རྗེ་རིན་པོ་ཆེའི་རྣམ་ཐར་དང་འབྲེལ་བའི་རྟོགས་བརྗོད་ཀྱི་འགྲེལ་པ་དགོངས་པ་རབ་ཏུ་གསལ་བར་བྱེད་པའི་སྒྲོན་མེ་བཞུགས་སོ། །

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2021-12-02 09:47:16     རྩོམ་པ་པོ།   ཅོ་ནེ་གྲགས་པ་བཤད་སྒྲུབ    ཀློག་ཐེངས།  

༄༅། །ན་མོ་སྭ་ར་སྭ་ཏྱཻ། བགྲང་ཡས་གདོད་མའི་བསྐལ་བར་ཐུགས་བསྐྱེད་ཚོགས་གཉིས་ས་བོན་ཉེར་བསྐྲུན་ལས། །རླབས་ཆེན་སྤྱོད་པའི་ཡལ་གའི་ཁྱོན་རྫོགས་མཁྱེན་བརྩེའི་མེ་ཏོག་རྣམ་པར་བཀྲ། །སྐུ་བཞིའི་འབྲས་བུའི་ཁུར་གྱིས་རབ་བརྗིད་ཕན་བདེའི་དྲི་བསུང་འཕྲོ་བ་ཅན། །ཐུབ་དབང་དཔག་བསམ་ལྗོན་པ་ཆེ་དེ་ལྷར་བཅས་འགྲོ་བ་ཡོངས་ཀྱི་སྐྱབས། །རྒྱལ་ཀུན་ཡབ་གྱུར་སྤངས་རྟོགས་མཐར་སོན་ཀྱང་། རྒྱལ་སྲས་ས་བཅུའི་དབང་ཕྱུག་ཟློས་གར་གྱིས། །རྒྱལ་བའི་མཛད་པ་མཐའ་དག་སྒྲུབ་བརྩོན་པ། །རྒྱལ་སྲས་ཐུ་བོ་འཇམ་པའི་དབྱངས་ལ་འདུད། །གང་དེས་རལ་པའི་ཟུར་ཕུད་རྒྱན་དོར་ནས། །ངུར་སྨྲིག་གར་རོལ་ཐུབ་བསྟན་ཡོངས་ཀྱི་བདག །མཁས་ཤིང་གྲུབ་པའི་རྩེར་སོན་ཐམས་ཅད་མཁྱེན། །རྒྱལ་བ་གཉིས་པ་གྲགས་པ་དེ་ལ་འདུད། །མགོན་ཁྱོད་ངེས་པའི་དོན་དུ་སངས་རྒྱས་ཀྱང་། །དྲང་དོན་ཞིང་འདིར་སེམས་དཔའི་ཚུལ་བཟུང་ནས། །ཐོས་བསམ་སྒོམ་མཛད་རྨད་བྱུང་རྟོགས་བརྗོད་ཀྱི། །ཚིག་དོན་ཅུང་ཟད་རྣམ་པར་དབྱེ་བར་བྱ། །

   དེ་ཡང་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་བརྩེ་གཅིག་ཏུ་བསྡུས་པའི་ངོ་བོ་བདག་ཅག་གི་བླ་མ་རྗེ་བཙུན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་དེ་ཉིད་ཀྱིས་བྱང་སེམས་སློབ་པའི་ཚུལ་གྱིས། སྐུ་ཚེ་འདིར་ཐོས་སོགས་ཇི་ལྟར་མཛད་པའི་རྟོགས་བརྗོད་རྗེ་རང་ཉིད་ཀྱིས་དགོས་པ་ཆེན་པོ་གཟིགས་ནས་མཛད་པ་འདི་ཉིད་ཀྱི་དགོངས་དོན་འགྲེལ་པར་བྱེད་པ་ལ་གཉིས། རྣམ་ཐར་ཐུན་མོང་བ་མཚོན་ཙམ་སྤྱིར་བསྟན་པ་དང་། འཆད་བྱ་གཞུང་དོན་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་རྗེ་འདིའི་རྣམ་ཐར་ཐུན་མོང་མ་ཡིན་པ་ནི་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྣམ་འཕྲུལ་དུ་གྲགས་པ་འདི་ཉིད་ཡིན་ལ། ཚུལ་བསྟན་གྱི་རྣམ་ཐར་ཐུན་མོང་མ་ཡིན་པ་ནི་མཁས་གྲུབ་རྗེས་མཛད་པ་ལ་སོགས་པ་ལྟར་རོ། །ཕྱི་མ་ལྟར་ན་སྐུ་ཚེ་འདིར་ཐོས་བསམ་སྒོམ་པའི་ཚུལ་ཇི་ལྟར་མཛད་པ་དང་། ཡི་དམ་སངས་རྒྱས་བྱང་སེམས་སོགས་ཀྱི་ཞལ་གཟིགས་པ་དང་།རིམ་གཉིས་ཀྱི་རྟོགས་པ་མཐོན་པོ་བརྙེས་པ་སོགས་ནི་བསྔགས་བརྗོད་ཀྱི་གནས་ཁྱད་པར་ཅན་ཡིན་ཀྱང་། དང་པོ་ལྟར་ན་འཇམ་པའི་དབྱངས་དང་ངོ་བོ་དབྱེར་མེད་པའི་སངས་རྒྱས་དངོས་ཡིན་པའི་ཕྱིར་བསྔགས་བརྗོད་དེ་ཙམ་མི་ཆེ་སྟེ། རྒྱལ་དབང་ལྔ་པ་ཆེན་པོས་རྗེའི་བསྟོད་པར། འཇམ་དབྱངས་བཤེས་གཉེན་རོལ་པར་ངེས་རྙེད་ནས། །ཁྱོད་བློ་རི་དྭགས་དཀའ་གནད་སྒྲོག་གི་རྒྱར། །བཅིངས་རྣམས་ཟུར་ཕུད་ལྔ་བའི་གསུང་མཚོན་གྱིས། །བཅད་ལ་ཚར་དུ་འཛིན་པ་བྱིས་པའི་བློ། །རྣམ་འདྲེན་སྲས་བཅས་གྲངས་མེད་ཚོགས་རྣམས་དང་། །ལྷན་ཅིག་གསང་གསུམ་བཀོད་པས་དུས་འདའ་ན། །འཕགས་མཆོག་པཎ་གྲུབ་འགའ་ཟུང་གཟིགས་ཞེས་པའི། །བསྟོད་བསྔགས་མགོན་འདིའི་ཆེ་བའི་འོས་སུ་མིན། །རིགས་ཀུན་ཁྱབ་བདག་དབང་པོ་མངོན་གྲུབ་པའི། །དཀྱིལ་འཁོར་རྒྱ་མཚོའི་སྤྲོ་བསྡུར་མངའ་འབྱོར་ན། །ལྷག་པའི་ལྷ་འགས་བྱིན་གྱིས་བརླབས་སོ་ཞེས། །བསྔགས་བརྗོད་དར་དིར་སྒྲོག་ལ་རེ་བ་བསྐྱུངས། །ཞེས་གསུངས་པ་ལྟར་རོ། །

      གཞན་ཡང་མཁས་གྲུབ་ཆོས་རྗེས་རྗེ་འདི་ཉིད་ངེས་དོན་དུ་བསྐལ་བ་གྲངས་མེད་པའི་སྔོན་རོལ་ནས་ས་བཅུ་རྫོགས་པའི་འཕགས་ཆེན་ཞིག་ཏུ་བཞེད་དེ། དེས་མཛད་པའི་རྣམ་ཐར་ཆེན་མོ་ལས། བདག་ཉིད་ཆེན་པོ་མཚན་བརྗོད་པར་དཀའ་བ་འདི་ནི། བསྐལ་པ་དཔག་ཏུ་མེད་པའི་སྔ་རོལ་ནས་ས་བཅུ་ཡོངས་སུ་རྫོགས་པར་མཛད་དེ། མ་དག་པའི་ཞིང་ཁམས་རྣམས་སུ་ཡང་ལ་ལར་ནི་འཁོར་ལོས་བསྒྱུར་བ་དང་། ལ་ལར་ནི་ཁམས་ཀྱི་རྒྱལ་པོ་དང་། འགའ་ཞིག་ཏུ་ནི་བརྒྱ་བྱིན་དང་ཚངས་པའི་གཟུགས་དང་། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཁྱིམ་པ་དང་རབ་ཏུ་བྱུང་བའི་ཚུལ་ལ་སོགས་པ་གདུལ་བྱ་དང་འཚམ་པའི་སྐུའི་རྣམ་པར་འཕྲུལ་པ་དཔག་ཏུ་མེད་པ་ཇི་ལྟར་ནམ་མཁའི་ལམ་ལས་ཟླ་བའི་དཀྱིལ་འཁོར་གཅིག་ཉིད་ཀྱིས་སའི་སྟེང་དུ་ཆུ་སྣོད་ཐ་དད་པ་སྣ་ཚོགས་པ་ཞིག་གི་ནང་དུ་ཅིག་ཅར་རང་གི་གཟུགས་བརྙན་སྟོན་པ་དེ་བཞིན་དུ་འབད་རྩོལ་མེད་པར་ཉེ་བར་བསྟན་པ་ལས། བདག་ཅག་རྣམས་ལ་ནི་འུ་བུ་རང་དང་འགྲོ་བ་རིས་མཐུན་པར་སྐྱེ་བ་བཞེས་པའི་དགེ་བའི་བཤེས་གཉེན་ཉིད་ཀྱི་རྣམ་པར་བསྟན་པས་དོན་མཛད་དོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱ་བ་ཡིན་པ་གོར་མ་ཆག་སྟེ།འདི་ལ་བདག་ཉིད་ཡིད་ཆེས་པར་བྱ་བའི་ལོ་རྒྱུས་ཀྱི་གཏན་ཚིགས་གཏམ་དུ་གླེང་བའང་ཐོས་སོ། །དེ་ལྟ་མོད་ཀྱི་ཚུལ་དེ་ནི་སྐྱེ་བོ་ཕལ་མོ་ཆེ་དག་གིས་བསམ་པར་བྱ་དཀའ་བའི་གནས་ཡིན་པའི་ཕྱིར་དང་། བདག་ཅག་དད་པ་དང་བསམ་པའི་སྟོབས་དམན་པ་དག་གི་རང་བཞིན་དང་སྐལ་པ་ཇི་ལྟ་བུ་ཡིན་པ་ཉེ་བར་གཟིགས་པའི་དབང་གིས་བདག་ཉིད་ཀྱང་དོན་འདི་ཞལ་གྱིས་འཆེས་པར་མི་མཛད་པའི་ཕྱིར་གནས་འདི་ནི་བསྙད་པར་བགྱི་བར་མི་ནུས་སོ། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་ནའང་སྐུ་ཚེ་འདིར་མཛད་པ་ཇི་ལྟར་བསྟན་པའི་རྣམ་ཐར་རྒྱས་པ་ནི་མཁས་གྲུབ་ཆོས་རྗེས་མཛད་པ་དང་། བསྡུས་དོན་ཙོང་ཁ་བརྒྱད་ཅུ་དང་། གསང་བའི་རྣམ་ཐར་སོགས་ནས་འབྱུང་བ་ལྟར་ཡིན་ལ། སྐབས་འདིར་མཚོན་ཙམ་ཞིག་བརྗོད་ན། འཁྲུངས་པའི་ཡུལ་དུས་ནི། ཇི་སྐད་དུ། སྤྲུལ་སྐུའི་འཁྲུངས་ཡུལ་གངས་ཅན་ཤར་གྱི་ཕྱོགས།མདོ་སྨད་ཙོང་ཁར་མེ་མོ་བྱ་ལོ་ལ། །ཀླུ་འབུམ་དགེ་དང་ཤིང་བཟའ་ཨ་ཆོས་ཀྱི། །སྲས་སུ་བསམས་བཞིན་འཁྲུངས་པའི་ཙོང་ཁ་པ། །ཞེས་འབྱུང་བ་ལྟར་ཏེ། རྗེ་འཁྲུངས་པའི་ལོ་ནས་ད་ལྟའི་ལྕགས་བྱ་འདིའི་བར་ལོ་སུམ་བརྒྱ་དང་གྱ་ལྔ་སོང་ལ། སྐུ་གཤེགས་ནས་སུམ་བརྒྱ་ཉེར་གཉིས་སོང་ངོ་། །དེ་ཡང་མེ་ཡོས་དྲུག་པའི་ནང་གི་ལོ་སོ་གཅིག་ཐོག་ཏུ་འཁྲུངས་ནས། བདུན་པའི་སོ་གསུམ་ཐོག་ཏུ་གཤེགས་པ་སྟེ། ད་ལྟའི་ལྕགས་མོ་བྱ་འདི་མེ་ཡོས་བཅུ་གཉིས་པའི་ལོ་ཞེ་ལྔ་བ་ཡིན་ནོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། སྒྱུ་འཕྲུལ་མངལ་གྱི་ཆུ་འཛིན་ལས། །རྒྱལ་སྲས་དོན་ཀུན་གྲུབ་པ་བཞིན། །རིགས་ལྡན་ཡུམ་གྱི་ཆུ་གཏེར་ལས། །རྒྱལ་སྲས་ཟླ་བ་གཉིས་པ་འཁྲུངས། །སྔོན་ཚེ་སྔོན་གྱི་སྲས་གཙང་སྲས་པོ་བཞིན། །སྙིགས་དུས་སྙི གས་མའི་འགྲོ་ལ་བརྩེར་དགོངས་པའི། །རྒྱལ་དང་རྒྱལ་བའི་སྲས་ཀྱི་མྱུ་གུ་ཞིག །ས་སྟེང་ས་ཕྱོགས་དེ་རུ་གསར་དུ་འཁྲུངས། །ཡང་ན་ཐུགས་བསྐྱེད་དྲི་བཞོན་གྱིས། །རྒྱལ་སྲས་ནམ་མཁའི་ནོར་བུ་ཞིག །འགྲོ་འདིའི་བློ་མུན་སེལ་བའི་ཆེད། །ཚོགས་གཉིས་ཤར་རིའི་རྩེ་ནས་དྲངས། །འཁྲུངས་ནས་ལོ་གསུམ་པའི་དུས་སུ་ཀརྨ་པ་རོལ་པའི་རྡོ་རྗེའི་དྲུང་དུ་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་མནོས་ཤིང་མཚན་ཀུན་དགའ་སྙིང་པོ་ཞེས་བྱ་བར་གསོལ། དགོངས་ལོ་བདུན་པའི་དུས་སུ་ཆོས་རྗེ་དོན་གྲུབ་རིན་ཆེན་དང་། གཞོན་ནུའི་བྱང་ཆུབ་ཅེས་པ་རྣམ་གཉིས་ཀྱི་དྲུང་དུ་རབ་བྱུང་མཛད་དེ།ཀློག་ཡིག་སོགས་ལ་སྦྱངས་པས་ཐོག་མེད་དུ་མཁྱེན། ལོ་ལྔ་དྲུག་ནས་བཅུ་དྲུག་གི་བར་ཆོས་རྗེ་བསྟེན་ནས་དབང་ལུང་མན་ངག་དུ་མ་དང་། བདེ་མཆོག་ལྷ་ལྔ་དང་། ཀྱཻ་རྡོར་སོགས་ཡི་དམ་འགའ་རེའི་བསྙེན་སྒྲུབ་ལ་བརྩོན་པ་མཛད།རབ་ཏུ་བྱུང་བ་ནས་རྨི་ལམ་དུ་གསང་བདག་གཏུམ་པོ་དང་། ཇོ་བོ་རྗེ་རྣམ་གཉིས་ཀྱི་སྐུའི་རྣམ་པ་ཡང་ཡང་གཟིགས་ཏེ། དེ་ནི་མདོ་སྔགས་ཀྱི་བསྟན་པའི་བདག་པོར་འགྱུར་བར་བྱིན་གྱིས་བརླབས་པའོ། །འདམ་སྐྱེས་པདྨོ་འདམ་གྱིས་མ་གོས་བཞིན། །མི་རྟག་སྲིད་འབྱོར་སྙིང་པོ་མེད་གཟིགས་ནས། རྒྱལ་སྲས་གཞོན་ནུས་ཁྱིམ་པས་སྡོམ་བཟུང་སྟེ། རིང་པོར་མི་ཐོགས་ཚངས་སྤྱོད་དཀའ་ཐུབ་བླངས། །ཆུང་ཆུང་བྱིས་པའི་ཚུལ་བསྟན་ནས། །མང་མང་ཡི་གེ་ཀློག་སོགས་ལ། །ཡང་ཡང་གཟིགས་ཚེ་འབད་མེད་པར། །ངེས་ངེས་ཁྱོད་ཀྱི་ཐུགས་སུ་ཆུད། །གཞོན་ནུའི་དུས་ནས་ཡོངས་འཛིན་དམ་པའི་མགོན། །མགོན་དུ་བསྟེན་ནས་མན་ངག་བདུད་རྩིའི་རྒྱུན། །རྒྱུན་དུ་གསོལ་ཞིང་བསྙེན་སྒྲུབ་མཛད་པའི་ཚེ། །ཚེ་འདིར་ཐུབ་བསྟན་བདག་པོར་འགྱུར་བྱིན་བརླབས། །བཅུ་བདུན་ལོན་པའི་ཚེ་མཁན་པོའི་གསུང་བཞིན་དབུས་སུ་བྱོན་ནས་འབྲི་ཁུང་སྤྱན་སྔ་ཆོས་ཀྱི་རྒྱལ་པོའི་དྲུང་དུ་ཟབ་འཁྲིད་འགའ་རེ་གསན། དེའི་ཚེ་གྲོགས་འགའ་ཞིག་གིས་འཁྲིད་ནས་གུང་ཐང་དུ་གསོ་བ་རིག་པ་ལ་སྦྱངས།དེ་ནས་ར་བ་སྟོད་དང་ས་སྐྱ་སོགས་ནས་མཚན་ཉིད་ཐེག་པ་ལ་སྦྱངས་པ་ཡིན་ཏེ། ཇི་སྐད་དུ། བདེ་བ་ཅན་དང་དཔལ་ལྡན་ས་སྐྱ་སོགས། །བཤད་གྲྭ་འགའ་རུ་ལེགས་པར་ཐུགས་སྦྱངས་ནས། །དབུས་གཙང་གཉིས་སུ་བཀའ་བཞིའི་གྲྭ་སྐོར་མཛད། །ཟླ་མེད་མཁས་པར་གྲགས་པའི་ཙོང་ཁ་པ། །ཞེས་སོ། །འདིའི་དཀའ་བཞི་ནི་འདུལ་མངོན་ཕར་ཕྱིན་ཚད་མ་བཞི་ཡིན་པར་མངོན་ཏེ། དེ་དུས་དབུ་མའི་གྲྭ་སྐོར་མཛད་པ་དར་མི་ཆེའོ། །འོ་ན་རྗེ་འདིས་དཀའ་བཅུ་དང་རབ་འབྱམས་པའི་མཚན་གདགས་མི་མཛད་པ་ཅི་ཡིན་ཞེ་ན།དེའི་ཚེ་དཀའ་བཅུ་དང་རབ་འབྱམས་པའི་མཚན་གདགས་མཛད་པའི་སྲོལ་མ་ཚུགས་པའི་དབང་གིས་ཡིན་ཏེ། དཀའ་བཅུ་དང་རབ་འབྱམས་པའི་ཐ་སྙད་ནི་རྗེའི་སྐུའི་ཚེ་སྨད་དུ་བྱུང་བས་སོ། །རྒྱལ་སྲས་ཉི་མ་དབང་ཕྱོགས་ན་མཆིས་པ། །སྔོན་བསགས་བསོད་ནམས་དྲི་བཞོན་གྱིས་བསྐུལ་ཏེ། །ཆུ་ལྷའི་ཕྱོགས་ཀྱི་ཐུབ་བསྟན་པདྨོའི་ཚལ། །ལེགས་པར་འབྱེད་ཕྱིར་གེགས་མེད་བྱོན་དེ་རྨད། །སྐུ་ན་ན་ཚོད་ཕྲ་མོ་ནས། །རབ་མཁས་མཁས་པ་མང་བསྟེན་ཏེ། །གསུང་རབ་རབ་འབྱམས་ལ་སྦྱངས་པས། །ཀུན་མཁྱེན་མཁྱེན་རབ་དབང་ཕྱུག་གྱུར། །འདུལ་བའི་གཞུང་ལ་སྦྱངས་པའི་ཚེ་ཉི་མ་རེར་འདུལ་བ་རྒྱ་ཆེར་འགྲེལ་མདའ་ཚད་མའི་ཤོག་གུ་བཅུ་བདུན་ཙམ་རེ་འཆགས་མེད་དུ་བློ་ལ་འཛིན་ཅིང་། སྐབས་སྐབས་སུ་མདོའི་ཞལ་འདོན་མཛད་པའི་ཚེ་ཏིང་འཛིན་ཁྱད་པར་ཅན་རྩོལ་མེད་དུ་འཁྲུངས། ཕར་ཕྱིན་གསན་སྦྱོང་མཛད་སྐབས་མངོན་རྟོགས་རྒྱན་གྱི་དགོངས་འགྲེལ་ལེགས་བཤད་གསེར་འཕྲེང་ཞེས་བྱ་བའི་བསྟན་བཅོས་ཆེན་མོ་མཛད། འདི་རྗེ་སྐུ་ན་གཞོན་པའི་དུས་སུ་མཛད་པས་ཕྱིས་སུ་དཔྱད་པ་རྫོགས་ནས་མཛད་པ་དང་ཅུང་མི་འདྲ་ཡང་ཚིག་སྦྱོར་ཕུན་སུམ་ཚོགས་ཤིང་རྒྱ་བོད་ཀྱི་མཁས་པ་དུ་མའི་འཆད་ཚུལ་ལ་དགག་སྒྲུབ་དང་བཅས་པ་མཁས་པ་ཀུན་ཡིད་འཕྲོག་པར་བྱེད་པ་ཞིག་སྟེ། སྟག་ཚང་ལོ་ཙཱ་བས་སྔར། རྗེའི་གསུང་ལ་དགག་པ་འགའ་རེ་མཛད་ཀྱང་། ཕྱིས་སུ་གསེར་འཕྲེང་འདི་མཇལ་ནས་གཟིགས་པས་དགྱེས་ཏེ། ཁྱོད་བློ་ཉི་མས་གཞོན་ནུའི་དུས་ཉིད་ན། །མདོ་དང་རྒྱན་གྱི་པད་ཚལ་རྒྱས་མཐོང་ནས། །བདག་བློ་ཁེངས་པའི་ཀུ་མུད་ལྷག་པར་ཟུམ། །ཟབ་ཡངས་མཁྱེན་བརྩེའི་གཏེར་ལ་གསོལ་བ་འདེབས། །ཞེས་བསྟོད་པ་ཕུལ་ལོ། །ཤེར་ཕྱིན་གྱི་མདོའི་དངོས་བསྟན་སྟོང་ཉིད་གཙོ་བོར་སྟོན་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་མཛད་པའི་སྐབས་སུ། སྟོང་ཉིད་བཅུ་དྲུག་གི་འགྲེས་རྐང་གསེར་གྱི་མདོག་ལྟ་བུས་ནམ་མཁའི་ཁམས་གང་བར་གཟིགས་པའི་ཡུམ་གྱི་མདོའི་ཟབ་དོན་ཐམས་ཅད་ཐུགས་སུ་ཆུད། མདོར་ན་གཞོན་དུས་སུའང་རྒྱ་བོད་ཀྱི་དབུ་ཚད་ཕར་ཕྱིན་འདུལ་མངོན་སོགས་ལ་ཕྱོགས་རིས་མེད་པར་སྦྱངས་ནས་རང་གཞན་གྱི་གྲུབ་མཐའ་དག་ལ་མཁས་པས་མཐར་སོན་ནས་འཆད་རྩོད་རྩོམ་པའི་སྒོ་ནས་གདུལ་བྱའི་དོན་མཛད་དོ། །འཕགས་པའི་ཡུལ་དུ་མ་བྱོན་ཞིང་། །འཕགས་ཡུལ་མཁས་པ་མ་བསྟེན་ཀྱང་། །འཕགས་པ་ཡབ་སྲས་ལ་སོགས་པའི། །འཕགས་བོད་མཁས་པའི་དགོངས་དོན་གཟིགས། །རྒྱ་བོད་མཁས་པའི་རྣམ་དཔྱོད་རིན་ཆེན་གསེར། །གཅིག་བསྡུས་ཁྱོད་ཀྱི་མཁྱེན་རབ་ཡིད་བཞིན་ནོར། །གཞུང་དོན་འབྱེད་པའི་སྲང་ལ་གཞལ་གྱུར་ན། །དོ་མཉམ་འོན་ཀྱང་ཁྱོད་བློ་ལྕི་སྙམ་སེམས། །དགུང་ལོ་སུམ་ཅུར་ཉེ་བ་ན་མཁན་ཆེན་ཚུལ་ཁྲིམས་རིན་ཆེན་སོགས་ཀྱི་དྲུང་དུ་བསྙེན་པར་རྫོགས་ནས་འདུལ་བའི་བསླབ་བྱ་མཐའ་དག་སྲུང་ཞིང་། སྨོན་འཇུག་བྱང་ཆུབ་ཏུ་སེམས་བསྐྱེད་ནས་སྤྱོད་པ་ཕྱིན་དྲུག་དང་བསྡུ་བཞི་སོགས་ལ་ལེགས་པར་སློབ། སྔགས་ལམ་དུ་ཞུགས་ནས་དབང་གི་དམ་ཚིག་ཚུལ་བཞིན་དུ་བསྲུང་བར་མཛད་ནས་འཆད་པར་འགྱུར་པ་ལྟར་རྒྱུད་སྡེ་རྣམ་གཞི་ལག་ལེན་དང་བཅས་པ་ལ་ཐོས་བསམ་སྒོམ་གསུམ་མཛད་དོ། །རྣམ་དག་ངེས་འབྱུང་བསེར་བུས་རབ་བསྐྱོད་པའི། །བསྙེན་རྫོགས་སྡོམ་རྒྱུན་ཟླ་མཛེས་གཙུག་བསྟེན་པས། །ཐུབ་བསྟན་ཀུནྡའི་ཚལ་རྣམས་ཅིག་ཅར་དུ། །བཞད་མཛད་སྔོན་མེད་ལྷ་ཆེན་ཁྱོད་མིན་སུ། །བྱམས་དང་སྙིང་རྗེའི་ས་བོན་ལས། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་འཁྲུངས། ཕྱིན་དྲུག་སྤྱོད་པའི་ཡལ་འདབ་ཅན། །སྔོན་མེད་དཔག་བསམ་ལྗོན་པ་ཁྱོད། །གསང་སྔགས་རྡོ་རྗེ་ཐེག་པའི་སྒོར་ཞུགས་ནས། །དམ་ཚིག་སྡོམ་པ་མིག་འབྲས་བཞིན་སྲུང་ཞིང་། །རྒྱུད་དོན་ཀུན་མཁྱེན་ལག་ལེན་བཅས་པ་ལ། །མཁས་པའི་མཐར་སོན་རྡོ་རྗེ་འཛིན་པའང་ཁྱོད། །འཇམ་དབྱངས་ཀྱི་ཞལ་མ་གཟིགས་པའི་སྔོན་དུ་དབུ་མ་པས་ལོ་ཙཱ་མཛད་ནས་དབུ་མའི་ལྟ་བ་སོགས་ཤིན་ཏུ་རྟོགས་དཀའ་བའི་གནད་མང་པོ་ཞུས་ནས་ཐེ་ཚོམ་བཅད། ཕྱིས་དགའ་བ་གདོང་དུ་རྗེ་བཙུན་བསྒྲུབས་པས་ཞལ་མངོན་སུམ་དུ་གཟིགས། ཕྱིན་ཆད་འདོད་ཀྱི་ཚེ་གསོལ་བ་བཏབ་ན་མཐོང་ཞེས་གསུངས་པ་ལྟར་ཞལ་བསྟན་ནས་ཐེ་ཚོམ་ཞུས་ཏེ་བཅད། འཇམ་དབྱངས་ཀྱི་བཀས་བསྐུལ་ཏེ་འཁོར་དག་པ་རྣམ་བརྒྱད་དང་བཅས་ཏེ་སྒྲུབ་པ་ལ་བྱོན། ཆོས་ལུང་དགོན་པར་སངས་རྒྱས་སུམ་ཅུ་སོ་ལྔ་ལ་ཚོགས་གསོག་སྒྲིབ་སྦྱོང་གི་རྟེན་མཛད་པས་ཞལ་མཐོང་། དེའི་ཚེ་སྨན་བླ། ཚེ་དཔག་མེད། བྱམས་པ་རྣམས་ཡང་དང་ཡང་དུ་གཟིགས། འཇམ་དབྱངས་ཀྱི་བཀའ་བཞིན་རྫིང་ཕྱིའི་ལྷ་ཁང་ཞིག་གསོས་བྱས་ནས་ལོགས་བྲིས་མཛད་པའི་སྐབས་རྣམས་སུ་ཡེ་ཤེས་པ་སྤྱན་དྲངས་ནས་བསྟིམ་པས་དངོས་སུ་ཐིམ་པའི་གཟིགས་སྣང་བྱུང་། ལྷ་བཟོས་སངས་རྒྱས་སོ་ལྔའི་སྐུ་མདོག་སོགས་འབྲི་ཚུལ་མ་ཤེས་ནས་རྗེ་ཉིད་ལ་ཞུས་པས་སོ་ལྔ་དངོས་སུ་བྱོན་ནས་སྐུ་མདོག་སོགས་ཇི་ལྟ་བུ་ཡིན་པ་རྗེ་ཉིད་ལ་བསྟན་པའི་དཔེར་ད་ལྟའང་མཆིས། རྒྱ་སོག་ཕུ་རུ་རྗེ་བཙུན་འཇམ་དབྱངས་ལ་སངས་རྒྱས་བྱང་སེམས་དུ་མ་དང་འཛམ་གླིང་རྒྱན་དྲུག་མཆོག་གཉིས་དང་། ཨིནྡྲ་བྷོ་ཏི་ས་ར་ཧ་ལ་སོགས་པའི་གྲུབ་ཆེན་དུ་མས་བསྐོར་བའི་ཞལ་གཟིགས་ཤིང་། འཇམ་དབྱངས་ཀྱི་ཐུགས་ཀའི་ཕྱག་མཚན་རལ་གྲི་ལས་བདུད་རྩིའི་རྒྱུན་བབས་ནས་རྗེའི་ཐུགས་ཀར་ཞུགས་པའི་ལྟས་ཁྱད་པར་ཅན་ཡང་གཟིགས། གནས་དེར་ཧོར་ཟླ་དང་པོར་ཆོ་འཕྲུལ་མཆོད་པའི་དུས་སུ་རང་རང་གི་ཕྱོགས་མདོག་ཅན་གྱི་སངས་རྒྱས་ནམ་མཁའི་དབྱིངས་ཐམས་ཅད་ཁྱབ་པར་གཟིགས། ཡང་དེར་འཇིགས་བྱེད་ཞལ་ཕྱག་ཡོངས་སུ་རྫོགས་པའི་སྐུ་གཟི་བརྗིད་ཅན་ཞིག་གཟིགས། དེ་ཕྱིན་ལམ་དུས་ཀྱི་དབང་བཞི་མ་ཆད་པར་བླངས།ལྷོ་བྲག་གྲུབ་ཆེན་ལས་གསང་བདག་གི་ཆོས་སྐོར་རྣམས་དང་ལུང་བསྟན་རྣམས་བླངས། ཙ་རི་བསྐོར་ནས་གཉལ་དུ་བྱོན་པའི་ཚེ་མོ་ལའི་ལ་རྩར་རྗེ་བཙུན་བྱམས་མགོན་རི་རྒྱུད་ཙམ་ཞིག་དངོས་སུ་གཟིགས་པའི་ཞལ་ནས།རིགས་ཀྱི་བུ་ཁྱོད་ཐུབ་པའི་བསྟན་པ་འདི་ལ་ཐུབ་དབང་རང་ཉིད་བྱོན་པ་དང་འདྲ་བ་ཞིག་འོང་བར་ཤེས་པ་གྱིས་ཤིག་ཅེས་ལུང་བསྟན་ཏེ་དབུགས་དབྱུང་།སེང་གེ་རྫོང་དུ་དུས་འཁོར་ལུགས་ཀྱི་སྦྱོར་དྲུག་ལ་དཔྱད་པས་ཐུགས་སུ་ཆུད་པའི་ཚེ། དུས་ཀྱི་འཁོར་ལོ་དཔའ་གཅིག་གིས་ཁྱོད་རྒྱལ་པོ་ཟླ་བ་བཟང་པོ་དང་འདྲའོ་ཞེས་བསྔགས། གཉལ་དུ་དབྱངས་ཅན་མས་དགུང་ལོ་འདི་ཙམ་ཞིག་ཐུབ་ཀྱི། དེའི་བར་དུ་གཞན་གྱི་འཕྲིན་ལས་དཔག་མེད་འབྱུང་ངོ་ཞེས་ལུང་བསྟན། དྭགས་པོ་ལྷ་སྡིང་དགོན་པར་མནལ་ལམ་དུ་འཕགས་པ་ཡབ་སྲས་ལྔའི་ཞལ་གཟིགས་ཤིང་། ཕྱི་ཉིན་སངས་རྒྱས་བསྐྱངས་ཀྱི་རྩ་བ་ཤེས་རབ་ཀྱི་འགྲེལ་པ་བུངྔྷ་པཱ་ལི་ཏ་གཟིགས་པས་ལྟ་བའི་སྒྲོ་འདོགས་ལྷག་མ་མེད་པར་མཆོད། དབེན་གནས་དུ་མར་འཇམ་དབྱངས་ཀྱིས་བསྟན་བཅོས་འདི་དང་འདི་ལྟ་བུ་རྩོམས་ཤིག་དང་མ་འོངས་པ་ན་བསྟན་པ་དང་གདུལ་བྱ་ལ་ཕན་པ་འབྱུང་ངོ་ཞེས་བསྐུལ་བ་ལྟར་བརྩམས། གཞན་ཡང་ལྷ་སར་ཆོ་འཕྲུལ་གྱི་དུས་ཆེན་ལ་མཆོད་པ་རྒྱ་ཆེན་པོ་མཛད་པའི་ཕྱག་སྲོལ་ཁྱད་པར་ཅན་ད་ལྟའི་བར་དུ་དར་བ་འདི་བཞིན་ལགས། དགུང་ལོ་ང་དྲུག་པ་འབྲུག་གི་ལོ་ལ་བསྙུང་བའི་ཚུལ་བསྟན་པའི་ཚེ་ཐུགས་དམ་ལ་བསྒྲིམས་པས་ཐུན་མོང་མིན་པའི་བདེ་སྟོང་གི་ཉམས་རྟོགས་ཁྱད་པར་ཅན་འཁྲུངས་ཤིང་། གསེར་གྱི་རི་དབང་ལྟར་བརྗིད་པའི་སྟོན་པ་བཅོམ་ལྡན་འདས་ཞལ་གཟིགས་པའི་ཚེ་རང་ལ་བསྟིམས་པས་དབྱེར་མེད་དུ་གྱུར། སྙུན་ལས་མ་གྲོལ་བའི་བར་བར་དུ་སྒྲོལ་མ་རྣམ་རྒྱལ་གདུགས་དཀར་འོད་ཟེར་ཅན་སོགས་ཡི་དམ་དུ་མ་དང་ཁྱད་པར་དུ་གསང་བདག་འཁོར་ལོ་ཆེན་པོ་དང་རྡོ་རྗེ་འཇིགས་བྱེད་གཉིས་ཡང་ཡང་ཞལ་གཟིགས་ཤིང་གསོལ་བ་བཏབ་པས་སྐུ་ཚེའི་བར་ཆད་ཞི།དེའི་ཚེ་མགོན་པོ་ཆོས་རྒྱལ་སོགས་ཆོས་སྐྱོང་རྣམས་ཀྱིས་བར་ཆད་བྱེད་པའི་བདུད་དང་འབྱུང་པོ་བཟུང་ནས་འཁྲིད་དེ་འོང་བ་སྐུ་མདུན་དུ་སླེབ་པ་ན་བསྒྲལ་བའི་ཚེ། ཕྱི་རོལ་དུ་བདུད་སྡེའི་དམག་དཔུང་ཕམ་མོ་ཞེས་པའི་སྒྲ་ཆེན་པོ་གྲགས། ཕྱག་དྲུག་པ་སོགས་ཆོས་སྐྱོང་རྣམས་ཀྱིས་རང་རང་གི་གཟུགས་བསྟན་ནས་ཞི་རྒྱས་དབང་དྲག་གི་འཕྲིན་ལས་སྣ་ཚོགས་མཛད་ཅིང་། ཁྱད་པར་དུའང་ལས་ཀྱི་གཤིན་རྗེས་སྣ་ཚོགས་པའི་གཟུགས་སུ་སྤྲུལ་ནས་གཏམ་དུ་མ་གླེང་བ་དང་ཅི་གསུང་བཀའ་བཞིན་དུ་སྒྲུབ། དུས་དུས་སུ་གདུལ་བྱ་རྣམས་ལ་མདོ་སྔགས་ཀྱི་ཆོས་ལུང་ཟབ་འཁྲིད་མན་ངག་སོགས་གནང་ཞིང་།བར་བར་དུ་སྒྲུབ་པ་གཙོ་བོར་མཛད། འདུལ་བའི་ཕྱག་ལེན་རྣམས་ལེགས་པར་བཙུགས་ནས་དར་བར་བྱས། མདོ་རྒྱུད་ཀྱི་དགོངས་འགྲེལ་དུ་མ་དང་།ཕར་ཕྱིན་ཐེག་པའི་གཞུང་ལུགས་རྣམས་ཀྱི་བརྗོད་པའི་དོན་ཉམས་སུ་ལེན་པའི་རིམ་པར་བསྡུས་ནས་ལམ་རིམ་ཆེན་མོ་དང་། གསང་སྔགས་རྒྱུད་སྡེ་བཞིའི་བརྗོད་བྱའི་དོན་ཐམས་ཅད་ཉམས་ལེན་དུ་བསྡུས་ནས་སྔགས་རིམ་ཆེན་མོ་མཛད་ཅིང་། ཁྱད་པར་དུ་གསང་བདེ་གཉིས་ཀྱི་སྐོར་རྣམས་མཛད་ནས་སྲོལ་དར་བར་བྱས། དེ་ལྟར་མཛད་པ་ཁྱད་པར་ཅན་གཞན་མང་དུ་མཆིས་མོད། བསྡུ་ན་མཛད་ཆེན་བཞི་སྟེ་དགའ་ལྡན་དཀྱིལ་འཁོར་སྒྲུབ་མཆོད། རྫིང་ཕྱི་ཞིག་གསོས་མཆོད་འབུལ། ལྷ་སར་ཆོ་འཕྲུལ་སྨོན་ལམ། གཉལ་གྱི་ལུང་ར་ཆེན་མོ་བཞིའོ། །དེའི་ནང་ནས་ཆོ་འཕྲུལ་མཆོད་པ་ནི་བསྟན་པ་དང་སེམས་ཅན་དཔག་ཏུ་མེད་པ་ལ་ཕན་པ་རྒྱ་ཆེ་བའི་སངས་རྒྱས་ཀྱི་མཛད་པ་དངོས་སུ་གྲགས་པ་ལྟར་རོ། །དེ་རྣམས་ལ་འདི་སྐད་ཅེས་བྱ་སྟེ། འཇམ་པའི་དབྱངས་ཀྱི་སྤྲུལ་པ་ཡང་། །འཇམ་པའི་དབྱངས་ཀྱི་ཞལ་གཟིགས་ཕྱིར། །འཇམ་པའི་དབྱངས་ཉིད་བསྒྲུབས་མཛད་ནས། །འཇམ་པའི་དབྱངས་ཞལ་མངོན་མཐོང་མཚར། །ཐེ་ཚོམ་བྲལ་ཡང་ཐེ་ཚོམ་ལྟར་བཅོས་ནས། །ཡོངས་སུ་འཛིན་པའི་བཤེས་གཉེན་ཡོངས་བསྟེན་ཏེ། །ལྷག་པའི་ལྷ་ལ་ལྷག་པའི་ཟབ་དོན་གྱི། །སོམ་ཉིའི་ཚུལ་དྲིས་སོམ་ཉིའི་དྲ་བ་བཅད། །ལས་སྒྲིབ་མེད་ཀྱང་དེ་སྦྱོང་ཕྱིར། །རྒྱལ་བ་ཉི་མས་སོ་ལྔ་ལ། །རྒྱུན་དུ་ཚོགས་གསོག་སྒྲིབ་སྦྱོང་གི །རྟེན་མཛད་ཡང་ཡང་མངོན་སུམ་གཟིགས། །གང་ཚེ་རྒྱལ་བའི་གཟུགས་བརྙན་གསར་བསྐྲུན་ལ། །གང་གིས་ཡེ་ཤེས་བཅུག་པས་དངོས་སུ་ཞུགས། །སོ་ལྔ་འབྲི་ཚུལ་མ་ཤེས་ཞུས་པ་ལྟར། །སོ་ལྔ་དངོས་སུ་བྱོན་ནས་བསྟན་བཞིན་བྲིས། །འཇམ་དབྱངས་ཟླ་བའི་དཀྱིལ་འཁོར་ནི། །སངས་རྒྱས་བྱང་སེམས་རྒྱན་དྲུག་དང་། །གྲུབ་ཆེན་རྒྱུ་སྐར་འཁོར་དང་བཅས། །མངོན་སུམ་གཟིགས་པའི་རྟེན་འབྲེལ་འགྲིག །བཟང་བཟང་ཕྱོགས་བཅུའི་རྒྱལ་བའི་དཀྱིལ་འཁོར་ཀུན། །མང་མང་ནམ་མཁའི་ཁམས་ཀུན་ཁྱབ་པ་དང་། །འཇིགས་འཇིགས་དུས་དགྲ་ཞལ་ཕྱག་རྫོགས་པའི་སྐུ། །གསལ་གསལ་མངོན་སུམ་གཟིགས་པས་ཉམས་རྟོགས་འཕེལ། །ནམ་མཁའི་མཚན་ཅན་རྒྱ་མཚོ་ལས། །གསང་བདག་ཆོས་སྐོར་རིན་ཆེན་བླངས། །རྒྱལ་ཚབ་ཉིད་ཀྱིས་བསྟན་འདི་ལ། །རྒྱལ་བ་བྱོན་ལྟར་འབྱུང་ཞེས་བསྟན། །དཔལ་ལྡན་དུས་ཀྱི་འཁོར་ལོའི་སྦྱོར་དྲུག་ལ། །དཔྱད་པ་རྫོགས་ཚེ་དུས་ཀྱི་འཁོར་ལོ་དང་། །ཚངས་སྲས་ལྷ་མོའི་ཞལ་གཟིགས་ལུང་བསྟན་ཅིང་། །འཕགས་པ་ཡབ་སྲས་ལྔས་ཀྱང་བྱིན་གྱིས་བརླབས། །གང་ཚེ་ཡབ་སྲས་ལྔ་ཉིད་ཀྱིས། །གང་ལ་བྱིན་བརླབས་རྗེས་བཟུང་ཚེ། །གང་ཞིག་དབུ་མའི་ལྟ་བ་ལ། །གང་དུའང་འགྱུར་མེད་ཐེ་ཚོམ་ཆོད། །རྗེ་བཙུན་ཁྱོད་ལ་རྗེ་བཙུན་འཇམ་དབྱངས་ཀྱིས། །བསྟན་བཅོས་འདི་རྩོམས་བསྟན་དང་འགྲོ་བ་དང་། །ཕན་པར་འགྱུར་ཞེས་ཕན་ཐོགས་ལུང་བསྟན་བཞིན། །ལེགས་བཤད་སྣ་ཚོགས་ལེགས་པར་བརྩམས་པར་མཛད། །སྐྱེ་རྒ་ན་འཆི་དང་བྲལ་ཡང་། །དགོས་དབང་གཞན་དོན་བསྙུང་བའི་ཚུལ། །བསྟན་ཚེ་གསེར་གྱི་རི་དབང་ལྟའི། །སྟོན་པ་ཞལ་གཟིགས་དབྱེར་མེད་གྱུར། །གང་ཚེ་ཐུགས་དམ་ཟབ་ལ་བརྩོན་པ་ན། །དེ་ཚེ་ཆོས་སྐྱོང་མགོན་པོ་འཁོར་བཅས་ཀྱིས། །བདུད་དང་གདོན་བགེགས་འབྱུང་པོ་བསྒྲལ་མ་ཐག །བདུད་སྡེའི་དམག་དཔུང་ཕམ་པའི་སྒྲ་ཆེན་གྲགས། །ཆོས་རྒྱལ་མགོན་པོ་ལ་སོགས་པ། །ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱིས། །ཆོས་རྗེ་ཁྱོད་ཀྱི་ལུང་རྟོགས་བསྟན། །ཆོས་བཞིན་སྐྱོང་བར་ཞལ་གྱིས་བཞེས། །བློ་གྲོས་བཟང་པོར་གྲགས་པའི་རྣམ་དཔྱོད་ཀྱིས། །འཕགས་བོད་མཁས་གྲུབ་ཡོངས་ཀྱི་མཛད་པ་ཀུན། །ཁྱོད་ཉིད་གཅིག་པུས་བསྡུས་ནས་བདག་གིར་མཛད། །དེ་ཕྱིར་མཁས་གྲུབ་ཀུན་གྱི་གཙོ་བོར་འོས། ཁྱོད་ཀྱི་བཤད་སྒྲུབ་རྣམ་གཉིས་ཀྱིས། །ཐུབ་བསྟན་ཡོངས་རྫོགས་བཟུང་གཟིགས་ཚེ། །རྒྱལ་ཚབ་མི་ཕམ་མགོན་ཉིད་ཀྱིས། །ད་ནི་བདག་གིས་ཅི་བྱ་དགོངས། །མགོན་པོ་ཁྱོད་ཀྱིས་རྒྱལ་བསྟན་བཟུང་བ་ཙམ། །འཛམ་གླིང་རྒྱན་དྲུག་སོགས་ཀྱིས་མ་མཛད་ལ། ཁྱོད་ཀྱི་འཕྲིན་ལས་ཕྱོགས་མཐར་དར་བ་ཙམ། །མཁས་གྲུབ་གཞན་གྱི་མཛད་པ་ཉིད་ཀྱང་མིན། །ཞེས་བྱའོ། །ཕག་ལོའི་སྟོན་སྟོད་ལུང་ཆབ་ཚན་ལ་ཕེབས་ནས་འབྲས་སྤུངས་སུ་འབྱོན་པའི་ཚེ་འདོ་ལི་ལ་གདན་དྲངས་པས་དེའི་སྣེ་ལ་འཇའ་ཚོན་ཟུག་ཅིང་འབྲས་སྤུངས་སུ་ཕེབས་ནས་ཆོས་གསུངས་པའི་ཆོས་གྲྭའི་ནང་དུ་འཇའ་ཚོན་ཁ་དོག་སྣ་ལྔ་བ་ནམ་མཁའ་ནས་ཀ་བ་བཙུགས་པ་ལྟར་ཟུག །དེའི་ཚེ་སྐྱ་སེར་དཔག་ཏུ་མེད་པ་ལ་ལུང་ཁྲིད་སོགས་གསུང་ཆོས་མང་དུ་གནང་ནས་དགའ་ལྡན་དུ་བྱོན། སྐུ་ཚེ་དེ་ཙམ་དུ་རིང་བ་མིན་ཡང་། ཆོས་ཀྱི་མཛད་པ་མཐར་ཕྱིན་པ་དང་། མཛད་པའི་རྒྱུན་རྒྱལ་ཚབ་མཁས་གྲུབ་སོགས་བུ་སློབ་ཁྱད་པར་ཅན་རྣམས་ལ་སྒྲུབ་ཏུ་བཅུག་ན་ལེགས་པར་དགོངས་ནས་དེའི་ཚེ་སྐུ་ཅུང་ཟད་སྙུང་བའི་ཚུལ་བསྟན། ལོ་དེ་ཀའི་བཅུ་པའི་ཉི་ཤུ་ལྔའི་སྔ་དྲོའི་ཉི་མ་ཤར་རྗེས་ཙམ་དུ་སྟོང་བ་གསུམ་རིམ་གྱིས་ཐིམ་ནས་སྟོང་པ་བཞི་བ་འོད་གསལ་མངོན་དུ་མཛད་པ་ན། སྐུ་འོད་ཀྱི་ཕུང་པོ་དང་ལྡན་པའི་ལྷ་གཞོན་ནུ་ལྟ་བུར་གྱུར་ཏོ། །འོད་གསལ་དེ་ལས་བར་དོ་ལོངས་སྐུ་སྒྱུ་མའི་སྐུར་བཞེངས་པ་ཡིན་ཏེ། ཇི་སྐད་དུ། འོད་གསལ་ཆོས་སྐུ་མངོན་དུ་མཛད་གྱུར་པ། །དེ་ཚེ་ཁྱོད་སྐུ་འོད་ཀྱི་གོང་བུར་གྱུར། །བར་དོ་ལོངས་སྤྱོད་རྫོགས་པ་སྒྱུ་མའི་སྐུ། །མཆོག་གི་དངོས་གྲུབ་བརྙེས་ཞེས་གསུངས་པ་ལྟར་རོ། །དེའི་ཚེ་ནམ་མཁའ་ནས་མེ་ཏོག་སྣ་ཚོགས་ཀྱི་ཆར་བབ་ཅིང་། འཇའ་ཚོན་ནམ་མཁའ་ཁྱབ་པར་འཁྲིགས་པ་དང་། ལྷས་མཆོད་ཅིང་དཔའ་བོ་མཁའ་འགྲོ་བསུ་བར་བྱེད་པའི་ལྟས་ཁྱད་པར་ཅན་བྱུང་། དད་ལྡན་ཕལ་ཆེར་ཡིད་མྱ་ངན་གྱིས་གདུངས་ཤིང་ལུས་ལ་བརྡེག་འཚོགས་དང་ངག་གིས་སྨྲེ་ངག་དང་གསོལ་གདབ་བྱེད་པ་རྣམས་ཕན་ཚུན་འགྲན་པ་ལྟར་གྱུར་ལ། གཞན་དག་ནི་ཨེ་མ་ངོ་མཚར་རྨད་དུ་བྱུང་བའོ་ཞེས་བརྗོད་ཅིང་། རྗེ་ཉིད་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་གོང་འཕེལ་དུ་གྱུར་ཏོ། །འདིར་རིམ་པ་གསུམ་པའི་སྒྱུ་ལུས་བརྙེས་པར་བཤད་པ་ནི་སྐུ་ཚེ་དེ་ལ་ལས་རྒྱ་མ་བརྟེན་པས་བར་དོར་མཆོག་འགྲུབ་པའི་དབང་དུ་མཛད་ལ། བླ་མ་ཁ་ཅིག་ངེས་དོནདུ་རྡོ་རྗེ་རྣལ་འབྱོར་མ་ཉིད་བྱོན་ནས་ཕྱག་རྒྱ་མཛད་དེ་སྐུ་ཚེ་དེ་ལ་མཆོག་བརྙེས་ཀྱང་གསང་བར་མཛད་དོ་ཞེས་གསུངས། དེ་ལྟ་བུ་གང་ཡིན་ཀྱང་སྤྲུལ་སྐུའི་མཛད་པ་སྟོན་པ་ལ་མཐའ་མ་བཀག་ཅིང་། སྐུ་ཚེ་ཕྱི་མ་ལ་དགའ་ལྡན་དུ་འཁྲུངས་པ་ཡིན་ཏེ། ཇི་སྐད་དུ། དེ་ནས་ཕག་ལོའི་ཟླ་བ་བཅུ་པ་ཡི། མར་ངོའི་ཚེས་བཅུའི་སྔ་དྲོའི་དུས་སུ་ནི། །ངོ་མཚར་ཆོ་འཕྲུལ་དུ་མའི་ཚོགས་བསྟན་ནས། དགའ་ལྡན་གནས་སུ་གཤེགས་པའི་ཙོང་ཁ་པ།ཞེས་འབྱུང་བ་བཞིན་དང་། དགའ་ལྡན་དུ་བྱམས་པའི་སྲས་ཀྱི་ཐུ་བོ་འཇམ་དཔལ་སྙིང་པོ་ཞེས་བྱ་བར་འགྱུར་བ་ནི། ས་གསུམ་མར། དགའ་ལྡན་གནས་སུ་འཇམ་དཔལ་སྙིང་པོར་གྲགས། ཞེས་གསུངས་པ་ལྟར་རོ། །སྐུ་གདུང་རིལ་པོ་མཆོད་རྟེན་དུ་བཞུགས་པ་ནི་གྲགས་ཆེ་ལ། ད་ལྟ་བཅུ་པའི་ལྔ་མཆོད་མཛད་པའི་རྒྱུན་དར་བ་ནི་རྗེ་གཤེགས་པའི་དུས་མཆོད་ཡིན་ཞིང་། སྐུ་གཤེགས་པའི་མཛད་པ་འདི་ཙམ་ཡང་བསྟན་པ་དང་སེམས་ཅན་དཔག་ཏུ་མེད་པ་ལ་ཕན་པའི་རྒྱུར་གྱུར་ཏེ་སངས་རྒྱས་ཀྱི་མཛད་པའོ། །མགོན་ཁྱོད་ཞིང་གཞན་གཤེགས་ཉེ་བར། །ཐ་མའི་གདུལ་བྱའི་དོན་དགོངས་ནས། །ཁྱོད་ལ་གཤེགས་དང་ཆོས་སྟོན་དུས། །དབང་པོའི་གཞུ་ཡིས་ལྷ་ལམ་མཛེས། །གཟུགས་སྐུའི་བཀོད་པ་ཆོས་དབྱིངས་བསྡུ་བ་ན། །སྟོང་གསུམ་རིམ་ཐིམ་སྟོང་བ་བཞི་བ་ཡི།འོད་གསལ་ཆོས་སྐུ་མངོན་དུ་མཛད་པའི་ཚེ། །ཁྱོད་སྐུ་གཞོན་ཉམས་འོད་གསལ་ཕུང་པོར་གྱུར། །འོད་གསལ་དེ་ལས་སྒྱུ་མའི་སྐུར། །མངོན་བཞེངས་བྱམས་པའི་ཞབས་དྲུང་དུ། །གཤེགས་ཚེ་འཁོར་སློབ་མགོན་བྲལ་ནས། །དད་གདུང་ལྷན་ཅིག་འགྲན་བཞིན་གྱུར། །དེ་ཚེ་མིག་གི་ནམ་མཁར་སྤྲིན་མེད་ཀྱང་། །མཆི་མའི་ཆར་བབ་ཡིད་ལ་ཤིང་མེད་ཀྱང་། །མྱ་ངན་མེ་འབར་བྲང་ངོས་རྔ་མེད་ཀྱང་། །ལག་པའི་དབྱུ་གུས་ལན་ཅིག་མིན་པ་བརྡུང་། །མཁའ་ལས་འདབ་རྒྱའི་ཆར་རྒྱུན་དང་། །དབང་པོའི་མཚོན་གྱིས་མཛེས་པར་སྤྲས། །འཆི་མེད་ཚོགས་ཀྱིས་མཆོད་པ་དང་། །ཌཱ་ཀིས་བསུ་བའི་རོལ་སྒྲ་བསྒྲགས། །ཁྱོད་ཀྱི་མཛད་པ་ཁྱད་ཅན་གཞན་ལྟ་ཅི། ཁྱོད་སྐུ་ཞི་བར་གཤེགས་པའི་ཚུལ་བསྟན་དང་། །ཁྱོད་གདུང་རིལ་པོ་བཞུགས་པའི་ཚུལ་འདིས་ཀྱང་། །ཁྱོད་ཉིད་དངོས་སུ་བཞུགས་ལྟར་ཕན་པ་མཛད། །ཟག་མེད་ཆོས་སྐུའི་ཡོན་ཏན་སྣོད་གྱུར་ཟག་མེད་གཟུགས་སྐུའི་ཟ་མ་ཏོག །རིན་ཆེན་དང་པོ་ས་ལེ་སྦྲམ་སོགས་རིན་ཆེན་སྣ་ཚོགས་ལས་གྲུབ་པའི། །མཆོད་སྡོང་ཆེར་ཞུགས་སུ་ཞིག་མཐོང་དང་མཆོད་ཅིང་སྐྱབས་སུ་བསྟེན་པ་རྣམས། །ངེས་པ་ལྷ་མིའི་རྟེན་བཟང་རིམ་བརྒྱུད་ངེས་པར་སངས་རྒྱས་ཉིད་དུ་འགྱུར། །ཁྱོད་ཀྱི་ཡོན་ཏན་མང་མང་རྒྱ་མཚོའི་མཐའ། །རོ་འཛིན་སྟོང་གིས་ཡང་ཡང་བསྒྲགས་བྱས་ཀྱང་། །རྫོགས་པར་འགྱུར་མིན་བསྡུས་བསྡུས་མཚོན་ཙམ་འདིས། །རྗེ་བཙུན་ཁྱོད་ཉིད་དགྱེས་དགྱེས་མཛད་གྱུར་ཅིག །ཅེས་བྱའོ། །

༈ གཉིས་པ་གཞུང་དོན་བྱེ་བྲག་ཏུ་བཤད་པ་ལ་བཞི། མཆོད་པར་བརྗོད་པ། དགོས་དོན་བསྟན་པ། གཞུང་དོན་བཤད་པ་དངོས། མཇུག་བསྡུ་བའོ། །དང་པོ་ལ་གཉིས། ལེགས་སྨོན་དང་། མཆོད་བརྗོད་དོ། ། དང་པོ་ནི།

ཨོཾ་བདེ་ལེགས་སུ་གྱུར་ཅིག

ཅེས་པ་སྟེ། ཨོཾ་ནི་མཆོག་སོགས་དོན་བདུན་ལ་འཇུག་ཅིང་། སྐུ་གསུང་ཐུགས་མཚོན་པར་བཤད་པ་སོགས་ཡོད་ཀྱང་འདིར་ཚིག་འོག་མའི་འགོ་འདྲེན་ནོ། །བདེ་ལེགས་སོ་སོར་ཕྱེ་ན་བདེ་བ་མངོན་མཐོ་དང་། ལེགས་པ་ནི་ངེས་ལེགས་སུ་བཤད་པ་དང་། འགའ་ཞིག་ཏུ་དེ་ལས་ལྡོག་སྟེ་བཤད་ཅིང་། ངེས་ལེགས་ཉིད་ལའང་བདེ་བ་དང་ལེགས་པའི་སྒྲ་འཇུག་པས་གང་རུང་སྟེ། གྱུར་ཅིག་ནི་དེ་ཐོབ་པར་སྨོན་པའོ། །གཉིས་པ་ནི།

འཇིག་རྟེན་མཐོ་རིས་བྱང་གྲོལ་ལྟ་བའི་མིག །

སྲིད་ལམ་འཁྱམས་པས་དུབ་པའི་ངལ་གསོའི་གནས། །

བདེ་ལེགས་རྩ་བ་དྲིན་ཅན་བླ་མ་དང་། །

རྗེ་བཙུན་མཁྱེན་པའི་གཏེར་གྱི་ཞབས་ལ་འདུད། །

ཅེས་པ་སྟེ། འཇིག་རྟེན་གྱི་མཐོ་རིས་མངོན་མཐོ་དང་། བྱང་གྲོལ་བྱང་ཆུབ་དང་དེ་དག་འགྲུབ་པའི་ཐབས་ལེགས་པར་སྟོན་ཅིང་བསྟན་པ་ལྟར་གདུལ་བྱས་ཀྱང་ཚུལ་དེ་མཐོང་བར་འགྱུར་བས་དེར་ལྟ་བའི་མིག་ལྟ་བུ་དང་། སྲིད་པ་འཁོར་བའི་ལམ་དུ་འཁྱམས་པས་ངལ་ཞིང་དུབ་པའི་འགྲོ་བ་རྣམས་ངེས་ལེགས་ལ་འགོད་པའི་སྒོ་ནས་ངལ་གསོ་བའི་གནས་སུ་གྱུར་པ་བདེ་ལེགས་ཐམས་ཅད་འབྱུང་བའི་རྩ་བ་ཆོས་སྟོན་པའི་བླ་མ་རྣམས་དང་། རྗེ་བཙུན་མཁྱེན་པའི་གཏེར་འཇམ་པའི་དབྱངས་ཀྱི་ཞབས་ལ་འདུད་དོ་ཞེས་སོ། །

གཉིས་པ་དགོས་པ་ནི།

འབད་པ་ཆུང་ངུས་རླབས་ཆེན་ཚོགས་སྡུད་ལ། །

དགེ་ལ་རྗེས་སུ་ཡི་རང་མཆོག་ཏུ་གསུངས། །

ཁྱད་པར་རང་གིས་སྔོན་བྱས་དགེ་བ་ལ། །

རློམ་སེམས་བྲལ་བས་དགའ་བ་ཆེར་བསྐྱེད་ན། །

སྔོན་བྱས་དགེ་བ་གོང་དུ་འཕེལ་ལོ་ཞེས། །

རྒྱལ་བས་གསུངས་པའི་དོན་དེ་སྒྲུབ་ཕྱིར་དང་། །

དགོས་པ་གཞན་ཡང་མང་དུ་མཐོང་བས་ན། །

སེམས་ཁྱོད་དགའ་བ་འདི་ལྟར་བསྐྱེད་ན་ལེགས། །

ཞེས་པའི་བར་གསུངས། རང་གི་འབད་པ་ཆེན་པོ་མ་ཡིན་པའི་ཆུང་ངུ་ཙམ་ཞིག་གིས་བསོད་ནམས་ཀྱི་ཚོགས་རླབས་ཆེན་སྡུད་ཅིང་གསོག་པ་ལ་ནི་རང་གཞན་གྱིས་བྱས་པའི་དགེ་བ་ལ་དགའ་བ་བསྒོམ་ཤིང་རྗེས་སུ་ཡི་རང་བ་མཆོག་གམ་ཁྱད་པར་དུ་འཕགས་པར་སྟོན་པས་མདོ་སྡེ་དུ་མ་ལས་གསུངས་ཤིང་། ཁྱད་པར་དུ་རང་གིས་སྔོན་བྱས་པའི་དགེ་བ་བདེན་པར་ཞེན་པའི་རློམ་སེམས་དང་བྲལ་བས་དགའ་བ་རྒྱ་ཆེར་བསྐྱེད་ན་ནི་རང་གི་སྔོན་བྱས་པའི་དགེ་བ་རྣམས་གོང་དུ་འཕེལ་ལོ་ཞེས་རྒྱལ་བས་གསུངས་པའི་དོན་དེ་བསྒྲུབ་པར་བྱ་བའི་ཕྱིར་དང་། དེར་མ་ཟད་དགོས་པ་གཞན་ཡང་བསྟན་པ་ལ་འཇུག་པའི་ཚུལ་དེ་འདྲ་ཞིག་དགོས་པར་ཤེས་པ་སོགས་མང་དུ་མཐོང་བ་ནི།སེམས་ཁྱོད་དགེ་བ་ལ་དགའ་བ་འཆད་འགྱུར་འདི་ལྟར་བསྐྱེད་ན་ལེགས་སོ་ཞེས་རང་ལ་བསྐུལ་མ་ལྟར་མཛད་དོ། །རང་གཞན་གྱི་དགེ་བ་ལ་རྗེས་སུ་ཡི་རང་ན་ཕན་ཡོན་ཆེ་ཚུལ་ཡན་ལག་བདུན་པ་སྟོན་པའི་མདོ་བསྟན་བཅོས་དུ་མ་དང་། ཁྱད་པར་རྗེས་སུ་ཡི་རང་སྒོམ་ལམ་འཆད་པའི་ཡུམ་གྱི་མདོ་རྣམས་དང་། དེ་དག་གི་དགོངས་འགྲེལ་ཀུན་དང་། དེ་རྣམས་ཀྱི་དོན་བསྡུ་ན་མཚོན་ཙམ་ནི་སྡུད་པ་ལས། བྱང་ཆུབ་སེམས་དཔའི་རྗེས་སུ་ཡི་རང་སེམས་གཅིག་ལ། །ཉན་ཐོས་ཚོགས་ཀྱི་བསོད་ནམས་ཕུང་པོས་ཆར་མི་ཕོད། ཅེས་པ་དང་།སྟོང་གསུམ་རི་རབ་སྲང་ལ་གཞལ་བས་ཚད་བཟུང་རུང་། །རྗེས་སུ་ཡི་རང་དགེ་བ་དེ་ནི་དེ་ལྟ་མིན། ཞེས་གསུངས་པ་ལྟར་རོ། །དེ་ཡང་རང་གིས་བྱས་པའི་དགེ་བ་ལ་ཡི་རང་ན་དགེ་བ་རྣམས་གོང་འཕེལ་དུ་འགྱུར་བར་གསུངས་ཤིང་། གཞན་གྱིས་བྱས་པའི་དགེ་བ་ལ་དགའ་ཞིང་ཡི་རང་ན་བསོད་ནམས་ཐོབ་མཉམ་དུ་འབྱུང་སྟེ་ལག་རྗེས་སོ་སོ་བའོ། །འགྲེལ་པ་དོན་གསལ་ལས། རང་དང་གཞན་གྱི་བསོད་ནམས་བྱ་བ་མཉམ་པ་ཉིད་དུ་ཐོབ་པོ། །ཞེས་གསུངས་པ་ལྟར་གཞན་གྱིས་བྱས་པའི་དགེ་བ་ལ་རྗེས་སུ་ཡི་རང་ན་བསོད་ནམས་མཉམ་ཐོབ་ཡིན་ཡང་། ཆེ་ཆུང་མཉམ་པའི་ངེས་པ་མེད་དེ། སངས་རྒྱས་ཀྱི་བསོད་ནམས་ལ་རྗེས་སུ་ཡི་རང་བའི་དེ་དང་ཆེ་ཆུང་མཉམ་པ་མི་འཐོབ་པ་ལྟ་བུའོ། །ཆེ་ཆུང་མཉམ་པ་དང་ལྷག་པའང་འཐོབ་པར་འགྱུར་སྲིད་དེ། སྔོན་རྒྱལ་པོ་ཞིག་གིས་ཁེངས་དྲེགས་ཀྱིས་སྟོན་པ་འཁོར་བཅས་ལ་མཆོད་ཅིང་བསྙེན་བཀུར་རྒྱ་ཆེར་བྱས་པ་ལ་བུད་མེད་དབུལ་མོ་ཞིག་གིས་དགའ་བ་ཤུགས་ཆེན་བྱས་པས་བུད་མེད་དེས་རྒྱལ་པོའི་བསོད་ནམས་ལས་ཀྱང་ལྷག་ཐོབ་པའི་ལོ་རྒྱུས་འདུག་པ་ལྟར་རོ། །དགེ་བར་མ་ཟད་ཡོན་ཏན་ཅན་དང་ཆོས་སྒྲུབ་པའི་གང་ཟག་ལའང་དགའ་ཞིང་ཡི་རང་ན་བསོད་ནམས་ཆེ་བར་བཤད་པས་འབད་པ་ཆུང་ངུས་ཚོགས་གསོག་པ་ལ་འདི་གལ་ཆེའོ། །རིགས་པ་དེས་དགེ་བ་བྱས་པ་མི་དགའ་བ་དང་ཆོས་སྒྲུབ་མཁན་དང་ཡོན་ཏན་ཅན་དག་ལ་ཕྲག་དོག་གིས་མི་དགའ་བར་བྱས་ན་བསོད་ནམས་འགྲིབ་པའང་རྟེན་འབྲེལ་གྱི་ཆོས་ཉིད་དུ་གྲུབ་པོ། །དེ་བཞིན་དུ་མི་དགེ་བ་བྱས་པ་ལ་ཡི་རང་ཞིང་དགའ་བར་བྱས་ན་མི་དགེ་བ་གསོག་པར་འགྱུར་ཚུལ་ཡང་སྔར་དང་འདྲའོ། །འདིར་རློམ་སེམས་བྲལ་བ་ནི་བདེན་འཛིན་མེད་པ་ལ་བྱེད་དགོས་པ་ཡུམ་གྱི་མདོ་ལས་གསལ་ཏེ། རྒྱུ་མཚན་ནི་སྤྱིར་ཆོས་རྣམས་རང་བཞིན་གྱིས་མེད་ཅིང་ཁྱད་པར་དུ་འདུས་བྱས་དགེ་བའི་ལས་ནི་རང་བཞིན་གྱིས་སྟོང་པ་སྒྱུ་མ་ལྟ་བུ་གསོག་གསོབ་ཡ་མ་བརླ་དང་བདེན་པར་གྲུབ་པའི་སྙིང་པོ་མེད་པར་ཤེས་ན་ཕན་ཡོན་ལྷག་པར་ཆེ་སྟེ། སྡུད་པ་ལས། བསོད་ནམས་གསོག་དང་དེ་བཞིན་སྟོང་པ་དང་། །གསོབ་དང་ཡ་མ་བརླ་དང་སྙིང་པོ་མེད་ཤེས་པར། །དེ་ལྟར་བདེ་གཤེགས་རྣམས་ཀྱི་ཤེས་རབ་སྤྱོད་བྱེད་ན། །སྤྱོད་ཚེ་བསོད་ནམས་དཔག་ཏུ་མེད་པ་ཡོངས་སུ་འཛིན། །ཞེས་གསུངས་པ་ལྟར་རོ། །རྣམ་དཀར་དགེ་བ་རང་གིས་བགྱིས་པ་དང་། །རྣམ་དག་གཞན་གྱིས་བྱས་ལ་ཡི་རང་ན། །རྣམ་མང་བསོད་ནམས་འགྲུབ་པར་འགྱུར་རོ་ཞེས། །རྣམ་ཀུན་མཁྱེན་པ་རྫོགས་པའི་སངས་རྒྱས་གསུངས། །རང་གི་ལུས་ངག་འབད་རྩོལ་གྱིས། །མ་བསྒྲུབས་གཞན་གྱིས་བསྐྲུན་པ་ལ། །ཡིད་ཀྱི་དགའ་བ་བསྒོམས་ཙམ་ལས། །བསོད་ནམས་ཕུང་པོ་འབྱུང་འདི་མཚར། །འོན་ཀྱང་སྒྱུ་མ་ལྟ་བུའི་དཀར་ནག་གི །ལས་རྣམས་སྒྲུབ་ལ་ཡིད་བྱེད་དབང་བཙན་ཕྱིར། །ས་བོན་སེམས་བསྐྱེད་སྟོབས་ལྡན་རྒྱལ་སྲས་ཀྱི། །མྱུ་གུས་རང་འབྲས་སངས་རྒྱས་མྱུར་བསྐྲུན་འགྱུར། །

གསུམ་པ་གཞུང་དོན་བཤད་པ་ལ་གཉིས། མདོར་བསྟན་པ་དང་།རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། དངོས་དང་། འདུན་མ་ལེགས་པའི་དགའ་བ་དང་བཅས་པའི་བཀའ་དྲིན་དྲན་པའོ། །དང་པོ་ནི།

དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ། །

བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། །

ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས། །

ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས། །

ཞེས་སོ། །བློ་བཟང་གྲགས་པའི་དཔལ་ཁོ་བོ་རབ་ཏུ་བྱུང་ནས་དུས་དང་པོར་གསུང་རབ་དགོངས་འགྲེལ་དང་བཅས་པ་ལ་ཐོས་པ་རྒྱ་ཆེན་པོ་མང་དུ་བཙལ་ཅིང་། བར་དུ་གཞུང་ལུགས་དེ་ཐམས་ཅད་གདམས་པར་ཤར་ལ། ཐ་མར་ཉིན་མཚན་ཀུན་ཏུ་དེ་རྣམས་ཀྱི་དོན་གྱི་གནད་བསྡུས་པའི་སྙིང་པོ་ཉམས་སུ་བླངས་ནས། དེ་ལས་བྱུང་བའི་དགེ་བ་ཀུན་ཀྱང་རྒྱལ་བའི་བསྟན་པ་རྒྱས་པའི་ཆེད་དུ་བསྔོས་སོ། །

གཉིས་པ་ནི།

ཚུལ་འདི་བསམ་ཤིང་འདུན་མ་ལེགས་ནས་གདའ། །

བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །

སོགས་རྐང་པ་གཉིས་སྟེ། དེ་ལྟར་ཐོས་སོགས་གསུམ་དང་དེའི་དགེ་བ་བསྟན་པ་རྒྱས་པའི་ཆེད་དུ་བསྔོས་པའི་ཚུལ་འདི་བསམས་ཤིང་བལྟས་པ་ན་བདག་གི་ཚེ་འདིའི་འདུན་མའི་བྱ་བ་ལེགས་ནས་གདའ་སྟེ། དེ་ཡང་བླ་མ་དམ་པ་རྣམས་དང་ཁྱད་པར་རྗེ་བཙུན་འཇམ་པའི་དབྱངས་ཉིད་ཀྱི་བཀའ་དྲིན་ཡིན་པས། བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར་ཞེས་བཀའ་དྲིན་བརྗོད་དེ་མཚན་ནས་བོས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ། དང་པོ་ཐོས་པ་ཇི་ལྟར་མཛད་ཚུལ། བར་དུ་གཞུང་ལུགས་གདམས་པར་ཤར་ཚུལ། ཐ་མར་ཉམས་ལེན་ཇི་ལྟར་མཛད་ཚུལ་ལོ། །

       དང་པོ་ལ་གསུམ། ཐོས་པ་མེད་ལ་ཐར་ལམ་གྱི་ཁྱད་པར་ལེགས་པར་མི་ཤེས་པས་དེར་ཇི་ལྟར་འཇུག་ཚུལ་ཡང་མི་ཤེས་པ། རྒྱུ་མཚན་དེ་ཉིད་ཀྱིས་ཐོས་པ་མཛད་ཚུལ་སྤྱིར་བསྟན་འདུན་ལེགས་དང་བཅས་པ། དེ་ནས་ཐོས་པའི་རིམ་པ་སོ་སོར་མཛད་ཚུལ་ལོ། །དང་པོ་ནི།

བླང་དོར་གནས་ལ་ཀུན་ནས་འཐོམས་པའི་མུན། །

ཡང་དག་ཐོས་པའི་སྒྲོན་མེས་མ་བསལ་བར། །

ལམ་མི་ཤེས་ན་ཐར་པའི་གྲོང་མཆོག་ཏུ། །

འཇུག་པར་འགྱུར་བ་སྨོས་ཀྱང་ཅི་ཞིག་དགོས། །

ཞེས་རྐང་པ་བཞི་སྟེ། བླང་བྱ་དང་དོར་བྱའི་གནས་རྣམས་ལ་ཀུན་ནས་འཐོམས་ཤིང་རྨོངས་པའི་བློ་མུན་དེ། གསུང་རབ་དུ་མ་ལ་སྦྱངས་པའི་ཡང་དག་པའི་ཐོས་པའི་སྒྲོན་མེས་མ་བསལ་བར་ཐར་ལམ་དེ་ཇི་ལྟར་ཡིན་ལེགས་པར་མི་ཤེས་ན། ལམ་དུ་བཞུགས་ནས་ཐར་བའི་གྲོང་མཆོག་ཏུ་འཇུག་པར་འགྱུར་ནུས་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ་མི་ནུས་སོ། །གཉིས་པ་ནི།

དེ་ཉིད་ཕྱིར་ན་མི་ཕམ་ཆོས་རྗེ་དང་། །

འཛམ་གླིང་རྒྱན་དྲུག་མཆོག་གཉིས་ཞེས་གྲགས་པའི། །

གཞུང་ལ་ཕྱོགས་རེ་བ་དང་རགས་པ་རེས། །

ཚིམ་པར་མ་བྱས་ཀུན་ལ་ཞིབ་ཏུ་སྦྱངས། །

ཞེས་རྐང་པ་བཞི་འདུན་ལེགས་དང་བཅས་པ་སྟེ། རྒྱུ་མཚན་བརྗོད་མ་ཐག་པ་དེ་ཉིད་ཀྱི་ཕྱིར་ན་བདག་གིས་མི་ཕམ་ཆོས་རྗེ་བྱམས་མགོན་དང་། ཀླུ་སྒྲུབ་ཨཱརྱ་དེ་བ་ཐོགས་མེད་དབྱིག་གཉེན་ཕྱོགས་གླང་ཆོས་གྲགས་ཏེ་འཛམ་གླིང་རྒྱན་དྲུག་དང་། ཡོན་ཤཱཀ་གཉིས་ལ་མཆོག་གཉིས་ཞེས་ཡོངས་སུ་གྲགས་པ་རྣམས་ཀྱིས་མཛད་པའི་གཞུང་ལ་ཕྱོགས་རེ་བ་ཙམ་དང་། རགས་པ་རེ་སྦྱངས་པ་ཙམ་གྱིས་ཚིམ་པར་མ་བྱས་པར་མཁས་པ་དེ་དག་གི་གཞུང་ཀུན་ལ་ཞིབ་ཏུ་སྦྱངས་སོ། །སྦྱངས་ཚུལ་འགའ་ཞིག་ནི་སྔར་བཤད་ཅིང་འཆད་པར་ཡང་འགྱུར་རོ། །འདུན་ལེགས་ཀྱི་དོན་སྔར་ལྟར་གཞན་ལའང་སྦྱོར།གསུམ་པ་ལ་མདོ་སྔགས་གཉིས་ཀྱི་དང་པོ་ལ་གཉིས། ཚད་མའི་སྐོར་ལ་མཛད་པ་དང་། ལྟ་བའི་སྐོར་ལ་མཛད་ཚུལ་ལོ། །དང་པོ་ནི།

ཁྱད་པར་ཚུ་རོལ་མཐོང་བས་དངོས་པོ་ཡི། །

དེ་ཉིད་གཏན་ལ་འབེབས་པའི་སྒོ་གཅིག་པུ། །

ཡང་དག་རིགས་པའི་གཞུང་གི་དཀའ་གནས་ལ། །

འབད་པ་དུ་མས་ཡང་ནས་ཡང་དུ་སྦྱངས། །

ཞེས་རྐང་པ་བཞི་སྟེ། གཞུང་ལུགས་ཀུན་ལ་སྦྱངས་ཚུལ་སྤྱིར་བསྟན་པ་དེ་ལྟར་ཡིན་ཡང་། ཁྱད་པར་དུ་ཚུ་རོལ་མཐོང་བའི་སོ་སྐྱེས་དངོས་པོ་ཡི་དེ་ཁོ་ན་ཉིད་ཀྱི་གནས་ཚུལ་རིགས་པའི་རྣམ་གྲངས་མང་པོས་གཏན་ལ་འབེབས་པའི་འབྱུང་གནས་ཀྱི་སྒོ་གཅིག་པུ་ནི་ཕྱོགས་གླང་ཆོས་གྲགས་ཀྱིས་མཛད་པའི་ཡང་དག་པའི་རིགས་གཞུང་རྣམས་ཡིན་ལ། གཞུང་དེ་དག་གི་དཀའ་བའི་གནས་རྣམས་ལ་འབད་པ་ཆུང་ངུ་དང་ལན་ཅིག་ཙམ་མ་ཡིན་པར་འབད་པ་ཆེན་པོ་དུ་མས་ཡང་དང་ཡང་དུ་རྒྱུན་བསྲིངས་ནས་སྦྱངས་སོ། །གནས་གང་དང་གང་ལ་བརྟེན་ནས་སྦྱངས་པ་ནི་གྲྭ་ས་དུ་མར་ཡོངས་འཛིན་མང་པོ་དང་། ཁྱད་པར་དུ་རྗེ་བཙུན་རེད་མདའ་བའི་དྲུང་དུ་སྦྱངས་པའོ། །གཞོན་ནུའི་དུས་ནས་གཞོན་ནུ་བློ་གྲོས་སོགས། །མཁས་པར་གྲགས་པའི་མཁས་པ་མང་བསྟེན་ནས། །རིགས་ཚུལ་སྟོན་པའི་རིགས་པའི་གཞུང་རྣམས་ལ། །ལེགས་པར་སྦྱངས་པས་ལེགས་པར་ཐུགས་སུ་ཆུད། །ཁྱོད་བློ་གསལ་བའི་དེད་དཔོན་མཆོག །རིགས་གཞུང་རྒྱ་མཚོར་ཞུགས་ཙམ་ལས། །དོན་བཟང་ཡིད་བཞིན་ནོར་རྙེད་ཀྱི། །མཁས་རློམ་བྱིས་གཞན་མཆིང་བུ་བཙལ། །གཉིས་པ་ནི།

མདོ་སྔགས་གཞུང་ལ་ངལ་བ་མང་བྱས་ཀྱང་། །

ཟབ་དོན་ཉམས་སུ་ལེན་དང་སྨྲ་བ་ན། །

གང་ཡང་མ་བསླབས་ཅི་ཡང་མི་ཤེས་པའི། །

ལྟ་བའི་ཚུལ་ལས་རིང་དུ་མ་སོང་བར། །

མཐོང་ནས་ལྷག་པར་ཀླུ་སྒྲུབ་གཞུང་ལུགས་ཀྱི། །

ཟབ་མོ་འབྱེད་པའི་ཕྲ་བའི་རིགས་ལམ་ནས། །

ཡང་དག་ལྟ་བ་འདྲེན་པའི་གནད་ཀུན་ལ། །

ལེགས་པར་སྦྱངས་ཏེ་ཐེ་ཚོམ་ཆོད་པར་བྱས། །

ཞེས་རྐང་པ་བརྒྱད་དེ། བོད་ཡུལ་འདི་ན་ཁ་ཅིག་མདོ་དང་སྔགས་ཀྱི་གཞུང་དུ་མ་ལ་ཐོས་བསམ་གྱི་ངལ་བ་མང་དུ་བྱས་ཀྱང་། ཟབ་མོའི་དོན་ཉམས་སུ་ལེན་པ་དང་འཆད་ཅིང་སྨྲ་བའི་ཚེ་ན། ཤེས་བྱ་གང་ཡང་མ་བསླབས་ཤིང་དོན་ཅི་ཡང་མི་ཤེས་པའི་ལྟ་བ་སྐྱོང་བའི་ཚུལ་དང་། འཆད་ཚུལ་ལས་མ་འདས་ཤིང་རིང་དུ་མ་སོང་བར་མཐོང་ནས། ལྷག་པར་མགོན་པོ་ཀླུ་སྒྲུབ་ཀྱི་གཞུང་ལུགས་ནས་འབྱུང་བ་ལྟར་གྱི་ཟབ་མོའི་འབྱེད་པའི་ཕྲ་བའི་རིགས་པའི་ལམ་ནས། ཡང་དག་པའི་ལྟ་བ་སྐྱེ་ཞིང་འདྲེན་པའི་གནད་ཀུན་ལ་ཞིབ་ཏུ་ལེགས་པར་སྦྱངས་ཏེ་ཐེ་ཚོམ་ཆོད་པར་བྱས་སོ། །དབུ་མའི་སྐོར་འདི་རྗེ་བཙུན་རེ་མདའ་བ་སོགས་ལས་གསན་ལ་གཙོ་བོར་དང་པོར་བླ་མ་དབུ་མ་པ་ལ་བརྟེན་ནས་རྗེ་བཙུན་འཇམ་དབྱངས་ལས་གསན་ཅིང་། ཕྱིས་རྗེ་བཙུན་གྱི་ཞལ་གཟིགས་ནས་དངོས་སུ་གསན་པའི་ཚུལ་རྣམ་ཐར་སོགས་ལས་འབྱུང་བ་ལྟར་རོ། །གང་ཡང་མ་བསླབས་ཅི་ཡང་མི་ཤེས་པའི་ལྟ་བའི་ཚུལ་ལས་རིང་དུ་མ་སོང་བའི་དོན་ནི། སྔོན་གྱི་བཀའ་བརྒྱུད་པ་དང་གཞན་ཕྱོགས་པ་འགའ་ཞིག་ལྟ་བ་ཉམས་སུ་ལེན་པ་ལ་ཐོས་པ་མི་དགོས་ཀྱི་སེམས་མ་གཡེང་བའི་ཙོམ་འཇོག་ཙམ་གྱིས་ཆོག་པར་འདོད་པ་དང་། སེམས་ཅི་ཡང་མ་གྲུབ་པར་བཟུང་བ་ཙམ་དང་། སེམས་ཁ་དོག་དང་དབྱིབས་སུ་མ་གྲུབ་པར་རྟོགས་ཤིང་བསྒོམས་པ་ཙམ་གྱིས་ལྟ་བ་སྒོམ་པར་འདོད་པ་བྱུང་ཞིང་དེ་དག་གི་ལྟར་ན་དབུ་མའི་ལྟ་བ་རྙེད་པ་ཆེས་སླ་བར་འགྱུར་ཏེ། ཚུལ་དེ་ལྟ་བུ་ནི་སྦྱངས་པ་མ་བྱས་པའི་དབང་པོ་རྟུལ་པོས་ཀྱང་ངེས་ནུས་པའི་ཕྱིར་དང་། གཞུང་མང་པོ་ལ་སྦྱངས་ཀྱང་ལྟ་བ་སྒོམ་ཚུལ་དེ་ལྟར་བྱེད་ན་གང་ཡང་མ་བསླབས་ཤིང་ཅི་ཡང་མི་ཤེས་པའི་ལྟ་བ་སྐྱོང་ཚུལ་དང་མཚུངས་པའི་ཕྱིར་རོ། །ཁྱོད་བློ་འོད་སྟོང་ལྡན་ཤར་ཚེ། །ཟབ་དོན་དབུ་མའི་འདབ་བརྒྱའི་ཚལ། །འཛུམ་བསུ་མཁས་རློམ་ཟླ་འོད་ཀྱིས། །མི་ཕྱེད་མེ་འཁྱེར་འོད་ཀྱིས་ཅི། །གངས་ཅན་གངས་རི་དཀར་ཡང་ལྟ་ངན་གྱི། །མུན་པ་མུན་ནག་སྟུག་པོས་ཁྱབ་པ་ན། །རབ་དཀར་རབ་གསལ་སྨྲ་བའི་ཟླ་བ་ཁྱོད། །ཤར་ནས་ཤར་ཏེ་ནུབ་ཕྱོགས་མུན་ཚོགས་བཅོམ། །གཉིས་པ་ལ་གསུམ། སྔགས་ལམ་དུ་མི་འཇུག་པར་མི་རིགས་ཚུལ།སྔགས་ལ་འཇུག་ཚུལ་སྤྱིར་བསྟན་པ། སོ་སོར་ཕྱེ་ནས་བཤད་པའོ། །དང་པོ་ནི།

འདི་ན་རྫོགས་སངས་རྒྱས་སུ་བགྲོད་པ་ལ། །

ཟབ་མོ་རྡོ་རྗེ་ཐེག་དང་ཕར་ཕྱིན་ཐེག །

རྣམ་པ་གཉིས་ཡོད་གསང་སྔགས་ཕར་ཕྱིན་ལས། །

ཤིན་ཏུ་ཁྱད་པར་འཕགས་པ་ཡིན་ནོ་ཞེས། །

ཉི་མ་ཟླ་བ་ལྟ་བུར་ཀུན་ཏུ་གྲགས། །

ཚིག་དེ་བདེན་པའི་ཚིག་ཏུ་འདོད་བཞིན་དུ། །

ཟབ་མོའི་ཐེག་དེ་ཇི་ལྟ་བུ་ཞིག་ཅེས། །

འཚོལ་བར་མི་བྱེད་མཁས་པའི་ཁུར་འཛིན་པ། །

དེ་འདྲ་དེ་ཡང་ཤེས་རབ་ཅན་ཡིན་ན། །

དེ་ལས་གཞན་པའི་དབང་པོ་རྟུལ་བོ་གང་། །

ཤིན་ཏུ་ཕྲད་དཀའ་གོང་ན་མེད་པའི་ལམ། །

འདི་འདྲ་ཡལ་བར་འདོར་བ་ཀྱེ་མའོ་མཚར། །

ཞེས་སོགས་ཚིགས་བཅད་གསུམ་སྟེ། གངས་ཅན་འདི་ན་རྫོགས་པའི་སངས་རྒྱས་སུ་བགྲོད་པའི་ལམ་ལ་ཟབ་མོ་རྡོ་རྗེ་ཐེག་པ་དང་། ཕར་ཕྱིན་ཐེག་པ་རྣམ་པ་གཉིས་ཡོད་ཅིང་། དེ་གཉིས་ལས་གསང་སྔགས་ཀྱི་ཐེག་པ་ནི་ཕར་ཕྱིན་ཐེག་པ་ལས་ལམ་གྱི་བགྲོད་བ་མྱུར་བས་ཤིན་ཏུ་ཁྱད་པར་དུ་འཕགས་པ་ཡིན་ནོ་ཞེས་ཉི་མ་དང་ཟླ་བ་གྲགས་ཆེ་བ་ལྟ་བུར་ཀུན་ཏུ་གྲགས་སོ། །དེ་ལྟར་གྲགས་པའི་ཚིག་དེ་བདེན་པའི་ཚིག་ཏུ་འདོད་ཅིང་ཁས་ལེན་བཞིན་དུ། ཟབ་མོ་སྔགས་ཀྱི་ཐེག་པ་ཇི་ལྟ་བུ་ཞིག་ཡིན་ཞེས་ཚོལ་བར་མི་བྱེད་པར། ཐ་སྙད་རིག་པ་དང་གཏན་ཚིགས་རིགས་པ་ལྟ་བུ་ཙམ་ལ་མཁས་པར་བྱས་ནས། དེ་ཙམ་གྱིས་རང་ཉིད་མཁས་སོ་སྙམ་དུ་མཁས་པའི་ཁུར་འཛིན་པ་དེ་འདྲ་བ་དེ་ཡང་ཤེས་རབ་ཆེན་པོ་ཅན་ཡིན་ནོ་ཞེས་འདོད་ན། འོ་ན་དེ་ལས་གཞན་པའི་དབང་པོ་རྟུལ་པོ་དེ་གང་ཡིན་སྨྲོས་ཞིག་ཅེས་པ་སྟེ། དོན་ལ་དེ་ལྟ་བུ་དེ་ཉིད་དབང་རྟུལ་ཡིན་ནོ་ཞེས་འཕངས་སོ། །རྒྱུ་མཚན་ནི། མཁས་པར་རློམ་ཡང་ཤིན་ཏུ་འཕྲད་པར་དཀའ་ཞིང་གོང་ན་ལམ་གཞན་མེད་པའི་ཟབ་མོ་སྔགས་ཀྱི་ལམ་འདི་འདྲ་བ་མཆོག་ཏུ་མཐོང་བ་དང་འཇུག་འདོད་ཀྱི་བློ་མེད་པར་རང་དགར་བཟུང་ནས་ཡལ་བར་འདོར་བའི་ཕྱིར་རོ། །ཀྱེ་མའོ་མཚར་ཞེས་པ་ལ། སྤྱིར་ཀྱེ་མ་དང་མཚར་བ་ནི། བསྔགས་པ་ལ་འཇུག་པ་ཡོད་ཀྱང་འདིར་གཉིས་ཀའང་སྨོད་པའི་ཚིག་གོ །གཉིས་པ་ནི།

དེ་ཉིད་ཕྱིར་ན་རྒྱལ་བའི་ཐེག་པ་མཆོག །

སངས་རྒྱས་ལས་ཀྱང་དཀོན་པའི་རྡོ་རྗེ་ཐེག །

དངོས་གྲུབ་གཉིས་ཀྱི་གཏེར་གྱུར་ཟབ་མོ་དེར། །

ཞུགས་ནས་འབད་པ་མང་པོས་རིང་དུ་སྦྱངས། །

ཞེས་རྐང་པ་བཞི་སྟེ། སྔགས་ལམ་དུ་མི་འཇུག་པ་མི་རིགས་པའི་རྒྱུ་མཚན་སྔར་བཤད་པ་དེ་ཉིད་ཀྱི་ཕྱིར་ན། བདག་གིས་རྒྱལ་བའི་ཐེག་པ་ཀུན་གྱི་མཆོག་སངས་རྒྱས་ལས་ཀྱང་དཀོན་པའི་རྡོ་རྗེ་ཐེག་པ་མཆོག་ཐུན་གྱི་དངོས་གྲུབ་རྣམ་པ་གཉིས་ཀྱི་གཏེར་དུ་གྱུར་པ་དེར་ཞུགས་ནས་འབད་པ་མང་པོས་རིང་དུ་སྦྱངས་སོ། །མང་མང་ཐ་སྙད་རིག་གནས་གཏན་ཚིགས་ལ། །ཡང་ཡང་ལེགས་པར་སྦྱངས་པའི་མཁས་རློམ་དག །ཟབ་ཟབ་གསང་སྔགས་རྒྱ་མཚོར་མི་འཇུག་ན། །ངེས་ངེས་ཡིད་བཞིན་ནོར་བུ་འདོར་བར་སེམས། །ཇི་ལྟར་འོད་སྟོང་ཅན་ཤར་ཚེ། །སྣ་ཚོགས་གཟུགས་རྣམས་གསལ་མཐོང་བཞིན། །བློ་བཟང་རྒྱལ་བའི་ཉི་ཤར་བས། །གསང་སྔགས་རྒྱུད་སྡེའི་དོན་ཀུན་གསལ། །མགོན་ཁྱོད་རྣམ་དཔྱོད་ཡངས་པའི་ཧུབ་གཅིག་གིས། །གསང་སྔགས་རྒྱུད་དོན་རྒྱ་མཚོའི་འཐུང་གཟིགས་ཚེ། ས་ར་ཧ་སོགས་གྲུབ་ཆེན་ཀླུ་དབང་རྣམས། །དག་པ་མཁའ་སྦྱོད་གནས་སུ་བྲོས་སམ་སྙམ། །

       གསུམ་པ་སོ་སོར་ཕྱེ་སྟེ་འཆད་པ་ལ་བཞི། བྱ་རྒྱུད། སྤྱོད་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་མེད་ཀྱི་རྒྱུད་ལ་སྦྱངས་པའོ། །དང་པོ་ལ་གཉིས། རྒྱུད་སྡེའི་འོག་མའི་ལམ་བགྲོད་ཚུལ་མི་ཤེས་ན་གོང་མའི་ལམ་གྱི་ཁྱད་པར་ལེགས་པར་མི་ཤེས་པ་དང་། དེས་ན་རྒྱུད་སྡེའི་འོག་མ་ལ་ཐོས་པ་མཛད་ཚུལ་དངོས་སོ། །དང་པོ་ནི།

རྒྱུད་སྡེ་འོག་མ་གསུམ་གྱི་ལམ་གྱི་ཚུལ། །

མི་ཤེས་དེ་ཡིས་རྣལ་འབྱོར་བླ་མེད་རྒྱུད། །

རྒྱུད་སྡེ་ཀུན་གྱི་མཆོག་ཏུ་ཐག་བཅད་ཀྱང་། །

དམ་བཅའ་ཙམ་དུ་ཟད་པར་ལེགས་མཐོང་ནས། །

ཞེས་རྐང་པ་བཞི་སྟེ། བྱ་རྒྱུད་སྤྱོད་རྒྱུད་རྣལ་འབྱོར་རྒྱུད་དང་བཅས་པའི་རྒྱུད་སྡེ་འོག་མ་གསུམ་གྱི་ལམ་གྱི་བགྲོད་ཚུལ་ཇི་ལྟར་ཡིན་ལེགས་པར་ཤེས་དགོས་ཤིང་དེ་མི་ཤེས་ན་ནི་གང་ཟག་དེ་ཡིས་རྣལ་འབྱོར་བླ་མེད་ཀྱི་རྒྱུད་དེ་རྒྱུད་སྡེ་བཞི་པོ་ཀུན་གྱི་མཆོག་ཏུ་གྱུར་པ་ཡིན་ནོ་ཞེས་ཚིག་གིས་བརྗོད་ཅིང་བསམ་པས་ཐག་བཅད་ཀྱང་། ཚུལ་དེ་ནི་ཚད་མས་ངེས་ཤེས་ཐོབ་པའི་དམ་བཅའ་མིན་གྱི། ཡིད་དཔྱོད་ཀྱི་དམ་བཅའ་ཙམ་དུ་ཟད་པར་ལེགས་པར་མཐོང་ངོ་། །གཉིས་པ་ནི།

གསང་བ་སྤྱི་རྒྱུད་ལེགས་པར་གྲུབ་པ་དང་། །

དཔུང་བཟང་གིས་ཞུས་བསམ་གཏན་ཕྱི་མ་སོགས། །

བྱ་རྒྱུད་རིགས་གསུམ་སྤྱི་དང་བྱེ་བྲག་གི །

རྒྱུད་སྡེ་རྣམས་ལ་རིང་དུ་འདྲིས་པར་བྱས། །

ཞེས་རྐང་པ་བཞི་སྟེ། དེ་ལྟར་མཐོང་ནས་བདག་གིས་བྱ་རྒྱུད་ཀྱི་ནང་ཚན་གསང་བ་སྤྱི་རྒྱུད་དང་། ལེགས་པར་གྲུབ་པའི་རྒྱུད་དང་། དཔུང་བཟང་གིས་ཞུས་པ་དང་། བསམ་གཏན་ཕྱི་མ་སོགས་བྱ་རྒྱུད་རིགས་གསུམ་སྤྱི་དང་། བྱེ་བྲག་གི་རྒྱུད་སྡེ་རྣམས་ལ་རིང་དུ་འདྲིས་པར་བྱས་སོ། །འདིར་དེ་དག་གི་ཁྱད་པར་ཅུང་ཟད་ཙམ་བརྗོད་ན། ཕྱི་རྒྱུད་ལ་འཇིག་རྟེན་ལས་འདས་པ་དང་། འཇིག་རྟེན་པའི་རིགས་གཉིས་ཀྱི་དང་པོ་ལ། དེ་བཞིན་གཤེགས་པ་དང་། པདྨ་དང་། རྡོ་རྗེ་རིགས་གསུམ། དེ་བཞིན་གཤེགས་པའི་རིགས་ཀྱི་གཙོ་བོར་ཤཱཀྱ་ཐུབ་པ་དེའི་སྒྲུབ་ཐབས་སྟོན་པ་དམ་ཚིག་གསུམ་བཀོད་པའི་རྒྱལ་པོ། །རིགས་ཀྱི་བདག་པོ་འཇམ་དབྱངས། དེའི་རྒྱུད་འཇམ་དཔལ་རྩ་རྒྱུད་དང་དཔའ་བོ་གཅིག་སྒྲུབ། རིགས་ཀྱི་ཡུམ་གྲྭ་ལྔ་དང་འོད་ཟེར་ཅན། རིགས་ཀྱི་གཙུག་ཏོར་གདུགས་དཀར། རྣམ་རྒྱལ། དྲི་མེད།རིགས་ཀྱི་སེམས་དཔའ་བྱམས་པ། །རིགས་ཀྱི་ཁྲོ་བོ་མི་གཡོ་བ། །ཁྲོ་མོ་དབྱངས་ཅན་མ་སོགས་སོ། །པདྨའི་རིགས་ཀྱི་གཙོ་བོ་ཚེ་དཔག་མེད། །བདག་པོ་སྤྱན་རས་གཟིགས། ཡུམ་སྒྲོལ་མ། ཁྲོ་བོ་རྟ་མགྲིན། ཁྲོ་མོ་རྡོ་རྗེ་ལུ་གུ་རྒྱུད་སོགས་སོ། །རྡོ་རྗེ་རིགས་ཀྱི་གཙོ་བོ་མི་འཁྲུགས་པ། བདག་པོ་ཕྱག་རྡོར། ཡུམ་ཁྲོ་གཉེར་ཅན། ཁྲོ་བོ་སྟོབས་པོ་ཆེ། ཁྲོ་མོ་ལོ་མ་གྱོན་མ་སོགས་སོ། །འཇིག་རྟེན་པའི་རིགས་ལ་གནོད་སྦྱིན་གྱི་རིགས་སོགས་གསུམ།རིགས་གསུམ་སྤྱིའི་རྣམ་གཞག་སྟོན་པའི་རྒྱུད་ནི་བཞི་སྟེ་གསང་བ་སྤྱི་རྒྱུད་ཀྱིས་དཀྱིལ་འཁོར་སུམ་སྟོང་ལྔ་བརྒྱའི་ཆོ་ག་དང་བཅས་པ་དང་། ལེགས་གྲུབ་ཀྱི་ཁྲོ་བོ་གྲུབ་པ་ལ་བརྟེན་ནས་བགེགས་བཟློག་ཚུལ་དང་རིགས་སྔགས་ཀྱི་ཆོ་ག་ལས་རབ་འབྱམས་དང་བཅས་པ་དང་། རིགས་གསུམ་གྱི་བཟླས་པ་སོགས་སྟོན། དཔུང་བཟང་གིས་ཞུས་པ་ལས་སྤྱི་རྒྱུད་ནས་བསྟན་པའི་དབང་གི་ཡན་ལག་དང་སྦྱིན་སྲེག་སོགས་ཀྱི་ལས་རབ་འབྱམས་སྟོན། བསམ་གཏན་ཕྱི་མས་བྱ་རྒྱུད་ཀྱི་ལམ་རྣམས་དེ་ཉིད་བཅུར་བསྡུས་ནས་སྟོན། ཕྱི་སྤྱོད་གཉིས་ཕལ་ཆེར་འགྲོས་མཐུན་ཅིང་། དོན་བསྡུ་ན་བཟླས་བརྗོད་དང་བཅས་པའི་བསམ་གཏན་དང་། བཟླས་བརྗོད་ལ་མི་བལྟོས་པའི་བསམ་གཏན་དང་། སྔོན་དུ་བསྙེན་པ་བྱས་ནས་དངོས་གྲུབ་སྒྲུབ་པའི་ཚུལ་གསུམ་དུ་བསྡུས་ནས་འཆད་པ་སྔགས་རིམ་གྱི་ལུགས་སོ། །བཟླས་བརྗོད་དང་བཅས་པ་ནི།སངས་རྒྱས་གསང་བས། མཆོད་དང་གསོལ་བས་ལྷ་དྲུག་བསྒོམ། །སྟོང་པ་ཡི་གེ་སྒྲ་གཟུགས་དང་། །ཕྱག་རྒྱ་མཚན་མ་དྲུག་ཡིན་སྟེ། །ཞེས་དང་། བསམ་གཏན་ཕྱི་མ་ལས།སྒྲ་དང་སེམས་དང་གཞི་ལ་གཞོལ། །ཞེས་སོགས་གསུངས་ཏེ་དོན་རྒྱས་པར་བཤད་ན་མང་དུ་དོགས་པས་མཚོན་ཙམ་མོ། །བཟླས་བརྗོད་ལ་མི་ལྟོས་པའི་བསམ་གཏན་ནི། བསམ་གཏན་ཕྱི་མ་ལས། གསང་སྔགས་མི་གནས་དངོས་གྲུབ་སྟེར། །སྒྲ་གནས་རྣལ་འབྱོར་སྟེར་བར་དྲན། །སྒྲ་མཐར་ཐར་བ་སྟེར་བ་ཉིད། །ཅེས་གསུངས་པ་ལྟར་རོ། །གཉིས་པ་ནི།

རྒྱུད་སྡེ་གཉིས་པ་སྤྱོད་པའི་རྒྱུད་རྣམས་ཀྱི། །

གཙོ་བོར་གྱུར་པ་རྣམ་སྣང་མངོན་བྱང་གི །

རྒྱུད་ལ་སྦྱངས་པས་སྤྱོད་པའི་རྒྱུད་ཀྱི་ཕྱོགས། །

གང་ཡིན་དེ་ཡང་ལེགས་པར་ངེས་པར་བྱས། །

ཞེས་རྐང་བ་བཞི་སྟེ། རྒྱུད་སྡེ་བཞིའི་གཉིས་པ་སྤྱོད་པའི་རྒྱུད་རྣམས་ཀྱི་གཙོ་བོར་གྱུར་པ་ནི་རྣམ་སྣང་མངོན་བྱང་གི་རྒྱུད་ཡིན་ལ། དེ་ལ་སྦྱངས་པས་སྤྱོད་པའི་རྒྱུད་ཀུན་དང་དེའི་ཕྱོགས་གཏོགས་ཀྱི་རྒྱུད་གང་ཡིན་པ་དེ་ཡང་ལེགས་པར་ངེས་པར་བྱས་སོ། །དེ་ཡང་རྩ་རྒྱུད་རྣམ་སྣང་མངོན་པ་བྱང་ཆུབ་པའི་རྒྱུད་ལ་རིམ་པ་ཕྱེ་བ་ཉེར་དྲུག་རྒྱུད་ཕྱི་མ་དང་བཅས་པ་སྟེ་དཀྱིལ་འཁོར་གསུམ་སྟོན། འདི་ནི་དེ་བཞིན་གཤེགས་པའི་རིགས་ཡིན་ལ། པདྨའི་རིགས་ཀྱི་རྒྱུད་བོད་དུ་མ་འགྱུར་ཞིང་། རྡོ་རྗེ་རིགས་ནི་ཕྱག་རྡོར་དབང་བསྐུར་བའི་རྒྱུད་ལ་སོགས་པའོ། །ལམ་གྱི་རིམ་པ་ཕལ་ཆེར་བྱ་རྒྱུད་དང་འདྲ་ཡང་ལྷ་དྲུག་བསྐྱེད་མི་གསལ། བཟླས་བརྗོད་ལ་ཕྱི་དང་ནང་གི་ཡན་ལག་བཞི་བཞི་སྟེ། སྒྲ་དང་སེམས་དང་གཞི་ལ་གཞོལ། །ཞེས་པའི་གཞི་ལ་བདག་གཞན་གཉིས་སུ་ཕྱེ་བའོ། །གསུམ་པ་ནི།

རྒྱུད་སྡེ་གསུམ་པ་རྣལ་འབྱོར་རྒྱུད་རྣམས་ཀྱི། །

གཙོ་བོ་དཔལ་ལྡན་དེ་ཉིད་བསྡུས་པའི་རྒྱུད། །

བཤད་རྒྱུད་རྡོ་རྗེ་རྩེ་མོ་ལ་སོགས་ལ། །

སྦྱངས་པས་རྣལ་འབྱོར་རྒྱུད་ཀྱི་དགའ་སྟོན་མྱོང་། །

ཞེས་རྐང་པ་བཞི་སྟེ། རྒྱུད་སྡེ་གསུམ་པ་རྣལ་འབྱོར་རྒྱུད་ཀྱི་གཙོ་བོ་ནི་དཔལ་ལྡན་རྩ་རྒྱུད་དེ་ཉིད་བསྡུས་པའི་རྒྱུད་དང་། དེའི་བཤད་རྒྱུད་རྡོ་རྗེ་རྩེ་མོ་དང་། སྤྱོད་རྒྱུད་དང་། དཔལ་མཆོག་དང་། ཆ་མཐུན་གྱི་རྒྱུད་སོགས་ལ་ལེགས་པར་སྦྱངས་པས་རྣལ་འབྱོར་རྒྱུད་ཀྱི་དགའ་སྟོན་མྱོང་བར་བྱས་སོ། །དེ་ལ་རྩ་རྒྱུད་དེ་ཉིད་བསྡུས་པའི་གླེང་གཞིས་རྣམ་སྣང་བསྟན། ལྷག་མ་རྡོར་དབྱིངས་དང་། ཁམས་གསུམ་རྣམ་རྒྱལ། འགྲོ་འདུལ། དོན་གྲུབ་ཀྱི་དུམ་བཞིས་རྣམ་སྣང་སོགས་རིགས་བཞི་སྟོན། ལམ་ལ་མཚན་བཅས་མཚན་མེད་གཉིས་སྟེ། མཚན་བཅས་ལ་ལྷའི་རྣལ་འབྱོར་ཕྱག་རྒྱ་བཞིའི་རྒྱས་འདེབས་ཚུལ་བཟླས་པ་ལས་ཚོགས་བཅས་པ་དང་། མཚན་མེད་ལ་ལྷའི་རྣལ་འབྱོར་དང་འབྲེལ་བའི་སྟོང་ཉིད་སྒོམ་ཚུལ་དང་བཅས་པ་སྟོན་ཏེ་མཚོན་པ་ཙམ་མོ། །མཚན་བཅས་མཚན་མེད་ཀྱི་རྣལ་འབྱོར་ཙམ་ནི་རྒྱུད་སྡེ་བཞི་ཀའི་སྐབས་སུ་ཡོད་དོ། །བཞི་པ་ནི།

བཞི་བ་རྣལ་འབྱོར་བླ་ན་མེད་པ་ལ། །

འཕགས་ཡུལ་མཁས་པ་རྣམས་ལ་ཉི་ཟླ་ལྟར། །

ཡོངས་སུ་གྲགས་པའི་ཕ་རྒྱུད་འདུས་པ་དང་། །

རྣལ་འབྱོར་མ་རྒྱུད་ཀྱེེ་རྡོར་བདེ་མཆོག་གི །

རྩ་རྒྱུད་བཤད་པའི་རྒྱུད་ལ་སོགས་པ་དང། །

མདོ་རྒྱུད་གཞན་དང་བཤད་སྲོལ་མི་འདྲ་བའི། །

ཤིང་རྟའི་སྲོལ་འབྱེད་དུས་ཀྱི་འཁོར་ལོའི་རྒྱུད། །

གསལ་བྱེད་དྲི་མ་མེད་པའི་འོད་ལ་སྦྱངས། །

ཞེས་རྐང་པ་བརྒྱད་དེ། རྒྱུད་སྡེ་བཞི་བ་རྣལ་འབྱོར་བླ་མེད་ལ་དབྱེ་ན། འཕགས་ཡུལ་གྱི་མཁས་པ་རྣམས་ལ་ཉི་མ་དང་ཟླ་བ་ལྟར་ཡོངས་སུ་གྲགས་པའི་ཕ་རྒྱུད་གསང་བ་འདུས་པ་དང་། རྣལ་འབྱོར་མའི་རྒྱུད་ཀྱེ་རྡོར་གྱི་རྒྱུད་རྟག་གཉིས་དང་། བདེ་མཆོག་གི་རྩ་བའི་རྒྱུད་ཉུང་ངུ་དང་བཤད་པའི་རྒྱུད་མངོན་བརྗོད་ཀུན་སྦྱོར་ལ་སོགས་པ་དང་། མདོ་དང་རྒྱུད་སྡེ་གཞན་སྔོན་མ་དེ་དག་དང་བཤད་པའི་ལུགས་སྲོལ་མི་འདྲ་བའི་ཤིང་རྟའི་སྲོལ་འབྱེད་དུས་ཀྱི་འཁོར་ལོའི་བསྡུས་རྒྱུད་དང་། དེའི་རྩ་རྒྱུད་ཀྱི་དོན་གསལ་བར་བྱེད་པའི་བསྟན་བཅོས་ཆེན་མོ་རིགས་ལྡན་པདྨ་དཀར་པོས་མཛད་པའི་འགྲེལ་ཆེན་དྲི་མ་མེད་པའི་འོད་ལ་ལེགས་པར་སྦྱངས་སོ། །གཤིན་རྗེ་གཤེད་དམར་ནག་འཇིགས་གསུམ་ནི། ཕ་རྒྱུད་དུ་གཏོགས་ཤིང་། དུས་འཁོར་ངོ་བོ་རྣལ་འབྱོར་མ་རྒྱུད་དུ་གཏོགས་སོ། །རྒྱུད་སྡེ་བཞིའི་དབང་དུ་མཛད་ནས་རྒྱུད་སྡེ་སྟོང་ཕྲག་སུམ་ཅུ་རྩ་བཞིར་བཤད་ཅིང་། བླ་མེད་ཀྱི་དབང་དུ་བྱས་ནས་སྡོམ་འབྱུང་ལས། རྣལ་འབྱོར་རྣམས་ཀྱི་རྒྱུད་ཀྱི་ཚད། །བྱེ་བ་ཕྲག་ནི་དྲུག་ཏུ་ངེས། །དེ་བཞིན་རྣལ་འབྱོར་མ་རྒྱུད་གྲངས།  །བྱེ་བ་ཕྲག་ནི་བཅུ་དྲུག་གྲགས། །ཞེས་གསུངས་པ་ལྟར་རོ། །བླ་མེད་ཀྱི་རྒྱུད་དོན་ཐམས་ཅད་དབང་བསྐུར་རིམ་གཉིས་ཡན་ལག་དང་བཅས་པར་འདུ་ཚུལ་སྔགས་རིམ་སོགས་ནས་འབྱུང་བ་ལྟར་ཏེ་འདིར་མང་དུ་དོགས་སོ། །རྗེ་སྔགས་ཀྱི་སྐོར་ཕལ་ཆེར་ཁྱུང་པོ་ལྷས་པ་ལས་གསན་ཅིང་། རྗེ་བཙུན་རེ་མདའ་བ་ལས་འདུས་པའི་སྐོར་ལེགས་པར་གསན། །དུས་འཁོར་ནི་བླ་མ་ཡེ་ཤེས་རྒྱལ་མཚན་དང་ཆོས་རྗེ་དཔལ་བ་ལ་གསན་ཅིང་། རྣལ་འབྱོར་རྒྱུད་ཀྱི་དབང་ལུང་ལག་ལེན་རྣམས་ཆོས་རྗེ་དཔལ་བ་དང་ཁྱུང་ལྷས་དང་གྲགས་པ་རྒྱལ་མཚན་ལས་གསན། རྒྱུད་སྡེ་བཞིའི་གནད་རྟོགས་དཀའ་བ་འགའ་ཞིག་ནི་རྗེ་བཙུན་འཇམ་དབྱངས་ལས་གསན་ནོ། །དུས་ཀྱི་འཁོར་ལོ་ནི་རྒྱུད་སྡེ་གཞན་དང་བཤད་སྲོལ་མི་འདྲ་སྟེ། མཚོན་ཙམ་ནི་དུས་འཁོར་ལུགས་ལ་རི་རབ་དང་རི་བདུན་གྱི་དབྱིབས་ཟླུམ་པོ་དང་ཚད་ཀྱང་མངོན་པ་དང་མི་འདྲ་ཞིང་། དེར་མ་ཟད་འབྱུང་བཞིའི་དཀྱིལ་འཁོར་དང་གླིང་བཞིའི་ཚད་ཀྱང་སྔ་མ་དང་མི་འདྲ་ལ། སྦྱོར་དྲུག་གི་ཐ་སྙད་གསུངས་ཀྱང་འདུས་པའི་སྦྱོར་དྲུག་དང་མི་འདྲ་བ་སོགས་མང་སྟེ་མཚོན་ཙམ་མོ། །ཐུབ་གསུང་ཆུ་གཏེར་ཆེན་པོ་ལས། །གསང་སྔགས་ས་འཛིན་དབང་པོ་འཁྲུངས། །རྣམ་བཞིའི་རྒྱུད་ཀྱི་བང་རིམ་ཅན། །དངོས་གྲུབ་སྐུ་བཞིའི་ལྕོག་གིས་མཛེས། །རྫོགས་ལྡན་དུས་སུ་གསང་སྔགས་ནམ་མཁའ་ལ། །དབང་ལུང་མན་ངག་ཆུ་འཛིན་འཁྲིགས་ཙམ་གྱིས། །གདུལ་བྱ་སྨིན་པའི་ཞིང་ས་དག་པ་ལས། །དངོས་གྲུབ་གཉིས་ཀྱི་ཆར་ཆེན་མྱུར་ཏུ་འབེབས། ། དེང་དུས་གསང་སྔགས་རྒྱུད་སྡེ་བཞིའི། །དབང་འཁྲིད་མན་ངག་ཐན་སྦྲིན་ལས། །བཤད་པའི་རྔ་གསང་ཆེར་བསྒྲགས་ཀྱང་། །དངོས་གྲུབ་ཆར་རྒྱུན་དཀའ་བར་མཐོང་། །འོན་ཀྱང་བླ་མའི་རྣམ་དཔྱོད་སྲུབ་ཤིང་གིས། །རྒྱུད་སྡེའི་རྒྱ་མཚོ་བསྲུབས་པ་ལས་བྱུང་བའི། །ལེགས་བཤད་བདུད་རྩི་ཆ་ཙམ་མྱང་བས་ཀྱང་། །མངོན་མཐོ་ངེས་ལེགས་སྲོག་རྟེན་འགྱུར་བར་ངེས། །བློ་བཟང་ཟླ་བའི་འོད་དཀར་ཤར་ཙམ་གྱིས། །ཐུབ་བསྟན་འཛིན་མ་གོས་དཀར་གྱོན་པ་དང་། །ལྷན་ཅིག་གསང་སྔགས་ཀུནྡ་འཛུམ་བྱས་པས། །རྒྱ་མཚོའི་གོས་ཅན་འདི་ཡང་བསྐལ་བ་བཟང་། །སྐབས་བསྡུ་ནི། དང་པོ་རྒྱ་ཆེན་པོ་མང་དུ་ཐོས་པ་བཙལ་བའི་སྐབས་ཏེ་དང་པོའོ། །ཞེས་སོ། ། ། །

     ༈ གཉིས་པ་བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར་ཚུལ་ལ་གཉིས། གདམས་པར་འཆར་བའི་རྒྱུ་བསྟན་པ་དང་། གདམས་པར་ཤར་ཚུལ་ལོ། །དང་པོ་ནི།

དེ་ནས་གདུལ་བྱའི་བློ་མུན་སེལ་བའི་མཆོག །

འཇམ་པའི་དབྱངས་ལ་ཤུགས་དྲག་རྒྱུན་རིང་གི །

དད་པ་བརྟན་པོས་གཞུང་ལུགས་གདམས་པ་རུ། །

འཆར་ཕྱིར་གསོལ་བཏབ་རྒྱུ་ཚོགས་ཀུན་ལ་འབད། །

 ཅེས་རྐང་པ་བཞི་སྟེ། དང་པོར་ཐོས་པ་དེ་ལྟར་བྱས་པ་དེ་ནས་བདག་གིས་གདུལ་བྱའི་བློའི་རྨོངས་མུན་སེལ་བའི་ལྷ་མཆོག་འཇམ་པའི་དབྱངས་ལ་ཤུགས་དྲག་པོ་དང་རྒྱུན་རིང་གི་དད་པ་བརྟན་པོས། སྔར་ཐོས་པ་མཛད་པའི་གཞུང་ལུགས་དེ་རྣམས་ཉམས་ལེན་གྱི་གདམས་པ་རུ་འཆར་བའི་ཕྱིར་དུ་གསོལ་བ་དྲག་ཏུ་བཏབ་ཅིང་། བསགས་སྦྱངས་སོགས་ཀྱི་རྒྱུ་ཚོགས་ཀུན་ལ་འབད་པར་བྱས་སོ། །གཉིས་པ་ལ་གཉིས། མདོ་ཕྱོགས་གདམས་པར་ཤར་ཚུལ་དང་། སྔགས་ཕྱོགས་གདམས་པར་ཤར་ཚུལ་ལོ། །དང་པོ་ལ་གཉིས། ཕར་ཕྱིན་གདམས་པར་ཤར་ཚུལ་དང་། གཞན་གདམས་པར་ཤར་ཚུལ་ལོ། །དང་པོ་ནི།

དེ་ལྟར་འབད་པས་ཀླུ་སྒྲུབ་ཐོགས་མེད་ལས། །

རིམ་བཞིན་བརྒྱུད་པའི་བྱང་ཆུབ་ལམ་རིམ་ལ། །

ཐུན་མོང་མིན་པའི་ངེས་པ་རྙེད་གྱུར་པས། །

ཟབ་མོའི་གཞུང་མཆོག་ཕར་ཕྱིན་གདམས་པར་ཤར། །

ཞེས་རྐང་པ་བཞི་སྟེ། ཐོས་པའི་ཕྱོགས་ལ་དེ་ལྟར་འབད་པས་མགོན་པོ་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད་གཉིས་ལས་རིམ་པ་བཞིན་དུ་བརྒྱུད་པའི་བྱང་ཆུབ་ལམ་གྱི་རིམ་པ་ལ་ཐུན་མོང་མ་ཡིན་པའི་ངེས་པ་རྙེད་པར་གྱུར་པས་ཟབ་མོའི་གཞུང་མཆོག་ཕར་ཕྱིན་གདམས་པར་ཤར་རོ། །དེ་ཡང་མངོན་རྟོགས་རྒྱན་རྩ་འགྲེལ་དང་། ཇོ་བོས་མཛད་པའི་ལམ་སྒྲོན་སོགས་ལ་བརྟེན་ནས་ཕར་ཕྱིན་གདམས་ངག་ཏུ་ཤར་བའི་འབྲས་རྟགས་བྱང་ཆུབ་ལམ་རིམ་ཆེ་ཆུང་སོགས་ཀྱི་རྩོམ་པ་མཛད་ཅིང་དེ་ནས་འབྱུང་བ་ལྟར་ཡིན་ལ། འདིར་མཚོན་ཙམ་ནི། རྒྱལ་བའི་ཆོས་ཚུལ་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་ཀྱང་གདུལ་བྱ་རྣམས་མངོན་མཐོ་དང་ངེས་ལེགས་ཐོབ་པའི་ཆེད་དུ་ཡིན་ཞིང་། ཐམས་ཅད་ཀྱང་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཅི་རིགས་ལ་རིམ་གྱིས་འཁྲིད་ནས་མཐར་འཚང་རྒྱ་བའི་ཐབས་སྟོན་པའོ། །དེ་ལས་ཐོག་མར་ངན་སོང་ལས་ཐར་ཐབས་གཙོ་བོར་སྟོན་པ་རྣམས་སྐྱེས་བུ་ཆུང་ངུའི་ཆོས་སྐོར་དངོས་སམ་དེའི་སྡེར་གཏོགས་དང་། འཁོར་བ་སྤྱི་ལས་ཐར་བའི་ཐབས་གཙོ་བོར་སྟོན་པ་རྣམས་སྐྱེས་བུ་འབྲིང་གི་ཆོས་སྐོར་དངོས་སམ་དེའི་སྡེར་གཏོགས་དང་། སྙིང་རྗེ་སེམས་བསྐྱེད་སོགས་སངས་རྒྱས་ཐོབ་པའི་ཐབས་གཙོ་བོར་སྟོན་པ་རྣམས་སྐྱེས་བུ་ཆེན་པོའི་ཆོས་སྐོར་དངོས་སམ་དེའི་སྡེར་གཏོགས་ཅི་རིགས་སུ་འདུ་སྟེ། སྐྱེས་བུ་ཆེན་པོའི་ཆོས་སྐོར་ལ་ནི་མདོ་སྔགས་གཉིས་སོ། །མདོ་ཕྱོགས་དེ་ཐམས་ཅད་ཀྱང་ལམ་རིམ་ལྟར་སྐྱེས་བུ་གསུམ་གྱི་ལམ་ལ་འཁྲིད་ཚུལ་ལ་གོ་བ་ཆགས་ཤིང་ངེས་པ་རྙེད་པ་ནི། གསུང་རབ་ཐམས་ཅད་གདམས་ངག་ཏུ་ཤར་བ་དང་། ཁྱད་པར་དུ་མདོ་ཕྱོགས་སྤྱི་དང་ཕར་ཕྱིན་གདམས་ངག་ཏུ་ཤར་བའོ། །སྤྱིར་མདོ་དང་དེའི་དགོངས་འགྲེལ་ཐམས་ཅད་ཀྱང་གདམས་ངག་ཡིན་མོད། དེ་རྣམས་གདམས་ངག་ཏུ་གོ་བ་ནི་ལམ་རིམ་ལྟ་བུ་བླ་མའི་མན་ངག་དགོས་ཀྱི། རང་སྟོབས་ཀྱིས་གོ་བར་མི་ནུས་སོ། །གདམས་ངག་གི་སྒྲ་དོན་ནི། མངོན་མཐོ་ངེས་ལེགས་འགྲུབ་པའི་ཐབས་ལེགས་པར་འདོམས་པའི་དོན་ནོ། །ཐེག་དམན་གྱི་སྡེ་སྣོད་དང་དེའི་ལམ་ཡང་འཚང་རྒྱ་བའི་ཐབས་ཡིན་ཏེ། སངས་རྒྱས་ཀྱིས་གདུལ་བྱ་དབང་པོ་དམན་པ་དང་པོ་དམན་པའི་ལམ་ལ་འཁྲིད་དེ་རྒྱུད་སྨིན་པ་ན་རིམ་གྱིས་ཐེག་ཆེན་གྱི་ལམ་ལ་འཁྲིད་པར་མཛད་དེ་ཐབས་མཁས་པའོ། །དེས་ན་ཐེག་དམན་པས་རང་ལམ་དུ་སངས་རྒྱས་དོན་དུ་མི་གཉེར་བས་རང་བདེ་གཅིག་པུ་ཞི་བདེ་དོན་གཉེར་གྱི་བློ་ལྟ་བུ་སངས་རྒྱས་ཐོབ་བྱེད་ཀྱི་ཐབས་ཁྱད་པར་ཅན་མིན་ཡང་དེའི་ཐབས་ཡིན་པ་ལ་འགལ་བ་ཅི་ཡང་མེད་དོ། །དེ་དག་ནས་འབྱུང་བའི་གླེང་གཞི་དང་ལོ་རྒྱུས་སོགས་འགའ་ཞིག་གིས་ལམ་གྱི་ཁྱད་པར་དངོས་སུ་མི་སྟོན་ཡང་། དེ་དང་དེའི་སྡེར་གཏོགས་སུ་འཇོག་ཅིང་། ཐེག་ཆེན་གྱི་མདོ་ནས་ངན་སོང་དང་འཁོར་བ་ལས་གྲོལ་བའི་ཐབས་གཙོ་བོར་སྟོན་པ་རྣམས་ཀྱིས་ནི་སྐྱེས་བུ་ཆུང་འབྲིང་གི་ལམ་དངོས་སམ་དེ་དང་ཐུན་མོང་བའི་ལམ་སྟོན་པས་དེའི་རིགས་གནས་དང་སྡེར་གཏོགས་སོ། །ཇི་ལྟར་ཁམས་ཀྱི་ཆུ་ཕྲན་ཚོགས། །རྒྱ་མཚོ་འབབ་ཅིང་འདུ་བ་ལྟར། །དེ་བཞིན་གསུང་རབ་ཆུ་ཀླུང་གཞན། །སྐྱེས་བུ་གསུམ་གྱི་ལམ་དུ་འདུ། །མང་མང་ཕ་རོལ་ཕྱིན་པའི་གཞུང་ལུགས་ཀུན། །བཟང་བཟང་སྐྱེས་བུ་གསུམ་གྱི་ལམ་ཚུལ་ལ། །ངེས་ངེས་འཁྲིད་བྱེད་གདམས་པའི་མཆོག་ཉིད་དུ། །གསལ་གསལ་ཤར་བ་རྗེ་བཙུན་ཁྱོད་ལས་སུ། །

      གཉིས་པ་ལ་གཉིས། ཚད་མའི་གཞུང་གདམས་ངག་ཏུ་ཤར་ཚུལ་དང་།ཕར་ཕྱིན་གྱི་སྐོར་གཞན་གདམས་ངག་ཏུ་ཤར་ཚུལ་ལོ། །དང་པོ་ལ་གཉིས།ཚད་གཞུང་གདམས་ངག་ཏུ་འཆར་བའི་གེགས་ཕྱོགས་སྔ་བཤད་པ་དང་།དེ་གདམས་ངག་ཏུ་ཤར་ཚུལ་དངོས་སོ། །དང་པོ་ནི།

བྱང་ཕྱོགས་འདི་ན་ཚད་མའི་གཞུང་ལུགས་ལ། །

སྦྱངས་དང་མ་སྦྱངས་དུ་མ་མགྲིན་གཅིག་ཏུ། །

མདོ་དང་སྡེ་བདུན་ཀུན་ལ་བྱང་ཆུབ་ཏུ། །

བགྲོད་པའི་ཉམས་ལེན་རིམ་པ་ཡོད་མིན་ཟེར། །

འཇམ་པའི་དབྱངས་ཀྱིས་ཕྱོགས་ཀྱི་གླང་བོ་ལ། །

དངོས་སུ་འདི་རྩོམས་འདི་ནི་མ་འོངས་དུས། །

འགྲོ་བ་ཀུན་གྱི་མིག་ཏུ་འགྱུར་རོ་ཞེས། །

གསུང་གི་གནང་བ་བསྩལ་པའང་ཚད་མར་བྱེད། །

 ཅེས་ཚིགས་བཅད་གཉིས་ཏེ། འཕགས་ཡུལ་གྱི་བྱང་ཕྱོགས་བོད་ཡུལ་འདི་ན་ཚད་མའི་གཞུང་ལ་སྦྱངས་པ་སྔོན་གྱི་ས་སྐྱའི་མཁས་པ་དུ་མ་དང་།བུ་སྟོན་རིན་པོ་ཆེ་དང་། སྟ ག་ཚང་ལོ་ཙཱ་བ་སོགས་འགའ་ཞིག་དང་། མ་སྦྱངས་པ་བཀའ་རྒྱུད་པ་ཁ་ཅིག་དང་། གཞན་ཕྱོགས་པ་དུ་མ་མགྲིན་གཅིག་ཏུ་འདི་སྐད་ཅེས་སློབ་དཔོན་ཕྱོགས་གླང་གིས་མཛད་པའི་ཚད་མའི་མདོ་ཀུན་ལས་བཏུས་པ་དང་། དཔལ་ཆོས་ཀྱི་གྲགས་པས་མཛད་པའི་ཚད་མ་རྣམ་འགྲེལ། རྣམ་ངེས། རིགས་ཐིགས།གཏན་ཚིགས་ཐིགས་པ། འབྲེལ་པ་བརྟགས་པ། རྩོད་པའི་རིགས་པ། རྒྱུད་གཞན་གྲུབ་པ་སྟེ་ཚད་མ་སྡེ་བདུན་རྣམས་ལས་ནི་ཕ་རོལ་གཞན་གྱི་གྲུབ་མཐའ་ལ་དགག་སྒྲུབ་བྱེད་པའི་རྟོག་གེའི་རིགས་པ་ཙམ་གཙོ་བོར་སྟོན་པའི་ཕྱི་རིག་པ་ཡིན་གྱི། བྱང་ཆུབ་ཏུ་བགྲོད་པའི་ལམ་ཉམས་སུ་ལེན་པའི་རིམ་པ་བསྟན་པ་ཡོད་པ་མིན་པས་ནང་རིག་པ་སྟོན་པའི་གཞུང་མིན་ཟེར་ཞིང་། སྔོན་འཕགས་ཡུལ་དུ་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་སློབ་དཔོན་ཕྱོགས་ཀྱི་གླང་པོ་ལ་ཞལ་བསྟན་ནས་གསུང་གིས་དངོས་སུ་ཁྱོད་ཀྱིས་ཚད་མ་ཀུན་ལས་བཏུས་པའི་བསྟན་བཅོས་འདི་རྩོམས་ཤིག་དང་། འདི་ནི་མ་འོངས་པ་ན་གདུལ་བྱའི་འགྲོ་བ་ཀུན་གཞུང་གཞན་ལ་ལྟ་བའི་མིག་ལྟ་བུར་འགྱུར་རོ་ཞེས་གསུང་གི་གནང་བ་སྩལ་བའང་ཚད་མར་འཛིན་པར་བྱེད་དོ། །གཉིས་པ་ནི།

དེ་ནི་མི་རིགས་སྨྲ་བའི་ཕུལ་བྱུང་དུ། །

མཐོང་ནས་ལྷག་པར་ཚུལ་དེར་དཔྱད་པ་ན། །

ཚད་མ་ཀུན་ལས་བཏུས་པའི་མཆོད་བརྗོད་དོན། །

ཚད་མ་གྲུབ་པར་ལུགས་འབྱུང་ལུགས་ལྡོག་གིས། །

རྣམ་གྲོལ་དོན་དུ་གཉེར་ལ་བཅོམ་ལྡན་འདས། །་

ཚད་མར་བསྒྲུབས་ཤིང་དེ་ལས་དེ་ཡི་ནི། །

བསྟན་པ་ཁོ་ན་ཐར་འདོད་འཇུག་ངོགས་སུ། །

ངེས་པ་གཏིང་ནས་རྙེད་པས་ཐེག་གཉིས་ཀྱི། །

ལམ་གྱི་གནད་ཀུན་འདྲིལ་བར་རིགས་ལམ་ནས། །

ལེགས་པར་ཐོན་པས་ལྷག་པར་དགའ་བ་རྙེད། །

ཅེསརྐང་པ་བཅུ་གསུངས་ཏེ། སྔར་ལྟར་སྨྲ་བའི་ཚུལ་དེ་ནི་སྨྲ་བ་ངན་པ་མི་རིགས་པ་སྨྲ་བའི་ཕུལ་བྱུང་དུ་མཐོང་ནས། ལྷག་པར་ཡང་ཚད་མར་གཞུང་གི་བརྗོད་བྱ་སྟོན་པའི་ཚུལ་དེར་རིགས་པས་དཔྱད་པ་ན། ཚད་མ་ཀུན་ལས་བཏུས་པའི་མཆོད་བརྗོད། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་བཙལ་ཏེ། །ཞེས་པའི་དོན། དཔལ་ལྡན་ཆོས་ཀྱི་གྲགས་པས། ཚད་མ་རྣམ་འགྲེལ་གྱི་ལེའུ་གཉིས་པ་སྟོན་པ་ཚད་མའི་སྐྱེས་བུར་གྲུ བ་པའི་ལེའུ་ལས། ལུགས་འབྱུང་ལུགས་བཟློག་གི་རིགས་པའི་སྤྲོ་ནས་རྣམ་གྲོལ་དོན་དུ་གཉེར་བ་ལ་སྟོན་པ་བཅོམ་ལྡན་འདས་ཚད་མའི་སྐྱེས་བུར་བསྒྲུབས་ཤིང་། དེ་ལ་བརྟེན་ནས་ཁོ་བོས་ཀྱང་ལེའུ་གཉིས་པ་དེ་ལས་སྟོན་པ་དེ་ཡི་བསྟན་པ་ཁོ་ན་ཐར་འདོད་ཀྱི་འཇུག་ངོགས་ཏེ་འཇུག་པའི་ལམ་མམ་གཞིར་ངེས་པ་གཏིང་ཐག་པ་ནས་རྙེད་དོ། །དེ་ལྟར་རྙེད་པས་ཐེག་པ་ཆེ་ཆུང་གཉིས་ཀྱི་ལམ་གྱི་གནད་ཀུན་གཅིག་ཏུ་འདྲིལ་བར་རིགས་པ་ཡང་དག་གི་ལམ་ནས་ཐོན་པས་ལྷག་པར་ཡིད་ལ་དགའ་བ་དཔག་མེད་སྐྱེས་སོ། །དགའ་བ་ཁྱད་པར་ཅན་སྐྱེས་ཚུལ་ནི། རྗེ་འདིས་རྣམ་འགྲེལ་ལ་ཐོས་བསམ་མཛད་པའི་ཚེ། རྣམ་འགྲེལ་གྱི་ཊིཀྐ་རྣམ་བཤད་རིགས་མཛོད་ལ་གཟིགས་པའི་སྐབས་དུ་མར་རྣམ་འགྲེལ་གྱི་རིགས་པའི་གནད་ཕྲ་མོ་རྣམས་ཇི་ལྟ་བ་བཞིན་རྟོགས་པའི་རྐྱེན་གྱིས་ཨེ་མ་ངོ་མཚར་ཆེའོ་སྙམ་དུ་དགོངས་ཤིང་རྣམ་འགྲེལ་གྱི་རིགས་པའི་སྲོལ་ལ་དད་པ་ཚད་མེད་པ་འཁྲུངས་པའི་ཆོས་ཀྱི་ཤུགས་ཀྱིས་སྤྱན་ཆབ་ཡང་ཡང་འོང་བ་ཞིག་བྱུང་སྟེ། ཚུལ་འདི་ནི་འགའ་ཞིག་རྣམ་ཐར་སོགས་མཐོང་ཞིང་ཐོས་པ་ན་མཆི་མ་འབྱུང་བ་ཙམ་དང་མི་འདྲ་སྟེ། འདི་ནི་གཞུང་ཟབ་མོའི་དོན་ཕྲ་མོའང་ལེགས་པར་དགོངས་པའི་ནང་གི་རྣམ་འགྱུར་ཕྱིར་ཐོན་པ་ཡིན་ཞིང་། ས་རབ་ཏུ་དགའ་བ་ལྟ་བུ་ཐོབ་པའི་ལྟས་ཆེན་པོ་སྟེ། གནས་བརྟན་རབ་འབྱོར་ལ་ཆོས་ཀྱི་ཤུགས་ཀྱིས་མཆི་མ་བྱུང་བ་བཞིན་ནོ། །ཚད་མ་ཀུན་བཏུས་ཀྱི་མཆོད་བརྗོད་ཀྱི་ཚད་མ་ཞེས་པའི་དོན་རྣམ་འགྲེལ་གྱིས་འཆད་པ་ནི། ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་པ་ནས། དེ་ལྡན་བཅོམ་ལྡན་ཚད་མ་ཉིད། །ཅེས་པའི་བར་དང་། གྱུར་པ་ཞེས་པ་དོན་ནི། མ་སྐྱེས་པ་ནི་བཟློག་དོན་དུ། །ཞེས་པ་ནས། ཚུར་ཤོག་བྱ་རྒོད་བསྟེན་པར་གྱིས། །ཞེས་པའི་བར་དང་། འགྲོ་ལ་ཕན་བཞེད་པ་ཞེས་པའི་དོན་ནི།སྒྲུབ་བྱེད་ཐུགས་རྗེ་གོམས་ལས་དེ། །ཞེས་པ་ནས། ཆགས་བྲལ་ཆགས་དང་ཡིད་ལོག་བཞིན། །ཞེས་པའི་བར་དང་། སྟོན་པ་ཞེས་པའི་དོན་ནི། བརྩེ་ལྡན་སྡུག་བསྔལ་གཞོམ་པའི་ཕྱིར། །ཞེས་པ་ནས།གཉིས་པོ་འདི་ནི་རྒྱུ་རུ་བཤད། །ཅེས་པའི་བར་དང་། བདེ་གཤེགས་ཞེས་པའི་དོན་ནི། རྒྱུ་སྤངས་ཡོན་ཏན་གསུམ་བདེ་གཤེགས། །ཞེས་པ་ནས།དེ་ཤེས་པ་ཡང་གྲུབ་པ་ཡིན། ཞེས་པའི་བར་དང་། སྐྱོབ་པའི་དོན་ནི། སྐྱོབ་པ་ཉིད་གཟིགས་ལམ་གསུང་བ། །ཞེས་སོགས་ཀྱིས་འཆད་ཅིང་། མདོར་ན་ལུགས་འབྱུང་གི་སྐབས་སུ་སྟོན་པ་རྒྱུ་བསམ་པ་སྙིང་རྗེ་ཆེན་པོ་སེམས་བསྐྱེད་དང་བཅས་པ་དང་། སྦྱོར་བ་ཕྱིན་དྲུག་གི་ཉམས་ལེན་ལས་འཁྲུངས་པར་བསྒྲུབས་ཤིང་། ལུགས་བཟློག་གི་སྐབས་སུ་སྟོན་པ་ལས་བསམ་སྦྱོར་དེ་གཉིས་དང་འཕྲིན་ལས་ཕུན་ཚོགས་འབྱུང་བར་འཆད་དོ། །ཡང་། དེ་ཕྱིར་ཚད་ཡིན། ཞེས་པ་ཡན་གྱིས་སྟོན་པ་ལུགས་འབྱུང་གི་སྒོ་ནས་ཚད་མའི་སྐྱེས་བུར་བསྟན་ནས། དེ་ལྟར་འཁྲུངས་པའི་གཏན་ཚིགས་དང་བཅས་ཏེ་ལུགས་བཟློག་གི་འཁྲུངས་ཚུལ་ནི། ཡང་ན་སྐྱོབ། །བདེན་པ་བཞི་ནི་སྟོན་མཛད་པའོ། །ཞེས་པ་ནས། གང་ཕྱིར་དེས་ན་ཚད་མ་ཉིད། །ཅེས་པའི་བར་རོ། །རྗེས། དེ་ནི་མི་རིགས་སྨྲ་བའི་ཕུལ་བྱུང་དུ། །མཐོང་ནས་ལྷག་པར་ཚུལ་དེར་དཔྱད་པ་ན། །ཚད་མ་ཀུན་ལས་བཏུས་པའི་མཆོད་བརྗོད་དོན། །ཚད་མ་གྲུབ་པར་ལུགས་འབྱུང་ལུགས་བཟློག་གིས། །རྣམ་གྲོལ་དོན་དུ་གཉེར་ལ་བཅོམ་ལྡན་འདས། །ཚད་མར་བསྒྲུབས་ཤིང་ཞེས་གསུངས་པ་འདི་ལ་སྟག་ཚང་ལོ་ཙཱ་བས་རིགས་མཚུངས་ཀྱི་ཐལ་བ་ཞིག་འཕངས་ནས། རྗེས་ཚད་མ་ཀུན་བཏུས་དང་རྣམ་འགྲེལ་གཉིས་ཀྱིས་ནང་དོན་རིག་པ་བསྟན་པ་ལ་དགག་པ་ལྟར་སྣང་ཞིག་བྱས་འདུག་ཀྱང་། ལོ་ཙཱ་བ་ནི་མཁས་པ་ཡིན་ཡང་ཁོ་རང་མདོ་དང་རྣམ་འགྲེལ་གྱིས་ནང་རིག་པ་མ་བསྟན་པའི་ལུགས་བཟུང་ནས་ཕྱོགས་ཞེན་ཙམ་ཡིན་སྣང་ཞིང་། རྗེའི་བཞེད་པ་ལ་ཀླན་ཀ་ལྟར་སྣང་དེ་ག་ལ་འཇུག།ལོ་ཙཱ་བ་འདིས་གྲུབ་མཐའ་ཀུན་ཤེས་ལས་རྗེའི་གཞུང་ལ་འགལ་བའི་དགག་པ་དུ་མ་ཞིག་བྱས་ཤིང་། ཁྱད་པར་དུ་རིག་གནས་ཀུན་ཤེས་སུ་སྐབས་འདི་ལ་བྱང་ཕྱོགས་འདི་ན་སྒྲ་ཡི་གཞུང་ལུགས་ལ། །ཞེས་སོགས་རིགས་མཚུངས་ཀྱི་ཐལ་བ་འཕངས་པའི་དོན་རྒྱས་པར་བཤད་ཅིང་དགག་སྒྲུབ་བྱས་ན་མང་དུ་དོགས་པས་བསྡུ་ན་ཁོ་ན་རེ། ཚད་མ་མདོ་དང་རྣམ་འགྲེལ་སོགས་ནང་དོན་རིག་པ་སྟོན་པའི་གཞུང་མ་ཡིན་པར་ཐལ། དེ་ཡིན་ན་ཙནྡྲ་པ་དང་ཀཱ་ལ་བ་སོགས་སྒྲ་གཞུང་རྣམས་ཀྱང་ནང་རིག་པ་སྟོན་པའི་གཞུང་ཡིན་པར་ཐལ་བའི་ཕྱིར་ཞེས་ཟེར་བ་ཡིན་ལ། ལན་ཡང་མཚོན་པ་ཙམ་ཞིག་ནི། ཚད་གཞུང་དང་སྒྲ་གཞུང་གཉིས་བརྗོད་བྱ་སྟོན་ཚུལ་མི་མཚུངས་ཏེ། སྒྲ་གཞུང་གིས་སྒྲའི་སྦྱོར་བ་ཙམ་སྟོན་པ་ཡིན་ཞིང་། ཚད་གཞུང་རྣམ་འགྲེལ་ལེའུ་གཉིས་པར་བདེན་བཞིའི་ཉམས་ལེན་རྒྱས་པར་རིགས་པའི་རྣམ་གྲངས་དུ་མའི་སྒོ་ནས་བསྟན་པ་དེ་ཁྱོད་ཀྱིས་ཨེ་གཟིགས། མ་གཟིགས་ན་མུན་མདའ་གང་ལ་འཕེན། གཟིགས་ན་བདེན་བཞིའི་རྣམ་པ་གཙོ་བོར་སྟོན་པའི་རྣམ་འགྲེལ་གྱི་གཞུང་དེ་ནང་དོན་རིག་པ་སྟོན་པའི་གཞུང་མ་ཡིན་ན། བདེན་བཞིའི་རྣམ་པ་ཉམས་སུ་ལེན་ཚུལ་སྟོན་པའི་མངོན་པ་གོང་འོག་གཉིས་ནང་རིག་པ་སྟོན་པའི་གཞུང་ཡིན་པར་བུད། གལ་ཏེ་རྣམ་འགྲེལ་གྱི་བདེན་བཞིའི་རྣམ་པ་ཉམས་སུ་ལེན་པའི་སྟོན་གཞུང་དེ་ནང་རིག་པ་སྟོན་པའི་གཞུང་མ་ཡིན་ན། བདེན་བཞིའི་རྣམ་པ་ཉམས་སུ་ལེན་པའི་ལམ་དེ་ཐར་ལམ་ཀྱང་མ་ཡིན་པར་འགྱུར་བའི་ཕྱིར་ངེས་འབྱུང་སྒོམ་པ་དང་འཁོར་བ་ལས་གྲོལ་བའི་ཆེད་དུ་བདེན་བཞིའི་རྣམ་པ་མི་རྟག་སོགས་བཅུ་དྲུག་ཉམས་སུ་ལེན་ཚུལ་ཕར་ཕྱིན་སོགས་ཐེག་པ་ཆེ་ཆུང་གི་མདོ་བསྟན་བཅོས་དུ་མ་ལས་བཤད་པ་རྣམས་ཀྱང་ཁྱོད་ཀྱིས་འགོག་པར་གྱིས་ཤིག་དང་བརྗོད་པར་བྱའོ། །མདོར་ན་ཚད་མའི་གཞུང་དེ་དག་ནང་རིག་པ་སྟོན་པའི་གཞུང་ཡིན་ཏེ།ལྷག་པ་ཤེས་རབ་ཀྱི་བསླབ་པ་རིགས་པའི་སྒོ་ནས་གཙོ་བོར་སྟོན་པའི་གཞུང་ཡིན་པའི་ཕྱིར་རོ། །ལོ་ཙཱ་བ་འདིས་སྔར་དེ་ལྟར་དགག་པ་མཛད་ཀྱང་། ཕྱིས་རྗེ་ལ་དད་པ་ཐོབ་ནས་བསྟོད་པ་ཕུལ་བའི་ཚུལ་གོང་དུ་དྲངས་པའི་ལུང་དེའི་འཕྲོར། བྱང་ཕྱོགས་འདི་ན་ཚིག་ལ་མཁས་པ་ཉུང་། དོན་ལ་སྒྲོ་འདོགས་ཆོད་པ་དེ་བས་དཀོན། །བསྟན་དོན་ཉམས་སུ་ལེན་པ་སྲིད་མཐའ་ཙམ། །དེ་གསུམ་མཐར་ཕྱིན་ཁྱོད་ལ་གསོལ་བ་འདེབས། །གསུང་རབ་མཐའ་དག་ཁྱད་པར་རྡོ་རྗེ་ཐེག །རྒྱུད་སྡེ་མཐའ་དག་ཁྱད་པར་འདུས་པ་དང་། །རིམ་གཉིས་མཐའ་དག་ཁྱད་པར་སྒྱུ་ལུས་ལ། །སྔོན་མེད་ལེགས་བཤད་གཏེར་ཆེན་ཁྱོད་ལ་འདུད། ཅེས་བསྟོད་པ་ཕུལ་ལོ། །སྒྲོན་མེའི་འོད་ཀྱིས་གཟུགས་གསལ་ཡང་། །ལྐོག་གྱུར་གཟུགས་རྣམས་མིན་པ་ལྟར། །མང་ཐོས་མཁས་ཁྱོད་རྣམ་འགྲེལ་གྱི། །གཞུང་དོན་ཟབ་ལ་ཀུན་ཏུ་འཁོར། །གལ་ཏེ་སྔོན་མའི་ལུགས་སྲོལ་འཛིན་ཕྱིར་ཙམ། །སྐྱོན་མེད་པ་ལ་སྐྱོན་གྱིས་སྒྲོ་འདོགས་ན། །མི་གཙང་ཕ་མེས་ཕོར་བ་གཙང་འཛིན་བཞིན། །གཟུར་གནས་མཁས་པའི་ཚུལ་མིན་སྨྱོན་པའི་གར། །མཁས་པའི་སྟག་ཁྱོད་ཐ་སྙད་ནགས་ཚལ་དུ། བདེར་གནས་ལེགས་ཀྱི་ཚད་གཞུང་བྲག་ངོས་སུ། །རྒྱུ་བྱས་འཁྲུལ་བའི་གཡང་སར་ལྷུང་བ་ལ། །གཞན་གྱི་རིགས་པའི་མདུང་ཐུང་བསྣུན་ནས་འགུམ། །སྔོན་ཚེ་བོད་ཀྱི་མཁས་པ་སུ་ཡིས་ཀྱང་། །སྔོན་ཚེ་མ་རྟོགས་རིགས་པའི་གཞུང་གི་དོན། །ཇི་བཞིན་གཟིགས་ནས་གདམས་པར་ལེགས་ཤར་ཞིང་། །ཇི་བཞིན་སྟོན་པ་རྗེ་ལས་གཞན་ན་གང་། །

གཉིས་པ་ལ་གཉིས། བྱམས་པའི་གཞུང་གདམས་པར་ཤར་ཚུལ་དང་།ཀླུ་སྒྲུབ་ཀྱི་གཞུང་གདམས་པར་ཤར་ཚུལ་ལོ། །དང་པོ་ནི།

དེ་ནས་བྱང་ས་མདོ་སྡེའི་རྒྱན་གཉིས་པོ། །

ལེགས་པར་སྦྱར་ཏེ་ཚུལ་བཞིན་རབ་འབད་པས། །

མི་ཕམ་ཆོས་རྗེའི་གཞུང་དང་རྗེས་འབྲང་གི །

གཞུང་ཀུན་ཉམས་སུ་ལེན་པའི་གདམས་པར་ཤར། །

ཞེས་རྐང་པ་བཞི་སྟེ། ཚད་མའི་གཞུང་གདམས་པར་ཤར་བའི་ཚུལ་བཤད་པ་དེ་ནས་འཕགས་པ་ཐོགས་མེད་ཀྱིས་མཛད་པའི་བྱང་ཆུབ་སེམས་དཔའི་ས་ཚིག་སྡུད་ཀྱིས་བྱང་སར་གྲགས་པ་དང་། བྱམས་མགོན་གྱིས་མཛད་པའི་མདོ་སྡེ་རྒྱན་གཉིས་པོ་བརྗོད་བྱ་སྟོན་ཚུལ་ཕན་ཚུན་ལེགས་པར་སྦྱར་ཏེ་ཚུལ་བཞིན་རབ་ཏུ་འབད་ཅིང་དཔྱད་པས་མི་ཕམ་ཆོས་རྗེའི་གཞུང་མདོ་སྡེའི་རྒྱན་སོགས་དང་། དེའི་རྗེས་འབྲང་ཐོགས་མེད་སྐུ་མཆེད་སོགས་ཀྱི་གཞུང་ཀུན་ཉམས་སུ་ལེན་པའི་གདམས་པར་ཤར་རོ། །སྤྱིར་ས་སྡེ་ལྔ་དང་སྡོམ་རྣམ་གཉིས་སོགས་མཛད་ཀྱང་། བྱང་ས་འདི་མདོ་སྡེ་རྒྱན་གྱི་དོན་འགྲེལ་ཡིན་ཞིང་། རྒྱལ་བས་བྱང་སེམས་ཀྱི་བསླབ་བྱའི་རབ་དབྱེ་མཐའ་ཡས་པ་ཞིག་གསུངས་ཀྱང། བསྡུ་ན་ཕྱིན་དྲུག་ཏུ་འདུ་བར་བཤད་པ་ལྟར་མདོ་སྡེ་རྒྱན་ལས་ཀྱང་བྱང་སེམས་ཀྱི་བསླབ་བྱ་རྣམས་ཕྱིན་དྲུག་ཏུ་འདུ་བའི་རྒྱུ་མཚན་དང་བཅས་ལེགས་པར་བཤད་ལ། བྱང་ས་ལས་ཀྱང་དེའི་དོན་ཇི་ལྟ་བ་བཞིན་འཆད་ཅིང་། རྗེ་ཉིད་ཀྱིས་ལམ་རིམ་ཆེ་ཆུང་སོགས་ལས་ཀྱང་དེ་བཞིན་དུ་འཆད་པར་མཛད་དོ། །བྱང་ས་འདི་ལ་རྒྱ་འགྲེལ་འགའ་རེ་འདུག་ཀྱང་མདོ་སྡེ་རྒྱན་དང་སྦྱོར་ཚུལ་དེ་ཙམ་དུ་མི་གསལ་ཞིང་། རྗེ་ཉིད་ཀྱིས་དེ་གཉིས་སྦྱོར་ཚུལ་རྒྱས་པར་ལེགས་པར་བཤད་པའི་སྲོལ་འཇམ་དབྱངས་དགའ་བའི་བློ་གྲོས་ཀྱི་གསུང་ལས་འབྱུང་བ་ལྟར་རོ། །མདོ་སྡེ་རྒྱན་གྱི་ལྟ་བའི་རྣམ་གཞག་སེམས་ཙམ་པའི་ལུགས་ཡིན་ཀྱང་། བསླབ་བྱ་ཕྱིན་དྲུག་སོགས་ཀྱི་རྣམ་གཞག་བཤད་པ་ཐམས་ཅད་ནི་དབུ་སེམས་གཉིས་ཀ་ཐུན་མོང་བ་ཡིན་པ་ལྟར། བྱང་ས་ཡང་དེ་ལྟར་རོ། །རྒྱལ་ཚབ་དམ་པ་མི་ཕམ་མགོན་ཉིད་ཀྱིས། །རྒྱལ་གསུང་མདོ་སྡེའི་མཚོ་ལས་ཕྱིན་དྲུག་སོགས། །རྒྱལ་སྲས་བསླབ་བྱ་རིན་ཆེན་མང་གསུངས་པ། །རྒྱལ་བའི་དགོངས་པ་ཇི་བཞིན་ལེགས་པར་བླངས། །ཐོགས་མེད་སྐུ་མཆེད་བླ་མ་རྗེས། །རྒྱལ་ཚབ་གསུང་རབ་རིན་ཆེན་ནོར། །ལེགས་བཤད་རྒྱལ་མཚན་རྩེར་མཆོད་དེ། །ཐར་འདོད་གདུལ་བྱའི་རེ་སྐོང་མཛད། །གཉིས་པ་ནི།

ལྷག་པར་ཟབ་ཅིང་རྒྱ་ཆེའི་གསུང་རབ་ཚོགས། །

བསྒྲིགས་པའི་གོ་རིམ་ཉིད་ལ་ལམ་གྱི་གནད། །

ཀུན་ལ་ངེས་སྟེར་བསླབ་པ་ཀུན་བཏུས་ལ། །

བརྟེན་ནས་མདོ་སྡེ་ཀུན་ལས་བཏུས་པ་སོགས། །

ཀླུ་སྒྲུབ་ལུགས་ཀྱི་གཞུང་མཆོག་དུ་མའི་དོན། །

ཉམས་སུ་ལེན་པའི་རིམ་པ་ལེགས་པར་མཐོང་། །

ཞེས་རྐང་པ་ལྔ་སྟེ། གོང་དུ་བཤད་པ་དེར་མ་ཟད། ལྷག་པར་དུ་ཡང་ཟབ་ཅིང་རྒྱ་ཆེ་བའི་ཐུབ་པའི་གསུང་རབ་ཀྱི་ཚོགས་ལུང་དྲངས་ནས་བསྒྲིགས་པའི་གོ་རིམ་མཛད་པ་ཉིད་ལས་ལམ་གྱི་རིམ་པའི་གནད་ཀུན་ལ་ངེས་པ་སྟེར་ནུས་པ་སློབ་དཔོན་ཞི་བ་ལྷས་མཛད་པའི་བསླབ་པ་ཀུན་ལས་བཏུས་པ་ལ་བརྟེན་ནས། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་མདོ་སྡེ་ཀུན་ལས་བཏུས་པ་དང་། བསྟོད་ཚོགས་དང་། རིན་ཆེན་འཕྲེང་བ་ལ་སོགས་པ་ཀླུ་སྒྲུབ་ལུགས་ཀྱི་གཞུང་གི་མཆོག་དུ་མའི་དོན་རྣམས་ཉམས་སུ་ལེན་པའི་རིམ་པ་ལེགས་པར་མཐོང་ངོ་། །བསླབ་བཏུས་འདི་ནི་མདོ་ཀུན་ལས་བཏུས་པའི་དོན་འགྲེལ་དུ་བཤད་ཅིང་། འདིས་མདོ་ལུང་དུ་མ་དྲངས་ནས་བསྒྲིགས་ཚུལ་ནི། ཐོག་མར་དལ་འབྱོར་རྙེད་དཀའ་ཚུལ་དང་། ཚེ་འདིར་སྙིང་པོ་ལེན་པའི་བསམ་པ་དང་། དད་པའི་ཁྱད་པར་དང་། སྨོན་འཇུག་གི་སེམས་བསྐྱེད་པ་དང་། དེ་ནས་ལུས་ལོངས་སྤྱོད་དགེ་རྩ་གསུམ་ལ་གཏོང་བ་དང་སྲུང་བ་དང་དག་པ་དང་སྤེལ་བའི་ཚུལ་བཞི་བཞི་བྱེད་ཚུལ་གསུངས་པ་འདིས་མདོ་ཀུན་ལས་བཏུས་བཤད་པར་བྱའོ་ཞེས་རྗེས་དགོངས་པ་རབ་གསལ་དུ་གསུངས་ལ། དེ་བཞིན་དུ་མདོ་ཀུན་བཏུས་ལས་བསྟན་པ་ལ་དད་པ་རྙེད་དཀའ་བ་དང་སེམས་བསྐྱེད་དཀའ་བ་དང་། སེམས་ཅན་ལ་སྙིང་རྗེ་རྙེད་དཀའ་ཞིང་། ལས་སྒྲིབ་དང་བདུད་ལས་དང་ཆོས་སྤོང་སོགས་སྤོང་བ་རྙེད་དཀའ་ཚུལ་གསུངས་པ་རྣམས་ནི་བྱང་སེམས་ཀྱི་བསླབ་བྱའི་སྡོམ་མོ། །

ཀླུ་སྒྲུབ་ལུགས་ཀྱི་ཞེས་པ་ཟླ་གྲགས་ལ་སོགས་པ་ཀླུ་སྒྲུབ་ཀྱི་ལུགས་འཛིན་པའི་གཞུང་རྣམས་ཀྱི་དོན་ཡང་གདམས་ངག་ཏུ་ཤར་བར་བཟུང་ངོ་། །བློ་གསལ་ཐར་འདོད་རྣམས་ཀྱི་མགོན། །མགོན་པོའི་གཞུང་གི་བརྗོད་དོན་ཀུན། །ཀུན་ནས་ཉམས་སུ་ལེན་པའི་ཚུལ། །ཚུལ་བཞིན་གདམས་པར་ཁྱོད་ལ་ཤར། །འཕགས་ཡུལ་མཁས་གྲུབ་ཡོངས་ཀྱི་གསུང་རབ་དང་། །ཁྱད་པར་ཀླུ་སྒྲུབ་ཡབ་སྲས་ནས་བརྒྱུད་པའི། །གཞུང་ལུགས་ཀུན་ཀྱང་ཁྱོད་ཉིད་འབའ་ཞིག་ལ། །གདམས་པའི་མཆོག་ཏུ་ཤར་གྱི་གཞན་ལ་མིན། །

གཉིས་པ་ལ་གསུམ། བྱ་སྤྱོད་ཀྱི་རྒྱུད་གཉིས་གདམས་པར་ཤར་ཚུལ།རྣལ་འབྱོར་རྒྱུད་གདམས་པར་ཤར་ཚུལ། རྣལ་འབྱོར་བླ་མེད་ཀྱི་རྒྱུད་གདམས་པར་ཤར་ཚུལ་ལོ། །དང་པོ་ནི།

དེ་ནས་བསམ་གཏན་ཕྱི་མ་རྣམ་སྣང་ནི། །

མངོན་པར་བྱང་ཆུབ་སངས་རྒྱས་གསང་བ་ཡིས། །

ལེགས་པར་བཤད་པའི་མན་ངག་ལ་བརྟེན་ནས། །

ལམ་གྱི་གནད་ཀུན་ལེགས་པར་གདམས་པར་ཤར། །

ཞེས་རྐང་པ་བཞི་སྟེ། དེ་ནས་གོང་དུ་བཤད་པ་ལྟར་བསམ་གཏན་ཕྱི་མ་སོགས་བྱ་རྒྱུད་རིགས་གསུམ་སྤྱི་དང་བྱེ་བྲག་གི་རྒྱུད་རྣམས་དང་། ངོ་བོ་སྤྱོད་རྒྱུད་ཡིན་ཡང་བྱ་སྤྱོད་གཉིས་ཀྱི་ཉམས་ལེན་ཐུན་མོང་དུ་འཆད་པའི་རྣམ་སྣང་མངོན་པར་བྱང་ཆུབ་པའི་རིམ་པའི་དོན། པཎ་ཆེན་སངས་རྒྱས་གསང་བ་ཡིས་བསམ་གཏན་ཕྱི་མའི་འགྲེལ་པར་ཉམས་ལེན་དང་སྦྱར་ཏེ་ལེགས་པར་བཤད་པ་ལ་བརྟེན་ནས། བྱ་སྤྱོད་ཀྱི་རྒྱུད་གཉིས་ཀྱི་ལམ་གྱི་གནད་ཀུན་ལེགས་པར་གདམས་པར་ཤར་རོ། །དེ་ལྟར་ཤར་བའི་ཚུལ་སྔགས་རིམ་ནས་འབྱུང་བ་ལྟར་ཏེ་འདིར་མང་དུ་དོགས་སོ། །གཉིས་པ་ནི།

དཔལ་ལྡན་དེ་ཉིད་བསྡུས་པའི་ལམ་གྱི་གནད། །

ཏིང་འཛིན་གསུམ་གྱིས་བསྡུས་པར་མཐོང་བ་ནི། །

ཅུང་ཟད་སླ་ཡང་ལམ་དེར་ཟབ་མོའི་དོན། །

སྒོམ་ཚུལ་རྟོགས་པར་དཀའ་བ་པཎ་ཆེན་ནི། །

སངས་རྒྱས་གསང་བས་རྩ་བཤད་ཆ་མཐུན་རྒྱུད། །

རྣམ་གསུམ་སྦྱར་ཏེ་ཚུལ་བཞིན་བཤད་པ་དང་། །

རྒྱུད་སྡེ་གསུམ་གྱི་ཟབ་མོའི་ཉམས་ལེན་རྣམས། །

སྒོམ་རིམ་ཇི་བཞིན་བཤད་པས་བློ་མུན་བསལ། །

ཅེས་རྐང་པ་བརྒྱད་དེ། རྣལ་འབྱོར་རྒྱུད་ལས་རྩ་བའི་རྒྱུད་དཔལ་ལྡན་དེ་ཉིད་བསྡུས་པའི་ལམ་གྱི་གནད་རྣམས་དང་པོ་སྦྱོར་བ། དཀྱིལ་འཁོར་རྒྱལ་མཆོག   ལས་རྒྱལ་མཆོག་གི་ཏིང་འཛིན་གསུམ་གྱིས་བསྡུས་པར་མཐོང་བར་ཅུང་ཟད་སླ་ཡང་། ལམ་དེར་ཟབ་མོའི་དོན་སྒོམ་ཚུལ་བཤད་པར་རྟོགས་པར་དཀའ་བ་ནི་པཎ་ཆེན་སངས་རྒྱས་གསང་བས་རྩ་རྒྱུད་བཤད་རྒྱུད་ཆ་མཐུན་གྱི་རྒྱུད་རྣམ་པ་གསུམ་སྦྱར་ཏེ་ཉམས་སུ་ལེན་པའི་རིམ་པར་ཚུལ་བཞིན་དུ་བཤད་པ་དང་། རྒྱུད་སྡེ་འོག་མ་གསུམ་གྱི་ཟབ་མོའི་ཉམས་ལེན་སྒོམ་པའི་རིམ་པ་ཇི་ལྟ་བ་བཞིན་དུ་བཤད་པས་བློ་མུན་བསལ་ལོ། །རྐང་པ་ཕྱི་མ་འདི་སྔོན་མ་རྣམས་དང་སྦྲེལ་ཏེ་བཤད་ན་སངས་རྒྱས་གསང་བས་རྗེ་སོགས་གཞན་གྱི་བློ་མུན་བསལ་བ་དང་སྦྱོར་ཡང་། དོན་ལ་རྗེ་རང་ཉིད་ཀྱིས་ཀྱང་དེ་ལྟར་མཁྱེན་ཏེ་ཉམས་སུ་ལེན་ཚུལ་རྣམས་སྔགས་རིམ་དུ་བཀོད་ནས་གདུལ་བྱའི་བློ་མུན་བསལ་བར་སྟོན་པར་སེམས་ཏེ། རྗེ་རང་ཉིད་ལ་རྒྱུད་སྡེ་དེ་རྣམས་གདམས་པར་ཤར་བར་འཆད་པའི་སྐབས་ཡིན་པའི་ཕྱིར་རོ། །བློ་བཟང་ཉི་མའི་དཀྱིལ་འཁོར་ཤར་ཙམ་གྱིས། །རྒྱུད་སྡེ་འོག་མ་གསུམ་གྱི་འདབ་བརྒྱའི་ཚལ། །ལེགས་ཕྱེ་ཐར་འདོད་བུང་བའི་ཚོགས་རྣམས་ལ། །ལེགས་བཤད་སྦྲང་རྩིའི་དགའ་སྟོན་སྦྱིན་པར་མཛད། །

     གསུམ་པ་ལ་གཉིས། འདུས་པའི་སྐོར་གདམས་པར་ཤར་ཚུལ་དང་།དེ་ལ་བརྟེན་ནས་གཞན་མང་པོ་གདམས་པར་ཤར་ཚུལ་ལོ། །དང་པོ་ནི།

ཐུབ་པའི་ལེགས་བཤད་ཀུན་གྱི་མཐར་ཐུག་པ། །

དཔལ་ལྡན་རྣལ་འབྱོར་བླ་ན་མེད་པའི་རྒྱུད། །

དེ་ཡི་ནང་ནས་ཤིན་ཏུ་ཆེས་ཟབ་པ། །

དཔལ་ལྡན་གསང་བ་འདུས་པའི་རྒྱུད་རྒྱལ་ལ། །

སྨྲ་བའི་དམ་པ་ཀླུ་སྒྲུབ་འདི་སྐད་གསུང་། །

རྩ་བའི་རྒྱུད་དུ་ལམ་གྱི་གནད་རྣམས་ནི། །

མཐའ་དྲུག་ཚུལ་བཞིའི་རྒྱ་ཡིས་བཏབ་སྟེ་གནས། །

དེ་ཕྱིར་བཤད་པའི་རྒྱུད་ཀྱི་རྗེས་འབྲངས་ནས། །

བླ་མའི་མན་ངག་ལས་ནི་ཤེས་བྱར་གསུངས། །

ཚུལ་དེ་གནད་དུ་བཟུང་ནས་མན་ངག་གི །

མཐར་ཐུག་མདོར་བྱས་སྤྱོད་བསྡུས་རྣམ་བཞག་སོགས། །

འདུས་པ་འཕགས་པའི་སྐོར་གྱི་ཕྲན་ཀུན་ལ། །

རིང་དུ་འདྲིས་པར་བྱས་ཏེ་རྩ་བའི་རྒྱུད། །

སྒྲོན་མེ་ལྟ་བུར་གསལ་བར་བྱེད་པ་ལ། །

བརྟེན་ནས་བཤད་རྒྱུད་ཆེན་པོ་ལྔ་དང་ནི། །

ལེགས་པར་སྦྱར་ལ་འབད་པ་ཆེན་པོས་སྦྱངས། །

སྦྱངས་ལས་འདུས་པའི་རིམ་གཉིས་སྤྱི་དང་ནི། །

ཁྱད་པར་རྫོགས་པའི་རིམ་པའི་གནད་ཀུན་རྙེད། །

ཅེས་ཚིགས་བཅད་བཞི་སྟེ། ཐུབ་པའི་དབང་པོའི་ལེགས་བཤད་མདོ་སྔགས་ཀྱི་གསུང་རབ་ཀུན་གྱི་ནང་ནས་བརྗོད་བྱའི་དབང་དུ་བྱས་པའི་མཐར་ཐུག་པ་དཔལ་ལྡན་རྣལ་འབྱོར་བླ་ན་མེད་པའི་རྒྱུད་རྣམས་ཡིན་ལ། དེ་ཡི་ནང་ན་ཤིན་ཏུ་ཆེས་ཟབ་པ་ནི་དཔལ་ལྡན་གསང་བ་འདུས་པའི་རྒྱུད་ཀྱི་རྒྱལ་པོ་སྟེ། རྒྱུད་དེ་ལ་སྨྲ་བའི་དམ་པ་འཕགས་པ་ཀླུ་སྒྲུབ་ཞབས་འདི་སྐད་དུ་གསུང་ངོ་། །ཇི་ལྟར་ན་འདུས་པའི་རྩ་བའི་རྒྱུད་ལམ་གྱི་གནད་རྣམས་ནི། དྲང་ངེས་གཉིས། དགོངས་དགོངས་མིན་གཉིས། སྒྲ་ཇི་བཞིན་པ་ཡིན་མིན་གཉིས་ཏེ་མཐའ་དྲུག་དང་། ཡིག་དོན། སྤྱི་དོན། སྦས་དོན། མཐར་ཐུག་སྟེ། ཚུལ་བཞིའི་རྒྱས་བཏབ་སྟེ་གནས་པའི་ཚུལ་རྣམས་རང་སྟོབས་ཀྱིས་རྟོགས་དཀའ་བས་རྒྱུ་མཚན་དེའི་ཕྱིར་བཤད་པའི་རྒྱུད་ཀྱི་རྗེས་སུ་འབྲང་བས་བླ་མའི་མན་ངག་ལས་ནི་ཚུལ་དེ་ཤེས་པར་བྱ་བར་གསུངས་སོ། །དེ་ལྟར་གསུངས་པའི་ཚུལ་དེ་གནད་ཀྱི་དོན་དུ་བཟུང་ནས་བླ་མའི་མན་ངག་གི་མཐར་ཐུག་པ་ཀླུ་སྒྲུབ་ཀྱི་མདོར་བྱས། མདོ་བསྲེ། འཕགས་པ་ལྷའི་སྤྱོད་བསྡུས། ཀླུ་བྱང་གི་རྣམ་གཞག་རིམ་པ་སོགས་འདུས་པའི་དགོངས་འགྲེལ་འཕགས་པའི་སྐོར་གྱི་གཞུང་ཕྲན་བུ་ལ་སྔར་རིང་དུ་འདྲིས་པར་བྱས་ཏེ། དེ་ནས་རྩ་བའི་རྒྱུད་ཀྱི་དོན་སྒྲོན་མེ་ལྟ་བུར་གསལ་བར་བྱེད་པ་ཟླ་བ་གྲགས་པའི་སྒྲོན་གསལ་ལ་བརྟེན་ནས། རྒྱུད་ཕྱི་མ། རྡོ་རྗེ་འཕྲེང་བ། དགོངས་པ་ལུང་སྟོན། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ། ལྷ་མོ་བཞིས་ཞུས་ཏེ་འདུས་པའི་བཤད་རྒྱུད་ཆེན་པོ་ལྔ་དང་རྩ་རྒྱུད་ལེགས་པར་སྦྱར་བའི་ཚུལ་ལ་འབད་པ་ཆེན་པོས་རིང་དུ་སྦྱངས་སོ། །སྦྱོར་བའི་གཞུང་དངོས་ནི་སྒྲོན་གསལ་མཆན་བུ་མཐའ་གཅོད་དང་བཅས་པ་ཡིན་ལ།སྔགས་རིམ། རིམ་ལྔ་གསལ་སྒྲོན། རྣམ་གཞག་རིམ་པ་སོགས་ཀྱང་སྦྱར་བ་མང་ངོ་། །སྦྱོར་ཚུལ་ནི། བཤད་རྒྱུད་ཀྱི་གཞུང་དེ་དང་དེའི་རྩ་རྒྱུད་ཀྱི་གཞུང་གི་རིམ་གཉིས་ཀྱི་སྐོར་འདི་དང་འདི་ཚུལ་འདི་ལྟར་དུ་འཆད་ཅེས་སྦྱར་བའོ། །དཔལ་ལྡན་རྒྱུད་སྡེ་སྟོང་ཕྲག་སོ་གསུམ་དང་། །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ཐམས་ཅད་ཀྱི། །གནད་ཀུན་ཚང་བ་འདུས་པ་རྩ་བའི་རྒྱུད། །མཐའ་དྲུག་ཚུལ་བཞིའི་རྡོ་རྗེའི་རྒྱ་ཡིས་བཅིངས། །ཚུལ་དེ་མཁས་གྲུབ་གཞན་དག་གི །མཁྱེན་པའི་འོད་ཀྱིས་མ་དགྲོལ་ཡང་། །དཔལ་ལྡན་ཟླ་བ་བླ་མ་རྗེའི། །རྣམ་དཔྱོད་སོར་རྩེས་རྣམ་པར་བཀྲོལ། །གཉིས་པ་ནི།

དེ་ཡི་མཐུ་ལས་བདེ་དགྱེས་དུས་འཁོར་སོགས། །

རྒྱུད་སྡེ་མང་པོའི་གནད་དོན་གདམས་པར་ཤར། །

དེ་དག་བདག་གིས་གཞན་དུ་བཤད་པས་ན། །

འདིར་ནི་རྣམ་དཔྱོད་ཅན་ལ་སྒོ་ཙམ་ཞིག །

ཅེས་རྐང་པ་བཞི་སྟེ། འདུས་པའི་སྐོར་ཐམས་ཅད་གདམས་པར་ཤར་བ་དེ་ཡི་མཐུ་ལས་བདེ་མཆོག་དང་། དགྱེས་རྡོར་དང་། དུས་འཁོར་གྱི་རྒྱུད་ལ་སོགས་པ་རྒྱུད་སྡེ་གཞན་མང་པོའི་གནད་དོན་རྣམས་གདམས་པར་ཤར་ལ།ཚུལ་དེ་དག་བདག་གིས་སྔགས་རིམ་ཆེན་མོ་དང་། བདེ་མཆོག་རྒྱུད་ཀྱི་འགྲེལ་པ་དང་། མངོན་རྟོགས་ཀྱི་འགྲེལ་བ་སོགས་གཞན་དུ་བཤད་པས་ན་དེ་དག་ཏུ་ཤེས་པར་བྱ་ལ། སྐབས་འདིར་ནི་རྣམ་དཔྱོད་ཅན་དག་ལ་སྒོ་ཙམ་ཞིག་བསྟན་པའོ། །དུས་འཁོར་ལ་རྗེས་མཛད་པའི་གཞུང་ཕྲན་འགའ་རེ་འདུག་ཀྱང་།རྗེའི་བཤད་སྲོལ་ལྟར་མཁས་གྲུབ་ཆོས་རྗེས་དུས་འཁོར་ཊིཀ་ཆེན་མཛད་པ་ནི་གྲགས་ཆེའོ། །མང་མང་མདོ་སྔགས་གཞུང་བརྒྱའི་ཆུ་ཀླུང་ཀུན། །མཁས་མཁས་ཡོངས་ཀྱི་རྗེར་གྱུར་ཙོང་ཁ་བའི། །ཟབ་ཟབ་མཁྱེན་པ་རྒྱ་མཚོའི་གྲྭ་གཅིག་ན། །ངེས་ངེས་དོགས་པ་མེད་པར་རྒྱུ་འདི་མཚར། །གང་གི་མཁྱེན་རབས་སོར་འཕྲུལ་གྱིས། །གསང་ཆེན་རྒྱུད་མངས་ཉེར་བསྒྲགས་ཚེ། གསང་བདག་ཨིནྡྲ་བོ་དྷི་དེས། །མ་བཟོད་ཨོ་ཌའི་ཡུལ་དུ་གཤེགས། སྐབས་བསྡུ་བ་ནི། བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར་བའི་སྐབས་ཏེ་གཉིས་པའོ། ། ། །

  ༈ གསུམ་པ་ལ་གཉིས། ཉིན་མཚན་ཀུན་ཏུ་ཉམས་སུ་བླངས་པ་དང་།དགེ་བ་ཀུན་བསྟན་པ་རྒྱས་པའི་ཆེད་དུ་བསྔོས་ཚུལ་ལོ། །དང་པོ་ནི།

དེ་ལྟར་གདམས་པའི་གཏེར་དུ་གྱུར་པ་ན། །

ཐེག་ཆེན་གཉིས་ཀྱི་ཐུན་མོང་ལམ་དང་ནི། །

ཐུན་མོང་མིན་པའི་ལམ་གྱི་རིམ་པ་གཉིས། །

གནད་བསྡུས་ཚང་བའི་ལམ་ལ་འདྲིས་པར་སྦྱངས། །

 ཞེས་རྐང་པ་བཞི་སྟེ། ཇི་སྐད་བཤད་པའི་ཚུལ་དེ་ལྟར་གཞུང་ལུགས་ཐམས་ཅད་ཉམས་སུ་ལེན་པའི་གདམས་པར་ཤར་བའི་གདམས་ངག་གི་གཏེར་དུ་གྱུར་པ་ན། མདོ་སྔགས་ཀྱི་ཐེག་པ་ཆེན་པོ་གཉིས་ཀྱི་ཐུན་མོང་བའི་ལམ་དང་། ཐུན་མོང་མ་ཡིན་པའི་ལམ་གྱི་རིམ་པ་གཉིས་ཀྱི་གནད་བསྡུས་ཚང་བའི་ལམ་གྱི་ཉམས་ལེན་ལ་རིང་དུ་འདྲིས་པ་སྟེ་གོམས་པར་བྱས་པའི་ཚུལ་གྱིས་ལེགས་པར་སྦྱངས་སོ། །

      དེ་ཡང་ཐེག་ཆེན་ཐུན་མོང་པ་མདོ་ཕྱོགས་ཀྱི་ལམ་གྱི་གནད་བསྡུས་པ་ནི། སེམས་བསྐྱེད་ནས་སྦྱོད་པ་ཕྱིན་དྲུག་ལ་སློབ་པ་ཉིད་ཡིན་ཞིང་། ཕྱིན་དྲུག་གི་ནང་དུ་བསླབ་གསུམ་དང་། ཚུལ་ཁྲིམས་རྣམ་པ་གསུམ་དང་། ལམ་གྱི་གཙོ་བོ་རྣམ་གསུམ་གྱི་ཉམས་ལེན་ཡང་འདུ་སྟེ། བསླབ་པ་གསུམ་གྱི་ཚུལ་ཁྲིམས་ནི་དེའི་ཚུལ་ཁྲིམས་དང་། བསམ་གཏན་དང་ཤེས་རབ་ནི་དེའི་ཕྱི་མ་གཉིས་སུ་འདུའོ། །སྡོམ་པ་གཞན་དང་ཚུལ་ཁྲིམས་རྣམ་པ་གསུམ་ཀའང་དེའི་ཚུལ་ཁྲིམས་སུ་འདུ་ཞིང་། ལམ་གཙོ་བོའི་ངེས་འབྱུང་གི་སྐོར་ཡང་ཚུལ་ཁྲིམས་དང་། ཡང་དག་པའི་ལྟ་བ་ནི་ཤེས་རབ་ཏུ་འདུ་ལ། སེམས་བསྐྱེད་ནི་རྒྱལ་སྲས་ཀྱི་བསླབ་པ་ཀུན་གྱི་གཞི་དང་རྟེན་ནོ། །དེ་ལྟར་སེམས་བསྐྱེད་ནས་ཕྱིན་དྲུག་ལ་སློབ་པའི་སྟེང་དུ་སྔགས་ཀྱི་རིམ་གཉིས་ཀྱི་ཉམས་ལེན་མཛད་པ་ནི་མདོ་སྔགས་ཀྱི་གནད་བསྡུས་ཚང་བའི་ལམ་ལ་འདྲིས་པའོ། །དེར་མ་ཟད་སྔགས་ཀྱི་ཟབ་གསལ་གཉིས་མེད་ཀྱི་རྣལ་འབྱོར་རམ་བླ་མེད་ཀྱི་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོའི་ཡེ་ཤེས་ཁྱད་པར་ཅན་གཅིག་པོ་ལའང་མདོ་སྔགས་ཀྱི་ལམ་གྱི་གནད་ཚང་བར་བཤད་པ་ཡོད་དེ་མ་བྲིས་སོ། །ཆོས་ཀྱི་ཚུལ་ཀུན་ཀུན་ནས་ཐུགས་ཆུད་དོ། ། བསྒོམས་པས་དེ་དོན་དོན་བཞིན་ཉམས་བླངས་ནས། །གོ་འཕང་མཆོག་བརྙེས་བརྙེས་པའི་ཚུལ་དེ་ལྟར། །གཞན་ལ་ལེགས་སྟོན་སྟོན་པ་གཉིས་པ་ཁྱོད། །རྗེ་བཙུན་ཁྱོད་ཀྱིས་མདོ་སྔགས་ཀྱི། །སྙིང་པོ་ཉམས་ལེན་བདུད་རྩི་ཀུན། །གསོལ་བས་རྗེས་འབྲང་བདག་ཅག་ལ། །ཉམས་ལེན་བདུད་རྩི་འགའ་མ་ལུས། །སྙིགས་དུས་གདུལ་བྱའི་ཞིང་ས་མི་གཤིན་ལ། །ཐོས་བསམ་སྒོམ་པའི་ས་བོན་བཏབ་བྱས་ཀྱང་། །ལས་ཉོན་ཐན་པས་གདུང་བས་མདོ་སྔགས་ཀྱི། །ས་ལམ་མྱུ་གུ་འཁྲུངས་དཀའ་དུས་ཀྱི་དབང་། །འོན་ཏེ་གཞུང་ལུགས་རྒྱ་མཚོ་ཆེར། །ཞུགས་ནས་ཆ་ཙམ་འཐུང་བས་ཀྱང་། །ཉེས་པའི་དྲི་སྐོམ་སྦྱངས་བྱས་ནས། །མངོན་མཐོ་ངེས་ལེགས་བདེ་བ་སྟེར། །གཉིས་པ་ནི།

རྒྱལ་སྲས་སྨོན་ལམ་གང་གཱའི་ཀླུང་རྣམས་ནི། །

དམ་ཆོས་འཛིན་པའི་སྨོན་ལམ་ནང་འདུས་པར། །

གསུངས་ཕྱིར་དགེ་རྩ་ཇི་སྙེད་བསགས་པ་ནི། །

ཀུན་ཀྱང་ཐུབ་བསྟན་རྒྱས་པའི་ཆེད་དུ་བསྔོས། །

ཞེས་རྐང་པ་བཞི་འདུན་ལེགས་དང་བཅས་པ་སྟེ། རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའི་སྨོན་ལམ་གངྒཱའི་ཀླུང་སྟེ་རྒྱ་མཚོའམ། ཆུ་བོའི་གངྒཱའི་ཆུའི་ཕུང་པོ་ལྟར་མང་བ་རྣམས་ནི། དམ་པའི་ཆོས་འཛིན་པར་སྨོན་པའི་སྨོན་ལམ་བཏབ་པའི་ནང་དུ་འདུས་ཀྱིས་འདུས་པར་རྒྱལ་པོ་གསལ་རྒྱལ་གྱི་བུ་མོ་ལྷ་མོ་དཔལ་ཕྲེང་གིས་ཞུས་པའི་མདོ་ལས་རྒྱལ་བས་གསུངས་པའི་ཕྱིར་བློ་བཟང་གྲགས་པའི་དཔལ་བདག་གིས་དུས་གསུམ་དུ་བསགས་པའི་དགེ་རྩ་དང་། ཁྱད་པར་དུ་ཚེ་འདིར་ཐོས་སོགས་བྱས་པའི་དགེ་བ་ཀུན་ཀྱང་ཐུབ་པའི་ལུང་རྟོགས་ཀྱི་བསྟན་པ་རྒྱས་པའི་ཆེད་དུ་བསྔོའོ། །ལྷ་མོ་དཔལ་ཕྲེང་གི་མདོ་ལས་གསུངས་པ་དེ། རྒྱལ་སྲས་ཞི་བ་ལྷས་བསླབ་བཏུས་སུ་དྲངས་ཤིང་།དེ་རུ་དམ་པའི་ཆོས་འཛིན་པའི་ཚུལ་སྤྱི་དང་བྱེ་བྲག་འཆད་པའི་མདོ་གཞན་འགའ་ཞིག་ཀྱང་དྲངས་འདུག་པ་རྣམས་འདིར་བཀོད་ན་མང་དུ་དོགས་པས་དགོངས་པ་མཚོན་ཙམ་ཞིག་བླངས་ཏེ་བརྗོད་ན། དམ་པའི་ཆོས་འཛིན་པ་ནི།ལུང་རྟོགས་ཀྱི་བསྟན་པ་འཛིན་པ་དང་གནད་གཅིག་ཅིང་། བསྟན་པ་འཛིན་པ་ལ་ཚུལ་གཉིས་ཏེ། ཐབས་གཞན་གྱིས་འཛིན་པ་དང་། ངོ་བོའི་སྒོ་ནས་འཛིན་ཚུལ་ལོ། །དང་པོ་ནི། རྒྱལ་པོ་ལྟ་བུས་སྟོབས་ཀྱིས་ཆོས་མིན་གྱི་ཕྱོགས་ཚར་བཅད་ནས་ཆོས་ཀྱི་ཕྱོགས་རྒྱས་པར་བྱེད་པ་ནི་སྟོབས་ཀྱིས་འཛིན་པ་དང་།ཕྱོགས་གླང་ཆོས་གྲགས་ལྟ་བུས་རིགས་པའི་སྒོ་ནས་ཆོས་མིན་ཚར་བཅད་དེ་ཆོས་དར་བར་མཛད་པ་ལྟ་བུ་རིགས་པའི་སྒོ་ནས་འཛིན་པའོ། །

       གཉིས་པ་ནི། དམ་པའི་ཆོས་སྤྱི་དང་བྱེ་བྲག་ཐེག་ཆེན་གྱི་ཆོས་ཐོས་བསམ་བསྒོམས་པའི་སྒོ་ནས་འཛིན་པ་དང་། བཀའ་སྡེ་སྣོད་དགོངས་འགྲེལ་དང་བཅས་པ་འཆད་ཉན་གྱི་སྒོ་ནས་འཛིན་པ་དང་། མདོ་སྔགས་ཀྱི་དོན་གྱི་སྙིང་པོ་ཉམས་ལེན་གྱི་སྒོ་ནས་འཛིན་པ་སྟེ། དེ་རྣམས་ཀྱང་དམ་པའི་ཆོས་འཛིན་པའོ། །ཡང་དམ་ཆོས་འཛིན་པ་ལ་ཕྱོགས་རེ་ཙམ་འཛིན་པ་དང་། ཡོངས་སུ་རྫོགས་པར་འཛིན་པ་གཉིས་སོ། །ཕྱོགས་རེ་ཙམ་ལ་ངེས་པ་མེད་དེ། མདོའི་ཕྱོགས་རེ་དང་། སྔགས་ཀྱི་ཕྱོགས་རེ་འཛིན་པ་དང་། དེ་ལའང་ལུང་གི་ཕྱོགས་དང་། རྟོགས་པའི་ཕྱོགས་རེའོ། །ཡོངས་རྫོགས་འཛིན་པ་ལ་མདོ་ཕྱོགས་ཡོངས་རྫོགས་དང་སྔགས་ཕྱོགས་ཡོངས་རྫོགས་གཉིས་ཀྱི་དང་པོ་ནི་ཐོགས་མེད་སྐུ་མཆེད་སོགས་ཀྱིས་འཛིན་ཚུལ་ལྟ་བུ་དང་། གཉིས་པ་ནི།ཨིནྡྲ་བོ་དྷི་དང་། ས་ར་ཧས་འཛིན་ཚུལ་ལྟ་བུ་ཡིན་ལ། མདོ་སྔགས་གཉིས་ཀ་ཡོངས་སུ་རྫོགས་པར་འཛིན་ཚུལ་ནི། མགོན་པོ་ཀླུ་སྒྲུབ་ཡབ་སྲས་དང་། རྗེ་བླ་མ་ཡབ་སྲས་ཀྱིས་འཛིན་ཚུལ་ལྟ་བུའོ། །འོ་ན། བསྟན་པ་རྒྱས་པའི་ཆེད་དུ་བསྔོས་པས་དམ་པའི་ཆོས་འཛིན་པའི་ཆེད་དུ་བསྔོས་པར་འགྲོ་ཡང་། སངས་རྒྱས་ཐོབ་པའི་ཆེད་དུ་བསྔོས་པའི་གོ་ཆོད་དམ། མི་ཆོད། མི་ཆོད་ན་མི་འཐད་པར་རྟོགས་སླ་ལ། ཆོད་ན་དེའི་ཚུལ་ཇི་ལྟ་བུ་ཞེ་ན། བདེན་ཏེ། བསྟན་པ་རྒྱས་པ་དང་དམ་པའི་ཆོས་ཐམས་ཅད་འཛིན་པར་སེམས་བསྐྱེད་ཅིང་སྨོན་པ་ནི། སེམས་ཅན་ཐམས་ཅད་ཕན་བདེ་ལ་འགོད་པའི་ཆེད་དང་། སངས་རྒྱས་ཀྱི་དམ་པའི་ཆོས་ཐམས་ཅད་སྒྲུབ་པར་སེམས་བསྐྱེད་ཅིང་སྨོན་པ་ཡིན་པས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པའི་ཆེད་དུ་ཡང་བསྔོས་པར་འགྱུར་ཏེ། སྤྱོད་འཇུག་ལས། འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་ཞེས་གསུངས་པ་བཞིན་ནོ། །སྤྱིར་དགེ་བ་རྣམས་སངས་རྒྱས་ཐོབ་པ་དང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས་པ་ལ་ཕན་ཡོན་དཔག་ཏུ་མེད་པ་ཡོད་ཚུལ་ཡུམ་གྱི་མདོའི་བསྔོ་བ་སྒོམ་ལམ་འཆད་པའི་སྐབས་སོགས་མདོ་བསྟན་བཅོས་དུ་མ་ལས་གསུངས་ཤིང་། ཁྱད་པར་སྟོང་ཉིད་ལྟ་བས་ཟིན་པའི་སྒོ་ནས་རྫོགས་བྱང་དུ་བསྔོས་ན་ལྷག་པར་ཕན་ཡོན་ཆེ་ཞིང་། བདེན་འཛིན་གྱིས་བཅིངས་པའི་དགེ་བ་ཀུན་ཟིལ་གྱིས་གནོན་ནུས་པ་ཡིན་ཏེ། སྡུད་པ་ལས། དེ་ལྟར་བསོད་ནམས་བྱང་ཆུབ་ཡོངས་སུ་བསྔོ་བྱེད་ན། །དུག་མེད་སངས་རྒྱས་མི་སྤོང་རྒྱལ་བས་གསུངས་པ་སྨྲ། །དེ་ལྟར་བསྔོས་པས་དཔའ་བོ་འཇིག་རྟེན་དམིགས་ཅན་གྱི། །བྱང་ཆུབ་སེམས་དཔའ་ཇི་སྙེད་ཐམས་ཅད་ཟིལ་གྱིས་གནོན། །ཞེས་གསུངས་པ་ལྟར་ཏེ། བཟང་སྤྱོད་ལས། དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱི། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་། །བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །ཞེས་གསུངས་པའང་དེ་ལྟ་བུ་ལ་དགོངས་སོ། །

བསྔོ་སྨོན་གྱི་ཁྱད་པར་ནི། བསྔོ་རྒྱུའི་རྫས་དང་ལྡན་པའི་སྒོ་ནས་དེ་དང་དེའི་རྒྱུ་སྨོན་པ་ནི་བསྔོ་སྨོན་གཉིས་ཀ་ཡིན་ལ། བསྔོ་རྒྱུའི་རྫས་ཡོད་པ་ལ་མ་བལྟོས་པའི་སྨོན་པ་ནི་སྨོན་ལམ་ཙམ་མོ། །གསེར་འགྱུར་རྩི་ཡི་ལྕགས་སྲང་སྟོང་། །གསེར་གྱི་གོང་བུར་བསྒྱུར་བ་ལྟར། །བསྟན་པ་རྒྱས་པའི་ཆེད་བསྔོས་པའི། །དགེ་ཀུན་སངས་རྒྱས་འགྲུབ་པའི་རྒྱུ། །བཟང་བཟང་གཞན་དོན་མཛད་བཞེད་སྐྱེས་ཆེན་གྱིས། །བསགས་བསགས་རྣམ་དཀར་བསྟན་འགྲོ་བྱང་ཆུབ་ཆེད། །མང་མང་གཞན་དག་དགེ་བ་བགྱིས་ཕལ་ཆེར། །ཡང་ཡང་འཁོར་བ་འགྲུབ་པའི་ཆེད་བསྔོས་འཁྲུལ། །འདུན་ལེགས་ཀྱི་དོན་ནི། སྔར་ལྟར་ལ། སྐབས་བསྡུ་བ་ནི། ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས་པ་དང་། ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས་པའི་སྐབས་ཏེ་གསུམ་པའོ། །རྗེ་བཙུན་ཁྱོད་ཀྱིས་ཉིན་མཚན་ཀུན་ཏུ་ཡང་། །ཐུགས་དམ་ཟབ་མོའི་ཉམས་ལེན་ཚུལ་ལ་འབད། །རྗེས་འབྲང་བདག་ཅག་ཉིན་མོ་བྲེལ་གཡེང་དང་། །མཚན་དུ་གཏི་མུག་རྣལ་འབྱོར་སྒོམ་ལ་བརྩོན། །

   ༈ གཞི་པ་ལ་གསུམ། དགོས་པ་དང་། སྨོན་ལམ་དང་། མཛད་བྱང་ངོ་། །དང་པོ་ནི།

རང་གི་དགེ་བ་རྒྱ་ཆེར་སྤེལ་ཕྱིར་དང་། །

རྣམ་དཔྱོད་ལྡན་པའི་སྐལ་བཟང་མང་པོ་ལ། །

འཇུག་སྒོ་མ་ནོར་ཚུལ་བཞིན་བསྟན་པའི་ཕྱིར། །

རང་གི་རྟོགས་པ་བརྗོད་པ་འདི་བྱས་སོ། །

ཞེས་རྐང་པ་བཞི་སྟེ། ཇི་སྐད་བཤད་པ་ལྟར། རྟོགས་པ་བརྗོད་པའི་དགོས་པ་གང་ཞེ་ན། རང་གིས་སྔར་བྱས་པའི་དགེ་བ་རྣམས་རྒྱ་ཆེར་གོང་དུ་སྤེལ་བར་བྱ་བའི་ཕྱིར་དང་། རྗེས་འཇུག་རྣམ་དཔྱོད་ལྡན་པའི་གདུལ་བྱ་སྐལ་བཟང་མང་པོ་བསྟན་པ་ལ་ཐོས་བསམ་སྒོམ་པའི་འཇུག་སྒོ་མ་ནོར་བ་འདི་ལྟར་བྱའོ་ཞེས་དོན་དེ་ཚུལ་བཞིན་ལེགས་པར་བསྟན་པའི་ཕྱིར་དུ་རང་གི་རྟོགས་པ་བརྗོད་པའི་བསྟན་བཅོས་འདི་བྱས་སོ། །གཉིས་པ་ནི།

དེ་ལས་ཐོབ་པའི་དགེ་བའི་ཚོགས་རྣམས་ཀྱི། །

རིམ་པ་འདི་ཡིས་འགྲོ་བ་མ་ལུས་ཀུན། །

ཐུབ་པའི་བརྟུལ་ཞུགས་བླ་ན་མེད་བཟུང་ནས། །

རྒྱལ་བ་དགྱེས་པའི་ལམ་ལ་འཇུག་པར་ཤོག །

ཅེས་རྐང་བ་བཞི་སྟེ། རང་གི་རྟོགས་པ་བརྗོད་པ་བརྩམས་པ་དེ་ལས་ཐོབ་པའི་དགེ་བའི་ཚོགས་རྣམས་ཀྱི་མཐུས། ཇི་སྐད་བཤད་པའི་རྟོགས་བརྗོད་ནས་འབྱུང་བའི་རིམ་པ་འདི་ཡི་སྒོ་ནས་འགྲོ་བ་མ་ལུས་པ་ཀུན་ཀྱང་ཐུབ་པའི་བརྟུལ་ཞུགས་ཏེ་ཆ་ལུགས་སམ་མཛད་སྤྱོད་བླ་ན་མེད་པ་བཟུང་ནས་རྒྱལ་བ་དགྱེས་པའི་ཐེག་ཆེན་གྱི་ལམ་ལ་འཇུག་པར་ཤོག་ཅིག་ཅེས་པའོ། །

      གསུམ་པ་ནི། ཅེས་རང་གི་རྟོགས་པ་མངོན་པར་བརྗོད་པ་མདོ་ཙམ་དུ་བཤད་པ་འདི་ནི། མང་དུ་ཐོས་པའི་དགེ་སློང་ཤར་ཙོང་ཁ་བ་བློ་བཟང་གྲགས་པའི་དཔལ་གྱིས་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྦྱར་བའི་ཡི་གེ་བ་ནི་དཀའ་བཞི་བ་རིན་ཆེན་དཔལ་ལོ། །ཞེས་བྱུང་བ་ནི་གོ་སླ་ལ།འདིས་ཀྱང་བསྟན་པ་རིན་པོ་ཆེ་ཕྱོགས་ཀུན་ཏུ་རྒྱས་པར་བྱེད་ནུས་པར་གྱུར་ཅིག་ཅེས་པ་ནི་ཞར་བྱུང་ངམ། གཞན་གྱིས་བཅུག་པའོ། ། ། །

སྭ་སྟི། སྐུ་གསུམ་མི་ཟད་རྒྱན་གྱི་འཁོར་ལོ་དངོས། །དཔལ་ལྡན་རིགས་བརྒྱའི་ཁྱབ་བདག་རྡོ་རྗེའི་འཆང་། །གང་དེ་བཤེས་གཉེན་གར་གྱིས་རྣལ་རོལ་བ། །རྒྱལ་བ་གཉིས་པར་གྲགས་པ་དེ་ལ་འདུད། །ཁྱོད་ཀྱི་ཐུགས་གསང་རྒྱ་མཚོ་ལས་འོངས་པའི། །གཞུང་མང་ཐོས་པས་རྣ་བའི་ལམ་བྱང་ཞིང་། །སྙིང་བུམ་ལེགས་བཤད་བདུད་རྩིའི་ཆུས་གང་བས། །ཁ་ནས་ཁྱོད་ཀྱི་བསྟོད་བསྔགས་ཅུང་ཟད་བསྒྲགས། །བློ་ཆེན་གཞན་གྱིས་ཤིན་ཏུ་དཔག་དཀའ་བའི། །བཟང་པོའི་མཁྱེན་པའི་གཏིང་མཐའ་མི་མངོན་ནང་། །ལེགས་བཤད་རིན་ཆེན་བྱེ་བས་ཡོངས་གང་ཞིང་། །འཕྲིན་ལས་གྲགས་པའི་རླབས་འཕྲེང་ཆེས་ཆེར་གཡོ། །མཉམ་མེད་མཁྱེན་བརྩེའི་རྐང་སྟེགས་ཀྱིས། །མཁས་མཆོག་ཀུན་གྱི་མགོ་བོ་ལ། །ངལ་གསོ་མཛད་པས་ཕྱོགས་ཀུན་ལས། །རྣམ་པར་རྒྱལ་བའི་རྒྱལ་མཚན་འཛིན། །ཐུབ་པའི་ཉི་མ་ནུབ་རིའི་རྩེར། །སོན་ནས་མུན་པའི་གོས་གྱོན་པ། །དེ་ཚེ་སྨྲ་བའི་ཟླ་བ་ཁྱོད། །ཤར་གྱི་ས་འཛིན་རྩེ་ནས་ཐོན། །ཁྱོད་ཀྱིས་ཟབ་དོན་གཟིགས་པའི་དཔེར། །འཇམ་པའི་དབྱངས་ཀྱི་མཁྱེན་པ་བཙལ། །དེ་ནས་དེ་གཉིས་དབྱེར་མེད་པ། །མཐོང་བས་བདག་ཅག་དཔེ་ཡིས་དབུལ། །རྒྱུད་སྡེ་རྒྱ་མཚོའི་དོན་འབྱེད་པར། །ཁྱབ་བདག་རྡོ་རྗེ་འཆང་ཆེན་ཉིད། །དེ་ཉིད་དབྱེ་བར་མ་ནུས་པས། །བདག་ཅག་མི་སྨྲའི་བརྟུལ་ཞུགས་བླངས། །སྙིགས་དུས་འགྲོ་བའི་ཚུལ་གཟིགས་ནས། །རྒྱལ་བ་ཉིད་ཀྱང་རང་བསྟན་ལ། །བཏང་སྙོམས་མཛད་དུས་མགོན་ཁྱོད་ཀྱིས། །རྒྱལ་བའི་བསྟན་པ་མ་ལུས་བཟུང་། །དེ་སླད་ཆོས་ཀུན་གཟིགས་པ་ལ། །རྒྱལ་བ་ཉིད་དང་དབྱེར་མེད་ཀྱང་། །ཐུགས་རྗེས་རྒྱལ་བའང་སྐྱེངས་མཛད་པས། །རྒྱལ་བ་ཉིད་ལས་ལྷག་གམ་སྙམ། །དུས་འདིར་ཐུབ་དབང་དངོས་བྱོན་ཡང་། །གདུལ་བར་མི་སྦྱོད་ལྟར་གྱུར་ཚེ། །ཁྱོད་ཀྱིས་ཐུབ་པའི་དམ་ཆོས་ཀུན། །བཟུང་ནས་རྒྱལ་བའི་འཕྲིན་ལས་བསྒྲུབས། །རྒྱལ་བས་ཅོད་པན་མ་ཕམ་དབུར། །བཅིངས་ནས་རང་གི་རྒྱལ་ཚབ་ཏུ། །དབང་བསྐུར་དེ་བཞིན་བྱམས་པས་ཀྱང་། །ཅོད་པན་ཁྱོད་ལ་འཆིང་བར་རིགས། །ཁྱོད་ཀྱི་ཡོན་ཏན་རྒྱ་མཚོ་ལས། །ཆུ་ཐིགས་ཙམ་ཞིག་རྣམ་དཔྱོད་ཀྱི། །ཀུ་ཤུའི་རྩེར་བླངས་ཁྱོད་མཆོད་ཀྱིས། །རྫོགས་པར་ཀུན་མཁྱེན་གྱིས་ཀྱང་མིན། །རྗེ་བཙུན་བླ་མའི་གསུང་རབ་རྒྱ་མཚོ་ལས། །ལེགས་འཁྲུངས་རྟོགས་བརྗོད་དབང་པོའི་འདབ་རྒྱའི་ཚལ། །དགོངས་དོན་གསལ་བྱེད་མཛེས་པའི་རྒྱན་གྱུར་བ། །སྣང་བྱེད་ཉི་མའི་འོད་ཟེར་དེང་ནས་ཤར། །དགེ་དེས་རྒྱལ་བའི་དགོངས་ཟབ་ཟབ་དོན་ཇི་བཞིན་རབ་གཟིགས་གཟིགས་ལྟར་གདུལ་བྱ་གཞན་དག་ལ། ཇི་བཞིན་གསལ་བར་ལེགས་སྟོན་སྟོན་པ་གཉིས་པ་ཆོས་རྗེ་རྗེ་བཙུན་བླ་མ་ཙོང་ཁ་པས། །སྐྱེ་ཀུན་འབྲལ་མེད་རབ་བརྩེ་བརྩེ་བ་ཆེན་པོས་རྗེས་འཛིན་འཛིན་མའི་ཁྱོན་དང་ཕྱོགས་ཀུན་ཏུ། །མགོན་དེའི་མདོ་སྔགས་ཆོས་ཚུལ་ཚུལ་བཞིན་བཟུང་ནས་ཚོགས་རྫོགས་རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག །

ཅེས་པ་འདི་ནི་མདོ་སྔགས་རབ་འབྱམས་ལ་སྦྱངས་ཏེ་རྗེའི་གསུང་རབ་ལ་རིགས་པའི་སྒོ་ནས་དད་པ་ལྷག་པར་ཐོབ་ཅིང་། སྙན་ངག་གི་ཚུལ་ལ་མཁྱེན་པ་རྒྱས་པ་མོ་ནེའི་ཁྲི་ཟུར་སངས་རྒྱས་དཔལ་བཟང་ནས། རྟོགས་བརྗོད་འདི་རྗེའི་རྣམ་ཐར་གྱི་གཙོ་བོར་སྣང་བས་འདིའི་འགྲེལ་པ་སྙན་ངག་གིས་བརྒྱན་པ་ཞིག་གྱིས་དང་། ཁོ་བོས་པར་དུ་བསྒྲུབ་པར་བྱའོ་ཞེས་གསུང་གིས་བསྐུལ་བ་ལ་བརྟེན་ནས། སྒྲུབ་པ་ཉམས་ལེན་གྱི་སྒོ་ནས་རྗེ་མཉེས་པར་བྱེད་མ་ནུས་ཀྱང་། དགོངས་པ་བཀྲལ་བ་དང་། གསོལ་བ་བཏབ་པའི་མཐུས་རྗེ་ཉིད་ཀྱིས་བརྩེ་བས་ཅུང་ཟད་ཙམ་ཞིག་བཟུང་བ་ཡིན་ནམ་སྙམ་པའི་རྨི་ལྟས་ལན་འགའ་རེ་མཐོང་བར་རློམ་པ། གཡོ་སའི་ཁྲི་ཟུར་དུ་གྲགས་པ་ཤཱཀྱའི་དགེ་སློང་གྲགས་པ་བཤད་སྒྲུབ་ཀྱིས། གཞུང་འདིའི་འགྲེལ་པ་སྔོན་མ་མཐོང་ཡང་རང་བློས་གང་དཔོག་གིས། རྗེའི་རྣམ་ཐར་སྤྱི་འགྲོ་བསྡུས་པ་ཞིག་སྔོན་དུ་བཏང་བའི་རྟོགས་བརྗོད་ཀྱི་འགྲེལ་པ་འཕྲོས་དང་བཅས་པ་འདི་ཅོ་ནེའི་དགོན་ཉིད་དུ་སྦྱར་རོ། ། ། །མངྒ་ལཾ། ། ། །

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།