ཚེ་དབང་གི་འདོན་བསྒྲིག་གསར་བུ་ཀུན་ཕན་བཞུགས་སོ།།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2021-12-01 12:01:26     རྩོམ་པ་པོ།   འཇམ་དབྱངས་གྲགས་པ    ཀློག་ཐེངས།  

༄༅།།ཚེ་དབང་གི་འདོན་བསྒྲིག་གསར་བུ་ཀུན་ཕན་བཞུགས་སོ།།

       བླ་མ་དང་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །ཚེ་རབས་ཐམས་ཅད་དུ་རྗེས་སུ་བཟུང་དུ་གསོལ། དེ་ལ་འདིར་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་སྐ་ཕུག་པ་བློ་བཟང་དོན་འགྲུབ་དཔལ་བཟང་བོའི་གསུང་གི་གསང་བ་བླ་ན་མེད་པ་ཚེ་མཆོག་བདུད་རྩིའི་བུམ་བཟང་ཞེས་བྱ་བའི་འདོན་བསྒྲིག་འབྲི་བ་ལ།   འདོན་བསྒྲིག་དངོས་དང་ཞར་བྱུང་གཞན་བཤད་པའོ།  །དང་བོ་ནི། གཞི་གང་དུ་འོས་པ་དེར་ཚེ་དཔག་མེད་ཀྱི་དཀྱིལ་འཁོར་བཤམས་རྒྱུ་ཡོད་ན་ཕུན་སུམ་ཚོགས་ཤིང་། མེད་ན་པདྨ་འདབ་བརྒྱད་ལ་ས་བོན་གྱི་ཧྲཱི་ཡིག་དང་།   འབྲུའི་ཚོམ་བུ་གང་རིགས་བཀོད་ལ།  དེའི་མདུན་དུ་བདག་མདུན་བུམ་གསུམ་གྱི་མཆོད་པ།  མདུན་བསྐྱེད་ཀྱི་ལྷ་དང་།  ཆོས་སྲུང་སྤྱི་དང་།  རྒྱལ་ཆེན་བཞི་ལ་འབུལ་རྒྱུའི་དཀར་གཏོར་གསུམ་སོགས་བཟོ་ལེགས་བཀོད་མཛེས་སུ་བཤམས། དེ་ནས་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་ལ། རང་ཉིད་སྐད་ཅིག་གིས་ཞེས་སོགས་ཚོགས་ཞིང་ནས་བཟུང་སྟེ་གཏོར་འབུལ་གྲུབ་ཟིན་པའི་བར་ཆོ་གའི་གཞུང་ན་གསལ་བ་ལྟར་བྱ་ཞིང་། དེ་ཡང་བདག་མདུན་བུམ་གསུམ་གྱི་སྐབས་སུ་མཆོད་པ་བྱིན་རླབས་བྱ་དགོས་པར་གསུངས་པ་མ་གཏོགས་བྱིན་རླབས་ཀྱི་ཆོ་ག་དངོས་སུ་མ་གསུངས་པས། དེ་ནི་ཀུན་རིག་གི་ཆོ་གའི་མཆོད་པ་དང་འདྲ་བར་བྱིན་རླབས་བྱ་བར་ཡོད། གཏོར་འབུལ་གྱི་མཇུག་གི་ཡིད་ལ་འདོད་པ་ཀུན་འགྲུབ་ཤོག་ཅེས་པའི་མཚམས་སུ་དབང་བསྐུར་ཡུལ་གྱི་སློབ་མ་རང་གི་མདུན་དུ་འདུག་པར་བྱས་ནས། དཀྱིལ་འཁོར་གྱི་ཤར་སྒོའི་ཕྱི་རོལ་གྱི་སྟེགས་བུའི་སྟེང་དུ༟དཔལ་དང་ལྡན་པས་འཁོད་པར་གྱུར་ཞེས་བརྗོད།  དེ་ནས་དཀྱིལ་འཁོར་གྱི་ཤར་སྒོའི་ཞེས་པའི་དེ་ནས་འདོན་མི་དགོས།  དབང་བསྐུར་ཡུལ་ནད་པ་ལྟ་བུ་རང་གི་མདུན་དུ་ཡོང་མི་བདེ་བ་ཡོད་ན་གོན་རྒྱུ་དང་། སྐ་རགས་ལྟ་བུ་མདུན་དུ་བཞག་པས་ཀྱང་ཆོག་པར་ཡོད།   དེ་ནས་དབང་གནང་བའི་སྐབས་ལྟར་སློབ་མས་རང་ལ་མཎྡལ་འབུལ་དུ་བཅུག    འཇིག་རྟེན་འདྲེན་པའི་ཞེས་སོགས་གསོལ་འདེབས་དང་། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་བྱང་སྡོམ་གྱི་ཆོ་ག་རྣམས་སློབ་མ་ལ་རྗེས་བཟློས་བྱེད་དུ་འཇུག་དགོས་པ་ཆོ་གའི་གཞུང་ན་གསལ་ཡང་། དེ་ལྟར་དར་ཆ་མ་བྱུང་བས་མཎྡལ་རང་གིས་བཏོན་ནས་སློབ་མས་ཚོམ་བུའི་འབྲུ་གཏོར་དུ་འཇུག་པ་དང་། གསོལ་འདེབས་དང་བྱང་སྡོམ་གྱི་ཆོ་ག་གཉིས་ཀྱང་རང་གིས་འདོན་པ་ཕྱག་ལེན་ཡིན་ལ།  འོན་ཀྱང་རྗེས་བཟློས་བྱེད་པར་མོས་དགོས་སོ། །དེ་ནས་ཨམྲྀ་ཏས་སློབ་མ་བསངས་ལ།  ཨོཾ་བཛྲ་སཏྭ་ཧཱུཾ་ཛཿཞེས་པ་ཤི་བའི་རྣམ་ཤེས་འགུགས་པའི་སྔགས་དང་།  ཊཱཀྐི་ཧཱུཾ་ཛཿཞེས་པ་གསོན་པོ་འགུགས་པའི་སྔགས་ཡིན་པར་གསུངས་པས།  འདིར་ཊཱཀྐི་ཧཱུཾ་ཛཿསངས་རྒྱས་ཀྱི་བདེན་པ་དང་།  ཆོས་ཀྱི་བདེན་པ་དང་དགེ་འདུན་གྱི་བདེན་པ་དང་། དེ་བཞིན་གཤེགས་༟ཁྱད་པར་དུ་ཡང་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ལྷ་དགུའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བཀའ་སྡོད་རྒྱལ་བོ་ཆེན་པོ་སྡེ་བཞིའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བདེན་པ་དང། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་པ་ལ་བརྟེན་ནས་སློབ་མ་འདིའི་བླ་ཚེ་སྲོག་གསུམ་འཆི་བདག་གཤིན་རྗེ་བདུད་བཙན་གཟའ་དང་ཀླུ་ལ་སོགས་པའི་སྡེ་བརྒྱད་གདུག་པ་ཅན་རྣམས་ཀྱིས་འཕྲོག་པ་རྐུས་པ་ཡར་བ། དོར་བ་ཉམས་པ་ལ་སོགས་པ་གང་ཡིན་ཀྱང་སྐད་ཅིག་ཐང་ཅིག་ཡུད་ཙམ་ལ་འདིར་མཆིས་ཤིང་། སླར་ཡང་སློབ་མའི་ལུས་ངག་ཡིད་གསུམ་ལ་ཞུགས་པར་གྱུར། ལན་གསུམ།   འདིར་སྡེ་བརྒྱད་གདུག་པ་ཅན་རྣམས་ཀྱིས་ཚེ་འཕྲོག་པ་ཞེས་པ་ལ་ལྷག་པའི་སྐྱོན་ཡོད་དེ།  གོང་དུ་བླ་ཚེ་སྲོག་གསུམ་ཞེས་བྱུང་བས་སོ།    །དེ་ནས་ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ  ཨོཾ་བཛྲ་པཱ་ཤ་ཧཱུཾ།  ཨོཾ་བཛྲ་སྤོ་ཊ་བཾ།  ཨོཾ་བཛྲ་གྷཎྟ་ཧོཿ ཨོཾ་བཛྲ་ཨདྷི་ཏིཥྠ་ཛྙཱ་ན་ས་མ་ཡེ་ཧཱུཾ། རང་ཉིད་སྐད་ཅིག་གིས་ཁྲོ་བོ་འཇིག་རྟེན་གསུམ་རྒྱལ་དུ་གྱུར།  ཨོཾ་བཛྲ་མ་ཧཱ༟ཛཿ  ཧཱུཾ་ཡེ་ཤེས་བསྐལ་བའི་མེ་ལྟར༟།  ཧཱུཾ་ཆོས་ཉིད་སྟོང་བ༟།  བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད།  །ཨོཾ་བཛྲ་ཨམྲྀཏཿཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། རང་གི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས་སློབ་མ་ལ་བར་ཆད་རྩོམ་པར་བྱེད་པའི་བགེགས་ཀྱི་ཚོགས་རྣམས་འདིར་བཀུག་པར་གྱུར། ཨོཾ་སརྦ་བིགྷཱན་ན་མཿསརྦ༟ར་ཛཱ་ཧཱུཾ་ཕཊ། ཧཱུཾ་དཀྱིལ་འཁོར་ཆེན་པོའི་ས་གཞི༟།  ང་ཡི་གནས་འདིར་སློབ་མའི་བར་ཆད་སེལ། །ཁྱེད་རྣམས་འདི་ནས༟གདོན་མི་ཟ།  སངས་རྒྱས་ཀྱི་བདེན་པ་དང་ཆོས་ཀྱི༟  ཁྱད་པར་དུ་ཡང་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ལྷ་དགུའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བདེན་པ་དང་བཀའ་སྡོད་རྒྱལ་བོ་ཆེན་པོ་སྡེ་བཞིའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བདེན་པ་དང་།  བདེན་པ་ཆེན་པོའི་བྱིན་ཀྱིས་བརླབས་པ་ལ་བརྟེན་ནས་འདིར་སྦྱིན་བདག་གི་ལུས་ངག་ཡིད་གསུམ་ལ་གནོད་ཅིང་འཚེ་བར་བྱེད་པའི་འབྱུང་བོ་ནད་གདོན་བགེགས་ཀྱི་རིགས་གང་ཡིན་པ་དེ་དག་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདིས་ཚིམ་པར་གྱིས༟རཱ་ཛཱ་ཧཱུཾ་ཕཊ། ཨོཾ་བཛྲ་ཨམྲྀ་ཏ༟སྟོང་བའི་ངང་ལས་རཾ་ལས་ཡེ་ཤེས་ཀྱི་མེ་འབར་བའི་ནང་དུ་ཁྲོ་བོ་རྡོ་རྗེ་མཁའ་འགྲོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པ་སྐད་ཅིག་གིས་ཞལ་གདངས་པ་ལ་སོགས་པ་ཁྲོ་བོའི་ཉམས་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་ཞེས་སོགས་རྒྱས་པ་བྱ། དམ་ཚིག་པ་མེ་འབར་བའི་རྣམ་པར་གྱུར། ཨོཾ་ན་མོ་བྷྲཱུཾ་ཨཱ་ཡུར་ཛྙཱ་ན་ཧྲཱིཿཨཱ་རོ༟ ཨོཾ་ཨ་ཙ་ལ་ཨཱ་ཡུར་ཛྙཱ་ན་སིདྷི་ས་མ་ཡེ་ཧཱུཾ། བཅོམ་ལྡན་རྒྱལ་བ་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །ན་མོ་རཏྣ་ཏྲ་ཡཱ་ཡ།  ཨོཾ་ཀཾ་ཀ་ནི༟བི་མ་ལེ་ཧཱུཾ་ཕཊ། སློབ་མའི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཧཱུཾ་ཕཊ། ཨོཾ་སརྦ་པཱ་པཾ༟། ཨོཾ་མ་ཐ་མ་ཐ་སརྦ་ཏིརྱ་ཀ་ག་ཏི་ཧེ་ཏུ་ཧཱུཾ་ཕཊ། སློབ་མའི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་གཟུངས་སྔགས་ཟབ་མོའི་སྒོ་ནས་བྱང་ཞིང་དག་ནས་ནད་གདོན་འགལ་རྐྱེན་བར་ཆད་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག         ཁྲུས་ཀྱི་ཁང་བ༟ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་གསོལ་དང་། དེ་དག་སྐུ་ལ་སོགས་ཀྱིས་སྐུ་ཕྱི་དང་། སྣ་ཚོགས་དབང་བོའི་སོགས་ཀྱིས་གོས་ཟུང་འབུལ།  འདི་ནི་སྦྱིན་པའི་རང་བཞིན་ཆུ༟དད་པས་སློབ་མ་ཁྲུས་བྱའོ།  །ཨོཾ་ན་མོ་བྷ་ག་ཝ་ཏེ་ཨ་བ་རི་མི་ཏ་ཨ་ཡུ༟འདོད་ཆགས་ཞེ་སྡང༟ གཡོ་བའི་སྣོད་དུ་དུག་སོངས་ཤིག་སྭཱ་ཧཱ། ཨོཾ་ན་མོ་བྷ་ག༟གང་ལ་སེར་སྣ་རྣམ་ཆགས༟ ཁྱེད་ཅག་སྡིག་པར་མ་གྱུར་ཅིག་རྡོ་རྗེ་སློབ་མ་འདི་བདུད་དང་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་ནས་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག    འདི་ལ་སློབ་མ་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག་ཟེར་བ་ཡང་ལྷག་པའི་སྐྱོན་དང་ལྡན་པར་རྒྱུད་དོན་གསལ་བ་སོགས་ལས་ཤེས་ཤིང་རྡོ་རྗེ་སློབ་མ་ཞེས་པ་གོང་དུ་ཡང་བྱུང་བའི་ཕྱིར་རོ། །དེ་ནས་འཇིག་རྟེན་འདྲེན་པའི་གཙོ་བོ༟ སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །གཙོ་བོ་རྒྱལ་བ་འགྲོ་བའི་མགོན་ཞེས་སོགས་ཀྱི་མཇུག་ཏུ་དབང་ལན་གཅིག་མ་གཏོགས་མི་དགོས་ན་བླ་མ་བཅོམ་ལྡན་རྒྱལ་བ་ཚེ་དང་ཡེ་ཤེས་ཞེས་སོགས་གཞུང་ལ་འཇུག་ལ། ལན་འགའ་རེ་དགོས་ན་གཙོ་རྒྱལ་མའི་མཐར་ས་གཞི་མ་དང་། བདག་གཞན་མ་ཅི་རིགས་ཀྱི་མཎྡལ་འབུལ་དུ་བཅུག་པ་སྟེ་ཚོམ་བུའི་འབྲུ་གཏོར་དུ་འཇུག་ལ་བགེགས་རིགས་སྟོང་ཕྲག་མ་འདོན། དེ་ནས།  ཨོཾ་བཛྲ་ཨམྲྀ་ཏ༟ཧཱུཾ་ཕཊ།   རང་ཉིད་སྐད་ཅིག་གིས་ཁྲོ་བོ་འཇིག་རྟེན་གསུམ་རྒྱལ་དུ་གྱུར།  ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་རཱ་ཛཱ་ས་པ་རི་ཝ་ར་བཛྲ་ས་མ་ཛཿ ཡེ་ཤེས་བསྐལ་བའི་མེ་ལྟར་འབར་བའི་འོད་ཅེས་སོགས་དང་། བར་བ་རྣམས་ལ་ཆོས་ཉིད་སྟོང་བ་རྒྱས་པར་འདོན་པར་མི་སྤྲོ་ན་གཏུམ་ཆེན་དུས་མཐའི་ནས་འདོན་པ་དང་། འཇིགས་པའི་ཧཱུཾ་སྒྲ་ནས་འདོན་པའང་མི་རུང་བ་མེད། ཟ་བྱེད་མཁའ་འགྲོ་ཡང་རཾ་ལས་ཡེ་ཤེས་ཀྱི་མེ་འབར་བའི་ནང་དུ་ཁྲོ་བོ་རྡོ་རྗེ་མཁའ་འགྲོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཞལ་གདངས་པར་གྱུར། སློབ་མའི་རྐང་མཐིལ་གཉིས་སུ་ཡཾ་ལས་རླུང་གི་དཀྱིལ་འཁོར་ལྟེ་བར་ཡེ་ཤེས་ཀྱི་མེ༟ ད་ཧ་ན་བྷ་མི་ཀུ་རུ་སྭཱ་ཧཱ། སངས་རྒྱས་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །ན་མོ་རཏྣ་ཏྲ་ཡཱ་ཡ་ཨོཾ་ཀཾ་ཀ་ནི༟བི་མེ་ཧཱུཾ་ཕཊ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཧཱུཾ་ཕཊ༟ཧེ་ཏུ་ཧཱུཾ་ཕཊ། སློབ་མའི་ཚེ་འཁོར་བ་༟ བར་ཆད་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག  ཇི་ལྟར་བལྟམས་པ་༟ཀ་ཡ་བི་ཤོ་དྷ་ན་ཡེ་སྭཱ་ཧཱ། འདི་ནི་སྦྱིན་པའི་རང་བཞིན་ཆུ་སོགས་གོང་ལྟར་དང་། གང་སེར་མ་རྒྱས་པར་མི་སྤྲོ་ན། སངས་རྒྱས་ཁྱེད་ལ་བདེ་ལེགས་མཛད་ནས་འདོན་པའམ། ཉིན་མོ་བདེ་ལེགས་ནས་འདོན་པ་གང་རིགས་བྱེད་པར་ཡོད། སླར་ཡང་དབང་ལན་གྲངས་མང་བོ་འདོན་པ་ལ་འཇུག་པའི་ཚེ་གང་སེར་མའི་མཇུག་གི་བཀྲ་ཤིས་པར་གྱུར་ཅིག་ཅེས་པའི་མཐར།འཇིག་རྟེན་འདྲེན་པའི༟ཕྱག་འཚལ་ལོ། ཨོཾ་བཛྲ་ཨམྲྀ༟ཧཱུཾ་ཕཊ། རང་ཉིད་སྐད་ཅིག་གིས་ཁྲོ་བོ་འཇིག་རྟེན་གསུམ་རྒྱལ་དུ་གྱུར་ཅེས་སོགས་སྔར་བཞིན་བྱ། མདོར་བསྡུ་ན་བར་བ་རྣམས་ལ་བསྡུས་པ་བྱེད་ཚེ། བླ་ཚེ་འགུགས་པ་དང་བསྟིམ་སྔགས་མེད། ཁྲོ་བོའི་ཚོགས་རྣམས་ལ་བསྟོད་པ་རྒྱས་པ་མེད། ཟ་བྱེད་མཁའ་འགྲོའི་བསྐྱེད་ཆོག་རྒྱས་པ་མེད། དེའི་མཇུག་གི་དཀྱིལ་འཁོར་བའི་ལྷ་རྣམས་ཀྱི་རྩ་སྔགས་མེད། པདྨོ་ཥྣཱིཥའི་མཇུག་གི་སྤེལ་ཚིག་མེད། ཁྲུས་ཁང་བསྐྱེད་པ་དང་། གོས་ཟུང་འབུལ་བ་མེད། གང་སེར་མ་རྒྱས་པ་མི་བྱེད་པ་སོགས་ཕྱག་ལེན་ཡིན་ནོ། །མཇུག་གི་དབང་ལ་བླ་ཚེའི་འགུགས་གཞུག་ལན་གཅིག་བྱེད་པ་མ་གཏོགས་དབང་དང་བོ་ཇི་ལྟ་བ་བཞིན་བྱས་ལ། གཙོ་རྒྱལ་མའི་མཇུག་ཏུ་བླ་མ་དང་བཅོམ་ལྡན་འདས་རྒྱལ་བ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་བདག་ཕྱག་འཚལ་ཞིང་གསོལ་བ་འདེབས་སོ། །བདག་གི་ལུས་ངག་ཡིད་གསུམ་བྱིན་གྱིས་རློབས་ཤིག་ཅེས་སོགས་ལན་གསུམ་བཏོན་ཏེ་གཞུང་ལ་འཇུག  འདིའི་བདག་གི་ལུས་ངག་ཡིད་གསུམ་ཞེས་པ་སློབ་མའི་ཞེས་བསྒྱུར་མི་རིགས་ཏེ། འདི་སློབ་མས་རང་ལ་དབང་བཞི་ཞུ་བར་གསོལ་འདེབས་ཀྱི་ཚིག་ཡིན་པ་གཞུང་ན་གསལ་བས། སྤྱིར་ན་སློབ་མ་ལ་རྗེས་བཟློས་བྱེད་དུ་འཇུག་དགོས་ཀྱང་དེ་ལྟར་མ་དར་བས་རང་གིས་འདོན་ཡང་སློབ་མས་འདོན་པར་མོས་དགོས་པས་ཚིག་མ་བསྒྱུར་བར་བདག་གི་ལུས་ངག་ཡིད་གསུམ་ཞེས་བཏོན་ན་ཤིན་ཏུ་འགྲིག་གོ།  །དབང་བཞིའི་མཇུག་གི་བླ་མ་བཅོམ་ལྡན་ཚེ་དཔག་མེད་མགོན་གྱི་ཞེས་སོགས་ཚིགས་བཅད་འདི་ལན་གསུམ་བཏོན་ནས་ལན་རེ་དང་སྦྲེལ་ནས་སློབ་མ་ལ་བུམ་ཆུ་རེ་སྟེར་བ་ཕྱག་ལེན་ཡིན་ནོ། །དེ་ནས་མཎྟལ་འབུལ་བའམ་ཚོམ་བུ་གཏོར་དུ་བཅུག་པའི་མཐར་བགེགས་རིགས་སྟོང་ཕྲག༟།  ནད་རིགས་བཞི་བརྒྱ༟།  གདོན་རིགས་སུམ་བརྒྱ༟།  བྱིས་པའི་གདོན་ཆེན༟། བསླུ་མེད་དཀོན་མཆོག་གསུམ་གྱི་བྱིན་རླབས༟། རོལ་བའི་བཀྲ་ཤིས་ཤོག་ཅེས་པ་རྣམས་འདོན་ཀི་ཡོད། དེ་ནས་མཆོད་བསྟོད་སོགས་ལ། ཨོཾ་བཛྲ་ཨམྲྀ༟། ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་ཞེས་སོགས་མཆོད་པ་བྱིན་རླབས་བྱས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་པ་རི་མི་ཏ་ཨ་ཡུར་ཛྙཱ་ན་ས་པཱ་རི་ཝ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད།  འཇིག་རྟེན་འདྲེན་པའི་ཞེས་སོགས་ཀྱིས་བསྟོད། དགེ་བ་འདི་ཡིས་མྱུར་ཏུ་བདག །ཚེ་དཔག་མེད་མགོན་༟། འགོད་པར་ཤོག ཨོཾ་བཛྲ་སཏྭ་ས་མ་ཡ༟། གང་ཡང་བདག་བློ་རྨོངས༟། བླ་ན་མེད་པར་སྩོལ། མདུན་བསྐྱེད་ཀྱི་ཡེ་ཤེས་པ་རྣམས་རང་བཞིན་གྱི་གནས་སུ་༟ཧཱུཾ་གིས་མཚན་པར་གྱུར།  ཆེ་བའི་ཆོས་མཆོག་མ་སོགས་བཀྲ་ཤིས་དང་།  ཆོས་རྒྱལ་མ་སོགས་བསྔོ་སྨོན་གྱིས་རྒྱས་གདབ་པར་བྱའོ།  །གཉིས་པ་ཞར་བྱུང་གཞན་བཤད་པ་ལ། རང་རེ་རྣམས་ཀྱིས་གཙོ་རྒྱལ་མའི་ནང་གི་འཁོར་བའི་འཇིགས་པ་སེལ་བ་དང་ཞེས་པ་ནད་པ་ལ་འདོན་པའི་ཚེ་བར་ཆད་སེལ་བ་དང་ཞེས་བསྒྱུར་བ་འདི་གཞན་གྱིས་ཐོས་ན་མི་འོས་ཤིང་། འཕྱ་དམོད་ཀྱི་གནས་སུ་སོང་བར་ཡོད་དེ། རང་རེའི་བསམ་པ་ལ་འཁོར་བའི་འཇིགས་པ་ཞེས་བཏོན་ན་ནད་པ་དེ་བར་དོ་དང་ངན་སོང་གི་འཇིགས་པ་ལས་སྒྲོལ་བར་གསོལ་བ་བཏབས་པ་དང་། བར་ཆད་སེལ་བ་དང་ཞེས་བཏོན་ན་གནས་སྐབས་ཀྱི་ནད་གདོན་བར་ཆད་སེལ་བར་གསོལ་བ་བཏབས་པར་གོ་འདུག་པ་འདི་སྤྱོད་འཇུག་རྩ་འགྲེལ་ཀུན་དང་འགལ་བའི་གོ་བ་ཕྱིན་ཅི་ལོག་ཡིན་པའི་ཕྱིར། དེར་ཐལ། སྟོབས་ཆེན་འཇིགས་པ་ཀུན་སེལ་ལ། །དེ་རིང་ཉིད་ནས་སྐྱབས་སུ་མཆི་ཞེས་པ་འཇིགས་པ་ཀུན་སེལ་བར་བྱེད་པའི་སངས་རྒྱས་ལ་སྐྱབས་སུ་མཆི་ཞེས་པ་དང་། དེ་ཡི་ཐུགས་སུ་ཆུད་པའི་ཆོས་འཁོར་བའི་འཇིགས་པ་སེལ་བར་བྱེད་པའི་ཆོས་དཀོན་མཆོག་ལ་སྐྱབས་སུ་མཆི་ཞེས་པའི་དོན་དུ་འགྲོ་བའི་ཕྱིར་ཏེ། སྤྱོད་འཇུག་དར་ཊཱིཀ་ལས། རྒྱལ་བ་དེ་ཡི་ཐུགས་སུ་ཆུད་པའི་ཆོས་བསྟེན་ན་འཁོར་བའི་འཇིགས་པ་ཀུན་སེལ་བ་ཆོས་དཀོན་མཆོག་ནས་ཡང་དག་པར་སྐྱབས་སུ་མཆི་ཞེས་སོགས་ཤེས་བྱེད་མང་ངོ། །འཁོར་བའི་བར་ཆད་ཅེས་པ་བདག་མེད་རྟོགས་པའི་ཤེས་རབ་སོགས་གཉེན་པོ་ལ་བྱེད་དགོས་པས།  དེ་སེལ་བའམ་སྤོང་བར་སྨོན་མི་རིགས་པའི་ཕྱིར་ཏེ།  ལམ་རིམ་བསྡུས་དོན་ལས།  ཤེས་རབ་ཟབ་མོའི་དེ་ཉིད་ལྟ་བའི་མིག  །སྲིད་པའི་རྩ་བ་དྲུངས་ནས་འབྱིན་པའི་ལམ་ཞེས་དང་།  སྟོང་ཐུན་ལས།  འཁོར་བའི་རྩ་བ་གཅོད་བྱེད་ཀྱི་གཉེན་པོ་ནི།  བདག་མེད་རྟོགས་པའི་ཤེས་རབ་ཉིད་ཡིན་པས་ཞེས་སོགས་མང་བས་ཤེས་འདོད་ན་བདག་གིས་ལོགས་སུ་ཅུང་ཟད་རྒྱས་པར་བྲིས་ཡོད་པ་དེར་ལྟོས། དེས་འཇིགས་པ་མྱུར་ཏུ་བསལ་དུ་གསོལ་ཞེས་པའང་བསྒྱུར་མི་དགོས་པ་འདྲ། ཡང་གཙོ་རྒྱལ་མའི་ནང་གི་བདག་གི་ལུས་འདི་དབུལ་བར་བགྱི་ཞེས་དང་། སྡིག་ཅན་བདག་ལ་བསྐྱབ་ཏུ་གསོལ་ཞེས་པ་གཉིས་ནད་པ་ལ་སློབ་མའི་ལུས་འདི་ཞེས་དང་། སྡིག་ཅན་སློབ་མ་ཞེས་སོགས་དང་། ཚེ་འདས་ལ་ཚེ་འདས་ལུས་འདི་ཞེས་དང་། སྡིག་ཅན་ཚེ་འདས་ཞེས་སོགས་བསྒྱུར་བའང་མི་རིགས་ཏེ། གཙོ་རྒྱལ་མ་དབང་བསྐུར་ཡུལ་གྱི་སློབ་མ་དེས་དཀྱིལ་འཁོར་བའི་ལྷ་ཚོགས་ཉེ་བའི་སྲས་བརྒྱད་དང་བཅས་པ་ལ་སྐྱབས་སུ་འགྲོ་ཞིང་ཕྱག་འཚལ་བའི་ཚིག་ཡིན་པ་ཀུན་རིག་ཊིཀྐ་ཆེ་ཆུང་རྒྱུད་དོན་གསལ་བ་རྣམས་དང་།  གཞན་ཡང་ལྕང་སྐྱ་རིན་པོ་ཆེ་དང་།  ཁྲི་ཆེན་བསྟན་པའི་ཉི་མ་སོགས་དམ་པ་རྣམས་ཀྱི་གསུང་ན་གསལ་བས། གཙོ་རྒྱལ་མ་འདི་དབང་བསྐུར་ཡུལ་གྱི་སློབ་མ་དེས་ངག་ནས་འདོན་བཞིན་པར་མོས་དགོས་པས་དེ་ལྟར་ན་ཚིག་མ་བསྒྱུར་བར་བདག་གི་ལུས་འདི་དབུལ་བར་བགྱི་ཞེས་དང་།  སྡིག་ཅན་བདག་ལ་བསྐྱབ་ཏུ་གསོལ་ཞེས་བཏོན་ན་ཤིན་ཏུ་འགྲིག་པའི་ཕྱིར།  དེ་གཉིས་བསྒྱུར་དགོས་ན་བདག་ནི་འཇིགས་པས་རྣམ་སྐྲག་ནས། །ཀུན་ཏུ་བཟང་ལ་བདག་ཉིད་འབུལ། །འཇམ་པའི་དབྱངས་ལ་བདག་ཉིད་ཀྱིས་ཞེས་པ་རྣམས་ཀྱང་སློབ་མ་འཇིགས་པས་རྣམ་སྐྲག་ནས། །ཀུན་ཏུ་བཟང་ལ་སློབ་མ་འབུལ། །འཇམ་པའི་དབྱངས་ལ་སློབ་མ་ཡིས་ཞེས་བསྒྱུར་མི་དགོས་པའི་ཁྱད་པར་ཤེས་བྱེད་ཇི་ལྟར་ཡོད། དེས་ན་དབང་བསྐུར་ཡུལ་ཤི་གསོན་གང་ཡིན་ཀྱང་ཚིག་མ་བསྒྱུར་བ་དགོས་ཤིང་། དེ་བསྒྱུར་དགོས་ན་དབང་ཕྱི་མའི་སྐབས་སུ་དགའ་ཆེན་ཁྱོད་བདག་མའི་ནང་གི་མགོན་པོ་ཆེན་པོ་བདག་འཚལ་ལོ་ཞེས་དང་།   བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ་ཞེས་དང་།  སྐྱབས་གསུམ་དག་ནི་བདག་ལ་སྩོལ་ཞེས་དང་། མགོན་པོ་བདག་ནི་འཇུག་པར་བགྱི་ཞེས་པ་རྣམས་ཀྱང་བསྒྱུར་དགོས་པ་རིགས་པ་མཚུངས་པའི་ཕྱིར་ཏེ། དགའ་ཆེན་ཁྱོད་བདག་མ་འདི་ཡང་དབང་ཉན་དུས་སུ་བླ་མའི་ཞལ་ནས་གསུངས་པ་སློབ་མས་རྗེས་བཟློས་བྱེད་པ་རྣ་བའི་ཐོས་ཤིང་མིག་གིས་མཐོང་བ་ཡིན་པས་ཚིག་བསྒྱུར་གི་ཨེ་ཡོད་སོམས་ཤིག    དེ་མེད་ན་གཙོ་རྒྱལ་མ་འདི་འདི་ལྟར་བསྒྱུར་དགོས་པའི་རྒྱུ་མཚན་ཇི་ལྟར་ཡོད། འདིའི་སྐོར་གཞན་དུ་རྒྱས་པར་བྲིས་ཡོད། ཡང་བགེགས་གཏོར་འབུལ་བའི་ཚེ་ཡང་ཨོཾ་སརྦ་བིགྷཱན་ཞེས་སོགས་ཀྱིས་གཏོར་མ་གསུམ་གཡས་སུ་བསྐོར་ནས་འབུལ་བ་ལ་ཞི་བའི་སྦྱང་བ་ཟེར་བས། དེ་ནི་ལག་ཁ་གྱེན་དུ་བསྟན་ཏེ་མཆོད་སྦྱིན་གྱི་ཕྱག་རྒྱས་གཡས་བསྐོར་དུ་འབུལ་བ་དང་། སུམྦྷའི་སྔགས་ཀྱིས་ཏིང་ལོ་མར་མེ་ཆང་བུ་སྦྲགས་ནས་གཡོན་དུ་བསྐོར་ཏེ་བསྔོ་བ་ལ་ཞི་དྲག་ཕྱེད་མས་སྦྱང་བ་ཟེར་བས་དེ་ནི་ཁྲོ་བོའི་ཁུ་ཚུར་ཁ་ཐུར་དུ་བསྟན་ཏེ་གཡོན་བསྐོར་དུ་འབུལ་དགོས་པ་ནི་སྦྱང་བ་སོ་སོའི་མིང་གི་སྟེང་ནས་ཀྱང་ཤེས་ལ། རང་རེ་ལ་སངས་རྒྱས་དངོས་ཀྱི་བླ་མ་བཤེས་གཉེན་རྣམས་ཀྱིས་ལྷག་པའི་ལྷའི་དབང་དང་རྗེས་གནང་གི་བཀའ་དྲིན་བསྩལ་དུས་སུ་བགེགས་གཏོར་བསྔོ་ཚུལ་གྱི་ཕྱག་ལེན་འདི་ལྟར་མཛད་པ་མིག་གིས་ཡང་ཡང་མཐོང་བཞིན་དུ་རང་རེ་རྣམས་ཀྱིས་དེ་ལས་བཟློག་པ་ཞིག་བྱེད་པ་འདི་ནི་བཟང་རྟགས་ཡིན་པར་མི་བསམ་སྟེ་ལག་པའི་ཁ་ཡར་བསྟན་མར་བསྟན་ཙམ་ཞིག་ཡིན་རུང་བླ་མའི་ཕྱག་ལེན་དང་བསྟུན་པར་སྤྲོ་ཞིང་། ངག་འདོན་གྱི་ཆོ་གའི་ཚིག་འགའ་ཞིག་སྔ་མའི་གསུང་རྒྱུན་ལ་དམ་པ་རྣམས་ཀྱི་གཞུང་དང་བསྟུན་ནས་བཅོས་བསྒྱུར་ཅུང་ཟད་བྱས་པ་འདི་ལ་དབང་བོ་ཆེ་རྣམས་ནས་ཅིས་ཀྱང་བཀའ་གྱོན་པ་མི་མཛད་པར་ཞུ་ལགས།    ཚེ་དབང་འདོན་བསྒྲིག་གསར་བུ་ཀུན་ཕན་འདི།  །ཚེ་དང་ལོངས་སྤྱོད་ཕུལ་དུ་བྱུང་བ་ཡི།  །ཚེ་ལྡན་དགེ་སློང་བརྩོན་འགྲུས་གྱིས་བསྐུལ་བར།  །ཚེ་སྲོག་རྣམ་གཡེང་དབང་དུ་གྱུར་བས་བྲིས།   །ཞེས་པ་འདི་ནི་ཀོའུ་བ་བཤད་སྒྲུབ་དར་རྒྱས་གླིང་གི་རིགས་པ་སྨྲ་བའི་ཁྲོད་ན་མགྲིན་པ་གཟེངས་སུ་མཐོ་བའི་བཤེས་གཉེན་ཆེན་པོ་དགེ་སློང་འཇམ་དབྱངས་གྲགས་པས་སྐ་ཕུག་པཎྟི་ཏའི་གསུང་གི་ཆོ་གའི་སྟེང་ནས་ཚེ་དབང་བསྐུར་ཚུལ་མ་དག་རྒྱུན་འབྱམས་སུ་སོང་བ་ལ་ལུང་རིགས་དྲི་མ་མེད་པའི་ལམ་ནས་དགག་བཞག་ཅུང་ཟད་བགྱིས་ཏེ་ལེགས་པར་སྦྱར་བའོ།  །               

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།