེ་རྟེན་འབྲེལ་ཁས་ལེན་ཅིང་དངོས་པོ་བདེན་གྲུབ་ཏུ་ཁས་ལེན་པ་དག་བཞད་གད་ཀྱི་གནས་སུ་ཆེ་བར་རྒྱུ་མཚན་དཔེ་དང་བཅས་པས་གསལ་བར་གསུངས་སོ། །

གཉིས་པ་ནི།

རང་བཞིན་མེད་ལ་བཀྲི་བའི་སྒོ། །

བླ་མེད་རྟེན་ཅིང་འབྲེལ་འབྱུང་གི །

མིང་ཉིད་ཀྱིས་ནི་རང་བཞིན་དུ། །

འཛིན་ན་ད་ཀོ་སྐྱེ་བོ་འདི། །

འཕགས་མཆོག་རྣམས་ཀྱིས་ལེགས་བགྲོད་པའི། །

འཇུག་ངོགས་ཟླ་དང་བྲལ་གྱུར་པ། །

ཁྱོད་དགྱེས་གྱུར་པའི་ལམ་བཟང་དེར། །

ཐབས་གང་གིས་ནི་བཀྲི་བར་བྱ། །

ཞེས་སོགས་ཚིགས་སུ་བཅད་པ་གཉིས་བྱུང་། དོན་ནི། རང་བཞིན་མེད་པའི་ཚུལ་དབུ་མའི་ལམ་ལ་བཀྲི་བའི་སྒོ་ཐམས་ཅད་ཀྱི་ནང་ནས་བླ་ན་མེད་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་ན། དངོས་པོར་སྨྲ་བ་རྟེན་འབྱུང་གི་དོན་ཁོང་དུ་མ་ཆུད་པར་མིང་ཙམ་ཉིད་ཐོས་པས། དངོས་པོ་རྣམས་རྟེན་འབྱུང་ཡིན་པའི་རྒྱུ་མཚན་གྱིས་ནི་རང་བཞིན་ཡོད་པ་ཉིད་དུ་འཛིན་པར་བྱེད་ན། ད་ཀོ་སྟེ་ད་ནི་སྐྱེ་བོ་འདི་རྣམས་དུས་གསུམ་གྱི་འཕགས་མཆོག་སངས་རྒྱས་དང་བྱང་སེམས་རྣམས་ཀྱིས་ལེགས་པར་བགྲོད་པའི་ལམ་པོ་ཆེ། ཐར་འདོད་རྣམས་ཀྱི་འཇུག་ངོགས་ཟླ་དང་བྲལ་བར་གྱུར་པ། བཅོམ་ལྡན་འདས་ཁྱོད་ཉིད་དགྱེས་པར་གྱུར་པའི་ལམ་བཟང་བོ་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བ། དེར་ཐབས་གང་ཞིག་གིས་ནི་བཀྲི་བར་བྱ་སྟེ། རེ་ཞིག་བཀྲི་བའི་ཐབས་མེད་པ་ཡིན་ཏེ། ཐར་བ་མྱ་ངན་ལས་འདས་པའི་རྒྱུ་གཅིག་པོ་འདི་ཡོངས་སུ་སྤང་བའི་ཕྱིར་དང་། དེས་བདེན་པ་གཉིས་ཀྱི་རྣམ་པར་བཞག་པ་ལ་ཕྱིན་ཅི་ལོག་ཏུ་སྤྱོད་པའི་ཕྱིར་རོ། །རྟེན་ཅིང་འབྲེལ་འབྱུང་གི་མིང་ཉིད་ཀྱིས། །ཞེས་པ་ནི་དངོས་པོར་སྨྲ་བ་རྣམས་ཀྱིས་རྐྱེན་ཉིད་འདི་བ་ཙམ་གྱི་བརྟེན་ནས་བཏགས་པའི་རྟེན་འབྱུང་ཕྲ་མོ་མ་རྟོགས་པས་རྟེན་འབྱུང་གི་མིང་ཙམ་ལས་རྒྱུ་རྐྱེན་ལས་སྐྱེ་བའི་རྟེན་འབྲེལ་རགས་པ་ཙམ་འདོད་པ་བསྟན་པར་བཞེད་པ་ཡིན་ལ། དེས་ཆོས་རྣམས་རང་བཞིན་གྱིས་གྲུབ་པར་འཛིན་ཚུལ་ནི། དངོས་པོར་སྨྲ་བ་དག་གིས་གཞན་དབང་སེམས་སེམས་བྱུང་རྒྱུ་རྐྱེན་ལས་རང་མཚན་གྱིས་སྐྱེ་ན་དོན་དམ་པའི་སྐྱེ་བར་འགྱུར་ཞིང་། གཞན་དབང་གི་སྐྱེ་འགག་བློ་འཁྲུལ་བས་སྐྱེ་འགག་ཏུ་ཞེན་པ་ཙམ་གྱི་ངོར་ཡིན་ན། གཞན་དབང་ཁོ་རང་གི་ངོས་ནས་རྒྱུ་འབྲས་སུ་མ་གྲུབ་པར་འགྱུར་བས་ལས་ལས་འབྲས་བུ་འབྱུང་བ་སོགས་རྒྱུ་འབྲས་ཐམས་ཅད་མི་འཐད་པར་འགྱུར་རོ་སྙམ་དུ་བསམས་ནས། གདགས་གཞི་མེད་ན་བཏགས་པ་ཡང་མེད་པས་ཆོས་བཏགས་པ་ཙམ་ཡིན་པ་དང་། དེ་ཉིད་དེ་ཁོ་ནའི་དོན་དུ་བྱེད་པ་གཉིས་ཀ་མི་སྲིད་པས་རང་བཞིན་མེད་པར་ལྟ་བ་ནི། ཆད་ལྟའི་གཙོ་བོར་འགྱུར་རོ་ཞེས་ངོ་བོ་ཉིད་མེད་པར་སྨྲ་བ་རྣམས་འགོག་པའི་ཚུལ་བྱང་སར་བཤད་པ་དང་། བསྡུ་བ་ལས་ཀྱང་རང་བཞིན་མེད་པར་སྨྲ་བས་ཆོས་ཐམས་ཅད་དོན་དམ་དུ་མེད་ལ་ཀུན་རྫོབ་ཏུ་ཡོད་ཅེས་པའི་དོན་དམ་དང་ཀུན་རྫོབ་ལ་དྲི་བ་བྱས་ནས། ལན་བཏབ་པ་རྣམས་ལ་འགལ་བ་བསྟན་པ་སོགས་ཀྱིས་དབུ་མ་བས་མཚན་ཉིད་གསུམ་ལ་སྐུར་བ་བཏབ་པར་བཤད་པ་དང་། གཞན་ཡང་དབུས་མཐའ་རྩ་འགྲེལ་དང་ཚད་མ་སྡེ་བདུན་སོགས་སེམས་ཙམ་པའི་གཞུང་ལུགས་དག་ལས་རང་བཞིན་མེད་པ་འགོག་པའི་རིགས་པ་མང་དུ་གསུང་བ་ཕལ་ཆེར་གྱིས་དངོས་པོ་རྣམས་རྒྱུ་རྐྱེན་ལས་སྐྱེ་བའི་རྒྱུ་མཚན་གྱིས་དངོས་པོ་རྣམས་ལ་རང་བཞིན་ཡོད་པར་བསྒྲུབས་པ་ལས་ཤེས་དགོས་པས་བློ་གྲོས་དང་ལྡན་པ་རྣམས་ཀྱིས། དེ་དག་ལ་ཞིབ་ཏུ་བལྟ་བར་བྱ་སྟེ་གྲུབ་མཐའ་འོག་མ་རྣམས་ཀྱིས་ཇི་ལྟར་འདོད་ཚུལ་ལེགས་པར་མ་ཤེས་ན། ཐལ་འགྱུར་བའི་ལུགས་འདི་གྲུབ་མཐའ་ཐམས་ཅད་ཀྱི་མཆོག་ཏུ་སྨྲས་ཀྱང་དམ་བཅའ་ཙམ་དུ་ཟད་པར་འགྱུར་བའི་ཕྱིར་རོ། །དེ་ལྟ་བུའི་རང་བཞིན་དང་བཅས་པར་སྨྲ་བ་འདི་དག་རྒྱལ་བ་དགྱེས་པའི་ལམ་ལ་རེ་ཞིག་བཀྲི་བའི་ཐབས་མེད་པ་ནི། རྟེན་འབྱུང་གི་དེ་ཁོ་ན་ཉིད་མ་རྟོགས་ན་ཐམས་ཅད་མཁྱེན་པ་ལྟ་ཞོག་ཐར་བ་ཙམ་ཡང་འཐོབ་པའི་ཐབས་མེད་དེ། འཕགས་པ་ལྷས། ཞི་སྒོ་གཉིས་པ་མེད་པ་དང་། །ཞེས་དང་། ཟླ་བའི་ཞབས་ཀྱིས། སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་ལམ་ལས་ནི། །ཕྱི་རོལ་གྱུར་ལ་ཞི་བའི་ཐབས་མེད་དོ། །དེ་དག་ཀུན་རྫོབ་དེ་ཉིད་བདེན་ལས་ཉམས། །དེ་ལས་ཉམས་པས་ཐར་བ་འགྲུབ་ཡོད་མིན། །ཞེས་སོགས་ལུང་རིགས་མཐའ་ཡས་སོ། །རྟེན་འབྱུང་གི་ཚུལ་རང་བཞིན་མེད་པ་ལ་བཀྲི་བའི་སྒོ་བླ་ན་མེད་པ་ཡིན་པ་དང་། རྟེན་འབྱུང་གི་ཚུལ་འདི་རྒྱལ་བ་སྲས་བཅས་ཀྱི་བགྲོད་པ་གཅིག་པའི་ལམ་ཡིན་པ་ནི་བསྒྲུབས་ཟིན་པ་དང་མདོ་ལས་ཀྱང་རྒྱས་པར་གསུངས་པ་ལྟར་རོ། །

གསུམ་པ་ནི།

རང་བཞིན་བཅོས་མིན་ལྟོས་མེད་དང་། །

རྟེན་འབྲེལ་ལྟོས་དང་བཅོས་མ་གཉིས། །

ཇི་ལྟ་བུ་ན་གཞི་གཅིག་ལ། །

མི་འགལ་འདུ་བ་ཉིད་དུ་འགྱུར། །

ཞེས་སོགས་ཚིགས་བཅད་གཅིག་བྱུང་།དོན་ནི། དངོས་སྨྲ་བ་ཁྱོད་ཀྱིས་འདོད་པ་ལྟར་གྱི་དངོས་པོ་རྣམས་ཀྱི་རང་བཞིན་རྒྱུ་རྐྱེན་གྱིས་བཅོས་པ་མ་ཡིན་ཞིང་ལྟོས་པ་མེད་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་གཞན་ལ་ལྟོས་པ་དང་བཅོས་མའི་རང་བཞིན་ཅན་འདི་གཉིས། ཇི་ལྟ་བུར་ན་གཞི་དངོས་པོ་གཅིག་གི་སྟེང་དུ་མི་འགལ་བར་འདུ་བ་ཉིད་དུ་འགྱུར་ཏེ་མི་འགྱུར་བ་ཡིན་ཏེ། བཅོས་མ་དང་བཅོས་མ་མ་ཡིན་པ་གཉིས་དང་། ལྟོས་པ་དང་ལྟོས་པ་མེད་པ་རྣམས་ཕན་ཚུན་སྤང་བའི་དངོས་འགལ་ཡིན་པས་སོ། །འདི་ནི་འཕགས་པ་ཀླུས།རང་བཞིན་རྒྱུ་དང་རྐྱེན་ལས་ནི། །འབྱུང་བར་རིགས་པ་མ་ཡིན་ནོ། །ཞེས་སོགས་ཀྱི་རིགས་པ་གསུངས་པ་དང་ཚུལ་མཚུངས་ཤིང་། བཅོས་མིན་དང་ལྟོས་མིན་གྱི་དོན་ནི། རང་བཞིན་དག་ནི་བཅོས་མིན་དང་། །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་པའི་དོན་བཤད་པ་ལས་ཤེས་པར་བྱ་སྟེ། དེ་ཡང་འདི་ལྟར། ཚིག་འདི་གཉིས་རང་ལུགས་ཀྱི་རང་བཞིན་སྤྱིའི་མཚན་ཉིད་སྟོན་བྱེད་ཡིན་པས། དགག་བྱ་བདེན་པ་འགོག་པ་དང་། ཆོས་ཉིད་བདེན་མེད་དེ་ཆོས་རྣམས་ཀྱི་རང་བཞིན་དུ་སྟོན་པ་གཉིས་ཀ་ལ་སྦྱར་དུ་རུང་ཞིང་། མ་བཅོས་པ་ནི། རྒྱུ་རྐྱེན་གྱིས་གསར་དུ་བཅོས་པ་མ་ཡིན་པར་ཆོས་དེ་ལ་དུས་ནམ་ཡང་མི་འཁྲུལ་བའི་རང་བཞིན་དུ་གྲུབ་པའོ། །ལྟོས་པ་མེད་པ་ནི།ཆོས་དེའི་རང་བཞིན་དུ་འཇོག་པ་ཆོས་གཞན་ལ་ལྟོས་ནས་འཇོག་མི་དགོས་པའོ། །དེ་ལྟར་ན་དངོས་པོར་སྨྲ་བ་དག་གིས་རང་བཞིན་དུ་འདོད་པའི་མེའི་ཚ་བ་ནི་རྒྱུ་རྐྱེན་གྱིས་གསར་དུ་བཅོས་པའི་འདུ་བྱས་ཡིན་པའི་ཕྱིར་དང་། ཆུའི་ཚ་བ་ལ་ལྟོས་ནས་མེའི་རང་བཞིན་དུ་བཞག་པ་དང་། བདེན་མེད་མེའི་རང་བཞིན་དུ་ཚད་མས་རྙེད་པ་ན་ཚ་བ་དེ་ཉིད་མེའི་རང་བཞིན་དུ་འཛིན་པ་འདོར་བར་འགྱུར་བའི་ཕྱིར་རང་བཞིན་དུ་མི་འཐད་དོ། །བདེན་མེད་མེའི་རང་བཞིན་དུ་འཇོག་པ་ནི་འཐད་དེ། རྒྱུ་རྐྱེན་གྱིས་གསར་དུ་བཅོས་པ་མ་ཡིན་པ་དང་། ཆོས་གཞན་ལ་ལྟོས་པ་མ་ཡིན་པར་མཐའ་གཅིག་ཏུ་མེའི་རང་བཞིན་དུ་འཇོག་ནུས་པའི་ཕྱིར། ལྟོས་མེད་ཀྱི་དོན་ནི་དེ་ལྟར་ཡིན་གྱི་གཞན་དུ་ན་རྒྱུ་རྐྱེན་ལ་མ་ལྟོས་པ་ལ་བཤད་ན་བཅོས་མིན་དང་ཟློས་པའི་སྐྱོན་དུ་འགྱུར་ལ། ཆོས་གཞན་ལ་ལྟོས་ནས་བཞག་མི་དགོས་པ་ཙམ་ལ་བྱས་ན། ཆོས་ཉིད་རྟེན་འབྲེལ་མ་ཡིན་པར་འགྱུར་རོ། །འོ་ན། ཆོས་ཉིད་དང་རྟེན་འབྲེལ་ཡང་གཞི་གཅིག་ཏུ་འདུ་མི་རུང་བར་འགྱུར་ཏེ། བཅོས་མ་ཡིན་མིན་དང་ལྟོས་མི་ལྟོས་འགལ་བའི་ཕྱིར་རོ། །ཞེ་ན། སྐྱོན་མེད་དེ། ཆོས་ཉིད་དོན་དམ་དཔྱོད་བྱེད་ཀྱི་ཚད་མས་འཇོག་ནའང་། ཆོས་ཉིད་དེ་ཆོས་རྣམས་ཀྱི་རང་བཞིན་ཡིན་པར་ནི་ཐ་སྙད་པའི་ཚད་མ་གཞན་གྱིས་འཇོག་དགོས་ཤིང་། ཆོས་ཉིད་ཀྱང་ཀུན་རྫོབ་ཙམ་དུ་རང་བཞིན་ཡིན་པར་བཞེད་ཀྱི་ངོ་བོས་ཡོད་པར་ལུགས་འདི་བ་གཏན་མི་བཞེད་པའི་ཕྱིར་རོ། །ངོ་བོས་ཡོད་ན་ཐ་སྙད་པ་ཙམ་མ་ཡིན་པར་དོན་དམ་དཔྱོད་པའི་ཚད་མས་རྙེད་དགོས་པའི་ཕྱིར་མི་མཚུངས་སོ། །འོན་ཀྱང་འདི་དག་ཤེས་པ་ལ་ལུགས་འདིའི་དོན་དམ་ལ་དཔྱོད་པའི་ས་མཚམས་དང་། ཐ་སྙད་འཇོག་ཚུལ་སོགས་བདེན་གཉིས་ཀྱི་རྣམ་གཞག་ལ་ཞིབ་པར་སྦྱང་དགོས་སོ། །

གསུམ་པ་རྟེན་འབྱུང་གསུངས་པས་སྒྲོ་སྐུར་གྱི་ལྟ་བ་སྤོང་ཚུལ་ལ་གཉིས། ཐུབ་པའི་དབང་བོས་རྟེན་འབྱུང་སྒྱུ་མ་ལྟ་བུར་གསུངས་ཚུལ་དང་། རྟེན་འབྱུང་གསུངས་པས་སྒྲོ་སྐུར་གྱི་ལྟ་བ་སྤོང་ཚུལ་ལས་ཐུབ་པའི་བཀའ་ལ་སུས་ཀྱང་གླགས་མི་རྙེད་པར་ངེས་ཚུལ་ལོ། །དང་པོ་ནི།

དེ་ཕྱིར་བརྟེན་ནས་འབྱུང་བ་གང་། །

རང་བཞིན་གྱིས་ནི་གདོད་མ་ནས། །

རྣམ་པར་དབེན་ཡང་དེར་སྣང་བས། །

འདི་ཀུན་སྒྱུ་མ་བཞིན་དུ་གསུངས། །

ཞེས་སོགས་ཚིགས་བཅད་གཅིག་བྱུང་།དོན་ནི། བཅོམ་ལྡན་འདས་ཁྱོད་ཀྱིས་བདེན་པར་གྲུབ་པའི་ཆོས་ནི་འགའ་ཡང་མེད་པ་ཉིད་འཐད་པའི་ཚུལ་ལེགས་པར་གཟིགས་པ་དེའི་ཕྱིར། ཕྱི་དང་ནང་གི་ཆོས་བརྟེན་ནས་འབྱུང་བ་གང་ཡིན་པ། འདི་དག་རང་བཞིན་གྱིས་གྲུབ་པས་ནི་གདོད་མ་ནས་རྣམ་པར་དབེན་པ་ཉིད་དུ་གནས་ཀྱང་བྱིས་པ་སོ་སོ་སྐྱེ་བོ་རྨོངས་པའི་ལིང་ཏོག་གིས་ཤེས་རབ་ཀྱི་མིག་ཉམས་པར་བྱས་པ་དག་ལ་ཆོས་ཐམས་ཅད་རང་བཞིན་དེར་གྲུབ་པར་སྣང་བས་ན་ཆོས་འདི་ཀུན་སྣང་སྟོང་གཉིས་ཚོགས་ཀྱི་སྒྱུ་མ་བཞིན་དུ་གསུངས་སོ། །གསུངས་ཚུལ་ནི་མདོ་ཏིང་འཛིན་རྒྱལ་པོ་ལས། སྒྱུ་མ་ཆུ་བུར་སྨིག་རྒྱུ་གློག་འདྲ་ཞིང་། །ཆོས་རྣམས་ཐམས་ཅད་ཆུ་ཡི་ཟླ་བ་བཞིན། །ཤི་ནས་འཇིག་རྟེན་ཕ་རོལ་འགྲོ་བ་ཡི། །སེམས་ཅན་ཤེད་ལས་སྐྱེས་པ་མི་དམིགས་ཀྱང་། །ལས་རྣམས་བྱས་པ་མེད་པར་མི་འགྱུར་ཏེ། །དཀར་ནག་ཇི་བཞིན་འབྲས་བུ་སྨིན་པར་བྱེད། །རིགས་པའི་ཚུལ་གྱི་སྒོ་འདི་བཟང་བོ་སྟེ། །ཕྲ་ཞིང་མཐོང་དཀའ་རྒྱལ་བའི་སྤྱོད་ཡུལ་ཡིན། །ཞེས་དང་། གཞན་ཡང་། ཆོས་ཀུན་རང་བཞིན་སྒྱུ་འདྲ་སྟོང་བ་སྟེ། །མུ་སྟེགས་ཅན་གྱིས་ཤེས་པར་ནུས་མ་ཡིན། །ཞེས་སོགས་མཐའ་ཡས་སོ། །འདིར་རྣམ་པར་རིག་པ་ཙམ་དུ་སྨྲ་བ་དང་། ཐ་སྙད་དུ་རང་མཚན་ཞལ་གྱིས་བཞེས་པའི་དབུ་མ་བ་དང་།ལུགས་མཆོག་ཏུ་གྱུར་པ་འདི་བ་རྣམས་ཀྱིས་སྒྱུ་མ་དཔེར་མཛད་པར་འདྲ་ཡང་།དཔེར་བྱེད་ལུགས་ལ་ཕྲ་རགས་ཀྱི་ཁྱད་པར་ཆེན་པོ་ཡོད་པ་རྣམས་ཤེས་དགོས་ཀྱང་འདིར་ནི་ཚིག་མང་གིས་དོགས་པས་མ་བྲིས་སོ། །གཉིས་པ་ནི།

ཁྱོད་ཀྱིས་ཇི་ལྟར་བསྟན་པ་ལ། །

རྒོལ་བ་འགས་ཀྱང་ཆོས་མཐུན་དུ། །

གླགས་མི་རྙེད་པར་གསུངས་པ་ཡང་། །

འདི་ཉིད་ཀྱིས་ནི་ལེགས་པར་འཁུམས། །

ཅི་སླད་ཅེ་ན་འདི་བཤད་པས། །

མཐོང་དང་མ་མཐོང་དངོས་པོ་ལ། །

སྒྲོ་འདོགས་པ་དང་སྐུར་འདེབས་ཀྱི། །

གོ་སྐབས་རིང་དུ་མཛད་ཕྱིར་རོ། །

ཞེས་སོགས་ཚིགས་བཅད་གཉིས་བྱུང་།དོན་ནི། བཅོམ་ལྡན་འདས་ཁྱོད་ཀྱིས་མདོ་གཞན་དུ་སྤངས་པ་ཕུན་སུམ་ཚོགས་པ་དང་། རྟོགས་པ་ཕུན་སུམ་ཚོགས་པ་དང་། ངེས་པར་འབྱུང་བའི་ལམ་དང་། བར་དུ་གཅོད་པའི་ཆོས་ཏེ་བཞི་ཇི་ལྟར་བསྟན་པ་ལ། ཕས་ཀྱི་རྒོལ་བ་འགའ་སྟེ་སུས་ཀྱང་ཚུལ་དང་མཐུན་པའི་ཀླན་ཀའི་གླགས་མི་རྙེད་པར་གསུངས་པ་ཡང་། རྟེན་འབྱུང་གསུངས་པའི་ཚུལ་འདི་ཉིད་ཀྱིས་ནི་ལེགས་པར་འཁུམས་པ་སྟེ་ཁོང་དུ་ཆུད་པ་ཡིན་ཏེ། ཅིའི་སླད་དུ་ཞེ་ན། མགོན་པོ་ཁྱོད་ཀྱིས་རྟེན་འབྱུང་གི་ཚུལ་འདི་བཤད་པས་མཐོང་བ་མངོན་གྱུར་གྱི་གནས་དང་མ་མཐོང་བ་ལྐོག་གྱུར་གྱི་དངོས་པོ་རྣམས་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་གསལ་བར་མཛད་པས། དངོས་པོ་ལ་སྒྲོ་འདོགས་པ་དང་། སྐུར་བ་འདེབས་པའི་སྟོན་པ་གཞན་དག་གི་སྨྲ་བ་ནི།འཐད་པའི་གོ་སྐབས་རིང་དུ་མཛད་དེ་བཅོམ་པའི་ཕྱིར་རོ། །དེ་དག་གི་སྒྲོ་སྐུར་གྱི་ལྟ་བ་ངན་པ་སྒྲུབ་པའི་རིགས་པ་མཐའ་དག་བཅོམ་པས་ན། སྒྲོ་སྐུར་གྱི་ལྟ་བ་རྒྱུད་ལ་སྐྱེ་བའི་གོ་སྐབས་ཀྱང་མེད་པར་ཤུགས་ཀྱིས་འགྲུབ་བོ། །མི་འཇིགས་པའི་དམ་བཅའ་བཞི་ལ་གླགས་མི་རྙེད་པར་གསུང་ཚུལ་ནི། མདོ་ལས། ཀྱེ་མ་བདག་གིས་ཆོས་འདི་དག་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་དམ་བཅས་ན། འདིར་ང་ལ་ཞེས་སོགས་གསུངས་པ་སྟེ་གྲགས་ཆེའོ། །རྟེན་འབྱུང་གསུངས་པས་དངོས་པོའི་གནས་ལུགས་སྒྲོ་སྐུར་གྱི་མཐའ་ཐམས་ཅད་དང་བྲལ་བ་བདག་མེད་པའི་དེ་ཁོ་ན་ཉིད་གསལ་བར་མཛད་པ་ཉིད་ཀྱིས་བདེན་འཛིན་མ་རིག་པས་དྲངས་པའི་ཉོན་མོངས་པ་དང་ལས་ལ་བརྟེན་པར་མི་བྱ་ཞེས་བར་ཆད་ཀྱི་ཆོས་བསྟན་པ་དང་། ཐར་བ་མྱ་ངན་ལས་འདས་པར་ངེས་པར་འབྱིན་པའི་ཐབས་རང་བཞིན་མེད་པར་རྟོགས་པའི་ལམ་བསྟན་པ་དང་། སངས་རྒྱས་ཉིད་ཀྱིས་ལམ་དེ་ཉིད་མཐར་ཕྱིན་པའི་ཆོས་ཀྱི་སྐུ་བརྙེས་པས་སྤངས་པ་ཕུན་ཚོགས་དང་། ཚུལ་དེ་གཞན་ལ་སྟོན་པར་བྱེད་པས་གདུལ་བྱ་རྗེས་སུ་འཛིན་པའི་ཐབས་ལ་མངའ་བརྙེས་པས་རྟོགས་པ་ཕུན་སུམ་ཚོགས་པ་སྟེ་དམ་བཅའ་བཞི་ལ་གླགས་མི་རྙེད་པར་འགྲུབ་སྟེ། དེ་བཞི་དངོས་སྟོབས་ཀྱི་རིགས་པ་ཡང་དག་གིས་འགྲུབ་པའི་ཚུལ་གོང་དུ་རྟེན་འབྱུང་གི་དེ་ཁོ་ན་ཉིད་རིགས་པས་བསྒྲུབས་པ་ལས་འབད་པ་མེད་པར་རྟོགས་པའི་ཕྱིར་རོ། །མི་འཇིགས་པ་བཞི་འཆད་ཚུལ་སྐབས་འདིར་གཙོ་བོའི་དབང་དུ་བྱས་ཀྱི་དེས་མ་ཁྱབ་བོ། །

        གཉིས་པ་སྟོང་ཉིད་སྟོན་པའི་བཀའ་རྣམས་སྐྱོན་མེད་དུ་བསྒྲུབས་པའི་དཔེ་དེས་བཀའ་གཞན་རྣམས་ཀྱང་སྐྱོན་མེད་དུ་བསྒྲུབས་པ་ནི།

ཁྱོད་ཀྱི་སྨྲ་བ་ཟླ་མེད་པར། །

མཐོང་བའི་རྒྱུ་མཚན་རྟེན་འབྱུང་གི །

ལམ་འདི་ཉིད་ཀྱི་གསུང་གཞན་ཡང་། །

ཚད་མར་གྱུར་བར་ངེས་པ་སྐྱེ། །

ཞེས་སོགས་ཚིགས་བཅད་གཅིག་བྱུང་།དོན་ནི། བཅོམ་ལྡན་འདས་ཁྱོད་ཀྱི་སྨྲ་བ་འགྲན་ཟླ་མེད་པར་མཐོང་བའི་རྒྱུ་མཚན་མཐར་ཐུག་པ་རྟེན་འབྱུང་གི་ལམ་གསུངས་པ་འདི་ཉིད་མི་བསླུ་བར་མཐོང་བ་ཉིད་ཀྱིས་དེ་དཔེར་བྱས་ནས་ཤིན་ཏུ་ལྐོག་གྱུར་སྟོན་པའི་གསུང་གཞན་རྣམས་ལ་ཡང་བསྟན་དོན་ལ་མི་བསླུ་བའི་ཚད་མར་གྱུར་པར་ངེས་ཤེས་སྐྱེས་སོ། །སྐྱེ་ཚུལ་ནི། སྦྱིན་པ་ལས་ལོངས་སྤྱོད་འབྱུང་བ་སོགས་ཤིན་ཏུ་ལྐོག་གྱུར་སྟོན་པའི་མདོ་གཞན་རྣམས་ཆོས་ཅན། རང་གི་བསྟན་བྱའི་དོན་ལ་བསླུ་བ་མེད་དེ། དཔྱད་པ་གསུམ་གྱིས་དག་པའི་ལུང་ཡིན་པའི་ཕྱིར། དཔེར་ན་སྟོང་ཉིད་སྟོན་པའི་མདོ་བཞིན་ནོ། །ཞེས་པའི་གཏན་ཚིགས་ལས་སོ། །དཔྱད་པ་གསུམ་ནི། མངོན་སུམ་ཚད་མ་དང་། རྗེས་དཔག་ཚད་མ་གཉིས་ཀྱིས་གནོད་པ་མེད་པ་དང་། ལུང་གི་ཚིག་གོང་འོག་དང་དངོས་ཤུགས་འགལ་བ་སོགས་ཀྱི་གནོད་པ་མེད་པ་གསུམ་ལ་མཁས་གྲུབ་དགེ་ལེགས་དཔལ་བཟང་བོས་བཤད་དོ། །ལ་ལ་དག་དེ་བཞིན་གཤེགས་པས་གསུངས་པའི་ཕྱིར། ཞེས་སོགས་འགོད་པ་ནི་རིགས་པའི་ཚུལ་ལ་བློ་ཁ་མ་ཕྱོགས་པའི་གཏམ་མོ། །གསུང་འདི་ནི་བཞི་བརྒྱ་བ་ལས། སངས་རྒྱས་ཀྱིས་གསུངས་ལྐོག་གྱུར་ལ། །གང་ཞིག་ཐེ་ཚོམ་སྐྱེ་འགྱུར་བ། །དེ་ཡིས་སྟོང་བ་ཉིད་བརྟེན་ཏེ། །འདི་ཉིད་ཁོ་ནར་ཡིད་ཆེས་བྱ། །ཞེས་གསུངས་པ་དང་ཚུལ་མཚུངས་ཤིང་། དེའི་འགྲེལ་བར་ཟླ་བའི་ཞབས་ཀྱིས་ཀྱང་རྒྱས་པར་གསུངས་སོ། །འདི་ལྟར་རྒྱལ་བའི་བཀའ་ལ་ཡང་དཔྱད་པ་གསུམ་གྱིས་དག་པའི་སྒོ་ནས་རིགས་པ་ཡང་དག་གིས་གྲོལ་བ་དོན་དུ་གཉེར་བ་ལ་ཚད་མར་གྱུར་པའི་ཚུལ་ལ་ངེས་ཤེས་རྙེད་པ་དང་། དེས་ཐུབ་པའི་དབང་བོ་ཡང་སྟོན་པ་ཚད་མར་ངེས་པ་ལས་གཏིང་ཚུགས་པའི་དད་པ་བརྟན་པོ་ཐོབ་པ་ནི་བློ་གྲོས་ཆེན་པོ་དང་ལྡན་པ་དག་གི་ལུགས་ཡིན་གྱི། ཐར་བ་དང་ཐམས་ཅད་མཁྱེན་པ་ཤེས་བྱ་ལ་སྲིད་པ་ཙམ་གྱི་རྒྱུ་མཚན་ཡང་མ་ངེས་བཞིན་དུ་སྐྱབས་སུ་འགྲོ་བའི་ཚིག་འདོན་པ་ལྷུར་ལེན་པ་དག་ལ་ནི། མཆོག་གསུམ་གྱི་ཐུགས་རྗེས་སྐྱབས་འགྲོའི་ཚིག་བརྗོད་པའི་ཕན་ཡོན་ཚད་མེད་པ་ནི་འབྱུང་མོད་ཀྱི། འོན་ཀྱང་ཕྱི་རོལ་མུ་སྟེགས་བྱེད་ཀྱི་སྟོན་པ་དང་རང་རེའི་སྟོན་པ་གཉིས་ཀྱི་སྐྱོན་ཡོན་གྱི་ཁྱད་པར་ཤེས་པ་མེད་པ་སོགས་ཀྱིས་སྐྱབས་འགྲོའི་དོན་གང་ཡང་འོང་ས་མེད་དོ། །ཞེས་མཁས་པ་ཆེན་པོ་དག་གསུང་བ་ལྟར་རོ། །

       གཉིས་པ་ལུང་གི་བསྟན་པ་སྐྱོན་མེད་དུ་བསྒྲུབས་པ་དེ་ལས་སངས་རྒྱས་ཉིད་གྲོལ་བ་དོན་གཉེར་ལ་མི་བསླུ་བར་སྒྲུབ་པ་ལ་བཞི། ཕྱི་ནང་གི་སྟོན་པའི་ཁྱད་པར་བཤད་པ་དང་། ཁྱད་པར་དེ་ཤེས་པས་སངས་རྒྱས་ཁོ་ན་ལ་གུས་པར་རིགས་པ་དང་། རྗེ་བཙུན་བླ་མ་རང་ཉིད་ཀྱང་རྒྱུ་མཚན་མཐོང་ནས་ཐུབ་པ་ལ་གུས་པར་བསྟན་པ་དང་། བསྟན་པ་དང་སྟོན་པ་ཚད་མར་བསྒྲུབ་པའི་དོན་བསྡུ་བའོ། །དང་པོ་ནི།

དོན་བཞིན་གཟིགས་ནས་ལེགས་གསུངས་པ། །

ཁྱོད་ཀྱི་རྗེས་སུ་སློབ་པ་ལ། །

རྒུད་པ་ཐམས་ཅད་རིང་དུ་གྱུར། །

ཉེས་ཀུན་རྩ་བ་ལྡོག་ཕྱིར་རོ། །

ཁྱོད་ཀྱི་བསྟན་ལས་ཕྱིར་ཕྱོགས་པས། །

ཡུན་རིང་ངལ་བ་བསྟེན་བྱས་ཀྱང་། །

ཕྱི་ཕྱིར་སྐྱོན་རྣམས་བོས་པ་བཞིན། །

བདག་ཏུ་ལྟ་བ་བརྟན་ཕྱིར་རོ། །

ཞེས་སོགས་ཚིགས་བཅད་གཉིས་བྱུང་།དོན་ནི།གནས་ལུགས་ཀྱི་དོན་ཇི་ལྟ་བ་བཞིན་དུ་གཟིགས་ནས་རིགས་པ་ཡང་དག་པའི་ལམ་ནས་དྲངས་ཏེ་གདུལ་བྱའི་བློ་དང་འཚམ་པར་སྟོན་པས་ལེགས་པར་གསུངས་པ་བོ་མགོན་པོ་ཐུབ་པའི་དབང་བོ་ཁྱོད་ཀྱིས། ཇི་ལྟར་གསུངས་པའི་རྗེས་སུ་ཞུགས་ཏེ་བླང་བ་དང་དོར་བའི་གནས་ལ་བཀའ་བཞིན་སློབ་པ་རྣམས་ལ། རིམ་གྱིས་སྲིད་ཞིའི་རྒུད་པ་ཐམས་ཅད་རིང་དུ་སོང་སྟེ་མཐར་མི་སྐྱེ་བའི་ཆོས་ཅན་དུ་འགྱུར་བ་ཡིན་ཏེ། ཉེས་པ་ཀུན་ཏེ་ཐམས་ཅད་ཀྱི་རྩ་བ་བདག་ཏུ་འཛིན་པའི་མ་རིག་པ་ལྡོག་པར་འགྱུར་བའི་ཕྱིར་རོ། །ཡིད་རྨོངས་པའི་གཞན་དབང་དུ་གྱུར་པས་མགོན་པོ་ཁྱོད་ཀྱི་བསྟན་པ་ལས་ཕྱིར་ཕྱོགས་པ་མུ་སྟེགས་ཅན་རྣམས་ཀྱིས་ནི། ཤིན་ཏུ་ཡུན་རིང་བོར་སྐྲ་འབལ་བ་དང་། མེ་ལྔ་བསྟེན་པ་དང་། ཁྲུས་བྱེད་པ་སོགས་དཀའ་སྤྱད་ཀྱི་ངལ་བ་མང་བོ་བསྟེན་པར་བྱས་ཀྱང་། ཕྱི་ཕྱིར་ཉོན་མོངས་པ་དང་སྡུག་བསྔལ་གྱི་སྐྱོན་རྣམས་བོས་པ་བཞིན་དུ་རང་རྒྱུད་ལ་འཕེལ་བར་འགྱུར་ཏེ། ཉེས་སྐྱོན་ཐམས་ཅད་ཀྱི་རྩ་བ་བདག་ཏུ་ལྟ་བ་དེ་ཉིད་སྒྲུབ་བྱེད་དང་བཅས་པས་བརྟན་པར་བྱེད་པའི་ཕྱིར་རོ། །འདི་ནི་གོང་དུ་བདག་འཛིན་འཁོར་བའི་རྩ་བར་བསྟན་པ་དང་། བདག་མེད་རྟོགས་པའི་ཤེས་རབ་བདག་འཛིན་གྱི་གཉེན་པོར་བསྟན་པ་དང་། རྟེན་འབྱུང་གི་དེ་ཁོ་ན་ཉིད་བསྟན་པ་ཐུབ་པའི་དབང་བོའི་ཁྱད་ཆོས་སུ་བསྒྲུབས་པ་རྣམས་ལས་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་སོགས་ལེགས་པར་གྲུབ་པས་རིགས་པ་ཡང་དག་པའོ་ཞེས་ཤེས་པར་བྱའོ། །དེ་ལྟར་ན་རྒྱལ་བ་ཐུབ་པའི་དབང་བོའི་བསྟན་པ་ནི་ལམ་བདེ་བས་འབྲས་བུ་བདེ་བ་ཐོབ་པ་དང་། འཁོར་བའི་རྒྱུན་ལས་ལྡོག་པ་དང་ཉོན་མོངས་པ་རྣམ་པར་བྱང་བར་བྱེད་པ་དང་ཐར་འདོད་མི་བསླུ་བ་དང་། གཅིག་ཏུ་དགེ་བ་དང་། ཉེས་པ་དག་པར་བྱེད་ལ། ཕྱི་རོལ་བའི་བསྟན་པ་ནི་དེ་དག་ལས་ལྡོག་པ་སྟེ། ཁྱད་པར་འཕགས་བསྟོད་ལས། གང་སླད་ཁྱོད་ཀྱི་བསྟན་པ་ནི། །བདེ་བས་བདེ་བ་འཐོབ་བགྱིད་པ། །དེ་སླད་སྨྲ་བའི་སེང་ཁྱོད་ཀྱི། །གཞུང་ལུགས་ལ་ནི་འགྲོ་འདི་དང་། །ཅེས་དང་། བསྔགས་འོས་བསྔགས་བསྟོད་ལས། འཇུག་དང་ལྡོག་པ་གང་ལགས་དང་། །ཀུན་ནས་ཉོན་མོངས་རྣམ་བྱང་གང་། །དེ་ཉིད་དཔའ་བོ་ཁྱོད་བཀའ་དང་། །གཞན་གྱི་ཚིག་གི་ཁྱད་པར་ལགས། །འདི་ནི་གཅིག་པུ་དེ་བཞིན་ཉིད། །དེ་ནི་བསླུ་ཆོས་འབའ་ཞིག་ན། །ཁྱོད་ཀྱི་བཀའ་དང་གཞན་གྱི་ཚིག །དེ་ལས་ཁྱད་ཞུགས་གཞན་ཅི་འཚལ། །འདི་ནི་གཅིག་ཏུ་དགེ་ལ་དེ། །གཅིག་ཏུ་བར་ཆད་བགྱིད་ལགས་ན། །ཁྱོད་ཀྱི་བཀའ་དང་གཞན་གྱི་ཚིག །དེ་ལས་མི་འདྲ་ཅི་ཞིག་མཆིས། །དེ་ཡིས་བསྒོས་ཤིང་ཉེར་བསྒོས་པ། །འདི་ཡིས་དག་པར་བགྱིད་འགྱུར་བ། །དེ་ཉིད་མགོན་པོ་ཁྱོད་བཀའ་དང་། །གཞན་གྱི་ཚིག་གི་ཁྱད་པར་ལགས། །ཞེས་གསུངས་པ་ལྟར་རོ། །

གཉིས་པ་ནི།

ཨེ་མའོ་མཁས་པ་འདི་གཉིས་ཀྱི། །

ཁྱད་པར་ཁོང་དུ་ཆུད་གྱུར་བ། །

དེ་ཚེ་རྐང་གི་ཁོང་ནས་ནི། །

ཁྱོད་ལ་ཅི་ཕྱིར་གུས་མི་འགྱུར། །

ཁྱོད་གསུང་དུ་མ་ཅི་ཞིག་སྨོས། །

ཆ་ཤས་རེ་ཡི་དོན་ཙམ་ལའང་། །

འོལ་སྤྱི་ཙམ་གྱི་ངེས་རྙེད་པ། །

དེ་ལའང་མཆོག་གི་བདེ་བ་སྟེར། །

ཞེས་སོགས་ཚིགས་བཅད་གཉིས་བྱུང་།དོན་ནི། ཨེ་མའོ་སྟེ་ཤིན་ཏུ་ངོ་མཚར་བའི་གནས་ཆེན་པོ་ཐུབ་པའི་ཡོན་ཏན་མཐོང་བའི་མཁས་པ་ལེགས་ཉེས་འབྱེད་པའི་བློ་དང་ལྡན་པ་རྣམས་ཀྱིས་ནི།གང་གི་ཚེ་ཐུབ་པའི་དབང་བོ་དང་མུ་སྟེགས་ཀྱི་སྟོན་པ་རྣམས་ཀྱི་བསྟན་པའི་སྐྱོན་ཡོན་བཤད་མ་ཐག་པ་ལྟར་འདི་གཉིས་ཀྱི་ཁྱད་པར་ཁོང་དུ་ཆུད་པར་གྱུར་པ་དེའི་ཚེ། རྐང་གི་ཁོང་ནས་ཏེ་སྙིང་ཐག་པ་ནས་མཁས་པ་དེ་ནི། ཐུབ་པའི་དབང་བོ་ཁྱོད་ལ་ཅིའི་ཕྱིར་གུས་པར་མི་འགྱུར་ཏེ་གུས་པར་རིགས་པ་ཡིན་ཏེ། མགོན་པོ་ཁྱོད་ཀྱི་གསུང་རབ་དུ་མ་རྟོགས་པ་རྣམས་ལ་ལྟ་ཅི་ཞིག་སྨོས། དེ་ཁོ་ན་ཉིད་རྟེན་འབྲེལ་སྟོན་པའི་ཆ་ཤས་རེའི་དོན་ཙམ་ལའང་། འོལ་སྤྱི་ཙམ་སྟེ་གོ་བ་རགས་པ་ཙམ་གྱིས་ཐོལ་བྱུང་གི་ངེས་པ་སུ་ཞིག་གིས་རྙེད་པ་དེ་ལའང་ཐར་བ་དང་ཐམས་ཅད་མཁྱེན་པ་མཆོག་གི་བདེ་བ་སྟེར་བར་བྱེད་པས་སོ། །འདི་ནི་འཕགས་པ་ལྷའི་ཞབས་ཀྱིས། བསོད་ནམས་ཆུང་ངུས་ཆོས་འདི་ལ། །ཐེ་ཚོམ་ཟ་བར་ཡང་མི་འགྱུར། །ཐེ་ཚོམ་ཟོས་པ་ཙམ་གྱིས་ཀྱང་། །སྲིད་པ་ཧྲུལ་བོར་བྱེད་པར་འགྱུར། །ཞེས་གསུངས་པ་དང་དགོངས་པ་གཅིག་གོ །སྲིད་པ་ཧྲུལ་བོར་བྱེད་པ་ནི་དོན་འགྱུར་གྱི་ཐེ་ཚོམ་གྱིས་སྲིད་པའི་རྒྱུའི་གཙོ་བོ་བདེན་འཛིན་རྒྱུན་གཅོད་པ་ལ་མངོན་དུ་ཕྱོགས་པའི་དོན་ནོ། །དེ་ལྟར་ཡང་དེའི་འགྲེལ་བར་ཟླ་བའི་ཞབས་ཀྱིས། ཐེ་ཚོམ་ཟ་བ་འདི་ཙམ་གྱིས་ཀྱང་ངེས་པར་འདིའི་སྲིད་པ་ཧྲུལ་བོར་བྱེད་པ་ཉིད་དུ་འགྱུར་ཏེ། དེ་ནི་གལ་ཏེ་འདི་ལྟར་ཡིན་ནམ་སྙམ་དུ་དམིགས་པ་ན་དེའི་ཚེ་རིམ་གྱིས་ཉོན་མོངས་པའི་རྐུན་པོ་གཅོད་པའི་རྒྱུར་འགྱུར་རོ། །ཞེས་སོགས་རྒྱ་ཆེར་བཤད་པ་ལས་ཤེས་པར་བྱའོ། །གཞན་ཡང་སྟོང་བ་ཉིད་སྟོན་པའི་ཆོས་ཚིགས་བཅད་གཅིག་ཙམ་བཟུང་བ་དང་གཞན་ལ་བསྟན་པས། གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་དང་མཉམ་པའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ་སངས་རྒྱས་ལ་ཕུལ་བ་ལས་ཀྱང་བསོད་ནམས་མང་དུ་འཐོབ་པ་དང་། ཆོས་འདི་ལ་མོས་པ་ཙམ་གྱིས་མི་དགེ་བཅུ་དང་། མཚམས་མེད་ལྔ་སོགས་ཆོ་ག་དང་ཚུལ་ཁྲིམས་ལོག་པར་ཞུགས་པའི་ཉེས་པ་ཐམས་ཅད་འདག་པ་སོགས་མདོ་ལས་གསུངས་པའི་ཕན་ཡོན་དཔག་ཏུ་མེད་པ་རྣམས་དྲན་པར་བྱས་ཏེ་ཆོས་འདིའི་བག་ཆགས་བརྟས་པར་བྱའོ། །གསུམ་པ་ནི།

ཀྱི་ཧུད་བདག་བློ་རྨོངས་པས་བཅོམ། །

འདི་འདྲའི་ཡོན་ཏན་ཕུང་བོ་ལ། །

རིང་ནས་སྐྱབས་སུ་སོང་གྱུར་ཀྱང་། །

ཡོན་ཏན་ཆ་ཙམ་མ་འཚལ་ཏོ། །

འོན་ཀྱང་འཆི་བདག་ཁར་ཕྱོགས་པའི། །

སྲོག་གི་རྒྱུན་ནི་མ་ནུབ་པར། །

ཁྱོད་ལ་ཅུང་ཟད་ཡིད་ཆེས་པ། །

འདི་ཡང་སྐལ་བ་བཟང་སྙམ་བགྱིད། །

ཅེས་སོགས་ཚིགས་བཅད་གཉིས་བྱུང་།དོན་ནི། ཀྱེ་ཧུད་ནི་སྨྲེ་སྔགས་ཀྱི་ཚིག་སྟེ་བསྟན་བཅོས་རྩོམ་པ་པོ་བདག་གི་བློ་གྲོས་ནི། རྨོངས་པ་མ་རིག་པས་བཅོམ་པ་སྟེ་བསྒྲིབས་པས། བཤད་ཟིན་པ་འདི་འདྲའི་ཡོན་ཏན་གྱི་ཕུང་བོ་སངས་རྒྱས་ཐུབ་པའི་དབང་བོ་ལ་ཡུན་རིང་མོ་ཞིག་ནས་སྐྱབས་སུ་སོང་ཡང་། ཁྱོད་ཁོ་ནའི་ཡོན་ཏན་དུ་གྱུར་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་དངོས་པོའི་དེ་ཁོ་ན་ཉིད་གསུངས་པ་འདིའི་དོན་གྱི་ཆ་ཤས་ཙམ་ཡང་མ་འཚལ་ཏེ་ཤེས་པར་མ་གྱུར་ཏོ། །འོན་ཀྱང་རྟག་ཏུ་འཆི་བདག་གི་ཁར་ཕྱོགས་ཤིང་འགྲོ་བའི་སྲོག་གི་དབང་བོ་འདིའི་རྒྱུན་ནི་མ་ནུབ་པ་སྟེ་སྐུ་ཚེའི་འདུ་བྱེད་མ་དོར་བའི་སྔོན་དུ་ཡང་དག་པའི་རིགས་པའི་སྟོབས་ཀྱིས་མཚན་མར་འཛིན་པའི་དམིགས་གཏད་ཐམས་ཅད་བཤིག་སྟེ། དེ་ཁོ་ན་ཉིད་ལ་མཐའ་གཞན་དུ་དོགས་པའི་སྒྲོ་འདོགས་ལྷག་མ་མེད་པར་བཅད་པས་ཐུབ་པའི་དབང་བོ་ཁྱོད་ལ་ཅུང་ཟད་ཡིད་ཆེས་པ་སྟེ་རིགས་པའི་ལམ་ནས་དྲངས་པའི་དད་པ་བཅོས་མ་མ་ཡིན་པ་རྙེད་པ་འདི་ཡང་། །སྐལ་བ་བཟང་ངོ་སྙམ་དུ་ཡིད་ལ་བགྱིད་དོ། །འདི་ནི་སྲས་ཀྱི་ཐུ་བོ་མཁས་གྲུབ་དགེ་ལེགས་དཔལ་བཟང་བོས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྣམ་པར་ཐར་བར་བཤད་པ་ལྟར། སྐུ་ཚེའི་སྨད་ཀྱི་སྐབས་ཤིག་རྩ་ཤེའི་འགྲེལ་བ་བུད་དྡྷ་པཱ་ལི་ཏ་གཟིགས་པས་རྐྱེན་བྱས་ཏེ་ཟབ་མོ་རྟེན་འབྱུང་གི་དེ་ཁོ་ན་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཀླུའི་ཞབས་ཀྱི་དགོངས་པ་ཇི་ལྟ་བ་བཞིན་ཐུགས་སུ་ཆུད་པ་ལ་འཆད་པར་བྱ་སྟེ། འོན་ཀྱང་བདག་ཉིད་ཆེན་པོ་འདི་ནི་རིང་མོ་ཞིག་ནས་རྒྱལ་སྲས་ཀྱི་སྤྱོད་པ་རླབས་ཆེན་པོའི་ཕ་རོལ་ཏུ་སོན་པ་ཡིན་པས། དེ་ཁོ་ན་ཉིད་གསར་དུ་རྟོགས་པ་ལྟར་མཛད་པ་ནི་སྙིགས་མའི་དུས་ཀྱི་གདུལ་བྱ་བློ་གྲོས་དམན་པ་རྣམས་ཀྱི་དོན་དུ་འགྱུར་བར་གཟིགས་ནས་ཚུལ་བསྟན་པ་ཙམ་མོ། །ཡང་ན། རྗེ་ཉིད་ཀྱི་གསུང་ལས། ཡང་དག་མཐའ་ལེགས་པར་ཤེས་པ་སྔགས་ལ་རག་ལས་པར་འདུག་གསུངས་པའི་རྗེས་སུ་འབྲངས་ཏེ་ཆེས་དཔག་པར་དཀའ་བའི་རྣམ་པར་ཐར་བ་ཞིག་འཆད་ཚུལ་ཡོད་མོད་ཀྱང་ཐུན་མོང་དུ་བསྙད་པར་བགྱི་བ་མ་ཡིན་པས་རེ་ཞིག་བཞག་གོ །ལ་ལ་དག  ཡོན་ཏན་ཆ་ཙམ་མ་འཚལ་ཞེས་པ་སངས་རྒྱས་ཀྱི་ཡོན་ཏན་ཆ་ཙམ་ཡང་རང་རྒྱུད་ལ་མ་ཐོབ་པ་ལ་འཆད་དགོས་ཀྱི། མ་ཤེས་པ་ལ་བྱས་ན་ཡོན་ཏན་གྱི་ཕུང་བོར་རྟོགས་པར་བཤད་པ་དང་འགལ་ལོ་ཞེས་ཟེར་མོད་ཀྱང་།དཔྱད་པ་དེ་ནི་འགངས་ཆེ་བར་མ་མཐོང་ངོ་། །བཞི་བ་ནི།

སྟོན་པའི་ནང་ན་རྟེན་འབྲེལ་སྟོན་པ་དང་། །

ཤེས་རབ་ནང་ན་རྟེན་འབྲེལ་ཤེས་པ་གཉིས། །

འཇིག་རྟེན་དག་ན་རྒྱལ་བའི་དབང་པོ་བཞིན། །

ཕུལ་བྱུང་ལེགས་པར་ཁྱོད་མཁྱེན་གཞན་གྱིས་མིན། །

ཞེས་སོགས་ཚིགས་བཅད་གཅིག་བྱུང་།དོན་ནི། གང་ཞིག་གྲོལ་བ་དོན་དུ་གཉེར་བ་རྣམས་ལ་མི་བསླུ་བའི་སྟོན་པར་གྱུར་པ་ནི་ཐུབ་པའི་དབང་བོ་ཁྱོད་ཉིད་ཁོ་ན་ཡིན་ཏེ། བླང་དོར་སྟོན་པའི་ནང་ན་རྟེན་འབྲེལ་དེ་ཁོ་ན་ཉིད་སྟོན་པ་དང་ཤེས་རབ་ཐམས་ཅད་ཀྱི་ནང་ན་རྟེན་འབྲེལ་གྱི་དེ་ཁོ་ན་ཉིད་ཤེས་པ་འདི་གཉིས་ནི།འཇིག་རྟེན་དག་ན་རྒྱལ་བའི་དབང་བོ་བཞིན་དུ་མཚུངས་པ་མེད་པའི་ཕུལ་དུ་བྱུང་བ་ཉིད་དུ་ལེགས་པར་བསྒྲུབས་པ་ཡིན་ན་རྟེན་འབྲེལ་ཟབ་མོའི་ཚུལ་དེ་ནི་ཐུབ་པའི་དབང་བོ་ཁྱོད་འབའ་ཞིག་གིས་མཁྱེན་ཅིང་གཞན་ལ་ཐུགས་བརྩེ་བས་སྟོན་པར་མཛད་པ་ཡིན་གྱི། གཞན་མུ་སྟེགས་བྱེད་ཀྱི་སྟོན་པ་སེར་སྐྱ་སོགས་ཀྱིས་ནི་ཚུལ་དེ་ཤེས་པ་མིན་པའི་ཕྱིར་རོ། །རྒྱལ་བའི་དབང་བོ་ནི་ལ་ལ་བཅོམ་ལྡན་འདས་ལ་འཆད། འགའ་ཞིག་ཡིད་བཞིན་གྱི་ནོར་བུར་འཆད་དོ། །སྟོན་པ་བཅོམ་ལྡན་འདས་ཚད་མར་གྱུར་པ་ཉིད་ཀྱིས་དེའི་བསྟན་པ་ཡང་ཚད་མར་གྱུར་པར་ཤུགས་ཀྱིས་འགྲུབ་པས་ཚིགས་བཅད་འདིས་དོན་བསྡུ་བ་འཆད་ཚུལ་ནི། གོང་དུ་བཤད་པ་དེ་དག་གིས་ནི་ཐུབ་པའི་དབང་བོ་དང་དེའི་བསྟན་པ་ཁོ་ན་གྲོལ་བ་དོན་དུ་གཉེར་བ་ལ་ཚད་མར་གྱུར་པ་ཡིན་གྱི། གཞན་མུ་སྟེགས་ཀྱི་སྟོན་པ་དང་དེའི་བསྟན་པ་རྣམས་ནི་བསླུ་བ་ཉིད་དུ་གནས་སོ། །ཞེས་པ་འདི་ལེགས་པར་གྲུབ་བོ་ཞེས་པའོ། །ཇི་སྐད་དུ། མུ་སྟེགས་ཅན་གྱི་གཞུང་ལུགས་ལ། །ཇི་ལྟ་ཇི་ལྟར་རྣམ་བསམས་པ། །དེ་ལྟ་དེ་ལྟར་མགོན་ཁྱོད་ལ། །བདག་གི་ཡིད་ནི་དང་བར་གྱུར། །ཅེས་པ་ལྟར་རང་དང་གཞན་གྱི་སྡེ་བ་དག་གི་འདོད་ཚུལ་རྣམས་ལེགས་པར་ཤེས་པའི་སྒོ་ནས། བདེན་བཞི་དང་ཁྱད་པར་དུ་རྟེན་འབྲེལ་བསྟན་པའི་ཚུལ་འདིས། སྨྲ་བའི་ཉི་མ་དེ་བཞིན་གཤེགས་པའི་གསུང་གི་འོད་ཟེར་ཤིན་ཏུ་གསལ་བས། གང་གཟེགས་ཟན་དང་། རྐང་མིག་པ་དང་། ཕྱོགས་ཀྱི་གོས་ཅན་དང་། རྒྱལ་དཔོག་པ་སོགས་ཀྱིས་རང་གི་རྣམ་པར་རྟོག་པའི་བཏགས་པའི་གཞུང་ལུགས་ངན་པའི་མུན་པ་སྟུག་པོ་དེ་དག་སེལ་བར་མཛད་པ་ལ། དྲི་མ་མེད་པའི་རིགས་པའི་ལམ་ནས་དྲངས་པའི་ངེས་པ་བརྟན་པོ་སྐྱེ་དགོས་ཀྱི། གཞན་དུ་ན་རང་གི་སྟོན་པ་སྐྱོན་ཀུན་ཟད་དུ་སྨྲས་ཀྱང་སྨྲས་པ་ཙམ་དུ་ཟད་པར་འགྱུར་བའི་ཕྱིར་དང་། བདག་ནི་སྟོན་པ་གཞན་སྤངས་ནས་ཁྱོད་ཁོ་ན་ལ་སྐྱབས་སུ་སོང་བ་འདི་ལ་རྒྱུ་མཚན་ཅི་ཡང་མེད་དོ། །ཞེས་རང་གི་སྐྱབས་འགྲོའི་མཚང་སྒྲོགས་པར་འགྱུར་བའི་ཕྱིར་རོ། །དེ་བས་ན་བཤད་ཟིན་པའི་གཞུང་འདི་དག་ལ་གྲོལ་བ་དོན་དུ་གཉེར་བ་དག་གིས་ཞིབ་ཏུ་སྦྱང་དགོས་ཏེ། ཉམས་ལེན་གྱི་གནད་ཟབ་མོ་བདེན་བཞིའི་བླང་དོར་ཤིན་ཏུ་ཕྲ་བ་གཏན་ལ་ཕབ་པའི་ཁོ་ནས་སྟོན་པ་ཐུབ་པའི་དབང་བོ་བསྟན་པ་དང་བཅས་པ་ཐར་འདོད་ལ་ཚད་མར་བསྒྲུབས་པའི་ཕྱིར་རོ། །དེ་ཡང་། འཇིག་རྟེན་རྒུད་པ་ཇི་སྙེད་པ། །དེ་ཡི་རྩ་བ་མ་རིག་སྟེ། །ཞེས་སོགས་སྐབས་ལ་ལར་རྒྱུ་ཀུན་འབྱུང་བདེན་པ་ཕྲ་མོ་ཆོས་རྣམས་རང་བཞིན་གྱིས་གྲུབ་པར་འཛིན་པའི་མ་རིག་པ་དང་།དེས་དྲངས་པའི་ལས་ཉོན་དང་། དེ་དག་གིས་བསྐྱེད་པའི་སྡུག་བསྔལ་གྱི་བདེན་པ་ཕྲ་མོ་བསྟན་ཅིང་། རང་བཞིན་ལྡོག་པ་མེད་པའི་ཕྱིར། ཞེས་སོགས་ཀྱི་སྐབས་ལ་ལར་རང་བཞིན་དང་བཅས་པའི་ཕྱོགས་ལ་མྱང་འདས་སོགས་མི་རུང་བར་བསྟན་པའི་ཤུགས་ཀྱིས་རང་ལུགས་ལ་འགོག་པའི་བདེན་པ་ཕྲ་མོ་རིགས་པ་དྲུག་ཅུ་བའི་འགྲེལ་བར་བཤད་པ་ལྟར་འཐད་ཚུལ་དང་། ལྷག་མ་རྣམས་ཀྱིས་ལམ་གྱི་བདེན་པ་ཕྲ་མོ་རང་བཞིན་མེད་རྟོགས་ཀྱི་ཚུལ་གཏན་ལ་འབེབས་པ་སོགས་རྒྱས་པར་ནི་ཐེག་པ་ཆེ་ཆུང་གི་ལམ་གྱི་རིམ་པ་མཐའ་ཡས་པ་ཞིག་བཤད་དུ་ཡོད་མོད། འོན་ཀྱང་དེང་དུས་ནི་མཁས་པར་རློམ་པ་དག་ལ་ཡང་འདི་ལྟར་འཆད་ཤེས་པ་ལྟ་ཞོག །གཞུང་འདི་དག་ན་ལམ་ཉམས་ལེན་གྱི་རིམ་པ་ཞིག་བསྟན་ཡོད་སྙམ་པ་ཡང་ཉིན་མོའི་སྐར་མ་ལྟར་གྱུར་འདུག་གོ །ཞིབ་པར་ཡི་གེ་མང་བས་འཇིགས་ནས་མ་བྲིས་སོ། །

       གསུམ་པ་རྒྱལ་བའི་བསྟན་པ་ཁོ་ན་ཐར་འདོད་ཀྱི་འཇུག་ངོགས་སུ་བསྟན་པ་ལ་གསུམ། ཐུབ་པའི་བཀའ་ཐམས་ཅད་མྱང་འདས་འཐོབ་པའི་ཐབས་སུ་བསྟན་པ་དང་། དེས་ན་རྒྱལ་བའི་བསྟན་པ་ལ་འཇུག་རིགས་པར་བསྟན་པ་དང་། རྩོམ་པ་པོ་རང་ཉིད་ཁྱད་ཆོས་གསུམ་ལྡན་གྱི་བསྟན་པ་འདི་འཛིན་པ་ལ་སྤྲོ་བར་བསྟན་པའོ། །དང་པོ་ནི།

ཁྱོད་ཀྱིས་ཇི་སྙེད་བཀའ་བསྩལ་བ། །

རྟེན་འབྲེལ་ཉིད་ལས་བརྩམས་ཏེ་འཇུག །

དེ་ཡང་མྱ་ངན་འདའ་ཕྱིར་ཏེ། །

ཞི་འགྱུར་མིན་མཛད་ཁྱོད་ལ་མིན། །

ཞེས་སོགས་ཚིགས་བཅད་གཅིག་བྱུང་།དོན་ནི། བཅོམ་ལྡན་འདས་ཐུབ་པའི་དབང་བོ་ཁྱོད་ཀྱིས་ཆོས་ཀྱི་ཕུང་བོ་ཇི་སྙེད་ཅིག་བཀའ་བསྩལ་པ། དེ་དག་ཐམས་ཅད་དངོས་བརྒྱུད་ཅི་རིགས་པར་རྟེན་འབྲེལ་སྟོང་བ་ཉིད་ཀྱི་དོན་ལས་བརྩམས་ཏེ་འཇུག་ལ། དེ་ཡང་སྐྱེ་རྒུ་རྣམས་ཀྱིས་མྱ་ངན་ལས་འདས་པ་ཐོབ་པའི་ཕྱིར་འབའ་ཞིག་ཡིན་ཏེ། འཁོར་བའི་སྡུག་བསྔལ་ཞི་བར་བྱེད་པའི་ཆེད་མ་ཡིན་པར་བརྩོན་པ་ལྷུར་ལེན་པ་སོགས་ཀྱི་མཛད་པ་ནི་ཁྱོད་ལ་མེད་པའི་ཕྱིར་རོ། །འདིར་ཐུབ་པའི་གསུངས་ཐམས་ཅད་རྟེན་འབྲེལ་ཉིད་ལས་བརྩམས་ཏེ་འཇུག་ཚུལ་ནི། གོང་དུ། དེ་ཚེ་བློ་དང་ལྡན་པ་ཡིས། །ཞེས་སོགས་ཀྱི་སྐབས་སུ་རྒྱས་པར་བཤད་ཟིན་ཏོ། །

ཞི་བ་མྱང་འདས་འཐོབ་བྱེད་འབའ་ཞིག་ཡིན་པ་ནི། རྗེ་བཙུན་བྱམས་པས། གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཞིང་། །ཁམས་གསུམ་ཀུན་ནས་ཉོན་མོངས་སྤོང་ཕྱིར་གསུངས། །ཞི་བའི་ཕན་ཡོན་སྟོན་པར་མཛད་པ་སྟེ། །དེ་ནི་དྲང་སོང་གསུང་ཡིན་སྤྱི་བོར་བླངས། ཞེས་བཀའ་ཐམས་ཅད་སྤོབས་པ་བཞི་ལྡན་དུ་གསུངས་པ་ལྟར་རོ། །གཉིས་པ་ནི།

ཀྱེ་མའོ་ཁྱོད་ཀྱི་བསྟན་པ་ནི། །

གང་གི་རྣ་བའི་ལམ་སོང་བ། །

དེ་དག་ཐམས་ཅད་ཞི་འགྱུར་ཕྱིར། །

ཁྱོད་བསྟན་འཛིན་པར་སུ་མི་གུས། །

 ཞེས་སོགས་ཚིགས་བཅད་གཅིག་བྱུང་།དོན་ནི། ཀྱེ་མའོ་ཞེས་པ་ནི་ངོ་མཚར་བའོ། །བཅོམ་ལྡན་འདས་ཁྱོད་ཀྱི་བསྟན་པ་འདི་ནི། སྐྱེ་བོ་གང་གི་རྣ་བའི་ལམ་དུ་སོང་བ་དེ་དག་ཐམས་ཅད་ཀྱིས་ཞི་བ་མྱང་འདས་འཐོབ་པར་འགྱུར་བའི་ཕྱིར། ཁྱོད་ཀྱི་བསྟན་པ་འཛིན་པར་ཐར་འདོད་སུ་ཞིག་མི་གུས་པར་འགྱུར་ཏེ་མི་འགྱུར་རོ། །བསྟན་པ་རྣ་ལམ་དུ་གྲགས་པ་ཙམ་གྱིས་ཞི་བ་འཐོབ་པ་ནི། བསྟོད་པ་བརྒྱ་ལྔ་བཅུ་བ་ལས། རེ་ཞིག་དང་པོར་ཁྱོད་ཀྱི་གསུང་། །ཉན་པ་རྣམས་ཀྱི་ཡིད་འཕྲོག་མཛད། །དེ་ནས་ཡིད་ལ་བསམས་བགྱིས་ན། །འདོད་ཆགས་གཏི་མུག་རྣམས་ཀྱང་སེལ། །ཞེས་དང་། སྐྱེས་རབས་ལས། ཐོས་པའི་རྗེས་འཇུག་སྒྲུབ་པ་སྙིང་བོར་བྱེད། །སྐྱེ་བའི་རྫོང་ལས་ཚེགས་ཆུང་ཐར་བར་འགྱུར། །ཞེས་པ་ལྟར། ཐོས་བསམ་སྒོམ་གསུམ་སྔ་མ་སྔ་མ་ལ་བརྟེན་ནས་འབྱུང་བས་རིམ་གྱིས་ཞི་བ་འཐོབ་པ་དང་། ཐོས་པས་བླང་དོར་གྱི་གནས་ལེགས་པར་ཤེས་པས་ཚུལ་ཁྲིམས་ཀྱི་བསླབ་པ་རྣམ་པར་དག་ཅིང་།དེས་བསླབ་པ་ཕྱི་མ་གཉིས་རིམ་གྱིས་བསྐྱེད་དེ་མྱང་འདས་འཐོབ་པར་ཐོས་པའི་ཚོམས་ལས། ཐོས་པས་ཆོས་རྣམས་ཤེས་པར་འགྱུར་ཞེས་སོགས་ཀྱིས་བཤད་པ་ལྟར་ཡིན་ལ། གནག་རྫི་དགའ་བོ་དང་། སྦལ་བའི་གཏམ་རྒྱུད་ལྟ་བུ་ཡང་སྦྱར་ན་འགྲིག་གོ ། གསུམ་པ་ནི།

ཕས་རྒོལ་མཐའ་དག་འཇོམས་པ་དང་། །

ལྟག་འོག་འགལ་འདུས་སྟོང་བ་དང་། །

སྐྱེ་རྒུའི་དོན་གཉིས་སྟེར་བྱེད་པ། །

ལུགས་འདིར་ཁོ་བོ་སྤྲོ་བ་འཕེལ། །

ཞེས་སོགས་ཚིགས་བཅད་གཅིག་བྱུང་།དོན་ནི། བཅོམ་ལྡན་འདས་སྨྲ་བ་དམ་པ་ཡིན་པར་དངོས་སྟོབས་ཀྱི་རིགས་པས་བསྒྲུབས་ཟིན་པས་བཅོམ་ལྡན་འདས་ཀྱི་གསུང་གིས་ཕས་རྒོལ་མུ་སྟེགས་བྱེད་ཀྱི་སྨྲ་བ་ངན་པ་མཐའ་དག་བྱེ་མའི་འཆང་བུ་ལྟར་འཇིག་པས་དེ་དག་འཇོམས་པར་བྱེད་པ་དང་། ལུང་གི་ཚིག་ཉིད་ལ་ལྟག་འོག་འགལ་བ་འདུ་བའི་སྐྱོན་གྱིས་སྟོངས་པ་དང་། སྐྱེ་དགུའི་མངོན་པར་འདོད་པའི་དོན་མངོན་མཐོ་དང་ངེས་ལེགས་གཉིས་སྟེར་བར་བྱེད་པས་ན། ཁྱད་ཆོས་གསུམ་དང་ལྡན་པའི་ལུགས་འདིས། རྩོམ་པ་པོ་རང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་པ་བློ་བཟང་གྲགས་པ་ཁོ་བོ་སྤྲོ་བ་འཕེལ་ནས། ལུགས་འདི་ཕྱོགས་ཐམས་ཅད་དུ་དར་རྒྱས་སུ་བྱས་ཤིང་། ད་དུང་ཡང་འཁོར་བ་མ་སྟོངས་ཀྱི་བར་དུ་ལུགས་བཟང་འདི་འཛིན་པར་དམ་བཅས་པ་ཡིན་ནོ། །ཞེས་པ་སྟེ། ཁྱད་ཆོས་གསུམ་ནི་གོང་དུ་ཕལ་ཆེར་བཤད་ཟིན་ལ། རིགས་པའི་དབང་ཕྱུག་གིས། འབྲེལ་བ་དང་ནི་རྗེས་མཐུན་ཐབས། །སྐྱེས་བུའི་དོན་ནི་རྗོད་བྱེད་ངག །ཅེས་སོགས་ཀྱིས་ཀྱང་བཤད་པ་ལྟར་རོ། །

        བཞི་བ་དེ་ལ་བརྟེན་ནས་སངས་རྒྱས་རྗེས་སུ་དྲན་ཚུལ་ལ་རྩོམ་པ་པོས་སངས་རྒྱས་རྗེས་སུ་དྲན་ཚུལ་དང་། གདུལ་བྱ་གཞན་ལ་སངས་རྒྱས་རྗེས་སུ་དྲན་ཚུལ་འདོམས་པའོ། །དང་པོ་ལ་གསུམ། ཐུབ་པའི་དབང་བོས་སློབ་པ་ལམ་གྱི་གནས་སྐབས་སུ་ཆོས་འདིའི་ཆེད་དུ་དཀའ་བ་སྤྱད་པ་རྗེས་སུ་དྲན་ཚུལ་དང་། ཆོས་འདི་ཐུབ་པའི་དབང་པོ་ལས་དངོས་སུ་ཐོས་ན་ཅི་མ་རུང་སྙམ་དུ་རྗེས་སུ་དྲན་ཚུལ། རྟེན་འབྱུང་ཟབ་མོའི་དོན་གསུང་ཚུལ་རྗེས་སུ་དྲན་པས་ཐུགས་སྤྲོ་བའི་ཚུལ་ལོ། །དང་པོ་ནི།

འདི་ཡི་ཕྱིར་དུ་ཁྱོད་ཀྱིས་ནི། །

ལ་ལར་སྐུ་དང་གཞན་དུ་སྲོག །

སྡུག་པའི་གཉེན་དང་ལོངས་སྤྱོད་ཚོགས། །

གྲངས་མེད་བསྐལ་བར་ཡང་ཡང་བཏང་། །

ཞེས་སོགས་ཚིགས་བཅད་གཅིག་བྱུང་།དོན་ནི། རྟེན་འབྱུང་ཟབ་མོའི་ལམ་འདི་ཡི་ཕྱིར་དུ་ཐུབ་པའི་དབང་བོ་ཁྱོད་ཀྱིས་ནི། སློབ་པ་ལམ་གྱི་གནས་སྐབས་སུ་སྐུ་ཚེ་ལ་ལར་སྐུ་སྟེ་ལུས་དང་། སྐབས་གཞན་དུ་ཆེས་ཕངས་པའི་སྲོག་དང་། སྙིང་དུ་སྡུག་པའི་གཉེན་དང་། གསེར་གོས་སོགས་ལོངས་སྤྱོད་ཚོགས།གྲངས་མེད་གསུམ་མམ་བདུན་སོགས་ཀྱི་བསྐལ་པ་ཆེན་པོར་ལན་ཅིག་མ་ཡིན་པར་ཡང་དང་ཡང་དུ་བཏང་སྟེ་དཀའ་བ་དཔག་ཏུ་མེད་པ་སྤྱད་པས་ན། ཐུབ་པའི་དབང་བོ་ཁྱོད་ནི་ཐར་འདོད་གདུལ་བྱ་རྣམས་ལ་གཅིག་ཏུ་བཀའ་དྲིན་ཆེ་བའི་སྐྱབས་མཚུངས་པ་མེད་པའོ། །ཞེས་སངས་རྒྱས་རྗེས་སུ་དྲན་པའོ། །དེ་ཡང་དཀའ་བ་སྤྱད་ཚུལ་ནི། ཐུབ་པའི་དབང་བོས་སྔོན་སློབ་པ་ལམ་གྱི་གནས་སྐབས་སུ་རྒྱལ་པོ་ཤི་བིར་གྱུར་པའི་ཚེ། ཆོས་ཚིགས་སུ་བཅད་པ་གཅིག་གི་ཆེད་དུ་ལུས་ཀྱི་ཤ་ཁྲག་སྦྱིན་པར་བཏང་བ་དང་། རྒྱལ་པོ་གན་ཤ་ནི་པ་ལི་ཞེས་བྱ་བར་གྱུར་པའི་ཚེ་སྐུ་ལ་མར་མེ་སྟོང་བཙུགས་པ་དང་། རྒྱལ་པོ་བྱིར་ལིང་ཀ་ལིར་གྱུར་པའི་ཚེ་སྐུ་ལ་ལྕགས་གཟེར་སྟོང་བཏབ་པ་དང་། རྒྱལ་བུ་དམ་ཀ་མར་གྱུར་པའི་ཚེ་དོང་ཟབས་སུ་ཁྲུ་བཅུ་གཉིས་པ་མེ་མུར་གྱིས་བཀང་བར་མཆོངས་པ་དང་། དྲང་སྲོང་ཨུད་ཏ་ལར་གྱུར་པའི་ཚེ་རང་གི་པགས་པ་ཤོག་བུ། ཁྲག་སྣག་ཚ། རུས་པ་སྨྱུ་གུར་བྱས་ཏེ།ཚིགས་སུ་བཅད་པ་བྲིས་པ་དང་། རྒྱལ་པོ་ཚངས་བྱིན་དུ་གྱུར་པའི་ཚེ་རང་གི་བུ་དང་ཆུང་མ་སོགས་ཆོས་འཆད་པ་བོ་ལ་ཕུལ་བ་དང་། རྒྱལ་བུ་ཆོས་འཚོལ་དུ་གྱུར་པའི་ཚེ་གོས་རིན་ཐང་མེད་པ་དང་ནོར་བུ་རིན་པོ་ཆེ་སློབ་དཔོན་ལ་ཕུལ་ནས་རང་ཉིད་གཡང་སར་མཆོངས་པ་དང་། རྒྱལ་བུ་ཟླ་བར་གྱུར་པའི་ཚེ་གསེར་སྲང་སྟོང་ཕུལ་བ་སོགས་ཚིགས་བཅད་རེ་རེའི་ཆེད་དུ་ཡང་དཀའ་བ་དཔག་ཏུ་མེད་པ་སྤྱད་པར་མདོ་སྡེ་ལས་མང་དུ་བཀའ་བསྩལ་པ་ལྟར་རོ། །དེ་ལྟར་ན་རྗེས་སུ་འཇུག་པ་རང་རེས་ཀྱང་རང་གི་སྟོན་པའི་རྣམ་ཐར་བཞིན་དུ་ཆོས་ཟབ་མོ་འདི་དག་གི་ཆེད་དུ་སྒོ་དུ་མ་ནས་ཚོགས་བསག་པ་དང་། སྒྲིབ་པ་སྦྱོང་བ་ལ་འབད་པར་བྱ་དགོས་སོ། །ཞེས་ལྟ་བ་རྟོགས་པའི་ཚོགས་བསྟེན་པར་བསྐུལ་བ་ལ་ཡང་སྦྱར་བར་བྱའོ། །གཉིས་པ་ནི།

གང་གི་ཡོན་ཏན་མཐོང་བ་ཡིས། །

ལྕགས་ཀྱུས་ཉ་ལ་ཇི་བཞིན་དུ། །

ཉིད་ཀྱི་ཐུགས་དྲངས་ཆོས་དེ་ནི། །

ཁྱོད་ལས་མ་ཐོས་སྐལ་བ་ཞན། །

དེ་ཡི་མྱ་ངན་ཤུགས་ཀྱིས་ནི། །

སྡུག་པའི་བུ་ལ་མ་ཡི་ཡིད། །

རྗེས་སུ་སོང་བ་ཇི་བཞིན་དུ། །

བདག་གི་ཡིད་ནི་གཏོང་མི་བྱེད། །

ཅེས་སོགས་ཚིགས་བཅད་གཉིས་བྱུང་།དོན་ནི། གང་ཟབ་མོའི་དེ་ཁོ་ན་ཉིད་རྟེན་ཅིང་འབྲེལ་འབྱུང་གི་ཡོན་ཏན་ཆགས་སོགས་ཉོན་མོངས་པ་བག་ཆགས་དང་བཅས་པ་དྲུངས་ནས་འབྱིན་པ་སོགས་མཐའ་ཡས་པ་རྣམས་རིགས་པ་དྲི་མ་མེད་པས་མཐོང་བ་ཡིས་ལྕགས་ཀྱུས་ཉ་ལ་བཏབ་པས་ཆུའི་ནང་ནས་དབང་མེད་དུ་འདྲེན་པ་ཇི་བཞིན་དུ། མགོན་པོ་ཐུབ་པའི་དབང་བོ་ཁྱོད་ཉིད་ཀྱི་ཐུགས་དྲངས་པ་སྟེ་ཐུགས་ལེགས་པར་་ཕྲོགས་ཏེ་བཤད་མ་ཐག་པའི་དཀའ་བ་དཔག་ཏུ་མེད་པ་དང་དུ་བླངས་ནས་བཙལ་བའི་ཆོས་ཟབ་མོ་དེ་ནི། ཐུབ་པ་ཁྱོད་ལས་དངོས་སུ་མ་ཐོས་པ་འདིས་རྩོམ་པ་པོ་བདག་ནི་སྐལ་བ་ཞན་ནོ་སྙམ་དུ་ཡིད་དྲག་ཏུ་འགྱོད་པ་དེ་ཡི་མྱ་ངན་ཤུགས་ཀྱིས་ནི། སྡུག་པའི་བུ་གཅིག་པུ་ཤི་བ་ལ་མ་ཡི་ཡིད་སྡུག་བསྔལ་དྲག་པོས་མནར་ཏེ་ཉིན་མཚན་ཀུན་ཏུ་བུ་ཡི་རྗེས་སུ་སོང་བ་ཇི་འདྲ་བ་དེ་བཞིན་དུ། རྩོམ་པ་པོ་བདག་གི་ཡིད་ནི་རྣམ་པ་ཀུན་ཏུ་གཏོང་བར་མི་བྱེད་དོ། །འདིས་ནི་རྩོམ་པ་པོ་རང་ཉིད་ཟབ་མོའི་དེ་ཁོ་ན་ཉིད་འཚོལ་བའི་ཆེད་དུ་རྒྱལ་སྲས་རྟག་ཏུ་ངུ་ལྟར་ཉིན་མཚན་ཁོར་ཡུག་ཏུ་བརྩོན་པའི་གོ་ཆ་དང་དཀའ་སྤྱད་དང་དུ་བླངས་པ་བསྟན་ཏོ། །འདི་ཡང་མདོ་རྒྱུད་རྣམ་པར་དག་པ་གང་དང་ཡང་མི་མཐུན་པའི་གཞུང་ཆུང་ལུང་རིགས་དང་བྲལ་བཞིན་དུ་ཚེ་གཅིག་སངས་རྒྱས་འགྲུབ་པའི་ཐབས་སུ་སྐད་གསང་མཐོན་པོས་སྒྲོགས་པ་དག་དང་། བདེ་གསལ་མི་རྟོག་པའི་ཉམས། ཕྱི་ནང་ཐུན་མོང་བའི་ཏིང་ངེ་འཛིན་ཙམ་ཞིག་ལ་རྫོགས་རིམ་གྱི་ལམ་མཐོན་པོར་རློམ་པའི་མཁས་གྲུབ་དག་གིས་ཆ་ཙམ་ཡང་བསྒྲུན་དུ་མེད་པའི་རྣམ་པར་ཐར་བ་ཡིན་ནོ། །དཔེ་ལ་ལར་དེ་ཡི་མྱ་ངན་ཞུགས་ཀྱིས་ནི། ཟེར་བ་ལྟར་ན། མྱ་ངན་དེ་ལྟ་བུའི་ཞུགས་ཏེ་མེ་ཡིས་ནི། ཞེས་འབྲུ་བསྣན་པར་བྱའོ། །གསུམ་པ་ནི།

འདི་ལའང་ཁྱོད་གསུང་བསམས་པ་ན། །

མཚན་དཔེའི་དཔལ་གྱིས་རབ་ཏུ་འབར། །

འོད་ཀྱི་དྲ་བས་ཡོངས་བསྐོར་བའི། །

སྟོན་པ་དེ་ཡི་ཚངས་དབྱངས་ཀྱིས། །

འདི་ནི་འདི་ལྟར་གསུངས་སྙམ་དུ། །

ཡིད་ལ་ཐུབ་པའི་གཟུགས་བརྙན་ནི། །

ཤར་བ་ཙམ་ཡང་ཚ་བ་ཡིས། །

གདུང་ལ་ཟླ་ཟེར་བཞིན་དུ་སྨན། །

ཞེས་སོགས་ཚིགས་བཅད་གཉིས་བྱུང་།དོན་ནི། དེ་ལྟར་མྱ་ངན་གྱིས་ཡིད་རྟག་ཏུ་གདུངས་པ་འདི་ལའང་སེལ་བྱེད་ཀྱི་ཐབས་ཡོད་དེ། ཐུབ་པའི་དབང་བོ་ཁྱོད་ཀྱི་གསུང་རབ་རྟེན་འབྱུང་གི་དོན་ལ་སོགས་པ་བསམས་པ་ན། མཚན་དཔེའི་དཔལ་གིས་རབ་ཏུ་འབར་ཞིང་། འོད་ཀྱི་དྲ་བས་ཡོངས་སུ་བསྐོར་བ་སོགས་སྐུ་ཡི་ཡོན་ཏན་དུ་མ་དང་ལྡན་པའི་སྟོན་པ་ཞེས་པས་མཁྱེན་པ་དང་བརྩེ་བ་སོགས་ཐུགས་ཀྱི་ཡོན་ཏན་བསྟན་ལ་དེ་ལྟ་བུའི་ཐུབ་པའི་དབང་བོ་བདག་ཅག་གི་སྐྱབས་ཚད་མར་གྱུར་པ་དེ་ཡིས། གསུང་གི་ཡོན་ཏན་ཡན་ལག་དྲུག་ཅུ་དང་ལྡན་པའི་ཚངས་པའི་དབྱངས་ཀྱིས། རྟེན་འབྱུང་ཟབ་མོའི་དོན་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་ཕྲག་བརྒྱ་བ་སོགས་ལས་རིགས་པའི་སྒོ་བཟང་བོས་ཚུལ་འདི་ལྟར་གསུངས་སོ་སྙམ་དུ་རྩོམ་པ་པོ་བདག་གི་ཡིད་ལ་ཐུབ་པའི་དབང་བོའི་གཟུགས་བརྙན་ནམ། ཆོས་གསུངས་ཚུལ་གྱི་རྣམ་པ་ནི། ལན་རེར་ཤར་བ་ཙམ་གྱིས་ཀྱང་། ཤིན་ཏུ་ཚ་བའི་རེག་བྱས་གདུང་བའི་ལུས་ལ། ཟླ་ཟེར་ཕོག་པས་བདེ་བ་བཞིན་དུ་མྱ་ངན་དེ་སེལ་བས་ན་ཕན་པའམ་སྨན་པར་འགྱུར་བས་སོ། །འདི་ནི་ཐུབ་པའི་དབང་བོའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་མཐའ་དག་ལེགས་པར་དྲན་པའི་སྒོ་ནས། དེས་རང་ཅག་ལ་ཐུགས་བརྩེ་བ་ཆེན་པོས་ཞི་བ་མྱང་འདས་འཐོབ་པའི་རྒྱུ་གཅིག་པུ་ཟབ་མོ་རྟེན་འབྱུང་གི་དེ་ཁོ་ན་ཉིད་འདི་ལྟར་བཀའ་བསྩལ་ཏོ་སྙམ་དུ་ཡིད་ལ་བྱེད་པ་ཡང་དང་ཡང་དུ་གོམས་པས་སངས་རྒྱས་རྗེས་སུ་དྲན་པ་བསྒོམ་དགོས་སོ། ཞེས་རྗེས་འཇུག་གདུལ་བྱའི་ཉམས་ལེན་སྟོན་པ་ལ་ཡང་སྦྱར་བར་བྱའོ། །

གཉིས་པ་ལ་གཉིས། ཟབ་མོ་རྟེན་འབྱུང་གི་དོན་འདི་འཚོལ་བའི་ཚུལ་དང་། རྙེད་ནས་དེ་ལ་སངས་རྒྱས་རྗེས་སུ་དྲན་པར་གྱིས་ཞེས་གདམས་པ་དངོས་སོ། །

དང་པོ་ལ་བཞི། བོད་དུ་གྲགས་པའི་གཞུང་ཐོར་བུ་རྣམས་ལ་ཡིད་མི་རྟོན་པར་འཕགས་ཡུལ་མཁས་པའི་རྗེས་སུ་འབྲང་དགོས་པར་གདམས་པ་དང་། པཎ་གྲུབ་ཀྱི་བཤད་སྲོལ་ལ་ཡང་མི་མཐུན་པ་མང་དུ་ཡོད་པ་དང་། ཟབ་དོན་འགྲེལ་བ་ལ་ཀླུ་སྒྲུབ་ཡབ་སྲས་ཚད་མར་བསྟན་པ་དང་། ལུགས་འདི་སྟོན་པའི་བཤེས་གཉེན་བསྟེན་དགོས་པར་གདམས་པའོ། །

དང་པོ་ལ་གཉིས་ལས། བོད་སྔ་མའི་བཤད་སྲོལ་ལ་ཡིད་བརྟན་མི་རུང་བར་བསྟན་པ་ནི།

དེ་ལྟར་རྨད་དུ་བྱུང་བ་ཡི། །

ལུགས་བཟང་དེ་ཡང་མི་མཁས་པའི། །

སྐྱེ་བོ་བལ་བ་ཛ་བཞིན་དུ། །

རྣམ་པ་ཀུན་ཏུ་འཛིངས་པར་བྱས། །

ཞེས་སོགས་ཚིགས་བཅད་གཅིག་བྱུང་།དོན་ནི། སྐྱེ་བོ་གང་དག་གྲོལ་བ་དོན་དུ་གཉེར་བས་ལུགས་མཆོག་ཏུ་གྱུར་པ་འདི་ལ་འཇུག་པར་འདོད་པ་དེ་དག་གིས་བོད་སྔ་མ་དག་གི་བཤད་ཚུལ་སྣ་ཚོགས་པ་དག་ལ་ཡིད་བརྟན་པར་མི་བྱ་སྟེ། གང་གི་ཕྱིར་ཞེ་ན། རང་བཞིན་མེད་པ་ལ་རྒྱུ་འབྲས་སོགས་རྣམ་གཞག་ཐམས་ཅད་སྐྱོན་མེད་དུ་བཞག་ཆོག་པ་སྔར་བཤད་པའི་ཚུལ་དེ་ལྟར་ཡིན་པས་ན། ངོ་མཚར་རྨད་དུ་བྱུང་བར་གྲུབ་པ་ཡི་ལུགས་བཟང་བོ་འདི་ཡང་། སྟོང་ཉིད་འཆད་པ་ལ་མི་མཁས་པའི་སྐྱེ་བོ་བོད་སྔ་མ་དག་གིས། ཐུབ་པའི་དགོངས་པ་ཕྱིན་ཅི་ལོག་ཏུ་རིགས་པ་ལྟར་སྣང་སྣ་ཚོགས་པས་རྣམ་གྲངས་མི་མཐུན་པ་མང་བོར་བཀྲལ་བས་རྩྭ་བལ་པ་ཛ་བཞིན་དུ་རྣམ་པ་ཀུན་ཏུ་འཛིངས་པར་བྱས་པའི་ཕྱིར་རོ། །དེ་ཡང་ཇི་ལྟར་ཞེ་ན། ལ་ལ་དག་དབུ་མ་བ་རང་ལུགས་ལ་ཡོད་མེད་སོགས་ཀྱི་ཁས་ལེན་ཅི་ཡང་མེད་པར་བཤད་པ་དང་། འགའ་ཞིག་ནི་དོན་དམ་བདེན་པ་ཤེས་བྱ་མིན་ཟེར་བ་དང་། ཁ་ཅིག་སྟོང་བ་ཉིད་ཀྱི་དོན་ཟག་བཅས་ཀྱི་དངོས་པོ་གཞན་གྱིས་སྟོང་བའི་ཁམས་བདེར་གཤེགས་སྙིང་བོ་རྟག་བརྟན་ཐེར་ཟུག་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་རང་ཆས་སུ་ཡོད་པ་འདོད་པ་དང་། གཞན་དག་ཅི་ཡང་ཡིད་ལ་མི་བྱེད་པར་རྟོག་པའི་འཕྲོ་འདུ་བཀག་པ་ཙམ་ལ་སྟོང་ཉིད་རྟོགས་པར་ངོ་སྤྲོད་པ་སོགས་སྣ་ཚོགས་པ་ཞིག་ཡོད་ལ། རྒྱས་པར་ནི་རྗེ་ཐམས་ཅད་མཁྱེན་པའི་ལེགས་བཤད་ལམ་རིམ་དང་། རྩ་འཇུག་གི་རྣམ་བཤད། མཁས་གྲུབ་དགེ་ལེགས་དཔལ་བའི་སྟོང་ཐུན་སྐལ་བཟང་མིག་འབྱེད་དང་། ལྟ་ངན་མུན་སེལ་སོགས་ལས་ཤེས་པར་བྱའོ། །འདི་ལ་དགོངས་ནས། རྒྱལ་བ་གཉིས་པ་རང་ཉིད་ཀྱིས། གཞུང་ལུགས་མང་ཐོས་རིགས་པའི་ལམ་དུའང་། །ངལ་བ་མང་བསྟེན་མངོན་པར་རྟོགས་པ་ཡི། །ཡོན་ཏན་ཚོགས་ཀྱིས་མི་དམན་དུ་མས་ཀྱང་། །འབད་ཀྱང་རྟོགས་པར་མ་གྱུར་གནས་དེ་ནི། །འཇམ་མགོན་བླ་མའི་དྲིན་གྱིས་ལེགས་མཐོང་ནས། །ཞེས་སོགས་གསུངས་སོ། །བོད་སྔ་མ་དག་གིས་ལུགས་མཆོག་ཏུ་གྱུར་པ་འདི་ཚུལ་བཞིན་དུ་འཆད་པ་ལྟ་ཞོག རྣམ་པར་རིག་པ་ཙམ་དུ་སྨྲ་བའི་ལུགས་ཀྱི་གཟུགས་སོགས་ལ་ངོ་བོ་དང་ཁྱད་པར་དུ་ཀུན་བཏགས་པའི་ཀུན་བཏགས་དང་། དེ་རང་གི་མཚན་ཉིད་ཀྱིས་གྲུབ་པ་བཀག་པའི་ཆོས་ཀྱི་བདག་མེད་དུ་འཇོག་པའི་ཚུལ་ཡང་སུས་ཀྱང་ཇི་ལྟ་བ་བཞིན་འཆད་མ་ནུས་ཏེ། མཁས་གྲུབ་དགེ་ལེགས་དཔལ་བའི་ཞལ་སྔ་ནས་ཀྱིས། སུ་ཞིག་གིས་ཀྱང་གང་དུ་ཡང་། །ལུང་བསྟན་མ་ནུས་ཟབ་པའི་གནས། །དགོངས་དོན་རིན་ཆེན་གཏེར་ཕྱེ་ནས། །འདི་ལྟར་དགྱེས་པ་བསྐྱེད་པར་བྱས། །ཞེས་སེམས་ཙམ་པའི་གྲུབ་མཐའ་འཆད་པའི་སྐབས་སུ་བཤད་པའི་ཕྱིར་རོ། །འོན་ཀྱང་མར་པ་ལོ་ཙཱ་དང་། མི་ལ་བཞད་པའི་རྡོ་རྗེ་ཡབ་སྲས། ས་ཆེན་ཡབ་སྲས་སོགས་དང་། བཀའ་གདམས་ཀྱི་ཕྱི་མོ་འབྲོམ་སྟོན་ཡབ་སྲས་བུ་སྟོན་དང་རེད་མདའ་བ་སོགས་སྔོན་བྱོན་གྱི་དམ་པ་དེ་དག་གིས་ནི་ཟབ་མོའི་དོན་མ་རྟོགས་སོ་ཞེས་རྗེ་ཐམས་ཅད་མཁྱེན་པ་མི་བཞེད་ཅིང་། ལྷོ་བྲག་མར་པ་ཡབ་སྲས་ཀྱིས་འདུས་པའི་རྒྱུད་དོན་ཚུལ་བཞིན་དུ་རྟོགས་པར་ཡང་གསུངས་ལ། ས་ཆེན་ཡབ་སྲས་ཀྱིས་དགྱེས་པ་རྡོ་རྗེའི་དབང་རིམ་གཉིས་ཀྱི་གནད་གཏན་ལ་ཕབ་པ་ལ་མ་དག་པའི་ནོར་འཁྲུལ་མེད་པར་གསུངས་པས། ལྟ་བ་མ་རྟོགས་པར་རྒྱུད་དེ་དག་གི་དོན་ཚུལ་བཞིན་མངོན་དུ་འགྱུར་བ་མི་འཐད་པའི་ཕྱིར་དང་། བཀའ་གདམས་པའི་བེའུ་བུམ་ལས་ལྟ་བའི་སྐོར་གྱི་ལུང་ལྷག་མཐོང་ཆེན་མོར་དྲངས་པ་སོགས་ཀྱིས་ཀྱང་ཤེས་ནུས་སོ། །དེ་དག་གི་རྗེས་འབྲང་དག་ལ་ནི་སྣ་ཚོགས་ཤིག་སྣང་ངོ་། །དེ་ལྟ་མོད་ཀྱི་དེ་དག་གང་གིས་ཀྱང་རྗེ་ཐམས་ཅད་མཁྱེན་པ་བཞིན་དུ་དབུ་མའི་ལུགས་ཟབ་མོ་འདི་ཉིད་ལུང་རིགས་དྲི་མ་མེད་པས་རྒྱས་པར་གཏན་ལ་ཕབ་སྟེ་ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་བཞིན་དུ་འཁྲུལ་བའི་གནས་ཅུང་ཟད་ཀྱང་མེད་པར་གཞུང་ཆེན་མོ་དག་ཉམས་སུ་ལེན་ཚུལ་གསལ་བར་མཛད་པ་ནི་མི་སྣང་ངོ་། །ཚུལ་འདི་ནི་གསང་སྔགས་རྡོ་རྗེའི་ཐེག་པ་སོགས་མཐའ་དག་ལ་ཤེས་པར་བྱའོ། །དེས་ན་རྗེ་བླ་མ་ཉག་གཅིག་མཁས་གྲུབ་ཀུན་གྱི་གཙུག་རྒྱན་དུ་བསྔགས་པ་དོན་དང་ལྡན་པ་ཡིན་པས་རིང་ལུགས་འདི་ལ་མདོ་སྔགས་གང་གི་སྐབས་སུ་ཡང་འཁྲུལ་བའི་དྲི་མ་སྤུ་ཙམ་ཡང་མེད་དོ། །ཞེས་བྱ་བར་ཚད་མས་གྲུབ་བོ། །རྩྭ་བལ་བ་ཛ་ནི་རྩྭ་ཕྲ་མོ་རེ་རེ་ལའང་སྲོག་ཆགས་ཕྲ་མོ་འཆིང་བའི་ནུས་པ་ཡོད་ཅིང་། མང་བོ་ཚོགས་པས་གླང་བོ་ཆེ་ཡང་འཆིང་བར་ནུས་པ་ཟང་ཟིང་དུ་འཛིངས་པ་ཞིག་ཡིན་པར། ཞིབ་མོ་རྣམ་པར་འཐག་པ་ལས། དེ་ལྟ་བུའི་ངོ་བོ་འགའ་ཞིག་འཆིང་བར་འགྱུར་བ་བལ་བ་ཛ་གཅིག་ལ་ཡང་བལ་བ་ཛའི་ངོ་བོ་དང་རྗེས་སུ་མཐུན་པའི་ནུས་པ་ཡོད་པ་ཡིན་ལ་མང་བོ་འདུས་པས་ནི་གླང་བོ་ཆེའང་འཆིང་བར་ནུས་པར་འགྱུར་རོ། །ཞེས་གསུངས་སོ། །ཞེས་འདིའི་འགྲེལ་བ་འགའ་ཞིག་ལས་བཤད་ཀྱང་ལུང་དེ། ཞིབ་མོ་རྣམ་འཐག་བོད་དང་རྒྱ་ནག་གི་པར་གསར་རྙིང་དང་བྲིས་མ་སོགས་གང་ནའང་མི་འདུག་པས་ཡི་གེ་མ་དག་པའམ་ལུང་ཁུངས་ནོར་བ་གང་ཡིན་བརྟག་པར་བྱའོ། །ཞིབ་མོ་རྣམ་འཐག་ལས་ནི། འོན་ཏེ་རྩྭ་བལ་བ་ཛ་བཞིན་དུ་གྲུབ་པ་ཡིན་ནོ། །ཞེས་པ་ཙམ་ཞིག་འབྱུང་ལ། དེའི་རང་འགྲེལ་ཁ་ཆེའི་པཎྡི་ཏ་ཛ་ཡ་ཨ་ནནྟ་དང་ཁུ་མདོ་སྡེ་འབར་གྱིས་བསྒྱུར་བ་ལས། ཇི་ལྟར་རྩྭ་བལ་བ་ཛ་གཅིག་གིས་གླང་བོ་ཆེ་འཆིང་བར་མི་ནུས་ཀྱང་ཚོགས་པས་ནི་ནུས་པ་དེ་བཞིན་དུ་དམ་བཅའ་བ་ལ་སོགས་པ་ཚོགས་པ་ལ་ཡན་ལག་ཅན་ཡོད་པ་བཞིན་ནོ་ཞེས་འབྱུང་བས་འདིའི་འགྲེལ་བ་ཁ་ཅིག་ལས། བལ་བ་ཛ་ནི་གཡའ་དང་སྤང་གི་མཚམས་སུ་སྐྱེ་བའི་རྩྭ་ཟིང་ངུ་འོ་ཟེར་རོ་ཞེས་གསུངས་པའང་མི་འཐད་པ་གོ་སླ་ཞིང་གང་ལྟར་ཕྱོགས་ཕྱོགས་ནས་བསྣོལ་མར་སྐྱེས་པས་ཕན་ཚུན་ཟང་ཟིང་དུ་དམ་པོར་འཁྱུད་པའི་རྩྭ་ཞིག་སྟེ་བལ་བ་ཛ་ཞེས་པའང་བོད་སྐད་ངོ་མ་མིན་པ་འདྲའོ། །

      གཉིས་པ་འཕགས་ཡུལ་མཁས་པའི་རྗེས་སུ་འབྲང་དགོས་པ་ནི།

ཚུལ་འདི་མཐོང་ནས་བདག་གིས་ནི། །

འབད་པ་དུ་མས་མཁས་པ་ཡི། །

རྗེས་སུ་འབྲངས་ན་ཁྱོད་ཀྱིས་ནི། །

དགོངས་པ་ཡང་དང་ཡང་དུ་བཙལ། །

ཞེས་སོགས་ཚིགས་བཅད་གཅིག་བྱུང་།དོན་ནི། བོད་སྔ་མ་དག་གི་བཤད་ཚུལ་སྣ་ཚོགས་པ་ཕལ་མོ་ཆེར་ཡིད་བརྟན་མི་རུང་བའི་ཚུལ་འདི་མཐོང་ནས། རྩོམ་པ་པོ་བདག་གིས་ནི། ཉིན་མཚན་ཀུན་ཏུ་ཐོས་བསམ་སྒོམ་གསུམ་གྱི་འབད་པ་དུ་མས།འཕགས་ཡུལ་གྱི་མཁས་པ་རྒྱན་དྲུག་མཆོག་གཉིས་རྗེས་འབྲང་དང་བཅས་པའི་གཞུང་གི་རྗེས་སུ་འབྲངས་ནས། མགོན་པོ་ཁྱོད་ཀྱི་ནི་དགོངས་པ་རྟེན་འབྲེལ་ཟབ་མོའི་དོན་ཇི་ལྟར་ཡིན་ཡང་དང་ཡང་དུ་བཙལ་བར་བྱས་སོ། །འདི་ནི་རྗེ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཀྱང་། འཛམ་གླིང་རྒྱན་དྲུག་མཆོག་གཉིས་ཞེས་གྲགས་པའི། །གཞུང་ལ་ཕྱོགས་རེ་བ་དང་རགས་པ་རེས། །ཚིམ་པར་མ་བྱས་ཀུན་ལ་ཞིབ་ཏུ་སྦྱངས། །ཞེས་གསུངས་པ་ལྟར་མཁས་པ་དེ་དག་ཐམས་ཅད་ཀྱི་གཞུང་ལ། རང་ཉིད་གང་ལ་ཞེན་ཆེ་བ་དེའི་ཕྱོགས་འབད་པས་བསྒྲུབས་ཤིང་། གཞན་རྣམས་འགོག་ཡུལ་མིན་ཀྱང་ནན་ཏུར་འགོག་པ་སོགས་ཕྱོགས་ལྷུང་དང་། གོ་བ་རགས་པ་ཙམ་གྱིས་ཚིམ་པར་བཟུང་ནས་ཞིབ་ཏུ་མི་དཔྱོད་པར་དཀའ་བའི་གནས་རྣམས་ལ་ཁ་ཚོན་གཅོད་གང་སྔ་བྱེད་པ་བོད་དག་གི་ཚུལ་ལུགས་ལྟར་མ་ཡིན་པར་གཟུ་བོའི་བློས་གོ་བ་གཏིང་ཕྱིན་གྱི་བར་ལ་ལེགས་པར་དཔྱད་དེ། བསྟན་པ་རིན་པོ་ཆེ་བྱི་དོར་མཛད་ནས་རང་དང་གཞན་གྱི་རྒྱུད་ལ་སྤེལ་བ་སྟེ་རྒྱས་པར་རྣམ་ཐར་གྱི་ཡི་གེ་དག་ལས་ཤེས་པར་བྱའོ། །འདིས་ནི་རྗེས་འབྲང་རྣམས་ལ་མཁས་པ་འདི་དག་གི་གཞུང་ལ་ཞིབ་ཏུ་སྦྱང་དགོས་པར་གདམས་པའོ། །གཉིས་པ་ནི།

དེ་ཚེ་རང་བཞིན་སྡེ་བ་ཡི། །

གཞུང་མང་དག་ལ་སྦྱངས་པ་ན། །

ཕྱི་ཕྱིར་ཐེ་ཚོམ་དྲ་བ་ཡིས། །

བདག་གི་ཡིད་ནི་ཀུན་ཏུ་གདུངས། །

ཞེས་སོགས་ཚིགས་བཅད་གཅིག་བྱུང་།དོན་ནི། དེ་ལྟར་བཤད་མ་ཐག་པའི་ཚུལ་གྱིས་བཙལ་བ་དེའི་ཚེ་རང་སྟེ་དབུ་མ་བ་དང་། གཞན་སྡེ་དངོས་པོར་སྨྲ་བ་མན་ཆད་ཀྱི། གཞུང་རབ་ཏུ་མང་བོ་དག་ལ་ཞིབ་ཏུ་སྦྱངས་པ་ན། མཁས་པ་དེ་དག་གི་འཆད་ཚུལ་མི་མཐུན་པ་མང་ཞིང་། འཕགས་ཡུལ་གྱི་པཎྡི་ཏ་དེ་དག་ནི་རིགས་པ་མཆོག་ཏུ་ཟབ་ཅིང་བརླིང་བས། འདི་དག་ལས་གང་ཞིག་ནི་ཐུབ་པའི་དགོངས་པ་མཐར་ཐུག་པ་ཡིན་སྙམ་དུ་ཕྱི་ཕྱིར་ཐེ་ཚོམ་གྱི་དྲ་བ་ཡིས་རྩོམ་པ་པོ་བདག་གི་ཡིད་ནི་ཀུན་ཏུ་གདུངས་པར་གྱུར་ཏོ། །འདི་ནི་སྤྱིར་གྲུབ་པའི་མཐའ་གོང་འོག་རྣམས་ཀྱི་གཞི་ལམ་འབྲས་བུའི་རྣམ་གཞག་ལ་མི་མཐུན་པ་མང་དུ་ཡོད་པ་དང་། ཁྱད་པར་དུ་ཤེར་ཕྱིན་གྱི་དགོངས་པ་འགྲེལ་ཚུལ་མི་མཐུན་པ་མང་དུ་བྱུང་བ་རྣམས་ཡིན་ལ། ཚུལ་དེ་ནི་རྗེ་བདག་ཉིད་ཆེན་པོ་ཡབ་སྲས་ཀྱི་ལེགས་བཤད་དང་། གྲུབ་མཐའི་རྣམ་གཞག་རྣམས་ལས་ཤེས་པར་བྱ་ཡི། འདིར་ཡི་གེ་ཉུང་ངུས་བཤད་པར་མི་ནུས་ཤིང་། མང་ན་སྐབས་དོན་སྟོང་བར་འགྱུར་བས་མ་བྲིས་སོ། །གསུམ་པ་ནི།

ཁྱོད་ཀྱི་བླ་མེད་ཐེག་པའི་ཚུལ། །

ཡོད་དང་མེད་པའི་མཐའ་སྤངས་ཏེ། །

ཇི་བཞིན་འགྲེལ་བར་ལུང་བསྟན་པ། །

ཀླུ་སྒྲུབ་གཞུང་ལུགས་ཀུན་དའི་ཚལ། །

དྲི་མེད་མཁྱེན་པའི་དཀྱིལ་འཁོར་རྒྱས། །

གསུང་རབ་མཁའ་ལ་ཐོགས་མེད་རྒྱུ། །

མཐར་འཛིན་སྙིང་གི་མུན་པ་སེལ། །

ལོག་སྨྲའི་རྒྱུ་སྐར་ཟིལ་གནོན་པ། །

དཔལ་ལྡན་ཟླ་བའི་ལེགས་བཤད་ཀྱི། །

འོད་དཀར་འཕྲེང་བས་གསལ་བྱས་པ། །

ཞེས་སོགས་ཚིགས་བཅད་ཕྱེད་དང་གསུམ་བྱུང་།དོན་ནི། འོ་ན། དེ་དག་ལས་གང་ཞིག་ཟབ་མོའི་དོན་འགྲེལ་བ་ལ་ཚད་མར་གྱུར་པ་ཡིན་ཞེ་ན། དེ་ནི་ཡོད་དེ། བཅོམ་ལྡན་འདས་ཁྱོད་ཀྱིས་བླ་ན་མེད་པའི་ཐེག་པ་མཆོག་གི་ཚུལ་འདི་ཉིད། ཡོད་པ་དང་མེད་པ་སྟེ་རྟག་ཆད་ཀྱི་མཐའ་གཉིས་སྤངས་ཏེ་ཚུལ་ཇི་ལྟ་བ་བཞིན་དུ་འགྲེལ་བར་ལུང་བསྟན་པ་ནི་འཕགས་པ་ཀླུ་སྒྲུབ་ཡིན་པས་སོ། །དེས་ན་ཁྱོད་ཀྱིས་ཞེས་བྱེད་ཚིག་ཏུ་དཔེ་ལ་ལར་འབྱུང་བ་ལྟར་དག་གོ །དེ་ལྟར་ན་ཀླུ་སྒྲུབ་ཀྱི་རྗེས་སུ་འབྲངས་པའི་མཁས་པ་དག་ལ་ཡང་མི་མཐུན་པ་དུ་མ་སྣང་བས་གང་ཞིག་གི་རྗེས་སུ་འབྲང་བར་བྱ་སྙམ་ན། དེ་ནི་འདི་ལྟར། དཔལ་ལྡན་ཀླུ་སྒྲུབ་ཀྱི་གཞུང་ལུགས་རྩ་བ་ཤེས་རབ་སོགས་རིགས་ཚོགས་ལྔའམ་དྲུག་དང་། མདོ་ཀུན་ལས་བཏུས་སོགས་ཀྱི་མེ་ཏོག་ཀུན་དའི་ཚལ་ཆེན་པོ་དེ་ཉིད་ཟབ་མོ་རྟེན་འབྱུང་གི་ཚུལ་ལ་མངའ་བརྙེས་པས་ཟབ་དོན་འགྲེལ་བ་ལ་མ་རྟོགས་ལོག་རྟོག་གི་དྲི་མ་མེད་པའི་མཁྱེན་པའི་དཀྱིལ་འཁོར་རབ་ཏུ་རྒྱས་ཤིང་། ཟབ་ཅིང་རྒྱ་ཆེ་བའི་གསུང་རབ་ཀྱི་ནམ་མཁའ་ལ་འདོད་རྒུར་ཐོགས་པ་མེད་པར་རྒྱུ་བ་སྟེ་འཆད་རྩོད་རྩོམ་པ་ལ་འཇིགས་པ་མེད་པའི་ཁྱུ་མཆོག་རླབས་པོ་ཆེའི་གནས་ཐོབ་པ་དང་། བརྟེན་ནས་བཏགས་པ་ཙམ་གྱི་ཚུལ་འཆད་པས་སྐྱེ་དགུ་མ་ལུས་པའི་རྒྱུད་ཀྱི་རྟག་པ་དང་ཆད་པའི་མཐར་འཛིན་པའི་སྙིང་གི་མུན་པ་སེལ་བར་མཛད་པས། རང་གཞན་གྱི་སྡེ་བ་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་ལ་བྱ་བྱེད་ཐམས་ཅད་མི་འཐད་པར་སྨྲ་བ་སོགས་ལོག་པར་སྨྲ་བའི་རྒྱུ་སྐར་གྱི་ཚོགས་ཟིལ་གྱིས་གནོན་པ་སྟེ་ཁྱད་ཆོས་བཞི་དང་ལྡན་པའི་དཔལ་ལྡན་ཟླ་བ་གྲགས་པ་འབའ་ཞིག་གི་ལེགས་པར་བཤད་པ་ཚིག་གསལ་དང་། རིགས་པ་དྲུག་ཅུ་བའི་འགྲེལ་བ།བཞི་བརྒྱ་བའི་འགྲེལ་བ། འཇུག་པ་རྩ་འགྲེལ་སོགས་ཀྱི་འོད་དཀར་བོའི་འཕྲེང་བས་གསལ་བར་བྱས་པའི་ཕྱིར་དེ་ཉིད་ཀྱི་རྗེས་སུ་འབྲང་བར་རིགས་སོ། །

འཕགས་པ་ཀླུ་སྒྲུབ་ཟབ་དོན་འགྲེལ་བའི་མཆོག་ཏུ་ལུང་བསྟན་པ་ནི། མདོ་ལང་ཀར་གཤེགས་པ་ལས། ལྷོ་ཕྱོགས་བེེ་ཏའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཞེས་གྲགས་པ། །དེ་མིང་ཀླུ་ཞེས་འབོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་པ། །ང་ཡི་ཐེག་པ་འཇིག་རྟེན་དུ། །བླ་མེད་ཐེག་ཆེན་རབ་བཤད་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོའོ། །ཞེས་དང་། གཞན་ཡང་སྤྲིན་ཆེན་པོ་སྟོང་ཕྲག་བཅུ་གཉིས་པ་དང་། རྔ་བོ་ཆེའི་མདོ། འཇམ་དཔལ་རྩ་བའི་རྟོག་པ། དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མ་སོགས་མདོ་རྒྱུད་དུ་མ་ནས་གསལ་བར་ལུང་བསྟན་པ་ཡིན་ནོ། །ལང་གཤེགས་ཀྱི་ལུང་བསྟན་དེས་སྟོང་ཉིད་ཙམ་དུ་མ་ཟད་སྔགས་ཀྱི་རྒྱུད་དོན་ཟབ་མོ་རྣམས་ཀྱང་འགྲེལ་བའི་ཚུལ་ལུང་བསྟན་པར་སྒྲོན་གསལ་ལས་བཤད་དོ། །འཕགས་པ་ལྷ་ནི་ཀླུ་སྒྲུབ་དང་འདྲ་བར་ཡིད་ཆེས་ཀྱི་གནས་སུ་བཟུང་ལ། སངས་རྒྱས་བསྐྱངས་དང་ཞི་བ་ལྷ་ཡང་ཟླ་བའི་ཞབས་དང་འདྲ་བར་ཚད་མར་གཟུང་དགོས་པར་རྗེ་ཐམས་ཅད་མཁྱེན་པས་སྐབས་གཞན་དུ་གསུངས་སོ། །དེས་ན་འདིར་ཟླ་བའི་ཞབས་དམིགས་ཀྱིས་བསལ་བ་ནི། འཕགས་པ་ཀླུའི་ཞབས་ཀྱི་གཞུང་ལུགས་རྣམས་སོ་སོར་དགག་གཞག་དུ་མའི་སྒོ་ནས་རྒྱས་པར་གཏན་ལ་ཕབ་པ་ནི་སློབ་དཔོན་འདིའི་གཞུང་ལྟ་བུ་གཞན་ལ་མེད་པའི་རྒྱུ་མཚན་གྱིས་ཡིན་ནོ། །ཚིགས་བཅད་འདིས་ནི་དབུ་མའི་ལམ་རྨད་དུ་བྱུང་བ་འདི་ཤེས་པར་འདོད་པས་ཀླུ་སྒྲུབ་ཡབ་སྲས་དང་། ཁྱད་པར་ཟླ་བའི་ཞབས་ཀྱི་གཞུང་ལུགས་རྣམས་ལ་ཞིབ་ཏུ་སྦྱང་དགོས་པར་བསྟན་པ་ཡིན་ཏེ། མཉམ་མེད་ཇོ་བོ་ཆེན་པོས། སྟོང་ཉིད་གང་གིས་རྟོགས་ཤེ་ན། །དེ་བཞིན་གཤེགས་པས་ལུང་བསྟན་ཅིང་། །ཆོས་ཉིད་བདེན་པ་གཟིགས་པ་ཡི། །ཀླུ་སྒྲུབ་སློབ་མ་ཟླ་གྲགས་ཡིན། །དེ་ལས་བརྒྱུད་པའི་མན་ངག་གིས། །ཆོས་ཉིད་བདེན་པ་རྟོགས་པར་འགྱུར། །ཞེས་གསུངས་པ་དང་དགོངས་པ་གཅིག་གོ། བཞི་བ་ནི། བླ་མའི་དྲིན་གྱིས་མཐོང་བའི་ཚེ། །

བདག་གི་ཡིད་ནི་ངལ་གསོ་ཐོབ། །

ཅེས་པའི་ཚིག་རྐང་གཉིས་ཏེ།དེ་ལྟར་བཅོམ་ལྡན་འདས་ཐུབ་པའི་དབང་བོའི་གསུང་རབ་ཀུན་གྱི་སྙིང་བོ་རྒྱལ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དགོངས་དོན་མཐར་ཐུག་ཟབ་མོ་རྟེན་འབྱུང་གི་ཚུལ། ལུང་བསྟན་བརྙེས་པ་ཀླུ་སྒྲུབ་ཀྱིས་ལེགས་པར་བཀྲལ་བའི་སྲོལ། སངས་རྒྱས་བསྐྱངས་དང་དཔལ་ལྡན་ཟླ་བས་རིགས་པ་དྲི་མ་མེད་པས་ཆེས་གསལ་བར་མཛད་པ་དེ་ཉིད། བླ་མ་མགོན་པོ་འཇམ་དཔལ་དབྱངས་ཀྱི་དྲིན་གྱིས།བློ་གྲོས་ཀྱི་མིག་གིས་མཐོང་བའི་ཚེ། རྩོམ་པ་པོ་བློ་བཟང་གྲགས་པ་བདག་གི་ཡིད་ནི་ངལ་གསོ་ཐོབ་བོ། །འདིར་བླ་མ་ནི་འཇམ་དཔལ་དབྱངས་ལ་བྱ་དགོས་ཏེ། རྗེ་ཐམས་ཅད་མཁྱེན་པ་ཉིད་ཀྱིས། རབ་འབྱམས་རྒྱལ་བ་སྤྲོ་བར་མཛད་པ་བོ། །མ་ལུས་ཡེ་ཤེས་སྡུད་པ་འཇམ་པའི་དབྱངས། །ཤུགས་དྲག་རྒྱུན་མི་ཆད་པའི་དད་པ་ཡིས། །སྙིང་གའི་པངྨའི་ལྟེ་བར་གུས་བསྟེན་པས། །གསུང་རབ་དེ་ཉིད་མཐོང་བའི་རིགས་སྨྲ་དེས། །རྨད་བྱུང་གཏམ་གྱི་སྦྱོར་བ་འདི་བྱས་སོ། །ཞེས་གསུངས་ཤིང་། དེར་མ་ཟད་བདག་ཉིད་ཆེན་པོ་འདིས་གསན་བསམ་སྒོམ་པའི་རིམ་པ་ཅི་མཛད་མཐའ་དག་འཇམ་དབྱངས་ཉིད་ལ་བརྟེན་པར་རྟོགས་བརྗོད་ལས། ཚུལ་འདི་བསམས་ཤིང་འདུན་མ་ལེགས་ནས་གདའ། །བཀའ་དྲིན་ཆེའི་རྗེ་བཙུན་མཁྱེན་པའི་གཏེར། །ཞེས་སྐབས་ཐམས་ཅད་དུ་གསུངས་པའི་ཕྱིར་རོ། །འདིས་ནི་ཟབ་མོའི་དེ་ཉིད་ཤེས་པར་འདོད་པས་དགེ་བའི་བཤེས་གཉེན་ཚུལ་བཞིན་དུ་བསྟེན་དགོས་པར་གདམས་པའོ། །གཉིས་པ་ནི།

མཛད་པ་ཀུན་ལས་གསུང་གི་ནི། །

མཛད་པ་མཆོག་ཡིན་དེ་ཡང་ནི། །

དེ་ཉིད་ཡིན་ཕྱིར་མཁས་པ་ཡིས། །

འདི་ལས་སངས་རྒྱས་རྗེས་དྲན་བྱོས། །

ཞེས་སོགས་ཚིགས་བཅད་གཅིག་བྱུང་། དོན་ནི། ཐུབ་པའི་དབང་བོའི་སྐུ་གསུང་ཐུགས་ཀྱི་མཛད་པ་དཔག་ཏུ་མེད་པ་ལས་གསུང་གི་ནི།ཆོས་སྟོན་པའི་མཛད་པ་ཉིད་མཆོག་ཡིན་ཞིང་། དེ་ལ་ཡང་མང་དུ་ཡོད་པ་ལས། གཙོ་བོ་ནི། རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོའི་དེ་ཁོ་ན་ཉིད་བསྟན་པ་འདི་ཉིད་ཡིན་པའི་ཕྱིར་ན། བླང་དོར་ལ་མཁས་པའི་སྐྱེ་བོ་ཡིས་ཚུལ་འདི་ལས་སངས་རྒྱས་ཀྱི་བཀའ་དྲིན་རྗེས་སུ་དྲན་པར་བྱོས་ཤིག་ཅེས་སོ། །མཛད་པ་ཀུན་ལས་གསུང་གི་མཛད་པ་མཆོག་ཡིན་ཏེ། ཐུབ་པའི་དབང་བོའི་མཛད་པའི་གཙོ་བོ་གདུལ་བྱ་རྣམས་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་དགོད་པ་ཡིན་ཞིང་། དེ་ནི་ཆོས་བསྟན་པ་ཉིད་ཀྱིས་ནུས་ཀྱི། སྡིག་པ་ཆུས་འཁྲུ་བ་སོགས་བྱར་མི་རུང་བར་མདོ་ལས་འབྱུང་བས་སོ། །གསུང་གི་མཛད་པ་གཞན་ཐམས་ཅད་ལས་ཟབ་མོ་རྟེན་འབྱུང་སྟོན་པ་མཆོག་ཡིན་པ་ནི། ཐར་བ་འཐོབ་བྱེད་ཀྱི་གཙོ་བོ་ཚུལ་འདི་རྟོགས་པ་ཉིད་ཡིན་པ་དང་། ཆོས་གསུངས་པ་ཐམས་ཅད་དོན་འདི་ལ་གཞོལ་བ་ཤ་སྟག་ཡིན་པར་གོང་དུ་བསྒྲུབས་ཟིན་པ་ལས་ཤེས་པར་བྱའོ། །ལྔ་བ་མཇུག་བསྡུ་བ་ནི།

སྟོན་དེའི་རྗེས་སུ་རབ་ཏུ་བྱུང་གྱུར་ཏེ། །

རྒྱལ་བའི་གསུང་ལ་སྦྱངས་པ་མི་དམན་ཞིང་། །

རྣལ་འབྱོར་སྤྱོད་ལ་བརྩོན་པའི་དགེ་སློང་ཞིག །

དྲང་སྲོང་ཆེན་པོ་དེ་ལ་དེ་ལྟར་གུས། །

ཞེས་སོགས་ཚིགས་བཅད་གཅིག་བྱུང་།དོན་ནི། ཚད་མར་གྱུར་པའི་སྟོན་པ་ཐུབ་པའི་དབང་པོ་དེའི་རྗེས་སུ་རབ་ཏུ་བྱུང་བར་གྱུར་ནས་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ལ་གནས་ཏེ། རྒྱལ་བའི་གསུང་རབ་མཐའ་དག་ལ་ཐོས་བསམ་གྱི་སྦྱང་བ་མི་དམན་པ་སྟེ། ལེགས་པར་སྦྱངས་པས་གཞུང་ཀུན་གདམས་པར་ཤར་ཞིང་། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལྷག་པ་ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་བསླབ་པ་ལ་གནས་པས། བསྒོམ་པས་ཉམས་སུ་ལེན་པའི་རྣལ་འབྱོར་སྤྱོད་ལ་བརྩོན་པའི་དགེ་སློང་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་ཞེས་བྱ་བ་ཞིག  དྲང་སྲོང་ཆེན་པོ་མཉམ་མེད་ཐུབ་པའི་དབང་བོ་དེ་ལ་བཤད་ཟིན་པ་དེ་ལྟར་ཡོན་ཏན་མཆོག་ཏུ་ངོ་མཚར་བ་མཐོང་བས་སྙིང་ཐག་པ་ནས་གུས་སོ། །འདིས་ནི། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་པ་ལྟར་རྒྱལ་བའི་བསྟན་པ་ལ་འཇུག་པའི་རིམ་པ་ཕྱིན་ཅི་མ་ལོག་པ་བསྟན་པ་སྟེ། རང་ཉིད་གང་ནས་གཤེགས་པའི་ལམ་བཟང་བོ་དེར་བདག་ཅག་རྣམས་ཀྱང་འཁྲིད་པར་བཞེད་པས་སོ། །

གསུམ་པ་བསྟན་བཅོས་མཐར་ཕྱིན་པའི་བྱ་བ་ལ་གཉིས། བསྟན་བཅོས་འདི་བརྩམས་པའི་དགེ་བ་བསྔོ་བ་དང་། ལེགས་བཤད་འདི་ཕུན་ཚོགས་ལྔ་ལྡན་དུ་བརྩམས་ཚུལ་ལོ། །

དང་པོ་ལ་ལྔ་ལས། དང་པོ་འགྲོ་བ་རྣམས་བཤེས་གཉེན་དམ་པས་འཛིན་པའི་རྒྱུར་བསྔོ་བ་ནི།

སྟོན་པ་བླ་ན་མེད་པའི་བསྟན་པ་དང་། །

མཇལ་བ་འདི་འདྲ་བླ་མའི་དྲིན་ཡིན་པས། །

དགེ་བ་འདི་ཡང་འགྲོ་བ་མ་ལུས་པ། །

བཤེས་གཉེན་དམ་པའི་འཛིན་པའི་རྒྱུ་རུ་བསྔོ། །

ཞེས་སོགས་ཚིགས་བཅད་གཅིག་བྱུང་།དོན་ནི། སྟོན་པ་བླ་ན་མེད་པ་ཐུབ་པའི་དབང་བོའི་བསྟན་པ་སྤྱི་དང་། ཁྱད་པར་རྟེན་འབྱུང་ཟབ་མོ་བསྟན་པ་འདི་དང་མཇལ་བ་འདི་འདྲ་བ་བླ་མའི་བཀའ་དྲིན་ཉིད་ལས་ཡིན་པས། དུས་གསུམ་གྱི་དགེ་བ་ཐམས་ཅད་དང་།བསྟན་བཅོས་བརྩམས་པའི་དགེ་བ་འདི་ཡང་། འགྲོ་བ་མ་ལུས་པ་ལམ་གྱི་རྩ་བ་བཤེས་གཉེན་དམ་པས་འཛིན་པའི་རྒྱུ་རུ་བསྔོ་ཞེས་པའོ། །

      གཉིས་པ་བསྟན་པ་རིན་པོ་ཆེ་ལ་རྒྱུ་མཚན་ཤེས་ནས་དད་པ་ཐོབ་པས་ས་སྟེང་གང་བར་སྨོན་པ་ནི།

ཕན་མཛད་དེ་ཡི་བསྟན་པ་འང་སྲིད་པའི་མཐར། །

ངན་རྟོག་རླུང་གིས་རྣམ་པར་མི་གཡོ་ཞིང་། །

བསྟན་པའི་ངང་ཚུལ་ཤེས་ནས་སྟོན་པ་ལ། །

ཡིད་ཆེས་རྙེད་པས་རྟག་ཏུ་གང་བར་ཤོག ། 

ཅེས་སོགས་ཚིགས་བཅད་གཅིག་བྱུང་། དོན་ནི། འགྲོ་ལ་ཕན་པར་མཛད་པ་ཐུབ་པ་ཆེན་པོ་དེ་ཡི་བསྟན་པའང་། སྲིད་པའི་མཐར་ཐུག་པར་ལོག་པར་སྨྲ་བའི་ངན་རྟོག་གི་རླུང་གིས་རྣམ་པར་མི་གཡོ་ཞིང་། རྒྱལ་བའི་བསྟན་པ་རིན་པོ་ཆེ་འཇིག་རྟེན་གྱི་རྒུད་པ་ཐམས་ཅད་སེལ་བའི་ངང་ཚུལ་ཅན་ཡིན་པ་དྲི་མ་མེད་པའི་རིགས་པས་ལེགས་པར་ཤེས་ནས། སྟོན་པ་སངས་རྒྱས་ལ་སྐྱབས་གནས་ཚད་མར་ཡིད་ཆེས་ཀྱི་དད་པ་རྙེད་པའི་མཁས་པས་ས་སྟེང་ཐམས་ཅད་རྟག་ཏུ་གང་བར་ཤོག་ཅིག་ཅེས་པའོ། །

       གསུམ་པ་རྗེ་རང་ཉིད་ཀྱིས་སྐྱེ་བ་ཐམས་ཅད་དུ་བསྟན་པ་རིན་པོ་ཆེའི་ཆེད་དུ་ལུས་སྲོག་བཏང་ནས་ཀྱང་འཛིན་པ་ལ་ལེ་ལོ་འགོག་པའི་རྒྱུར་བསྔོ་བ་ནི།

བརྟེན་ནས་འབྱུང་བའི་དེ་ཉིད་གསལ་མཛད་པ། །

ཐུབ་པའི་ལུགས་བཟང་སྐྱེ་བ་ཐམས་ཅད་དུ། །

ལུས་དང་སྲོག་ཀྱང་བཏང་ནས་འཛིན་པ་ལ། །

སྐད་ཅིག་ཙམ་ཡང་ལྷོད་པར་མ་གྱུར་ཅིག ། 

ཅེས་སོགས་ཚིགས་བཅད་གཅིག་བྱུང་།དོན་ནི། བརྟེན་ནས་འབྱུང་བའི་དེ་ཁོ་ན་ཉིད་གསལ་བར་མཛད་པ་ཐུབ་པའི་དབང་བོའི་ལུགས་བཟང་བོ་འདི་ཉིད་ལ། རྩོམ་པ་པོ་བདག་གིས་སྐྱེ་བ་ཐམས་ཅད་དུ་ལུས་དང་སྲོག་ཀྱང་ཕངས་པ་མེད་པར་བཏང་ནས། འཆད་རྩོད་རྩོམ་པ་སོགས་གང་ལ་གང་འཚམ་གྱིས་འཛིན་པ་ལ། སྐད་ཅིག་ཙམ་ཡང་ལེ་ལོའི་དབང་གིས་ལྷོད་པར་མ་གྱུར་ཅིག །ཅེས་པ་སྟེ། བྱང་ཆུབ་སེམས་དཔའི་སྨོན་ལམ་རླབས་པོ་ཆེ་མཐའ་ཡས་པ་མཐའ་དག་དམ་ཆོས་འཛིན་པའི་སྨོན་ལམ་གྱི་ནང་དུ་འདུས་པས་འདིར་ཡང་ཚུལ་འདི་ལྟར་སྨོན་པ་མཛད་པ་སྟེ། རྗེ་ཐམས་ཅད་མཁྱེན་པས། རྒྱལ་སྲས་སྨོན་ལམ་གང་གཱའི་ཀླུང་རྣམས་ནི། །དམ་ཆོས་འཛིན་པའི་སྨོན་ལམ་ནང་འདུས་པར། །གསུངས་ཕྱིར་དགེ་རྩ་ཇི་སྙེད་བསགས་པ་དེ། །ཀུན་ཀྱང་ཐུབ་བསྟན་རྒྱས་པའི་ཆེད་དུ་བསྔོས། །ཞེས་གསུངས་སོ། །

      བཞི་བ་བསྟན་པ་སྤེལ་བའི་རྒྱུར་བསྔོ་བ་ནི།

འདྲེན་པ་མཆོག་དེས་དཀའ་བ་གྲངས་མེད་ཀྱིས། །

ནན་ཏན་སྙིང་བོ་མཛད་ནས་བསྒྲུབས་པ་འདི། །

ཐབས་གང་ཞིག་གིས་འཕེལ་བར་འགྱུར་སྙམ་པའི། །

རྣམ་པར་དཔྱོད་པའི་ཉིན་མཚན་འདའ་བར་ཤོག །

ཅེས་སོགས་ཚིགས་བཅད་གཅིག་བྱུང་།དོན་ནི། འདྲེན་པ་མཆོག་སངས་རྒྱས་བཅོམ་ལྡན་འདས་དེས། སློབ་པའི་གནས་སྐབས་སུ་དབུ་གཏོང་བ་སོགས་དཀའ་བ་དཔག་མེད་ཀྱིས་བཙལ་ནས། རྙེད་པ་ན་ནན་ཏན་སྙིང་བོར་མཛད་ནས་བསྒྲུབས་པའི་རྟེན་འབྱུང་གི་ཚུལ་འདི། ཐབས་གང་ཞིག་གིས་ཕྱོགས་དུས་ཀུན་ཏུ་འཕེལ་བར་འགྱུར་སྙམ་པའི་རྣམ་པར་དཔྱོད་པ་དེས། ཉིན་མཚན་དུས་ཀུན་འདའ་བར་ཤོག་ཅིག་ཅེས་པའོ། །

        ལྔ་བ་བསྟན་པ་འཛིན་ཞིང་སྤེལ་བ་ལ་སྲུང་མ་ཁྱད་པར་ཅན་གྱིས་གྲོགས་བྱེད་པར་སྨོན་པ་ནི།

ལྷག་བསམ་དག་པས་ཚུལ་དེར་བརྩོན་པ་ན། །

ཚངས་དང་དབང་པོ་འཇིག་རྟེན་སྐྱོང་བ་དང་། །

ལེགས་ལྡན་ནག་པོ་ལ་སོགས་སྲུང་མས་ཀྱང་། །

གཡེལ་བ་མེད་པར་རྟག་ཏུ་གྲོགས་བྱེད་ཤོག །

ཅེས་སོགས་ཚིགས་བཅད་གཅིག་བྱུང་། དོན་ནི། རང་དོན་གྱི་དྲི་མས་མ་གོས་པའི་ལྷག་བསམ་རྣམ་པར་དག་པས། རྒྱལ་བའི་བསྟན་པ་འཛིན་པ་དང་སྤེལ་བའི་ཚུལ་དེར་བརྩོན་པ་ན། རྒྱལ་བའི་སྤྱན་སར་བསྟན་པ་བསྲུང་བར་ཞལ་གྱིས་བཞེས་པའི་ཚངས་པ་དང་། ལྷའི་དབང་བོ་བརྒྱ་བྱིན་དང་། འཇིག་རྟེན་སྐྱོང་བ་བཅུ་དང་། མགོན་པོ་ལེགས་ལྡན་ནག་པོ་ལ་སོགས་པ་དམ་ཅན་ཆོས་ཀྱི་རྒྱལ་པོ་དཔལ་ལྡན་དམག་ཟོར་རྒྱལ་མོ་སོགས་སྲུང་མ་རྣམས་ཀྱིས་ཀྱང་། སྐད་ཅིག་ཙམ་ཡང་གཡེལ་བ་མེད་པར་རྟག་ཏུ་གྲོགས་བྱེད་པར་ཤོག་ཅིག་ཅེས་པའོ། །

        གཉིས་པ་ལེགས་བཤད་འདི་ཕུན་ཚོགས་ལྔ་ལྡན་དུ་བརྩམས་ཚུལ་ནི། ཅེས་སངས་རྒྱས་བཅོམ་ལྡན་འདས་ཞེས་སོགས་བྱུང་། དོན་ནི། ཅེས་ཞེས་པ་ནི་བསྟན་བཅོས་བརྩམས་ཚུལ་གྱི་སྐོར་འདི་དག་འདྲེན་པའི་ཚིག་གོ །བསྟོད་ཡུལ་ཕུན་སུམ་ཚོགས་པ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་ཐམས་ཅད་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་སྟོན་པ་བླ་ན་མེད་པ་ལ། བསྟོད་ཚུལ་ཕུན་སུམ་ཚོགས་པ་ཟབ་མོ་རྟེན་ཅིང་འབྲེལ་བར་འབྱུང་བ་གསུངས་པའི་སྒོ་ནས་བསྟོད་པ་ལེགས་པར་བཤད་པའི་སྙིང་བོ་ཞེས་བྱ་བ་འདི་ནི། རྩོམ་པ་པོ་ཕུན་སུམ་ཚོགས་པ་མང་དུ་ཐོས་པའི་དགེ་སློང་བློ་བཟང་གྲགས་པའི་དཔལ་གྱིས། གནས་ཕུན་སུམ་ཚོགས་པ་གངས་ཅན་ཁྲོད་ཀྱི་གངས་རིའི་དབང་བོ་འོ་དེ་གུང་རྒྱལ་གྱི་ལྷ་ཞོལ་དབེན་གནས་ལྷའི་སྡིངས། མིང་གཞན་རྣམ་པར་རྒྱལ་བའི་གླིང་ཞེས་བྱ་བར་སྦྱར་བའི་ཡི་གེ་བ་ཕུན་སུམ་ཚོགས་པ་ལ་སྟོད་བྱང་བའི་བདག་པོ་འཇམ་དབྱངས་པའི་སྲས་དགེ་ཚུལ་བློ་དང་ལྡན་པ་མ་གཅིག་དབོན་པོ་ནམ་མཁའ་དཔལ་ཞེས་བྱ་བའོ། །དེ་ལྟར་ན་གང་འཆད་པར་དམ་བཅས་པའི་བསྟན་བཅོས་མཐའ་དག་ལེགས་པར་བཤད་ཟིན་ཏོ། །

         སྨྲས་པ། རྒྱལ་བའི་གསུང་རབ་ཀུན་གྱི་སྙིང་བོའི་བཅུད། །རྟེན་འབྱུང་དངོས་པོའི་དེ་ཉིད་ཟབ་མོའི་དོན། །ཐུབ་པའི་དགོངས་པ་ཇི་བཞིན་འགྲེལ་མཛད་པ། །སར་གནས་དཔའ་བོ་ཀླུ་སྒྲུབ་ཡབ་སྲས་ཏེ། །དེ་ཡི་སྲོལ་འཛིན་ཆེས་ཆེར་ཁྱད་འཕགས་པ། །སངས་རྒྱས་བསྐྱངས་དང་ཟླ་གྲགས་ཞི་བ་ལྷས། །ལེགས་བཀྲལ་ལུགས་འདིའི་ཐུན་མོང་མིན་པའི་གནད། །རྫོགས་པར་གསལ་མཛད་བློ་བཟང་གྲགས་པའི་དཔལ། །མགོན་དེས་ཆོས་རྣམས་རང་བཞིན་སྟོང་བ་ལ། །བཅིངས་གྲོལ་བྱ་བྱེད་བཏགས་ཙམ་ལེགས་འཐད་པའི། །མཐའ་བྲལ་ཟུང་འཇུག་ལམ་འདིས་ཐུགས་ཕྲོགས་ཏེ། །ཕྲ་ལ་རྟོགས་དཀའ་ཆེས་ཟབ་གཞུང་འདི་བརྩམས། །གཞུང་ལུགས་ཆེ་ལ་ལོ་མང་སྦྱངས་གྱུར་ཀྱང་། །དབུལ་བོས་ཕྱུག་པོའི་ནོར་བགྲངས་ངང་ཚུལ་ལྟར། །ཉམས་ལེན་བྲལ་བས་ཚིག་སྐམ་ཟློས་པ་ལ། །ངལ་མེད་བརྩོན་པ་ལྷུར་ལེན་ཨེ་མ་མཚར། །གཞུང་དང་བསྟུན་ཚེ་དེ་དང་མི་མཐུན་ཞིང་། །དྲི་མེད་རིགས་པས་དཔྱད་ན་འདོར་དགོས་ཀྱང་། །ཡུལ་གྱི་བདག་པོས་བཀའ་ཆད་ཕབ་པ་བཞིན། །ཡི་གེའི་འདུ་བྱེད་ལྷུར་ལེན་དེ་བས་མཚར། །ཐུབ་དབང་ཞལ་སྐྱིན་རྗེ་བཙུན་བླ་མ་རྣམས། །གཙུག་ཏུ་བསྟེན་ཅིང་བརྒྱ་ཕྲག་གཞུང་ལུགས་ལ། །ངལ་བ་བསྟེན་པས་རིགས་པ་སྨྲ་བ་དག །ཚུལ་འདི་འཆད་ལ་སྤོབས་པ་གཟེངས་སུ་མཐོ། །དེར་འབད་པ་ལས་དགེ་ཚོགས་སྟོན་ཟླ་ལྟར། །རབ་དཀར་ཇི་སྙེད་བསགས་པས་འགྲོ་བ་ཀུན། །ཟབ་མོའི་དེ་ཉིད་རྟོགས་ནས་བསྒྲུབ་པ་ཡིས། །རྟག་ཏུ་རྒྱལ་བ་སྲས་བཅས་དགྱེས་བྱེད་ཤོག །དུས་ཀྱི་མཐར་ཡང་ཐུབ་བསྟན་དྲི་མེད་འདི། །ངན་རྟོག་དྲི་མས་ནམ་ཡང་མ་སྦགས་པར། །དམ་པའི་ཐུགས་སྨོན་ཇི་བཞིན་འཕེལ་བ་ཡིས། །སྐྱེ་དགུའི་རྒུད་པ་དྲུངས་ནས་འབྱིན་པར་ཤོག །བྱེད་པོའང་དེང་ནས་སྐྱེ་བ་ཐམས་ཅད་དུ། །ཟབ་མོ་ལྟ་དང་ཉེར་འབྲེལ་སྔགས་ཀྱི་ལམ། །ལུས་དང་སྲོག་ལ་མི་བལྟ་འཛིན་པ་ལ། །སྐད་ཅིག་ཙམ་ཡང་ལྷོད་པར་མ་གྱུར་ཅིག །ཇི་སྲིད་རི་ཡི་དབང་བོ་ཆུ་གཏེར་བཞིའི། །སྐ་རགས་གཡོ་ཞིང་ཀུན་གསལ་མཛེས་མ་ནི། །ཉི་ཟླའི་རྣ་རྒྱན་འཆང་བ་དེ་སྲིད་དུ། །ལེགས་བཤད་འདི་ཡང་ཀུན་ཏུ་འཕེལ་གྱུར་ཅིག །དཔལ་ལྡན་མགོན་པོ་དམ་ཅན་ཆོས་ཀྱི་རྒྱལ། །དམག་ཟོར་ལྷ་མོ་ལ་སོགས་སྲུང་མ་ཡིས། །བསྟན་པ་རིན་ཆེན་འཛིན་ཅིང་སྤེལ་བ་ལ། །གཡེལ་བ་མེད་པར་རྟག་ཏུ་གྲོགས་མཛོད་ཅིག །ཅེས་རྒྱལ་བ་གཉིས་པ་བློ་བཟང་གྲགས་པའི་དཔལ་ཞེས་སྙན་པའི་བ་དན་དཀར་བོ་ས་གསུམ་ན་རྣམ་པར་གཡོ་བ་དེ་ཉིད་ཀྱིས། སྟོན་པ་མཉམ་མེད་ཐུབ་པའི་དབང་བོ་ལ་ཟབ་མོ་རྟེན་ཅིང་འབྲེལ་བར་འབྱུང་བ་གསུངས་པའི་སྒོ་ནས་བསྟོད་པ་ལེགས་པར་བཤད་པའི་སྙིང་བོ་ཞེས་བྱ་བའི་འགྲེལ་བ་ལེགས་བཤད་ནོར་བུའི་བང་མཛོད་འདི་ཉིད། ཁོ་བོ་ཅག་གངས་ལྗོངས་སུ་ཕྱིན་སྐབས་དཔལ་ལྡན་བཀྲ་ཤིས་སྒོ་མང་གི་ཆོས་གྲྭར། དགེ་འདུན་འདུས་པའི་ཚོགས་ལ་གཞུང་འདིའི་ཞིབ་བཤད་ལུང་རིགས་ཀྱིས་བརྒྱན་ཏེ་ཕུལ་བར་བརྟེན། གཞུང་ལུགས་རབ་འབྱམས་སྨྲ་བ་ལ་སྤོབས་པ་མཆོག་ཏུ་གྱུར་པ་སྒོ་མང་དཔོན་སློབ་ཆོས་གྲགས་མཚན་ཅན་དང་།དགེ་ལྡན་མདོ་སྔགས་བསྟན་པའི་མངའ་བདག་ཁྲི་ཆེན་དགེ་འདུན་ཕུན་ཚོགས་པའི་སྤྲུལ་སྐུ་གཉིས་ཀྱིས་སོ་སོ་ནས་དངུལ་གྱི་མཎྜལ་ཁ་བཏགས་བཅས་བསྐུལ་བ་དང་།གཞན་ཡང་དགེ་བའི་བཤེས་གཉེན་དུ་མས་ནན་ཆེར་བསྐུལ་བ་དེ་སྐབས་ཁས་བླངས་ནས་འགོ་བརྩམས་ནའང་། ཆོས་བརྒྱད་གཡེང་བའི་དྲ་བར་ཆུད་པས་རྩོམ་འཕྲོར་ལུས་པ། སླར་མཇུག་གྲུབ་པར་བྱས་ཏེ་ཕུལ་ཆོག་ཅེས་སྨྲས་པ་བཞིན་མཧཱ་ཙི་ནའི་ཡུལ་གྲུ། འཇམ་དཔལ་དབྱངས་མི་རྗེའི་ཚུལ་དུ་རོལ་བ་གོང་མ་ཆེན་པོའི་ཕོ་བྲང་དུ་ལྷར་བཅས་འགྲོ་བའི་སྐྱབས་གནས་ཞྭ་སེར་བསྟན་པའི་བདག་པོ་རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་བློ་བཟང་བསྐལ་བཟང་རྒྱ་མཚོའི་ཞལ་སྔ་ནས་སོགས།བཀའ་དྲིན་མཚུངས་པ་མེད་པའི་དམ་པ་དུ་མའི་དྲིན་ལས། མདོ་སྔགས་གཞུང་ལུགས་སྤྱི་དང་། ཁྱད་པར་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་ལ་བློ་གྲོས་ཀྱི་འཇུག་པ་མི་དམན་པ། ཤཱཀྱའི་དགེ་སློང་ཡེ་ཤེས་བསྟན་པའི་སྒྲོན་མེ་མིང་གཞན་ལྕང་སྐྱ་རོལ་བའི་རྡོ་རྗེ་ཞེས་བྱ་བས་རྫོགས་པར་སྦྱར་བའི་ཡི་གེ་པ་ནི་དཔྱོད་ལྡན་དགེ་སློང་བསོད་ནམས་ཕུན་ཚོགས་སོ། །འདིས་ཀྱང་ཐུབ་བསྟན་སྤྱི་དང་ཁྱད་པར་རྒྱལ་བ་གཉིས་པ་བློ་བཟང་གྲགས་པའི་བསྟན་པ་རིན་པོ་ཆེ་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག། ། །

དེབ་འདིའི་མ་ཕྱི་ཡི་གེ་ནང་བསྟན་ཤེས་རབ་གསུང་རབ་དངོས་འབུལ་ཁང་ནས་མཁོ་སྤྲོད་གནང་བར་སྙིང་ནས་བཀའ་དྲིན་ཞུ།

མཐའ་དང་བྲལ་བའི་ལྟ་བ་དང་།

དཔྱད་འཇོག་ཆ་མཉམ་སྒོམ་པ་དང་།

མདོ་སྔགས་བཤད་སྒྲུབ་འགལ་མེད་སྤྱོད། 

དེ་ནི་བསྟན་པ་སྐྱོན་མེད་ཡིན།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།