ཀོའུ་བ་བློ་བཟང་བཤད་སྒྲུབ་རྒྱ་མཚོ་དཔལ་བཟང་བོའི་རྣམ་ཐར་ས་བོན།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2021-12-01 11:59:27         ཀློག་ཐེངས།  

༄༅།།བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་བཀའ་དྲིན་དང་ཐུགས་རྗེ་མཚུངས་པ་མེད་པ་དེ་ཉིད་ཀྱི་རྣམ་ཐར་རིན་པོ་ཆེའི་ས་བོན་ལགས།།



ན་མོ་གུ་རུ། དུས་གསུམ་རྒྱལ་བ་མ་ལུས་པའི་སྒྲིབ་བྲལ་ཡེ་ཤེས་མཆོག་གི་རང་གཟུགས།  བདག་ཅག་གི་འདྲེན་མཆོག་དམ་པ་བཀའ་དྲིན་དང་ཐུགས་རྗེ་མཚུངས་པ་མེད་པ་རྗེ་བླ་མ་མཚན་བརྗོད་པར་དཀའ་བ། དོན་གྱི་སླད་དུ་མཚན་ནས་སྨོས་ན་ཁྱབ་བདག་རྡོ་རྗེ་འཆང་ཆེན་ པོ་༧རྗེ་བཙུན་བློ་བཟང་བཤད་སྒྲུབ་རྒྱ་མཚོ་དཔལ་བཟང་བོའི་ཞལ་སྔ་ནས་ཀྱི་རྨད་དུ་བྱུང་བའི་ ལེགས་མཛད་རྒྱ་མཚོ་ལྟ་བུ་ལས། རང་གི་མཐོང་ཐོས་ཀྱི་ཡུལ་དུ་གྱུར་བ་འགའ་ཙམ་ཞིག་རྣམ་ ཐར་རིན་པོ་ཆེའི་ས་བོན་ལྟ་བུར་མི་བརྗེད་པའི་རྟེན་ཐོར་འབྲི་བ་ལ། དེ་ཡང་རང་ཉིད་ཆུང་ངུའི་དུས་ནས་ཞབས་དྲུང་དུ་ཉེ་བར་བཅར་ཏེ། དྲུང་ཡིག་ལྟ་བུའི་ཞབས་ཕྱི་ཞུ་ཁུལ་གྱི་སྐལ་བ་བཟང་བོར་ལོངས་སྤྱོད་དུས་སུ་རང་གིས་མཐོང་བའི་སྐོར་དང་། གསུང་གླེང་གི་ཞོར་ལ་ཞལ་ནས་ཐོས་པ་དང་སྐུ་ན་ཕྲ་དུས་ཀྱི་དྲུང་འཁོད་ཞབས་ཕྱིའི་རིགས་དང་། གཞན་ངེས་མེད་ཀྱི་སྐྱ་སེར་སྐུ་ན་གཞོན་དུས་ཀྱི་མཛད་སྤྱོད་ལ་ཆ་རྒྱུས་ཅན་རྣམས་ལས་ཐོས་པའི་སྐོར་དང་། བཀའ་ཆོས་གསན་ཚུལ་གྱི་སྐོར་སོགས་སྐབས་སྐབས་སུ་ཁོང་རང་ཉིད་ཀྱི་གསན་ཐོ་ལྟར་བྲིས་པའི་སྐོར་རྣམས་ཕྱོགས་བསྒྲིགས་བྱས་ནས་འབྲི་བ་ལ། བདག་ཉིད་ཆེན་པོ་འདི་འཁྲུངས་པའི་ཡུལ་ནི། སྔོན་འགྲོ་མགོན་ཆོས་རྒྱ་མཚོ་སོགས་འཁྲུངས་པའི་གནས། སྤྲུལ་བའི་རྒྱལ་བོ་མངའ་བདག་ཁྲི་རལ་བ་ཅན་གྱིས་བྱིན་གྱིས་རླབས་པའི་ས་དེ་ཀ་ལ། ཆོས་རྒྱལ་དེའི་མཚན་ཟུར་ཆགས་ནས་ཁྲི་ཀ་ཞེས་འབོད་པའི་འབྲོག་ཕྱོགས་ཀྱི་སའི་ཆ། ཡུལ་བྱང་ཕྱོགས་ཀྱི་མིད་ལ་གཉིས་པ་རོང་བོ་ཆོས་པ་ཡབ་སྲས་ཀྱིས་བྱིན་གྱིས་བརླབ་པའི་གནས་ཆེན། གཉན་ཆེན་པོ་སེ་གུ་བྱ་ཁྱུང་གི་རྫ་རྒྱུད་དང་ཤིན་ཏུ་ཉེ་བ་ཡུལ་སྐྱོང་ཆེན་པོ་རྫ་དམར་གྱི་མདུན་ངོས་ས་གཞི་ཉམས་སྤྲོ་ཞིང་བག་ཕེབ་པའི་ས་ཞིག་ལ། རྟ་རྒྱུག་ཐང་།  རྟེའུ་ཐང་། རྒོད་མའི་ཐང་བྱ་བའི་ཐང་གསུམ་གཤིབ་ནས་ཡོད་པའི་ནང་ཚན་རྟ་རྒྱུག་ཆུ་འགོའི་སྔས་བྱ་བ་ཡིན། རིགས་རུས་ནི་རང་གི་ལྷ་འབངས་ཧོར་མོ་ཁའི་རུས་སུ་གཏོགས་པ་ཡིན་ལ། ཧོར་མོའི་རུས་ནི་ཕྱོགས་འདིར་འཁྲུངས་པའི་དམ་པ་ཞིག་གི་རྣམ་ཐར་ལས་འབྱུང་བ་ལྟར་བཀོད་ན། སྤྱིར་སྤྲེའུ་བྱང་ཆུབ་སེམས་དཔའི་གདུང་རྒྱུད། བསེ། རྨུ། ལྡོང་། སྟོང་ཞེས་རུས་ཚན་བཞིར་གྱེ་བའི་ཡ་གྱལ། དགའ་ལྡོང་འབྲི་གསུམ་གྱི་ནང་ནས་ལྡོང་དེ་ལ་སེར་རྨུག་ཁྲ་གསུམ་ཡོད་པའི་ལྡོང་རྨུག་དེ་ལ་ཤུལ་ཆེན་བཅོ་བརྒྱད་དང་། ཚ་རིགས་བཅོ་བརྒྱད་ཡོད་པའི་ནང་ནས་གཡི་ཚ། དེའི་མི་བརྒྱུད་མང་དུ་འཕེལ་བ་ལས།མངའ་བདག་ཁྲི་རལ་གྱི་དུས་སུ་རྒྱ་བོད་གཉིས་གཡུལ་འཐབ་པའི་ཚེ་ཁྲི་དམག་གི་དཔོན་དུ་བསྐོས་ཤིང་། དམ་ཅན་དང་རྒྱ་ཆེན་བསེ་ཁྲབ་ཅན་གཉིས་མངོན་སུམ་དུ་འཁོར་བ། དགྲ་སྡེ་རྨེག་མེད་དུ་བཅོམ་པའི་དཔའ་རྩལ་གཞན་དང་མི་འདྲ་བ་ལ་གཡི་ཚ་དམག་དཔོན་བུ་བརྒྱད་དུ་གྲགས་པ། ཁྲི་ཀ་ཕྱོགས་སུ་གནས་གཞི་ཆགས་པ་ལས་རིམ་གྱི་བྰ་ཡན་ཕྱོགས་སུ་ཕ་ཚན་གསུམ་དུ་གྱེས་པ་ལ་གཡི་ཚ་ཁ་གསུམ་དུ་གྲགས། དེའི་ནང་ནས་བུ་བརྒྱུད་འགའ་ཞིག་མཆེད་པའི་ཚེ། འགག་ཚ་དང་གཡི་ཚ་ནང་མ་འཆམ་པར་བརྟེན་ནས་རྒྱ་ནག་རྒྱལ་པོའི་བཀའ་ཁྲིམས་ཀྱི་དབང་གིས་དེ་ཕྱོགས་སུ་སྡོད་མ་བདེ་བར་སྟོང་རི་ལྷ་མཚོ་སོགས་བརྒྱུད་དེ་ལྷོ་རྒྱུད་ན་ལེན་དྲ་གཉིས་པ་དཔལ་ལྡན་བཀྲ་ཤིས་འཁྱིལ་གྱི་ཤར་ངོས་རི་ཏེའུ་མནྡལ་གྱི་ཉེ་འདབ་ཞིག་ཏུ་བསྡད་པའི་ས་དེ་ལ་བུ་ཆེ་བའི་མིང་ལས་གྲས་ཏེ་ཀླུ་རྒྱག་ཤར་དུ་ཐོགས། སྨན་རོང་མོའི་བུ་གསུམ་དུ་གྲགས་པའི་ཆེ་བའི་མིང་ལ་ཨ་མེ་ཀླུ་རྒྱག་འབྲིང་བོ་ཁྲོ་རྒྱལ། ཐ་ཆུང་ལྷ་འབུམ་གསུམ་ལས་ཆེ་བ་ཀླུ་རྒྱག་སྔར་གྱི་གནས་གཞི་དེ་ལས་ཡུན་རིང་མ་བསྡད་པར་ཙ་ཡུ་ལ་སོང་། འབྲིང་བོ་ཁྲོ་རྒྱལ་གྱིས་ཁ་གྱ་ནས་གཞི་བཟུང་། ཆུང་བ་ལྷ་འབུམ་གྱིས་གཙོས་ནས་ས་བཟུང་བས། དེ་ཕྱིན་ཆད་ཀྱི་དཔོན་བརྒྱུད་ལ་ལྷ་འབུམ་བུ་བརྒྱུད་དུ་གྲགས་པ་དེ་ལས་གཙོས་པདྨ་སྐྱབས་བྱ་བ་མི་བརྒྱུད་དང་འབྱོར་བའི་དཔལ་དང་ལྡན་པ་ཞིག་རྐྱེན་དུ་མའི་དབང་གིས་ཧོར་མོའི་ཕྱོགས་འདིར་འོང་ནས་གཞི་བཟུང། དེ་ལ་རིགས་ཀྱི་བརྒྱུད་འཛིན་གསུམ་བྱུང་བ་ཁྱིམ་སོ་སོར་གྱེ་བ་ལ་ཧོར་མོ་ཁ་གསུམ་དུ་གྲགས་པ་དེ་རྣམས་ལ་བུ་དང་ཚ་བོ་མང་དུ་འཕེལ་བ་རྣམས་སྒང་སྟོད་སྨད་དུ་ཆགས་པ་མི་ཁྱིམ་སྟོང་ལྷག་ཡོད་པ་རྗེ་འདིའི་ལྷ་འབངས་ཡིན་ལ། ཧོར་མོ་ཁའི་ནང་ཚན་ཞོ་མཛངས་ལྷ་འབྲུག་བྱ་བ་ཁྲི་ཀར་སོང་ནས་གཞི་བཟུང་བ་ལ། བུ་ཆེ་བ་པདྨ་རྒྱལ་འབྲིང་བན་མགུར། ཆུང་བ་ནུའུ་བྱིས་ཟེར་བ་གསུམ་བྱུང་བའི་ཆུང་བ་དེ་རྗེ་འདིའི་ཡབ་ཡིན། ཆུང་དུས་ནས་ཡུལ་སྡེ་ཆེན་པོ་རྐང་ཚར་འབྲོག་ཁྱིམ་བཟུང་ནས་བསྡད་ཅིང་། རང་བཞིན་ཤིན་ཏུ་དྲངས་ལ་བསོད་ནམས་ཀྱི་དཔལ་རྣམ་པར་རྒྱས་པ་ཞིག་ཡིན། ཡུམ་ནི་ཐ་རེ་བྱ་བ་ཡུལ་སྡེ་རྐང་ཚའི་རིགས་ལས་བུད་མེད་རང་བཞིན་པ་དང་གཏན་མི་མཚུངས་པར་གཡོ་སྒྱུ་ཆུང་ཞིང་ཤེས་རྒྱུད་བཟང་བ། དམན་པ་རྣམས་ལ་ཤིན་ཏུ་བརྩེ་བ་ཞིག་ཡིན་པར་ཀུན་ལ་གྲགས། ཡབ་ཡུམ་དེ་གཉིས་ཀྱི་སྲས་སུ་སྔར་བཤད་པའི་རྐང་ཚའི་རྟ་རྒྱུག་ཆུ་མགོའི་སྔས་བྱ་བར། རབ་བྱུང་བཅོ་ལྔ་བའི་ཁྲོ་མོ་ཞེས་པ་ཤིང་ཕོ་འབྲུག་གི་ལོའི་ཟླ་བ་བཅུ་གཉིས་པའི་མར་ངོའི་བཅུ་བཞིའི་སྲོལ་གྱི་དུས་སུ་སྐུ་བལྟམས་མ་ཐག་ཏུ་ཐལ་སྐད་ཅིག་བཏང་བ་རང་ཡུལ་གྱི་མི་རྣམས་ལ་གྲགས་པ་ཆེར་མ་བྱུང་ཡང་།ལྕང་ལུང་ཁྲི་རྒན་རིན་པོ་ཆེས་རྗེ་ཨ་རོལ་ཚང་ལ། ཀོའུ་བ་ཚང་འདི་འཁྲུངས་དུས་སུ་ཀི་ཞིག་བཏབ་ཅེས་པ་གྲོང་བ་གླེན་པའི་རིགས་ལ་གྲགས་འདུག་ཀྱང་། ད་སྐབས་དཔྱད་ན་ཐལ་སྐད་ཡིན་པར་འདུག་གསུངས། ཡུམ་གྱི་ལྷུམས་སུ་ཞུགས་པ་ནས་བཟུང་ལྟས་མངོན་མཚན་ཅན་འགའ་བྱུང་བ་ལ་བརྟེན་ནས། ཡུལ་མི་རང་བཞིན་དྲང་བོ་ཞིག་གིས་ཡུམ་ལ་ཁྱེད་ཀྱི་ཁོག་གི་འདི་སྤྲུལ་སྐུ་ཞིག་ཡིན་ཚོད་འདུག་པས། ངས་ད་ལྟ་ནས་ཁ་དག་འཐེན་ཅེས་ཁ་དར་ཞིག་བཏང་། འགའ་རེ་ཞིག་གིས་ཡབ་ལ་ཁྱེད་ཀྱི་ཁྱིམ་དུ་ནམ་མཁའ་ནས་མེ་ཕུང་ཞིག་ལྷུང་བ་མཐོང་ཟེར་བ་དང་། ཡུམ་གྱི་རྨི་ལམ་དུ་ཆུ་ལེན་ཀི་སོང་བའི་ལམ་ཁར་སྔགས་པ་ཤ་རྩ་རྨུག་ལ་འཇིགས་སུ་རུང་བ་ཞིག་གིས་བླ་མ་ཆེན་པོ་ཞིག་གི་ཆིབ་ཁས་ཁྲིད་འོང་སྟེ་གནས་ཚང་གཡོར་ཟེར་ནས་ཁྱིམ་དུ་ཕེབ་པ་རྨིས། སྐུ་གོང་མ་འདས་རྗེས་སུ་སྒར་གྲོང་ནས་སྐུ་ཕྱོགས་ཞྭ་དམར་རིན་པོ་ཆེ་ལ་སྤྲུལ་སྐུ་འཁྲུལ་མེད་སྒར་གྲོང་ལ་ཕན་ཐོགས་ཅན་ཞིག་དགོས་ཞེས་ནན་གྱིས་ཞུས་པར། སྤྲུལ་སྐུ་ཅི་འདྲ་ཞིག་དགོས་པ་དེ་ལྟར་དུ་ཀོའུ་བའི་མགོན་ཁང་གཉན་པོ་མར་གསོལ་འདེབས་འཕྲིན་བཅོལ་བྱས་ལ་དེས་འོང་གསུངས་པ་དང་། ཡུམ་གྱི་རྨི་ལམ་འདི་གཉིས་ཀྱི་དོན་གྱི་འགང་འདྲ་སྙམ། ཡང་ནུབ་གཅིག་ཡུམ་གྱི་རྨི་ལམ་དུ་མི་ནག་པོ་ཞིག་གིས་ཏེམ་ཞིག་ཁྱེར་ཡོང་ནས་ཀོའུ་བ་ཚང་གི་གསོལ་དེམ་ཡིན། ཁྱོད་ཀྱིས་བདག་པོ་བྱས་ཟེར་བ་ཞིག་ཀྱང་རྨིས། འཁྲུངས་པའི་དགུང་མོ་དེར་ཡབ་ཁྱིམ་གཞན་ཞིག་ན་ཡོད་སྐབས་ཞང་བོ་རྒན་པོ་ཚེ་བྱམས་རྒྱལ་ཟེར་བ་སྒོར་བུད་པ་ན། ཡབ་ཡུམ་གྱི་ཁྱིམ་འཇའ་འོད་ཀྱིས་གཡོགས་འདུག་པ་མཐོང་བས་ཅི་ཡིན་མ་ངེས་པར་སྐྲག་ནས། ཡབ་ལ་ཁྱེད་གསར་བུ་ཚོ་ལ་བྱ་བྱེད་མང་བས། དེ་རིང་བོད་ལོའི་ཉི་ཤུ་དགུ་ལ་འདི་འདྲའི་ལྟས་ཞིག་བྱུང་བ་ཅི་འདྲ་འདྲ་ཨང་ཟེར། འདི་སྲོལ་དུས་ཀྱི་སྨག་འཐུག་པོའི་སྐབས་ཡིན་ཀྱང་སྒྲོན་མེ་འདེགས་མ་དགོས། དེར་ཨ་མཆོད་རྩིས་པ་དགའ་རབ་ཅིག་ཡོད་པས་མོ་རྩིས་བྱས་པར། མོ་དཔྱད་ལ་འདི་བླ་མ་ཡིན་ན་དགོན་སྡེའི་འགའི་བདག་པོ་དང་། མི་སྐྱ་བྱས་ན་འབངས་ཀྱི་བདག་པོ་ཟེར་བ་ཞིག་བབས་འདུག་པས། གང་ལྟར་ཡང་བསོད་ནམས་ཅན་ཞིག་རེད་ཟེར་མིང་ལ་གཡང་འབུམ་རྒྱལ་བཏགས། འཁྲུངས་པའི་ཕྱི་ཉིན་ནང་དུས་ཡབ་ཀྱིས་ཞའི་ནང་དུ་བཞག་ནས་བལྟས་པས་སྤྱན་ནམ་མཁར་བགྲད་ནས་འདུག། ཉིན་འགའི་རྗེས་སུ་སྐུ་ཁམས་ཅུང་ཟད་མ་སྙོམ་པར་ཡབ་སྐུ་ཕྱོགས་ཨ་རིག་རིན་པོ་ཆེའི་མདུན་དུ་ཞུར་སོང་ནས་ལྟས་འདི་འདྲ་བྱུང་ཚུལ་སོགས་ཞིབ་ཏུ་ཞུས་པར། ཉིད་ནས་བརྟག་པ་གནང་སྟེ་བྱིས་པའི་དོན་དུ་རིམ་གྲོའི་སྐོར་གྱི་ཕྱག་ཡིག་དང་སྲུང་མདུད་སེར་བོ་བཅས་གནང་ནས་གཙང་སྦྲ་གལ་ཆེ་ཚུལ་དང་། ལྟས་དེ་འདྲ་བྱུང་ཚུལ་བར་སྐབས་སུ་གཞན་ལ་གསང་དམ་པོ་བྱས་ན། འཇིག་རྟེན་ཁ་དཔེ་ལ་གསེར་ས་ན་ཡོད་ན་འོད་གནམ་ལ་ཕོག་ཟེར་བ་ལྟར་ཁྱད་ཆོས་རིམ་གྱིས་གསལ་ཡོང་། མིང་སྔ་མ་དེ་སྤོར་ལ་ཚེ་དཔག་སྐྱབས་ཐོགས་གསུངས་ཚེ་དཔག་སྐྱབས་ཞེས་ལན་འགའ་ཡར་གསུངས་ཏེ། ཁྱོད་ཀྱིས་སངས་རྒྱས་ཚེ་དཔག་མེད་ཡིད་ལ་ཆོངས་དང་དེས་མི་བརྗེད་གསུངས། དེ་ནས་ཡུལ་དུ་འོང་ནས་ཞབས་རིམ་རྣམས་སྒྲུབ་འཕྲལ་དྭངས། འདི་སྐབས་རིང་བོ་མ་ལོན་པར་ཧོར་མོའི་དམག་ཆེན་བློན་ཆས་ཀྱི་སྟེང་དུ་སོང་སྟེ་མི་ཟོག་མང་བོ་ཆུད་ཟོས་པར་བརྟེན། ཡབ་ཀྱང་ཐེ་གཏོགས་ཀྱི་དབང་གིས་དེ་ཕྱོགས་སུ་སྡོད་མ་ནུས་པར། ཁོང་ལྕམ་སྲང་གཉིས་ཁྱེར་ནས་ཡབ་ཡུམ་གཉིས་ཀ་དམག་དང་ལྷན་དུ་རོང་ཧོར་མོའི་ཕྱོགས་སུ་ཕེབ་པར་ཡུལ་ལྷའི་རྒྱལ་བོ་སྲིན་པོའི་རྫ་རི་མགུལ་དུ་བྱོན་སྐབས་འཇའ་སྣ་ཚོགས་པ་ཤར་ཞིང་། རིའི་ཁོང་གསེང་ལྟ་བུ་ནས་འབྲུག་སྒྲ་ལྡིར་བ་འདྲ་བའི་སྒྲ་གྲག་པ་ཀུན་གྱིས་མཐོང་ཞིང་ཐོས། དེ་དུས་སྤྲུལ་སྐུའི་དོགས་པ་མང་མང་ལ་མེད་སྟབས་མི་མང་གིས་སྲིན་པོ་དམག་ལ་དགའ་བའི་རྟགས་སུ་བསམ་འདུག་ཀྱང་། རྗེས་སོར་ཀུན་གྱིས་རྗེ་འདི་ལ་ལྷ་ཆེན་དགྱེས་པའི་མཚན་མ་ཁོ་ནར་གོ། དེ་ནས་ཕྱོགས་ཡས་མས་སུ་ངེས་མེད་བྱས་ནས་བཞུགས་སྟབས། སྐབས་ཞིག་ཁྲི་ཀའི་རྟགས་རིགས་ན་ཡོད་དུས་གྲ་བ་གཉིས་དགོན་འདི་ནས་ཡོང་བ་སླར་སོང་ཤུལ་དུ་བོར་སོང་བ་བཙལ་བ་ན་གྲ་བ་གཉིས་ཀྱི་རྗེས་དེད་ནས་ང་ཡང་དགོན་ལ་འགྲོ་རྒྱུ་ཡིན་སོགས་ལབ་མོ་མང་བོ་ཞིག་གནང་ཀྱིན་ཕེབ་པའི་རྗེས་ཟིན་ཚུལ་དང་། བྱིས་པ་རྩེ་བའི་ཁྲོད་དུའང་སྟེགས་མཐོན་པོར་བཞུགས་ནས་གཞན་རྣམས་མཐའ་སྐོར་དུ་སྡོད་བཅུག་སྟེ། ང་བླ་མ་ཡིན་ཞེས་ཆོས་འཆད་པའི་ཚུལ་དང་། རེ་འགར་རྡོ་མང་བོ་གྲལ་བསྒྲིགས་ཏེ་ཆེ་བ་རྣམས་དཀྱིལ་དང་གོང་དུ་བཞག་ཆུང་བ་རྣམས་གྲལ་མཐར་བཞག་སྟེ་ཕྱག་འཚལ་བ་དང་། ས་ཆུ་སོགས་མང་ཇའི་ཚུལ་དུ་འདྲེན་པའི་སྟངས་ཀ་བྱས། སྐབས་ཞིག་ཏུ་རྡོ་ལེབ་ལྟ་བུ་ཞིག་གི་ངོས་ལ་རི་མོ་འདྲ་བ་འདྲི་བར་མཛད་པ་ལ། འགའ་རེས་ཅི་ཡིན་དྲིས་པས་བྱ་རྒྱུད་སྒྲོལ་མ་ཡིན་གསུངས། ཁྱེད་ཀྱིས་དེ་ཇི་ལྟར་ཤེས་ཞུས་པས་གོ་མི་གོ་འགའ་གསུང་ཀིན་འདུག  དགུང་གྲངས་བཞི་བའི་སྟེང་སོགས་ནས་ང་ཀོའུ་བ་ཡིན་ཞེས་པའི་གསུང་སུ་ཡིན་ཡིན་ལ་གནང་ཀིན་འདུག་པར་བརྟེན་ནས་སྔར་གྱི་མཛད་སྤྱོད་ཀྱི་རིགས་ལའང་དཔག་སྟེ་ཐམས་ཅད་ཐེ་ཚོམ་གྱི་རང་བཞིན་དུ་གྱུར། སྐབས་སྐབས་སུ་སྐུ་བསྙུན་རེ་བཞེས་རེས་ཀྱིས་ཐག་ཉེའི་བླ་མ་ཞིག་གིས་མགོན་ཁང་གཉན་པོར་ཁྲུས་གསོལ་དང་། གཏོར་བསྔོས་ཀྱི་ཞབས་རིམ་གྱི་གསུང་བཀོད་གནང་ཞིང་། རང་དགོན་དུ་བཞུགས་སྐབས་ཞིག་ཏུ་མགོན་ཁང་གཉན་པོའི་སྐུ་རིམ་པ་ཞིག་གཏོར་མ་ཁ་གསོས་བྱེད་ཀིན་ཡོད་སྐབས་སྒྲ་ཞིག་ཐོས་པས་། འདིར་སུ་གང་ཡང་མི་ཆུད་པ་ལ་ཅི་ཡིན་སྙམ་ནས་བལྟས་པས། ཀོག་ཀིན་ཕེབ་སྟེ་མགོན་ཁང་ཕུ་མའི་མ་ཐེམ་ལ་བཞུགས་ནས། ཀ་ཞེས་ཞལ་ཐང་གཙོ་བོ་ལ་ཕྱག་འཛུབ་སྟོན་པར་མཛད་པས་སྐུ་རིམ་པ་དེ་སྐྲག་ཟེར། སྐུ་གོང་མའི་དབོན་པོ་ཚེ་འབའ་དང་རྒན་ཚོགས་འདུ་གྲོས་མཐུན་གྱིས་བསྟན་འགྲོའི་དཔུང་གཉེན་ཡོངས་འཛིན་ཆོས་ཀྱི་རྒྱལ་པོ་ཞྭ་དམར་རྡོ་རྗེ་འཆང་ལ་སྤྲུལ་སྐུའི་དོན་སྐོར་ཞུས་པར། ཞལ་ནས། དབོན་པོ་ཚེ་འབའ་འདི་ལས་འགྲུབ་ཅིག་ཡིན་གཤིས། སྤྲུལ་སྐུ་ཕྱོགས་ཕྱོགས་སུ་བཙལ་མི་དགོས་པར་སྒོ་ལམ་དུ་ཚུར་ང་ཡིན་ཞེས་ཡོང་མཁན་ཞིག་ཡོད་འགྲོ་མོད་གསུངས་ཏེ། མགོན་པོའི་སྐུ་རྒྱ་ནག་མ་ཁྱད་མཚར་ཞིག་སྐར་མ་ཐང་གི་མགོན་ཁང་དུ་གནང་། རྗེས་སོར་འོས་ཐོ་བསྒྲིགས་ནས་ཐུགས་ཐག་གཅོད་པ་ལ་ཉེ་བའི་སྐབས་ཤིག་ཏུ་སྔོན་དུས་འཁྲུགས་ཀྱི་སྐབས་སྐུ་གསུང་ཐུགས་རྟེན་གྱི་སྐོར་ཁྲ་ཚང་བྲག་ཏུ་ཞུས་སྐབས་ཁྲི་ཆེན་རྒྱ་ནག་པའམ་སྐྲ་ནག་པའི་ཐུགས་དམ་གྱི་རྟེན་བྱམས་མགོན་གྱི་སྐུ་ཞིག་ཡོད་པའི་དབུའི་བྱང་ཆུབ་མཆོད་རྟེན་བོར་སོང་བ་མང་པོས་བཙལ་ཀྱང་མ་རྙེད་པར་ལོ་འགའ་སོང་ཡང་། དགོན་པའི་ཉེ་ལོགས་ཞིག་ནས་མ་ཡུམ་གྱིས་རྙེད་པ་སླར་དབུ་གཙུག་ཏུ་འབུལ་བར་བྱས་པ་ནི་རྟེན་འབྲེལ་ལེགས་པོ་དེ་དུས་ནས་བྱུང་བར་སྙམ། སྐབས་ཤིག་ཏུ་སྐུ་བསྙུང་བཞེས་པ་རིམ་གྲོས་མ་ཕན། བོད་ལོའི་ཉི་ཤུའི་གཏོར་ཆེན་བྱིན་རླབས་ཅན་གྲོལ་ཏེ་ཉེར་དགུའི་ཕྱི་དྲོ་ཞལ་ཐང་མཐུ་བྱིན་གྱི་གཟི་འོད་འབར་ཞིང་བཀའ་ཤིན་ཏུ་གཉན་པོ་དེ་ཉིད་སྒྲུབ་ཁང་ནས་སླར་མགོན་ཁང་དུ་ཞུས་སྐབས། ཞལ་ཐང་དབུར་བཞག་པ་དང་མཉམ་དུ་སྐྱུག་ནས་བདེ་བར་སོང་བ་ནི་ཕ་རོལ་བསམ་སྦྱོར་ངན་པས་བྱེད་པར་མངོན་ཡང་། དམ་པའི་སྐྱེས་བུ་ལ་མྱུར་མཛད་ཐུགས་རྗེ་ཅན་དེས་སྲུང་སྐྱོབ་མཛད་པར་ངེས།

དགུང་གྲངས་ལྔ་ལོན་པ་ས་སྤྲེལ་གྱི་ཟླ་བ་དང་བོའི་ཚེས་བཅུ་གསུམ་ལ་སྐྱབས་རྗེ་ཞྭ་དམར་རིན་པོ་ཆེས་སྤྲུལ་སྐུར་ཐུགས་ཐག་བཅད། འདི་དུས་ཁོང་ཡབ་ཡུམ་ལྕམ་སྲིང་བཅས་རི་ངན་ན་ བཞུགས་སྐབས་དང་དུས་ཐུག་པས། ཧོར་མོ་དང་རི་ངན་མི་འགྲིག་སྟབས་སྐུ་ཕྱོགས་ཨ་རིག་རིན་ པོ་ཆེས་ཁྲི་ཀའི་རྟགས་རིགས་ན་ཡོད་པའི་རྗེ་འདིའི་ཡབ་ཀྱི་ཚ་བོ་རྣམས་བསུ་མར་མངགས་པ་ མཚན་རྒྱབ་ནས་སོང་། དགུང་མོ་དེར་ཁོང་གིས་ཡབ་ཡུམ་གཉིས་གཉིད་དུ་ཡེ་མ་བཅུག་པར་ འགྲུལ་བ་འོང་གསུང་ཀིན་འདུག ནམ་གོང་ཞིག་ལ་མི་རྟ་མང་བོའི་འུར་སྒྲ་ཉེ་འཁོར་དུ་ཐོན་ བྱུང་བས་ཐམས་ཅད་རྟབ་རྟབ་པོར་གྱུར་ཀྱང་། རྗེ་འདིས། ཡབ་ཀྱི་ཚ་བོ་ཨ་ཁུ་དགེ་སློང་ཆོས་  འཕེལ་གྱི་མི་སྐྱ་ཆེ་བའི་མིང་ནས་བཟུང་སྟེ་བོས་བས་ཁྱིམ་གྱི་ཕྱི་ནང་ན་ཡོད་པའི་མི་ཐམས་ཅད་ཡ་མཚན་པ་བྱུང་། དེ་ནས་འགག་ཟར་ཕེབ། ཁ་དར་དང་སྟོན་མོས་སྤྲོས་པ་བདག་གིར་བཞེས། འགག་ཟའི་གཟིམ་ཁང་དུ་བཞུགས་སྐབས་ཤིག་ཏུ་ཡུམ་འདས་སོང་བ་ལ་ཡབ་ཚང་ནས་འབྱོར་ འཁོས་དང་བསྟུན་པའི་དགེ་རྩ་མི་ཉུང་ཙམ་བྱས།

དགུང་གྲངས་དྲུག་པ་ལ་གོང་མ་འགྲོ་མགོན་ཆོས་ཀྱི་རྒྱ་མཚོའི་མི་འཇིགས་སེངྒེས་བཏེགས་པའི་ཆོས་ཀྱི་ཁྲི་འཕང་མཐོན་པོ་གང་གི་ཞབས་སེན་རིན་པོ་ཆེ་དབང་གི་རྒྱལ་བོས་མཆོག་ཏུ་ མཛེས་པར་བྱས། ལམ་བར་དུ་ཧོར་མོའི་སྒར་གྲོང་སོ་སོའི་རྟ་ཐབ་ཀྱི་བསུ་བ་ཕོན་ཆེ་བ་དང་། དགེ་ཚུལ་སློང་ངུར་སྨིག་གི་རྒྱལ་མཚན་འཆང་བ་མང་བོས་བསུས་ཏེ། འགྲོ་འདྲེན་དམ་པ་སྤྱིའི་ ལུགས་སྲོལ་ལྟར་ཁྲི་སྟོན་གྱི་སྤྲོས་པ་སོགས་རྒྱ་ཆེར་ཕུལ། ལོ་འདིར་སྐྱབས་རྗེ་ཞྭ་དམར་རིན་པོ་ཆེ་ བཀའ་སློབ་ཀུན་སྤང་རི་ཁྲོད་པ་མང་བོ་དང་བཅས་པར་རང་དགོན་འདིར་དབྱར་ཆོས་ཀྱི་བསྙེན་བཀུར་ཞུས་ཤིང་། དམ་པ་དེ་ཉིད་ནས་བཀའ་ཆོས་མང་བོ་གསུངས་པ་དང་། བཀའ་སློབ་རྣམས་ དང་བཅས་པས་འཇམ་མགོན་བླ་མའི་ལེགས་བཤད་མི་འཇིགས་སེངྒེའི་ང་རོའི་རྒྱུད་དུ་དྲངས་པ་ནི། བདག་ཉིད་ཆེན་པོ་འདི་གདན་སར་ཆོས་ཀྱི་ཁྲི་ལ་བཞུགས་པའི་བྱ་བཞག་གི་ཐོག་མ་ཡིན།   སྐྱབས་རྗེ་ཞྭ་དམར་བ་དང་ཐོག་མར་མཇལ་སྐབས་རྗེ་འདིས་བྱིས་པའི་ཚུལ་གྱིས་ཕར་མཇལ་ཁ་ བཞག་པར་ཁོང་ཐུགས་ཤིན་ཏུ་དགྱེས་ཏེ། དངུལ་གྱི་ཆོས་འཁོར་ཞིག་གནང་སྟེ་རྟེན་འབྲེལ་ཤིན་ ཏུ་འགྲིགས་གསུངས། གཏེར་ལུང་ཀུན་སྤངས་ཆེན་པོ་རྗེ་དགེ་འདུན་ཀློག་གི་སློབ་དཔོན་དུ་ བསྟེན། སྦྱར་ཀློག་ཕྲལ་ཀློག་བསླབ་པས་འུད་ཀྱིས་སྒྲོ་བཏགས་པ་ཙམ་མ་ཡིན་པར་ངེས་པར་དུ་ དཀའ་ཚག་ལ་མ་ལྟོས་པར། སྐྱེ་གནས་སོ་སོ་ནས་ཡི་གེ་རང་རང་བཀླགས་ཚུལ་ཚུན་ཆད་ཞིག་ཏུ་ མཁྱེན་ཅིང།  སྨྲ་བརྗོད་གཙང་ཞིང་ཀློག་ལ་བྱང་བས་ཀུན་ཡ་མཚན་པ་བྱུང་།

དགུང་གྲངས་བདུན་ལོན་པ་རབ་ཚེས་ཆུ་ཁྱིའི་ལོར་སྐར་མ་ཐང་དུ་མཉམ་མེད་ཐུབ་པ་མཆོག་གི་གདུང་འཚོབ་ཞྭ་མར་རིན་པོ་ཆེ་དགེ་འདུན་བསྟན་འཛིན་རྒྱ་མཚོ་དཔལ་བཟང་བོའི་ དྲུང་ནས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་མཚན་ལ་བློ་བཟང་བཤད་སྒྲུབ་རྒྱ་མཚོར་གསོལ། ཞལ་ནས། དབོན་པོ་ཚེ་འབའ་དང་རྒན་པ་རྣམས་ལ་གདན་ས་འདི་སྔོན་ནས་བླ་དཔོན་ གཉིས་ཀྱི་གོ་ས་ཡིན་སྟབས་ཁྱེད་རྣམས་ཀྱིས་སྤྲུལ་སྐུའི་ཁ་བློ་འཇིག་རྟེན་དུ་མི་བསྒྱུར་བ་གལ་ཆེ་ བའི་གཙོ་བོ་ཡིན། ངས་འདི་ལ་བསྟན་འཛིན་གྱི་སྐྱེས་བུ་ཟླ་མེད་པ་ཞིག་ཡོང་མོད་བསམ་ཡོད། ཅུང་ནར་སོན་ཚེ་སློབ་གཉེར་དྷིས་ཚ་ནས་གནང་དགོས་ཚུལ་དང་། ཤིན་ཏུ་གཅེས་སྤྲས་བྱེད་ དགོས་ཚུལ་སོགས་བསླབ་སྟོན་འགངས་ཆེ་བ་མང་དུ་བསྩལ། དེ་ནས་རིམ་གྱིས་སྨོན་ལམ་ཆོས་ སྤྱོད། ཀུན་རིགའཇིགས་བྱེད། མགོན་ཆོས་ལྷ་མོ་རྒྱན་འཇུག་གཉིས་སོགས་ལ་ཐུགས་འཛིན་དང་།   ཉིན་བཞིན་ཡོངས་འཛིན་ཞྭ་དམར་བའི་ལམ་ཁྲིད་ཅི་འགྲོ་རེ་སྐྱོར་བར་མཛད་ནས་ཚར་མང་བོ་ཕུད། སྐབས་ཞིག་དགེ་རྒན་ཚང་གི་གསུང་བཀོད་ལྟར་ཆོས་སྐོར་ཕལ་ཆེར་ཐུགས་འཛིན་གནང་།  ཁྱབ་བདག་འཁོར་ལོའི་མགོན་པོ་ཨ་རིག་རིན་པོ་ཆེ་རྗེ་བློ་བཟང་རྒྱ་མཚོ་དཔལ་བཟང་བོའི་དྲུང་ནས་རྡོ་རྗེ་འཇིགས་བྱེད་ཀྱི་དབང་དང་། མགོན་པོ་ཕྱག་དྲུག་པའི་རྗེས་གནང་དང་འཕོ་ཁྲིད་ སོགས་གསན་ཅིང་སྔགས་ཀྱི་ཆོས་སྒོར་ཐོག་མར་ཞུགས་ཏེ་གསང་མཚན་དོན་ཡོད་རྡོ་རྗེར་གསོལ།   འདི་སྐབས་ནས་བཟུང་བརྒྱ་རྩ་ཕྱག་མཆོད་པ། གུང་ཚིག་སོགས་རི་ཁྲོད་པའི་ཕྱག་བཞེས་བཞིན་ གནང་། སྐྱེ་བོ་ངན་པའི་བྱ་སྤྱོད་ལ་བརྟེན་ནས་རང་དགོན་དུ་དགེ་འདུན་ནང་མི་མཐུན་པ་ཆེན་ པོ་བྱུང་སྐབས་དགེ་རྒན་ཚང་གི་གསུང་བཀོད་ལྟར་གསང་འབྲོག་དགོན་པར་ཕེབ་ནས་རྒྱན་ འཇུག་དང་ལམ་རིམ་སོགས་སྐྱོར་བཞིན་བཞུགས་པས། རྗེས་སོར་སྐུ་ཕྱོགས་ཨ་རིག་རིན་པོ་ཆེས་ འདུམ་པར་མཛད་པ་ན་སླར་ཕེབ།

དགུང་གྲངས་བཅུ་གཅིག་པ་རབ་ཚེས་ཤིང་ཕོ་སྟག་གི་ལོར་དགེ་རྒན་ཚང་སླར་གཏེར་ལུང་དུ་ཕེབ། སྐུ་ཕྱོགས་ཨ་རིག་རིན་པོ་ཆེའི་གསུང་བཀོད་ལྟར་ཁྲི་ཀའི་རི་ཁྲོད་པ་བདེ་བླག་བྱ་བ་དགེ་རྒན་དུ་བསྟེན་ནས་སུམ་ཅུ་བ་རྩ་འགྲེལ་གྱི་གཟབ་བཤད་ཅིག་གསན། དགེ་རྒན་ཚང་བསྙུང་གཞི་གཅིག་གི་དབང་གིས་ཡུན་རིང་བཞུགས་སྟབས་མ་འགྲིགས། དགུན་ཐོག་དེར་འཇིགས་བྱེད་དཔའ་གཅིག་གི་ལས་རུང་བསྙེན་པ་ཁ་སྐོང་བཅས་གནང་།

དགུང་གྲངས་བཅུ་གཉིས་པ་ཤིང་མོ་ཡོས་ཀྱི་ལོར་གསེར་སྡོང་ཆེན་མོའི་ནང་དུ་ཕྱག་མཆོད་སོགས་གནང་བ་དང་། སྐབས་ཤིག་ཏུ་སེ་ར་བྱེས་པའི་དགེ་བཤེས་ཆེན་པོ་ཞིག་སྐར་མ་ ཐང་ལ་ཕེབ། གྲ་བ་འགའ་ཡོད་པར་ཉིན་བཞིན་ཆོས་ཀྱི་གླེང་མོ་བྱེད་འདུག་པར་ཁོང་གིས་ཉན་ པ་ན། ལམ་རིམ་ཆེན་མོ་བལྟ་ན་སྔོན་དུ་ས་བཅད་ལ་བྱང་དགོས་གསུང་བ་ཐོས་པས་ཆུང་དུས་ ཡིན་ཀྱང་ཡིད་ལ་འབབས་པ་བྱུང་བས་ཉིན་བཞིན་དགེ་བཤེས་དེའི་གམ་དུ་ཕེབ་པ་ན། དགེ་ བཤེས་ནས་ཁོང་ལ་སྐུ་བསྟོད་ཡིན་ཟེར་བའི་ཚིགས་བཅད་གཅིག་བྲིས་ནས། མ་འོངས་པ་ན་ཁྱེད་ ལ་རྣམ་ཐར་ཞིག་ཡོད་འགྲོ་བས་དེའི་ནང་དུ་ད་ལྟའི་གནས་ཚུལ་དང་བཅས་པ་འབྲི་དགོས་ཟེར་ནས་ཁོང་ལ་བྱིན་གསུངས་པ་འདི་ཞལ་ནས་ཐོས།

དགུང་གྲངས་བཅུ་གསུམ་པ་ཤིང་ཕོ་འབྲུག་གི་ལོར། སྔར་ཞྭ་དམར་རྡོ་རྗེ་འཆང་གིས་ བཀའ་གནང་ལྟར་ངྷིས་ཚར་གསན་སྦྱངས་ལ་ཕེབ་པའི་ཉེར་ལྡོག་བརྩམས། ལམ་དུ་ཆས་པའི་ ཉིན་བར་ཆད་ཀྱི་རྣམ་པས་ཆིབས་པས་བརྡབ་ནས་ཕྱག་གཡོན་པའི་ཚིག་ལོག། སྒའི་གོང་ཐག་གི་ཆ་ལྕེ་ཕྱག་གི་འཁྲིག་མར་ཉུག་སྟེ་ཁྲག་མང་དུ་བརྡོལ་བར་བསྙུན་ཟུག་ཧ་ཅང་ཆེ་ཡང་། དམ་པའི་ཁས་ལེན་དམ་བཅའ་ཅིས་ཀྱང་བཟློག་མ་ནུས་པར་དགོན་པ་སོ་སོའི་ཆིབ་སྐྱེལ་བ་དང་བཅས་པ་སྐར་མ་ཐང་དུ་ཕེབ། མཚན་མོ་དེར་བསྙུན་ཟུག་གི་དབང་གིས་གཟིམ་མ་གནང་བར་ནམ་ལངས་ཁར་ཅུང་ཟད་གཟིམ་པའི་མཚན་ལམ་དུ། ཕྱག་ན་བཞིན་བསྲིང་སྟེ་གཟིམ་འདུག་པར་མི་ཤ་རྩ་རྨུག་ལ་བོང་ཚོད་ཆེ་བ་སྔགས་པའི་ཆ་བྱད་ཅན་པོ་ཏི་ཙིའི་ཕྲེང་བ་ཆེན་པོ་ཐོགས་པ་གཅིག་འོང་ནས་ཕྱག་ལ་ཕུ་འདེབས་པ་ཞིག་རྨིས་པས། སད་པ་དང་ཅེ་བདེར་སོང་འདུག། ཕྱི་ཉིན་ཐམས་ཅད་ཀྱིས་བཤོལ་བཏབ་པར་ཅིས་ཀྱང་མ་གསན་པར། ཆོས་གྲ་ཆེན་པོ་བཀྲ་ཤིས་ཆོས་སྡིངས་སུ་ཕེབ། ཡུལ་དབུས་སེ་ར་བྱེས་པའི་རིགས་སྨྲ་ཀུན་གྱི་ཡང་རྩེར་སོན་པ་གཞུང་བརྒྱ་སྨྲ་བའི་བཤེས་གཉེན་ཆེན་པོ་རྗེ་དགེ་འདུན་མཁས་མཆོག་དགེ་རྒན་དུ་བསྟེན་ནས་རིགས་པའི་སྒོ་འབྱེད་བསྡུས་གྲ་ལ་བསླབ། སྐུ་ན་ཕྲ་མོ་ཡིན་ཡང་དང་པོ་ནས་གཞན་རྟགས་གསལ་ལ་བྱང་བོ་ རྣམས་ལ་ཤིན་ཏུ་དགའ་ཞིང་ཡི་རངས་མཛད་པ་ཞིག་ཡིན། དགུན་ཆོས་སྐབས་ནས་བཟུང་ཚོགས་ཆོས་གྲར་འགྲིམ་པས། གཞན་གྱི་རིགས་པ་འཕེན་ཚུལ་དང་།དཔེ་ཁྲིད་དང་རྩོད་པའི་སྐབས་སུ་ཐོས་པའི་དོན་ཐུགས་ལ་འཛིན་གང་ཐུབ་དང་། དཔྱད་པ་ནན་ཏན་མཛད་པའི་ཁོང་དང་དགུང་གྲངས་མཉམ་པའི་ཁྲོད་ནས་ཁྱད་པར་དུ་འཕགས། ཚོགས་ཆོས་གྲའི་ཞལ་འདོན་གྱི་སྐབས་སུ་ཡང་ཐུགས་རྩེ་གཅིག་པས་ཞལ་འདོན་གནང་བ་ལས་བྱིས་པ་གཞན་ལྟར་ཀུ་ཡངས་རྩེ་མོའི་རིགས་གཏན་མི་གནང་། དགེ་རྒན་དེ་ཉིད་ལ་ཡོན་ཏན་པདྨའི་ལང་ཚོར་སྲེད་པའི་དགེ་ཕྲུག་བློ་གསལ་ཤེལ་གྱི་འདབ་མ་ཅན་ཆེས་མང་བས། དགེ་ཕྲུག་བླ་མ་གྲ་བའི་ཁྲོད་ནས་རྒོད་པའི་རིགས་ལ་ཕྱག་འབེབས་ཚུན་ཆད་མཛད་ཅིང་། དགེ་ཕྲུག་ཐམས་ཅད་ལ་ཤ་ཚ་བའི་བསླབ་སྟོན་འགངས་ཆེ་བ་ནར་མར་བྱེད་པ་ཞིག་ཡིན་གཤིས། རྗེ་འདི་ཚོགས་ཆོས་གྲའི་ཕེབ་བཞུགས་ཀྱི་ སྤྱོད་ལམ་ཀུན་ལ་མངོན་ལྐོག་མེད་པར་དགེ་རྒན་གྱི་བསླབ་སྟོན་གྱི་མཚམས་ལས་ནམ་ཡང་འདའ་བ་མེད་པར་ཕྱིའི་སྤྱོད་ལམ་ལྷོད་ཆ་ཆེ་བ། བསླབ་བྱའི་གནས་ལ་ནང་ཐུགས་རིག་གྲིམ་ཆ་ཆེ་བས་དགེ་བཤེས་རྣམས་དང་གྲ་རྒན་གཞོན་ཐམས་ཅད་ཀྱིས་དགྱེས་ཤིང་ཡི་རངས་ལ། རང་བཞིན་ཡང་ཤིན་ཏུ་དྲངས་པའི་ཚད་དུ་བརྩི། འདིའི་སྐབས་སུ་ཚོགས་ནས་ཞབས་བརྟན་བཀའ་འགྱུར་གསུངས་པར་ཀློག་དག་གསལ་མྱུར་གསུམ་གྱི་དཔལ་ལ་རྒན་གཞོན་སུས་ཀྱང་འགྲན་དུ་མེད་ཅིང་། བཀའ་རིན་པོ་ཆེ་གང་ཞིག་ཀློག་པ་དེའི་ནང་གི་ལོ་རྒྱུས་རྣམས་ཀྱང་གཤག་ཏུ་ཕེབ་ནས་དགེ་རྒན་དང་གྲོགས་གཞན་ལ་ཤར་ཤར་གསུངས་རྒྱུ་ཡོད།

དགུང་གྲངས་བཅུ་བཞི་བ་དམར་སེར་ཅན་ཞེས་པ་མེ་མོ་སྦྲུལ་གྱི་ལོར། དགེ་རྒན་ཚང་ གི་མདུན་ནས་རྟེན་འབྲེལ་བསྟོད་པའི་བཤད་ལུང་། ཉི་ཁྲི་བརྒྱད་སྟོང་བ་རྣམས་ཀྱི་ལུང་གསན། དཔལ་བྷེ་ར་ཝ་དང་གཉིས་སུ་མེད་པའི་ཁྱབ་བདག་གྲུབ་པའི་དབང་ཕྱུག་རྗེ་འཇམ་དབྱངས་དཔལ་ལྡན་མཚན་ཡོངས་གྲགས་ཨ་ལགས་ཁ་གྱ་རིན་པོ་ཆེ་དེ་ཉིད་ཀྱི་དྲུང་དུ། མགོན་བཀའ་ བཅུ་གསུམ་གྱི་རྗེས་གནང་། མགོན་ཆོས་ཀྱི་བེའུ་བུམ། རྟ་མགྲིན་དང་འཇིགས་བྱེད་ཀྱི་དབང་  དང་རྗེ་རང་གིས་ཆེད་གཉེར་གྱིས་ཞུས་པ་མགོན་པོ་སྙིང་ཞུགས་ཀྱི་རྗེས་གནང་སོགས་གསན། དཔྱིད་དེར་སྐུ་ཕྱོགས་སྐུ་མཆེད་རིན་པོ་ཆེའི་དྲུང་ནས་རྗེའི་གསུང་འབུམ་གྱི་ལུང་གསན། སྐུ་ཕྱོགས་འདི་བ་མངོན་ཤེས་ཐོགས་མེད་ཅན་ཞིག་ཡིན་ཞིང་། རྗེ་འདི་ལ་རང་རེ་ཚེ་རབས་སྔོན་ ནས་འབྲེལ་གཞན་དང་མི་འདྲ་གསུངས་ནས་ཟས་གོས་ཀྱི་གནང་སྦྱིན་དང་ཚེས་བཅུའི་ཚོགས་སྐལ་ཚུན་ཆད་མ་ཆག་པར་གནང་སྟེ་ཤིན་ཏུ་བརྩེ་བརྩེ་གནང་། ལྡིས་ཚར་སློབ་གཉེར་གནང་སྐབས་དཀའ་སྤྱད་ཧ་ཅང་དྲག་པོ་མཛད་པར་ཀུན་གྱིས་གླེང་ཞིང་། ཕྱིས་སུ་ངེད་ཅག་བླ་བྲང་ན་ཡོད་པའི་སྐབས་ཁོང་བཀའ་ཆོས་ལ་ལོ་འགར་བཞུགས་དུས།ཞལ་ནས། གྲ་ཚང་རིན་པོ་ཆེ་འདི་ཀའི་དཔེ་ཆ་བ་གྲ་རྐྱང་འདི་རྣམས་ལ་ཁོ་བོ་ཤིན་ཏུ་ཡི་རངས་ཤིང་ཡ་མཚན་པར་འདུག  ང་ ཡང་སྔོན་ལྡིས་ཚ་ན་སློབ་གཉེར་བྱེད་སྐབས་ཤིན་ཏུ་དམན་ཆ་བཟུང་ནས་བསྡད། ཟས་གོས་   ཀྱང་ངན་ངོན་མ་གཏོགས་དེང་སང་གི་འདི་ལྟར་མེད། དེང་སང་གི་བླ་མ་གཅེས་ཕྲུག་ཚོ་ལ་ལྟོས་ན་དཀའ་སྤྱད་བྱས་པའི་ཁུལ་ཡིན་ཀྱང་བསྐྱེད་ཐོན་པ་དཀའ་སོང་བ་རེད་གསུངས། ལོ་དེར་ བསྡུས་ཆུང་དང་བསྡུས་འབྲིང་གི་རྩོད་པ་སོང་ནས་དགུན་ཆོས་ལ་དྲུག་སྒྲ་བརྩད། སྐབས་ཤིག་ གྲུབ་དབང་ཁ་གྱ་རིན་པོ་ཆེར་ཀུན་མཁྱེན་བླ་མའི་ཡི་དམ་སྒྲུབ་སྐོར་གྱི་ལུང་ཞུས་ཏེ་རྫོགས་པར་གསན། སྐྱིད་ཤོད་གསུང་འབུམ་སོགས་ཀྱི་ལུང་ཡང་གསན། དེ་སྐབས་བཀའ་ཆོས་པ་བླ་མ་དགེ་བཤེས་མང་བོའི་དབུས་སུ་རྗེ་འདི་ལ་རྗེ་རིན་པོ་ཆེའི་གསེར་སྐུ་ཁྱད་འཕགས་ཞིག་གནང་བ་དང་། རྒྱུན་དུ་གནང་སྦྱིན་དང་གཟིགས་རྟོག་བརྩེ་ཉམས་གཞན་དང་མི་འདྲ། ལོ་འདིར་རང་དགོན་དུ་གྲ་བ་འགས་འདུ་ཁང་དུ་མཆོད་རྫས་ཞིག་འཇོག་རྩིས་ཀྱི་ཁུར་ལེན་བྱས་པའི་ཚུལ་ཨ་རིག་རིན་པོ་ཆེ་ལ་ཞུས་པས། དེ་ལེགས་མོད། དེ་བས་ཀྱང་གོས་སྐུ་ཞིག་བཞེངས་ན་ལེགས་གསུངས། དེ་འགྲུབ་དཀའ་རྒྱུ་རེད་ཞུས་པས། སྤྲུལ་སྐུ་རིན་པོ་ཆེ་དབུར་བཞུགས་ན་ངེས་པར་འགྲུབ་ཚུལ་དང་། དངུལ་སྲང་བདུན་ཅུ་སྐོར་གྱི་གནང་སྦྱིན་བཅས་མཛད། དེ་ནས་ཧོར་མོ་ཁ་གསུམ་སོགས་ནས་དད་འབུལ་བསྡུས་ཏེ། བཟོ་བོ་སེངྒེ་གཤོང་བསྟན་འཛིན་ལ་བཤད་ནས་དེ་ལུགས་ཀྱི་ཉེར་བསྡོགས་བརྩམས།

དགུང་གྲངས་བཅོ་ལྔ་བ་དུས་ཀྱི་ཕོ་ཉ་ཞེས་པ་ས་ཕོ་རྟའི་ལོར། དགེ་རྒན་ཚང་གི་མདུན་ནས་སྲས་གཉིས་ཀྱི་གསུང་འབུམ་དང་། ཁ་གྱ་རིན་པོ་ཆེའི་མདུན་ནས་བློ་སྦྱོང་སྐོར་འགའ་དང་། དཔེ་ཆོས་སོགས་དང་། ཆོས་རྒྱལ་ཡང་གསང་དུག་རི་ནག་པོའི་རྗེས་གནང་། ལྕམ་སྲིང་བེའུ་བུམ་སོགས་ཀྱི་ལུང་བཅས་གསན། དཔྱིད་ཆོས་ཀྱི་རྕོད་པ་དཔེ་ཁྲིད་སོགས་ལ་བརྩོན་པ་གནང་། བཞི་བའི་ཡར་ཚེས་ལ་རྡོ་རྗེ་འཆང་སྐུ་མཆེད་རིན་པོ་ཆེས་གློ་བུར་དུ་སྐུ་བསྙུང་བཞེས་དགེ་འདུན་མང་ནས་ཞབས་བརྟན་སྒྲུབ་ཀྱང་མ་ཕན་པས་ཀུན་གྱིས་མི་བཞུགས་པར་ཐག་ཆོད་པ་ན། རྗེ་འདི་སྐུ་མཆེད་རིན་པོ་ཆེའི་དྲུང་དུ་ཕེབ་ནས་ཞབས་སྤྱི་བོར་བླངས་ཏེ་ཐུགས་སྨོན་དང་སྐྱབས་འཇུག་ནན་ཆེར་གནང་། དགོངས་རྗོགས་གྲུབ་འཕྲལ་རི་ཁྲོད་པ་མང་པོ་ཨ་རིག་ཕྱོགས་སུ་ཕེབ་པ་དང་ལྷན་དུ་ཁོང་ཡང་ཕེབ། ཕར་ལམ་གསེར་ཁོག་དུ་རྟེན་གང་ཡོད་ཞིབ་མཇལ་གནང་། དཔའ་རེ་རྒྱ་ལྡོག་སོགས་བརྒྱུད་དེ་ཨེ་ཅི་ནེའི་གཞུང་དུ་སྒར་བཏབ་པར་ཁ་གྱ་རིན་པོ་ཆེའི་མདུན་ནས། སྒྲོལ་དཀར་བཀའ་བབས་དགུ་ལྡན་གྱི་རྗེས་གནང་། སྐལ་ལྡན་མགུར། མདོ་རྩ་བ། གཟུངས་བསྡུས་སོགས་ཀྱི་ལུང་དང་། འཇམ་དབྱངས་དཀར་པོའི་རྗེས་གནང་ཁྲོ་ཕུའི་རྗེས་ཆོག་སྟེང་ནས་གསན་ཅིང་། ཀུན་མཁྱེན་བླ་མའི་སྒྲུབ་ཐབས་སྟེང་ནས་བསྙེན་པ་བྱ་ཚུལ་གྱི་གསུང་བཀོད་བཅས་གནང་། ཕྱིར་ལམ་སྐུ་འབུམ་དུ་རྟེན་རྣམས་ལ་ཞིབ་མཇལ་དང་། གསེར་སྡོང་ཆེན་མོའི་མདུན་ནས་ཐུགས་སྨོན་རྒྱ་ཆེན་དང་། ནང་གི་ཆོས་རྒྱལ་དང་སྟེང་ཤོད་ཀྱི་ཆོས་རྒྱལ་བྱིན་རླབས་ཟིལ་རྔམས་ཅན་གཉིས་ཀྱི་དྲུང་དུ་འཕྲིན་བཅོལ་ནན་ཏན་བྱས། རིམ་གྱི་རང་དགོན་དུ་ཕེབ་སྟེ་འཇམ་དབྱངས་དཀར་པོའི་བསྙེན་པ་མཛད། སླར་དགུན་ཆོས་ལ་ཕེབ།  ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཧོར་ཆེན་པ་རྗེ་ཡེ་ཤེས་རྒྱ་མཚོ་ལ་ཡང་ཆོས་འབྲེལ་ཞུས། རྗེ་དགེ་འདུན་མཁས་མཆོག་པ་དང་རྣམ་གཉིས་ཀྱི་དྲུང་ནས། ཀུན་མཁྱེན་རྣམ་འགྲེལ་མཐའ་དཔྱོད་ཆེ་ཆུང་གི་ཁྲིད་ཞིབ་རྒྱས་གསན་པས་གཞི་བྱས་ནས་རྣམ་བཤད་ཐར་ལམ་གསལ་བྱེད། ཊིཀ་ཆེན། རྣམ་ངེས་དར་ཊིཀ  རིགས་ཐིག་དང་འབྲེལ་བརྟག་སོགས་ཀྱི་ཊིཀྐ ཚད་མའི་ལམ་བསྒྲིགས། ཚད་མའི་བརྗེད་བྱང་། མངོན་སུམ་ལེའུའི་ཊིཀྐ སྤྱི་དོན་རིགས་རྒྱན་སོགས་རྗེ་ཡབ་སྲས་ཀྱི་ལེགས་བཤད་རྨད་དུ་བྱུང་བ་རྣམས་དང་། དེ་དག་གི་དགོངས་དོན་གསལ་བྱེད་གྲ་ས་སོ་སོའི་ཡིག་ཆ་མི་འདྲ་བ་རྣམས་ལ་གཟིགས་རྟོག་རྒྱ་ཆེར་གནང་ཞིང་། དགེ་རྒན་རྣམ་གཉིས་ལ་དོགས་གཅོད་ཞུས་པའི་སྐོར་སོགས་ཀྱི་གསུང་ཟིན་ཤོག་དྲིལ་ཆེས་མང་བ་མཛད། བསྡུས་གྲ་དང་ཚད་མའི་སྐོར་ལ་བརྒལ་བརྟག་གི་མཁྱེན་རབ་ཕུལ་དུ་ཕྱིན་པར་གྱུར་བ་མངོན་པར་མཐོང་བའི་དགེ་བཤེས་རྒན་པའི་སྐོར་ད་ལྟ་བཞུགས་བཞིན་པ་དག་ལ་གསལ། དེ་དུས་སུ་གསན་བསམ་ལ་ཐུགས་བརྩོན་ཆེ་ཚུལ་ཀུན་ལས་ཐོས། ཞལ་ནས་ཡང་། ངེད་བླ་བྲང་དུ་ཚོགས་ཆོས་གྲར་འགྲོ་སྐབས། བསླབ་བྱ་གསུང་འཕྲོས་ལ་བསྟན་པའི་འབྱུང་ཁུང་ཟེར་བ་འདི་འདྲ་རེད། ཁྱེད་ཚོ་གྲ་ཚང་འདི་ཀའི་གྲལ་མཐར་ཆུད་པ་བསོད་ནམས་ཆེ། སྐབས་འདིར་ཡ་མ་ཡེངས་ལ་མ་འདུག་པར་སློབ་གཉེར་ལ་རེམ།  ཁོང་ཡང་སྔོན་ཆད་ལྡིས་ཚ་ན་ཡོད་དུས། དེང་སྐབས་དང་གཏན་ནས་མི་འདྲ་བར་རྣམ་གཡེང་གི་དབང་དུ་ཆེན་པོ་མ་བཏང་། དགེ་རྒན་རྣམ་པ་ཚོས་རྩོད་པའི་བརྡར་ཤ་གཅོད་ཚུལ་ལ་ཞིབ་ཏིག་ནན་ཅན་གནང་བ་སེམས་ལ་ནན་ཆེར་བྱས་ནས་བཟུང་། དཀའ་གནས་རྣམས་ལ་གཞུང་ཆེན་རྣམས་གུང་བསྒྲིགས་ཏེ་གསུང་བའི་སྐོར་ལེགས་པར་ཉན་ཅིང་། མ་ཟིན་པའི་སྐོར་རྣམས་ཡང་ཡང་ཞུས་ཏེ་ཐོ་ཚུན་ཆད་བཏབ། ནང་བར་སྔ་སེ་ལངས་ཏེ་རི་ཁྲོད་པའི་ཉམས་བཞེས་ལྟར་བརྒྱ་རྩ་དང་། བླ་མ་མཆོད་པ་དང་འབྲེལ་བར་མཆོད་པ་བརྒྱ་མཆོད་ཕུལ་རྗེས་སུ་ནམ་ལངས་མི་ལང་གཉིས་ཀ་ཡོད། ཉིན་པར་དཔེ་ཁྲིད་ལ་སོང་ནས་སླར་ཡོང་སྟེ་དེ་དོན་ལ་བསམ་མནོ་བཏང་། ཚོགས་ལ་འགྲོ་དུས་ཡང་མི་གཞན་དང་ཅིས་ཀྱང་མི་འགྲོགས་པར་བྱས་ནས་བློར་བཟུང་བའི་སྐོར་རྣམས་སྐྱོར་བཞིན་སོང་། རྩོད་པའི་སྐབས་སུའང་རྒྱལ་ཕམ་གྱི་རེ་དོགས་གཏན་མི་འབྱུང་བ་དཀའ་ཡང་། ཐོག་མཐའ་གཉིས་ལ་བཟང་བོའི་ཀུན་སློང་གི་བསམ་པས་མ་ཟིན་པ་དེ་འདྲ་མེད། བགྲོ་གླེང་དམ་བཅའ་གང་ལའང་བློ་ཁ་མཐོ་བའི་རིགས་ལ་རྕིས་ཐོངས་ཡོད་པ་བྱས་ནས་བློ་བསྐྱེད་གང་ལོན་དང་། བློ་ཞན་པའི་རིགས་ལ་བསམ་པ་དྲང་བོས་ཤེས་ཚོད་ཀྱིས་བརྡར་ཤ་ཅི་ཆོད་བྱས་པས་རང་གཞན་གཉིས་ཀར་རྣལ་དུ་ཅི་འགྲོ་བྱས། ཆོས་གྲ་གྲོལ་བ་ནས་་ཆོས་གྲར་ཐོས་པའི་དོན་རྣམས་ཡིད་ལ་སེམས་བཞིན་ཡོང་ནས་མཚན་མོ་ནམ་གུང་བར་དཔེ་བལྟས་བྱས། མཚན་ཕུད་པ་ཡང་མང་བོ་ཡོད།  དེ་ལྟར་བྱས་པས་སྐབས་དེར་གཞུང་རྣམས་ལ་འདྲིས་ཆའང་ད་སྐབས་དང་མི་མཚུངས་ཞེས་པ་སོགས་སློབ་གཉེར་བྱེད་ཚུལ་གྱི་བསླབ་སྟོན་ཤིན་ཏུ་དམར་བའི་བཀའ་དྲིན་མཛད། རྗེ་འདིའི་མཛད་པ་དེ་ལྟར་གྱུར་བས་དེ་དུས་ཀྱི་དགེ་བཤེས་ཆེ་བགྲེས་རྣམས་ཀྱིས་ཀྱང་ཐུགས་དགྱེས་པའི་གནས་སུ་འཛིན། དགེ་རྒན་རྣམས་ནས་ཀྱང་དགེ་ཕྲུག་བླ་སྤྲུལ་ཀུན་ལས་རྩིས་ཆེར་གནང་། ཧོར་ཆེན་དགེ་རྒན་ཚང་ནས་སྐབས་ཞིག་རང་གཤག་ལ་ཞུས་ཏེ་ལམ་རིམ་ཞིག་དང་། ལས་འབྲས་གསལ་བའི་མེ་ལོང་ཁ་དར་བཅས་གནང་ནས་བསླབ་བྱ་མང་དུ་གནང་། བསྟན་འགྲོར་ཕན་པའི་མཛད་པ་མཛད་རྒྱུ་ད་སྐབས་ནས་ཐུགས་ལ་བཟུངས་གསུངས། སམ་ཊ་ལེགས་པོ་ཞིག་གནང་ནས་ཁྱོད་ཀྱིས་འདིའི་ཐོག་ཏུ་གཞུང་རྩོམ་དགོས་གསུངས། རྗེ་འདིས་བསྙུན་རེ་བཞེས་པ་ནའང་དགེ་རྒན་རྣམ་པ་གཉིས་ཕེབ་ནས་ཞལ་ཏ་བསླབ་སྟོན་སོགས་གནང་ན་རིམ་གྲོ་གཞན་ལས་ཕན་པ་ཆེ་བར་འདུག 

      དགུང་གྲངས་བཅུ་དྲུག་པ་དོན་འགྲུབ་ཅེས་པ་ས་མོ་ལུག་གི་ལོར། དཔེ་ཁྲིད་ཞིབ་མོ་གསན་ནས་དཔྱིད་ཆོས་ལ་ཧུར་ཐག་མཛད་ཀྱང་རླུང་སྟབས་ཀྱིས་མཐར་ཐོགས་པ་མ་བྱུང་བར་ཆོས་ཐོག་ཕྱེད་འདས་པ་ན། གྲུབ་དབང་རིན་པོ་ཆེའི་གསུང་བཀོད་ལྟར་རང་དགོན་དུ་ཕེབ། དམིགས་བརྩེ་མའི་བསྙེན་པ་བཏང་བར་ནུབ་ཅིག་མཚན་ལམ་དུ་རྗེ་ཡེ་ཤེས་རྒྱ་མཚོ་བ་དེ་ཉིད་ཞལ་དཀར་ལ་དམར་མདངས་ཆགས་ཤིང་དགྱེས་པའི་ཚུལ་གྱིས། བྱ་བ་གང་ལ་རྗེ་བློ་བཟང་གྲགས་པ་ལ་གསོལ་བ་ཐོབ་གསུངས་པ་རྨིས་པས། དེ་འཕྲལ་མྱུར་དུ་དྭངས་པ་གསུང་འཕྲོས་ལ་ཐོས། ལོ་དེར་གོས་སྐུ་ཆེན་མོ་འགྲུབ་ཡོད་པར་ས་ག་ཟླ་བའི་བཅོ་ལྔ་ལ་རབ་གནས་བསྡུས་པ་གནང་སྐབས། ནམ་མཁའ་གཡའ་དག་པ་ལ་དབང་གཞུ་རྣམ་པར་བཀྲ་བས་ཕྱོགས་ཀྱི་འཁོར་ལོ་ཟླུམ་པོར་ཤར་བ་དེར་ཚོགས་སྐྱ་སེར་ཀུན་ལ་མཐུན་སྣང་ཡིན་པ་ནི། དམ་ཚིག་པར་ཡེ་ཤེས་པ་མངོན་སུམ་དུ་ཞུགས་རྟགས་སུ་མངོན། མི་རབས་སྔོན་མའི་རིང་ལ་གདན་ས་འདིར་གསོ་སྦྱོང་ཡོད་སྐད་འདུག་ཀྱང་ཆད་ནས་ལོ་མང་རབས་སོང་བ་ཉིན་འདིར་ཁོང་ནས་སླར་བཙུགས་ཏེ་ཕྱིན་ཆད་ཆད་མི་ཆོག་པའི་བཀའ་གནང་སྟེ། གོས་སྐུ་ཆེན་མོའི་མདུན་དུ་བསྟན་པ་ཕྱོགས་མཐར་རྒྱས་པའི་ཐུགས་སྨོན་གནང་། སླར་ལྡིས་ཚར་ཕེབ་སྟེ་དབྱར་ཆོས་ལ་ཕེབ། རྟགས་རིགས་རྗོགས་པ་ན་དགུན་ཆོས་ནང་དགེ་རྒན་རྣམ་གཉིས་ལ་བློ་རིག་གི་ཁྲིད་དང་ཆོས་གྲའི་རྩོད་པ་སྔར་རྒྱུན་ལྟར་ཐུགས་བརྩོན་ཧུར་བསྐྱེད།  

དགུང་གྲངས་བཅུ་བདུན་པ་དྲག་པོ་ཞེས་པ་ལྕགས་ཕོ་སྤྲེལ་གྱི་ལོར། གཞུང་བརྒྱ་སྨྲ་བའི་དབང་བོ་རྗེ་དགེ་འདུན་ཕུན་ཚོགས་ལ་ཆོས་འབྲེལ་ཞུས་ཏེ། སུམ་རྟགས་དང་སྙན་ངག་རྩ་འགྲེལ་གྱི་གཟབ་བཤད་གསན། དཔེར་བརྗོད་ཡང་དགེ་རྒན་ཚང་ཐུགས་ཤིན་ཏུ་དགྱེས་བྱེད་ཅིག་བྱུང་།   ཨ་ལགས་བཀའ་དྲིན་ཅན་གྱི་མདུན་ནས་ཨ་རོལ་གོང་མའི་གསུང་འབུམ། ལྷོ་བྲག་བཀའ་འབུམ་གྱི་ལུང་དང་། ལྷོ་བྲག་སྙན་བརྒྱུད་ཀྱི་དབང་རྗེས་གནང་སྐོར་ཁ་ཚང་། གྲུབ་རྒྱལ་ཚེ་དབང་། རྟ་མགྲིན་གསང་སྒྲུབ་ཀྱི་དབང་རྣམས་གསན་ཅིང་། རྗེ་དགེ་འདུན་མཁས་མཆོག་པའི་མདུན་ནས་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་གསུང་འབུམ་གྱི་ལུང་སོགས་གསན། དཔྱིད་ཆོས་དང་དབྱར་ཆོས་ལ་དགེ་རྒན་ཧོར་ཆེན་པའི་མདུན་ནས། སེམས་བྱུང་། ཚད་འབྲས།  ས་ལམ།  གྲུབ་མཐའ་རྣམས་ཀྱི་ཁྲིད་དང་། སེམས་བྱུང་ལ་མངོན་པ་གོང་འོག་གི་བཞེད་ཚུལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་བཤད་པ་དང་། གྲུབ་མཐའ་རིན་ཆེན་ཕྲེང་བ་གཞིར་བྱས་ཀྱི་སྟེང་གྲུབ་མཐའ་ཆེན་མོ།  ལྕང་སྐྱའི་གྲུབ་མཐའ། རྒྱལ་བ་དགེ་འདུན་རྒྱ་མཚོའི་གྲུབ་མཐའ། སྟག་ལོའི་གྲུབ་མཐའ།  ཐུའུ་བཀོན་གྲུབ་མཐའ་སོགས་ལ་གཟིགས་རྟོག་གནང་། དགུན་ཆོས་སྐབས་རྐྱེན་དབང་ཞིག་གིས་རང་དགོན་དུ་ཕེབ་དགོས་བྱུང་བས་དགེ་རྒན་རྣམས་ལ་མཇལ་ཅིང་སྐྱབས་འཇུག་རེ་ཞུས་ནས་རང་དགོན་ལ་ཕེབ།

དགུང་གྲངས་བཅོ་བརྒྱད་པ་ལྕགས་བྱའི་ལོར་ཡང་རང་དགོན་དུ་བཞུགས་དགོས་བྱུང་བ་ལྟར་བཞུགས། དཔྱིད་ཀ་གསེར་སྡོང་ཆེན་མོར་ཕྱག་མཆོད་དང་སྐུ་འབུམ་བཞེངས་པ་ལྷ་འབངས་ལ་རི་དྭགས་བཤོར་མི་ཆོག་པའི་ཁྲིམས་བཅས་ཤིང་། གྲོང་སྡེ་འགའ་ཞིག་ལ་ཕྱོགས་གྲ་ཞུས་ཏེ་མཆོད་འབུལ་རྒྱ་ཆེན་དང་། མཎྡལ་བཞི་བའི་ཆོས་ཐོག་གི་རྒྱུན་བཙུགས་ཏེ་བཅའ་ཡིག་དང་འདོན་འགྲིགས་ཚུན་ཆད་གནང་། གདུང་མདུན་དུ་ཕྱག་མཆོད་དང་བདག་འཇུག་གནང་ཞིང་། གྲུབ་མཐའ་དང་རྣམ་འགྲེལ་སོགས་རྩོད་པ་སྔོན་སོང་གི་སྐོར་ལ་དཔྱད་པ་གནང་བ་སོགས་རྗེ་བླ་མའི་རྣམ་ཐར་ལྟར་སུམ་བསྒྲིལ་དུ་མཛད། དབྱར་ཐོག་དེར་རྗེ་དགེ་འདུན་མཁས་མཆོག་ཞུས་ཏེ། དོན་བདུན་ཅུ་དང་དགེ་འདུན་ཉི་ཤུ་སོགས་ལ་ཀུན་མཁྱེན་ཡབ་སྲས་ཀྱི་ཡིག་ཆ་གཞིར་བྱས། གསེར་ཕྲེང་། རྟོག་སྣང་། རྣམ་བཤད་སོགས་ཀྱི་དགོངས་པ་མཐའ་དཔྱོད་ཀྱི་སྟེང་དུ་ཕབ་སྟེ་ཞིབ་ཁྲིད་དང་། ཐ་ན་ཇ་འཕྲོས་ཚུན་ཆད་ལ་བརྒལ་བརྟག་གི་འཕྲོས་པས་དུས་འདའ་བར་བྱས་པས་གཞུང་དོན་གྱི་འགངས་རྣམས་ཐུགས་ལ་རབ་ཏུ་འཁྲུངས་པར་མཛད། རྒྱན་འཇུག་གི་ལུང་སོགས་ལུང་ཆོས་ཁ་ཤས་གསན། དགུན་ཐོག་དགེ་རྒན་ཚང་ཕྱིར་ཕེབ་རྗེས་སུ་ཟླ་ངོ་གཉིས་ཀྱི་བར་ལ་འཇིགས་བྱེད་ལས་རུང་གནང་། འདི་སྐབས་དགེ་རྒན་བཀའ་དྲིན་ཅན་ཧོར་ཆེན་པ་ཚང་སྐུ་འདའ་བ་ལ་ཉེ་བའི་སྐབས་སུ་རྗེ་འདི་ཡང་ཡང་གསུང་གི་བསྡད་པས། སྐུ་འཁོར་རྣམས་ཀྱིས་ཡི་གེ་ཕུལ་ཡང་། ལོ་འདིར་ཁོང་ལྡིས་ཚར་ཕེབ་ལྟབས་ཅུང་མི་བདེ་སྟབས་ཡབ་དང་དྲུང་འཁོད་པ་དག་གིས་ཞུ་ཡིག་རྗེ་འདི་ལ་མ་ཕུལ་བས་ལྡིས་ཚར་ཕེབ་རྒྱུ་མ་བྱུང་བ་ན། དགེ་རྒན་རིན་པོ་ཆེ་སྐུ་འདའ་ཁར་ད་སྐུ་ཕྱོགས་ཀོའུ་བ་ཚང་ལ་མཇལ་རྒྱུ་མ་བྱུང་ཡང་། ངའི་དཔེ་ཆའི་ཁྲོད་ཀྱི་བློ་སྦྱོང་དང་བསླབ་བྱའི་སྐོར་རྣམས་ཕྱོགས་བསྒྲིགས་བྱས་ལ་ངའི་རྗེས་སུ་ཕུལ་ནས་འདི་ལས་ལྷག་པའི་ཞལ་ཆེམས་ཡང་མེད། ང་བླ་རྒན་ཐུགས་ལ་ཟུངས་ཞུས་གསུངས་ཏེ་སྐུ་འདའ་པའི་སྐད་མཚམས་ནང་དུ་གསན་པར་མཆོད་པའི་ཚོགས་རྒྱ་ཆེན་པོས་དགོངས་རྫོགས་མཛད་པ་ན། མར་མེ་སྐོང་བུ་ཆུང་བ་གཅིག་གིས་ཉིན་ཞག་གཉིས་ཐུབ་པར་དྲུང་འཁོད་རྣམས་ལའང་མཐུན་གྲུབ་ཏུ་འདུག་པ་ནི་ཁོང་གིས་ཁོ་བོ་དགེ་རྒན་དམ་པས་རྗེས་སུ་འཛིན་པའི་མཚན་མར་གསུངས་ཡང་། ཡིན་རྒྱུ་ནི་རྗེ་འདིའི་མཆོད་པ་ཐམས་ཅད་འཇམ་དཔལ་ཀུན་བཟང་སོགས་ཀྱི་རྣམ་འཕྲུལ་ལས་འབྱུང་བའི་མཆོད་པ་བཞིན་དུ་བསྐལ་བར་ཟད་མི་ཤེས་པའི་ནམ་མཁའ་མཛོད་དུ་གྲུབ་པར་མངོན་ནོ།།   

དགུང་གྲངས་བཅུ་དགུ་བ་ཆུ་ཁྱིའི་ལོར། གསར་ཚེས་ནས་ལྡིས་ཚར་ཕེབ་སྟེ་རྗེ་དགེ་འདུན་མཁས་མཆོག་པའི་དྲུང་ནས་ལམ་རིམ་གྱི་ཁྲིད་གསན། ཨ་ལགས་ཁ་གྱ་རིན་པོ་ཆེའི་མདུན་ནས་། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་ཡི་དམ་སྒྲུབ་སྐོར་དང་། ཀུན་གཟིགས་ལྔ་བའི་ཡི་དམ་སྒྲུབ་སྐོར་གྱི་ལུང་། ཐིག་ལེ་བཅུ་དྲུག་གི་དབང་། དེའི་ཆོ་ག་བླ་མ་བྱམས་པས་མཛད་པའི་ཆོ་གའི་ལུང་། བདེ་མཆོག་དྲིལ་བུ་ལྷ་ལྔ་དང་དྲིལ་བུ་ལུས་དཀྱིལ་གྱི་དབང་། རིགས་གསུམ་སྤྱི་སྒྲུབ་དང་སྒྲོལ་དཀར་རྗེས་གནང་། འཇིགས་བྱེད་དཔའ་གཅིག་དང་གྲུབ་རྒྱལ་ཚེ་དབང་། ཛམ་དཀར་ལྷ་ལྔའི་རྗེས་གནང་བཅས་གསན། དཔྱིད་ཆོས་དང་དབྱར་ཆོས་ཀྱི་ཆོས་མཚམས་རྣམས་སུ་ཡིག་ཆ་རྣམ་བཤད་གཉིས་དང་སྦྱར་བའི་དཔེ་ཁྲིད་གསན་ཅིང་། དེ་མཐུན་གྱི་དཔེ་གཟིགས་དང་ཆོས་ཐོག་གི་རྩོད་པ་ཡང་འབད་པ་ནན་ཏན་གནང་། གསུང་འཕྲོས་ཞིག་ལ་ཞལ་ནས། ཁོང་གཞུང་གསར་ཞིག་ན་ཡོད་དུས་ནས་ཆེན་པོ་མི་ཤེས་ཡང་རྒྱ་འགྲེལ་རྣམས་ཀྱིས་བཤད་ཚུལ་དང་།  བོད་ཀྱི་ཤིང་རྟ་བ་རེད་འདའ་བ་དང་ཨར་འབྲེ་བུ་ཉ་སོགས་མཁས་པ་སྔ་མ་རྣམས་ཀྱི་བཤད་ཚུལ་ལ། རྗེ་ཡབ་སྲས་ཀྱི་གསུང་རབ་རྣམས་སུ་དགག་བཞག་སྤོང་གསུམ་གྱི་གཏན་ལ་ཕབ་པའི་དོན་གྲ་ས་སོ་སོའི་ཡིག་ཆ་རྣམས་ཀྱིས་ཇི་ལྟར་བཀྲལ་ཚུལ་དང་། གྲ་ཚང་རྙིང་བ་རྣམས་ཀྱི་ཁས་ལེན་གྱི་རྒྱུན་འདྲ་མིན་ཡོད་པ་ཚུན་ཆད་ལ་དཔྱད་པ་དང་། བརྩད་གཅོད་ཀྱི་འབད་ཁུལ་བྱས་ཀྱང་བློ་ཆུང་སྦྲང་བུའི་གཤོག་ཟུང་བརྐྱངས་པས་གཞུང་ཆེན་ནམ་མཁའི་ཕ་མཐའ་ཚོལ་བར་ཇི་ལྟར་ནུས། འོན་ཀྱང་དམ་པ་དེ་དག་གི་གསུང་ལ་དཔེ་ཀློག་ཙམ་བྱས་པས་ཀྱང་བག་ཆགས་ཁྱད་པར་ཅན་ཐེབས་ཡོད་རྒྱུ་རེད་གསུངས། དགུན་ཆོས་ལ་རྟེན་འབྲེལ་རྩོད་སྐབས་མཚན་ལམ་དུ་ཧོར་ཆེན་ཞིང་གཤེགས་པ་དེ་ཉིད་ཕེབ་ནས་གསུང་རབ་ཀྱི་པོ་ཏི་མང་བོ་བཞུགས་པའི་གཙུག་ལག་ཁང་ཞིག་ཏུ་བཞུགས་པར་མཇལ། རྩོད་མཚམས་གང་ཡིན་གསུངས་བྱུང་བར། རྟེན་འབྲེལ་རྩོད་ཀིན་ཡོད་ཞུས་པར། རྒྱབ་ནས་པོ་ཏི་ཆེ་བ་ཞིག་བླངས་ཏེ་ཞལ་ཕྱེ་ནས། འཇམ་དབྱངས་བསྟན་པའི་སྒྲོན་མེའི་རྟེན་འབྲེལ་གྱི་དབུ་ནས་གསུང་བཞིན། དྲུག་ཆེན་དྲུག་གི་མཐོང་རྩེ་དེ་དང་བོའི་སེངྒེ་རྣམ་བསྒྱིངས་ཡིན་མིན་ལ་གསེར་ཕྲེང་ལྟར་ན་ཞེས་སོགས་ཐོགས་པ་མེད་པར་གསུང་གི་འདུག་པར་ཁོང་གིས་ཟིན་ཐོ་འདེབས་བཞིན་མཆིས་ཤིང་། རང་དགོན་དུ་ཕེབ་པར་ཞུས་པར་ཞལ་བཞེས་དགྱེས་བཞིན་གནང་འདུག་པར་རྨིས། བོད་ལོའི་ཉི་ཤུ་ལ་ཨ་ལགས་ཁ་གྱ་བཀའ་དྲིན་ཅན་གྱི་མདུན་ནས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་འཁྲུལ་འཁོར་ལས་བཞིའི་འཁོར་ལོ་བྲི་བ་དང་། སྔགས་ཀྱི་ཡི་གེ་བཏུ་བ། དྲངས་པ་དང་། བསྲེས་པ་རྣམས་ཕྱག་ཁྲིད་གནང་། གཏོར་མའི་འཁྲུལ་འཁོར་ལ་ཟུར་བཅུ་དྲུག་པ་དང་། ཟུར་དགུ་བ་གཉིས་ཡོད་པ་གཉིས་ཀ་སྲད་དབེན་སོ་སོའི་ཕྱག་ལེན་མ་འདྲེས་མ་ནོར་བར་ངོ་སྤྲོད་དུ་གནང་།

དགུང་གྲངས་ཉི་ཤུ་བ་ཆུ་ཕག་ལོའི་གསར་ཚེས་གསུམ་པ་ལ། མཉམ་མེད་ཐུབ་པ་མཆོག་གི་གདུང་འཚོབ་ཨ་ལགས་ཁ་གྱ་རིན་པོ་ཆེའི་མཁན་སློབ་སྦྲགས་མ་དང་། རྗེ་དགེ་འདུན་མཁས་མཆོག་པས་གསང་སྟོན། རྗེ་དགེ་འདུན་ཕུན་ཚོགས་ཚང་ལ་སོགས་པའི་དད་པའི་དགེ་འདུན་གྲངས་ཚང་བ་ལས་བསླབ་གཞི་ཡོངས་རྫོགས་ཀྱི་སྡོམ་པ་བཞེས། མཁན་པོ་དེ་ཉིད་ཀྱིས་རང་བསྙེན་པར་རྫོགས་པ་ནས་དེ་བར་འབྲལ་སྤོངས་སུ་བསྣམས་པའི་ཐུབ་སྐུ་བྱིན་ཅན་ཞིག་ཡོད་པ་དེ་ཉིད་གནང་བ་སོགས་དགྱེས་བརྩེ་མཛད། རང་དགོན་དུ་ཕེབ་པར་སྒར་གྲོང་གིས་རྟ་བསུ་སེར་ཕྲེང་བཅས་ཆོས་ཀྱི་དགའ་སྟོན་ཕུལ། རྒྱ་ལོ་ཉི་ཤུར་སླར་ལྡིས་ཚར་ཕེབ་ནས། ཨ་ལགས་བཀའ་དྲིན་ཅན་དེའི་མདུན་ནས་དེ་མོ་བའི་གསུང་གི་འཁྲུལ་འཁོར་སྒྲུབ་ཆོག་སོགས་ཀྱི་ལུང་གསན་པའི་དགུང་མོ་མཚན་ལམ་དུ། དུང་དཀར་ཆེན་པོ་ཆེན་པོ་གཉིས་ཞལ་གྱི་གྲ་གཉིས་ནས་དུས་གཅིག་ལ་བུས་པས་སྒྲ་ཆ་མཉམ་དུ་གྲགས་པ་བྱུང་། ཡང་སྐུ་མཆེད་གོང་མའི་གསུང་གི་སྟེང་ནས་འཇིགས་བྱེད་བསྙེན་ཆེན་གྱི་ཁྲིད། ཀུན་མཁྱེན་བླ་མའི་གསུང་གི་བསྙེན་ཡིག  སྒྲུབ་པའི་ཐོ་ཡིག སྐལ་ལྡན་སྐུ་ཕྲེང་གཉིས་པའི་གསུང་འབུམ། སྐུ་ཕྲེང་བཞི་བའི་མ་ཎི་རིལ་སྒྲུབ། ལྷོ་བྲག་བཀའ་འབུམ་གྱི་ཆད་ཐོ་ལེ་ཚན་དྲུག མཚན་སྒྲོགས་གོང་མའི་རྗེ་སྟོང་མཆོད་ཀྱི་ལུང་བཅས་གསན། དཔེ་ཁྲིད་དང་དཔེ་ལྟོས་རྩོད་པ་ཧུར་བསྐྱེད་ཀྱིས་དཔྱིད་ཆོས་དང་དབྱར་ཆོས་སོང་། ཡང་ཨ་ལགས་བཀའ་དྲིན་ཅན་ལ་དབྱངས་ཅན་མ་དཀར་མོའི་རྗེས་གནང་ཞུས་པར་དགྱེས་བཞིན་གནང་བས།   དབྱར་ཐོག་དེར་ཉིན་ཉེར་གཅིག་ཙམ་ལ་བསྙེན་པ་བཏང་བར་འཕྲལ་དུ་རྟགས་མཚན་བྱུང་བའི་ཚུལ་མ་མཛད་ཀྱང་། སྐབས་ཤིག་ནས་ཚིགས་བཅད་རྩོམ་བཞེད་ཆེ་འདུག་པས། དབྱངས་ཅན་མའི་སྟོད་པ་གདུང་དབྱངས་གསོལ་འདེབས་མ་སོགས་བརྩམས་པ་ནས་རྩོམ་ལ་ཐོགས་པ་མེད་པ་ལྷོ་བྱང་གི་ཆོས་ཀྱི་སྡེ་ཆེན་པོ་རྣམས་སུ་བསྟན་པའི་ཁུར་བཞེས་པའི་མཁས་གྲུབ་དམ་པ་དག་གིས་གྲུབ་པ་འདི་བཞིན་ལགས། ཡང་ཨ་ལགས་བཀའ་དྲིན་ཅན་འདི་ཉིད་རང་དགོན་དུ་ཞུས་པ་ལྟར་ཕེབ་ནས། རྟ་མགྲིན་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་དབང་། གྲུབ་རྒྱལ་ཚེ་དབང་།  འཇམ་དབྱངས་དཀར་བོ། ས་ལུགས་འཇམ་དབྱངས་དམར་སེར། མགོན་ཆོས་ལྷ་མོ་འཇིགས་བྱེད་སྔགས་བཏུས་རྗེས་གནང་སོགས་དང་། དགའ་ལྡན་ལྷ་བརྒྱ་མ། ཡོན་ཏན་གཞིར་གྱུར་མ། བློ་སྦྱོང་དོན་བདུན་མ། ཚིག་བརྒྱད་མ། ཐུན་དྲུག་རྣལ་འབྱོར། ཟ་བྱེད་མཁའ་འགྲོའི་སྦྱིན་སྲེག་གི་ལུང་། ལྟ་ཁྲིད་དྲན་པ་བཞི་ལྡན། སྒྲོལ་དཀར་ཚེ་ཁྲིད། སྒྲ་མི་སྙན་གྱི་ཚེ་ཁྲིད། གྲུབ་རྒྱལ་ལུགས་ཀྱི་ཚེ་ཁྲིད་སོགས་མང་དུ་གསན། འཇམ་དབྱངས་དཀར་སེར་དང་འཇིགས་བྱེད་ཀྱི་དབང་གནང་དུས་སུ་སྟེང་གི་ནམ་མཁར་འཇའ་ཚོན་སྣ་ཚོགས་ཤར་བ་དང་། བཅུ་གཅིག་ཞལ་གྱི་དབང་གི་སྟ་གོན་དང་དངོས་གཞི་གཉིས་ཀའི་ཉིན་དེ་འདྲའི་རྟགས་མཚན་ཡ་མཚན་བྱུང་བས། འཇམ་དབྱངས་ཀྱིས། ཆོས་མེད་དད་མེད་གཉིས་ཚོགས་ན།། ཉིན་ཁའི་ཁ་བརྡ་རང་ཡིན་ནོ་གསུངས་པ་ལྟར་མ་ཡིན་པར། ངེས་པར་དུ་བླ་མ་ཆོས་ཅན་དང་སློབ་མ་སྣོད་ལྡན་གཉིས་ཚོགས་ཀྱི་འཆད་ཉན་རྣམ་པར་དག་པའི་རྟགས་མཚན་རྨད་དུ་བྱུང་བ་མཐོང་བས་བདག་ཅག་གི་རྗེ་བླ་མ་བཀའ་དྲིན་ཅན་ཡབ་སྲས་གཉིས་ཆར་ཟུང་འཇུག་གྲུབ་པའི་གར་གྱིས་རོལ་བའི་ཁྱད་ཆོས་ཟུར་ཙམ་མཇལ་བའི་སྐལ་བཟང་ཐོབ། དགུན་ཆོས་སྐབས་དཔེ་ཁྲིད་དང་དཔེ་བལྟས་རྩོད་པ་སོགས་སྔར་རྒྱུན་ལྟར། བོད་ལོའི་ཉི་ཤུ་ལ། བཤེས་གཉེན་ཁ་སྒང་བས་ཞུས་པ་ལྟར་སླར་ཡང་འཁྲུལ་འཁོར་དང་ལྕགས་མཁར་གྱི་ཕྱག་ཁྲིད་ལུང་གི་སྐོར་བཅས་ཐོབ་པར་མཛད།

 དགུང་གྲངས་ཉེར་གཅིག་པ་མིག་དམར་ཞེས་པ་ཤིང་བྱི་ལོའི་གསར་ཚེས་ལ་རང་དགོན་དུ་ཕེབ། དད་ལྡན་འགའ་ཞིག་གིས་སྔར་ནས་ནན་ཆེ་བ་ལྟར། ཨ་ལགས་བཀའ་དྲིན་ཅན་ནས་ཀྱང་གསུང་གི་གནང་བ་ཐོབ་པས། དགེ་འདུན་བརྒྱ་ལྷག་ཙམ་ལ་འཇིགས་བྱེད་དཔའ་གཅིག་གི་དབང་། མགོན་པོ་དང་ཆོས་རྒྱལ་ཕྱི་ནང་གསང་གསུམ་གྱི་རྗེས་གནང་སོགས་གནང་བའི་བཀའ་དྲིན་དུ་སྩལ་ཏེ་སླར་ལྡིས་ཚར་ཕེབ། ཨ་ལགས་རིན་པོ་ཆེའི་མདུན་ནས་རྟེན་འབྲེལ་སྙིང་བོའི་བསྲུང་བ་དང་། འཇམ་དབྱངས་བདེ་བའི་རྡོ་རྗེའི་གསུང་འབུམ། རྡོ་རྗེ་ཚིག་སྦྲམ། དེའི་འགྲེལ་བ་ཀུན་མཁྱེན་བླ་མས་མཛད་པའི་ཙིན་ཏ་མ་ཎིའི་ཕྲེང་མཛེས། འཇམ་དབྱངས་མཁྱེན་བརྩེ་དབང་བོའི་རྟེན་འབྲེལ་སྙིང་བོའི་ལས་ཚོགས། པཎ་ཆེན་ཆོས་རྒྱན་གསུང་གི་བཀའ་རྒྱ་མའི་ནང་ཚན་འཇིགས་བྱེད་སྐོར་གྱི་ཆོས་ཚན་འགའ་ཞིག འཇམ་དབྱངས་ཆོས་སྐོར་དཔར་མ། ཡོངས་འཛིན་ཕྱག་ཆེན་ཁྲིད་ཡིག་རྣམས་ཀྱི་ལུང་བཅས་གསན། ཁྱབ་བདག་འཁོར་ལོའི་དབང་ཕྱུག་རྗེ་ཨ་རོལ་རིན་པོ་ཆེ་ལ་ཨ་ལགས་བཀའ་དྲིན་ཅན་ནས་ཞུས་པ་ལྟར་ལྡིས་ཚ་ནས་མི་ཏྲ་རྡོར་ཕྲེང་གི་དབང་ཡོངས་རྫོགས་གནང་བའི་མཇུག་ཏུ་སོ་སོའི་མཎྡལ་བཤད་པ་རྗེ་འདིས་ཞུས་པས་བརྗོད་བྱ་དོན་གྱི་འགངས་ཟབ་ལ་ཚིག་གི་སྡེབས་སྦྱོར་ལེགས་ཤིང་། སྨྲ་བརྗོད་གཙང་བས་མཁས་བླུན་མང་བོའི་ཚོགས་པ་ཆེ་བ་མཐའ་དག་དད་པའི་གནས་ལ་བཀོད། ཡང་ཨ་ལགས་རིན་པོ་ཆེའི་གསུང་བཀོད་ལྟར་རྗེ་འདིས་ཨ་རོལ་རིན་པོ་ཆེ་ལ་སྟག་ཕུ་བཀའ་རྒྱ་མའི་ལུང་ཞུས་པས་དེ་དང་། སྟག་ཕུའི་གསང་བ་བཅུ་གསུམ་གྱི་རྗེས་གནང་སོགས་གསན། རྒྱ་རོང་དགེ་བཤེས་ཚུལ་ཁྲིམས་ཉི་མའི་གསུང་གི་བླ་མཆོད་ཁྲིད་ཡིག་ཁ་ཆེམ་རླུང་བསྐུར་གྱི་ལུང་། ཁྲི་རྒན་གསུང་གི་མི་ཏྲ་རྡོར་ཕྲེང་གི་སྔགས་འདོན་ཐབས། འཇམ་དབྱངས་ཞི་ཁྲོ་སྦྲགས་སྒྲུབ། རྗེ་ཉིད་ཀྱི་གསུང་རྩོམ་སྐོར། ཞབས་བརྟན་གསོལ་འདེབས་འཇིགས་མེད་གོང་མས་མཛད་པ་དང་། ཀུན་མཁྱེན་དང་འཇིགས་མེད་གོང་མའི་དབང་གི་འཁྲུལ་འཁོར་སྒྲུབ་ཆོག   རོལ་བའི་རྡོ་རྗེའི་གསུང་གི་ཆོས་རྒྱལ་གྱི་བསྙེན་ཡིག་བསྟན་པ་སྲུང་བའི་རྡོ་རྗེའི་རུ་མཚོན། ཡི་ངོགས་བསམ་གཏན་རྒྱ་མཚོའི་བླ་མཆོད་ཊིཀྐ་རྣམས་ཀྱི་ལུང་བཅས་གསན། དབྱར་ཆོས་སྐབས་བཀའ་ཆོས་ཡོད་སྟབས་ཀྱིས་རྩོད་པ་རྒྱུན་རིང་གནང་ལོང་མ་བྱུང་ཡང་། དཔེ་གཟིགས་དང་དཔེ་ཁྲིད་མ་ཆག་པ་གནང་། དེ་ནས་རང་ཡུལ་དུ་ཕེབ། དགུན་ཆོས་སྐབས་སླར་ལྡིས་ཚར་ཕེབ་སྟེ་དགུན་ཆོས་ཀྱི་རྩོད་པ་འཕེལ་བའི་ཐབས་ལ་བརྩོན་པ་གནང་།  སྐབས་ཤིག་ཨ་འབྱུང་གི་ཁྱིམ་ཚང་ཞིག་ན་ལྷ་ཁང་ཞིག་རལ་དུ་སོང་བའི་དབང་གིས་རྡུལ་ཁྲོད་དུ་འོ་རྒྱལ་བར་བཞུགས་པའི་བཀའ་འགྱུར་ཞིག་ཡོད་པ་དངུལ་སྲང་སྟོང་དང་ལྔ་བརྒྱའི་རྩིས་ཀྱི་དངོས་འབུལ་ཕུལ་ཏེ་བླུས་ནས་སླར་ལྡིས་ཚར་ཕེབས། ཨ་ལགས་བཀའ་དྲིན་ཅན་ཚང་གི་མདུན་ནས་འཁྲུལ་འཁོར་གྱི་སྤོ་བ་ས་ཐིག་བཅས་ཞིབ་ཁྲིད། མཇུག་ཏུ་བཀའ་རྒྱས་བཏབ་སྟེ་གནང་། ལོ་འདིར་འདུ་ཁང་སླར་གསར་བཞེངས་ཀྱི་འགོ་བརྩམས། བོད་ལོའི་ནང་རང་ཡུལ་དུ་ཕེབ་ནས།

དགུང་གྲངས་ཉེར་གཉིས་པ་ཤིང་གླང་ལོའི་ཆོ་འཕྲུལ་ཟླ་བའི་ཚེས་གསུམ་གྱི་ཉིན་ཨ་འབྱུང་གི་བཀའ་འགྱུར་སྐར་མ་ཐང་དུ་གདན་དྲངས་སྐབས། སྤྲིན་གྱི་གསེབ་ནས་དབང་གཞུའི་དཀྱིལ་འཁོར་ཟླུམ་པོ་དུ་མ་ཞིག་ཤར་བ་ཀུན་གྱི་མཐོང་། འཇམ་མགོན་རྒྱལ་བ་གཉིས་པའི་རིང་ལུགས་པ་ཆེན་པོ་༧ཀོའུ་བ་ཆོས་རྒྱ་མཚོ་དེ་ཉིད་ཀྱིས་བཞེངས་པའི་བྱམས་ཁང་བྱིན་ཅན་དུ།  ཁོང་བླ་སློབ་དགེ་འདུན་སུམ་ཅུ་ཙམ་གྱིས་སྤོས་རོལ་འཕན་གདུགས་སོགས་མཆོད་པའི་བྱེ་བྲག་གིས་བཀུར་བསྟི་བཅས་བཞུགས སླར་ལྡིས་ཚར་ཕེབ་སྟེ།  རྗེ་དགེ་འདུན་མཁས་མཆོག་པ་སྐུ་བསྙུང་བའི་ཞབས་བརྟན་ལ་ཉིན་བཞིན་མ་ཆག་པར་ཕེབས། ཨ་ལགས་བཀའ་དྲིན་ཅན་ཚང་ནས་ས་སྐྱའི་གསེར་ཆོས་བཅུ་གསུམ་དང་། རྣམ་སྲས་བཀའ་བཅོ་ལྔའི་རྗེས་གནང་གསན། རང་ཡུལ་དུ་ཕེབ་ནས་འགྲོ་མགོན་ལྷ་རི་ཚང་ནས་ཨ་ལགས་བཀའ་དྲིན་ཅན་ཚང་བྱམས་ཆེན་གྱི་གཟུངས་གཞུག་འབུལ་བར་ཞུས་ཡོད་པས་དེ་གྲུབ་འཕྲལ་ཨ་ལགས་ཚང་རང་དགོན་ལ་ཞུས། རྒྱལ་དབང་དགེ་འདུན་རྒྱ་མཚོའི་ཡི་དམ་སྒྲུབ་སྐོར་ལས་རྗེས་གནང་གི་སྐོར་དང་། རྣམ་སྲས་བཀའ་བཅོ་ལྔའི་རྗེས་གནང་རྣམས་གསན། ས་ཀའི་ཉ་ལ་སེར་སྦྲེངས་བཅས་གྲ་ཚང་གི་འདུ་ཁང་དུ་གདན་དྲངས། ལམ་སྒྲོན་གྱི་བཤད་ལུང་གནང་བའི་མཇུག་ཏུ་བསྟན་འགྲོ་སྤྱི་སྒེར་དོན་ཆེད་སྐྱབས་འཇུག་ནན་ཏན་ཞུས། སྐབས་དེར་ཡུལ་ཕྱོགས་སུ་ཆར་མ་བབས་པར་ཡོད་པའི་ཆེད་དུ་ཨ་ལགས་ཚང་ལ་ས་བཅུད་བུམ་སྒྲུབ་དང་ཕྱོགས་ཕྱོགས་སུ་གཏེར་འབུལ་ཞུས་པས་ཆར་འཕྲལ་དུ་བབས། སྐར་མ་ཐང་གི་བཀའ་འགྱུར་ལ་དཔེ་ཐུམ་ཕུལ་ཏེ་ཨ་ལགས་ཚང་རབ་གནས་ལ་ཞུས། དབྱར་ཐོག་དེར་རང་དགོན་དུ་བཞུགས་ནས་དགེ་རྒན་ཚང་གི་ཞབས་བརྟན་སྒྲུབ། དགེ་རྒན་འདས་རྗེས་སུ་དགོངས་རྫོགས་ཀྱི་རིམ་པ་རྣམས་རྗེས་སུ་འཛིན་པའི་མཚན་མ་མ་བྱུང་གི་བར་དུ་མཛད། དགུན་ཐོག་ལྡིས་ཚར་ཕེབ་སྟེ་རྗེ་དགེ་འདུན་ཕུན་ཚོགས་ཀྱི་མདུན་ནས་་དཔེ་ཁྲིད་དང་།  དཔེ་གཟིགས་དགུན་ཆོས་ཀྱི་རྩོད་པ་སོགས་ལ་འབད་པ་ལྷུར་བཞེས་མཛད།

དགུང་གྲངས་ཉེར་གསུམ་པ་ཟད་པ་ཞེས་པ་མེ་སྟག་གི་ལོའི་གསར་ཚེས་ལ་འཁོར་ལོའི་མགོན་པོ་རྗེ་གྲགས་པ་དར་རྒྱས་པའི་དྲུང་ནས་སྔགས་རིམ་ཆེན་མོའི་བཤད་ལུང་། བླ་བྲང་ཨ་ཁུ་རིན་པོ་ཆེའི་བདེ་གསང་འཇིགས་གསུམ་གྱི་བསྐྱེད་རྫོགས་སོ་སོའི་བཤད་ལུང་། གསང་འདུས་འཇམ་རྡོར་འཇིག་རྟེན་དབང་ཕྱུག་གཉིས་ཀྱི་དབང་། རྣམ་སྣང་མངོན་བྱང་གི་དབང་། འཇམ་དབྱངས་ཞི་ཁྲོ་སྦྲགས་སྒྲུབ་ཀྱི་ཁྲིད་དང་ལུང་གི་སྐོར་ཁོང་ལ་རྒྱུན་གང་བཞུགས། སྲས་གཉིས་ཀྱི་གསུང་འབུམ་དང་། བསྟན་འགྱུར་ནང་གི་དཔག་བསམ་འཁྲི་ཤིང་སོགས་ཀྱི་ལུང་བཅས་གསན།   རང་ཡུལ་དུ་ཕེབ་ནས་རྗེ་བཀའ་དྲིན་ཅན་ཨ་རོལ་རིན་པོ་ཆེ་སྐར་མ་ཐང་དུ་ཕེབས་པར་རིག་བྱེད་མ་ཐུན་མོང་དང་། ཐུན་མོང་མ་ཡིན་པ། འཇམ་དབྱངས་ནག་པོའི་རྗེས་གནང་སོགས་གསན།  ཧོར་མོ་དང་རོང་བོ་བློན་ཆས་གཉིས་མི་རབས་མང་བོར་གྱོད་ལ་ཐུག་ནས་སུས་ཀྱང་མ་འདུམ་པར་ཡོད་པ་རྗེ་འདིས་ཧོར་མོའི་དཔོན་ཁགས་དྲེག་ཞན་གང་གི་ཡང་དབང་དུ་མ་བཏང་བར་བཙན་ཆོད་ཀྱིས་གཟུ་ཨ་རོལ་རིན་པོ་ཆེར་ཕུལ། ཨ་རོལ་རིན་པོ་ཆེ་ལྡིས་ཚར་ཕེབ་པ་ཆིབས་སྐྱེལ་བྱས། བྱ་ཁྱུང་བརྒྱུད་དེ་ལྡིས་ཚར་ཕེབ། ས་ཀའི་བཅུ་གསུམ་ལ་ཨ་རོལ་ཚང་ལ་ཨ་ལགས་རིན་པོ་ཆེས་ཞུས་པའི་སེམས་བསྐྱེད་མཆོད་པ་གསན། མཇུག་གི་མཎྡལབཤད་པ་ཡང་རྗེ་འདིས་ཕུལ་བས་སྤོབས་པ་དང་སྨྲ་བརྗོད་ལྡེབས་ལེགས་བརྗོད་བྱ་སོགས་ཕུན་སུམ་ཚོགས་པའི་ཡོན་ཏན་གང་ཐད་ནས་ཚོགས་པ་ཉིས་སྟོང་ལྷག་ཡོད་པ་ཐམས་ཅད་དད་པར་གྱུར། རྗེ་འདིས་ཨ་ལགས་བཀའ་དྲིན་ཅན་གྱི་ཞབས་བརྟན་ལ་རྗེ་ཚེ་འཛིན་མར་བརྟེན་པའི་ཚེ་དབང་ཞུས་གནང་མཐར་ཨ་ལགས་བཀའ་དྲིན་ཅན་ཚང་ལ་བརྟན་བཞུགས་ཕུལ། གཞན་ཡང་འཇམ་དབྱངས་ཞི་ཁྲོ་སྦྲགས་སྒྲུབ་ཀྱི་སྐོར་ལས་ལུང་རྒྱུན་གང་བཞུགས་དང་ཡོངས་འཛིན་ཡེ་ཤེས་རྒྱ་མཚན་གྱི་རྣམ་ཐར་གྱི་ལུང་གསན། འདིའི་སྐབས་ཨ་ལགས་བཀའ་དྲིན་ཅན་ནས་རྗེ་འདི་ལ་གོས་དར་དཀར་བོ་སྲིད་དུ་རིང་བ་ཞིག་གནང་ནས་མཎྡལ་བཤད་པའི་རྩོམ་པ་ལེགས་ཚུལ་དང་། རྒྱུན་གྱི་མཛད་སྤྱོད་ལ་བསྔགས་བརྗོད་ཆེ་བ་གནང་། དེ་ནས་དབྱར་ཆོས་ཀྱི་ཚོགས་ཆོས་འགྲིམ་བཞིན་བཞུགས་པར། སྐུ་ཕྱོགས་ཨ་རོལ་ཚང་བསམ་གཏན་གླིང་ན་བཞུགས་སྐབས། ཉིན་ཞིག་བསམ་གཏན་གླིང་ལ་ཕེབ་བཞེད་གློ་བུར་བ་ཞིག་འཁྲུངས་ནས་ཤིན་ཏུ་བྲེལ་བས་བཞུགས་མི་ཚུགས་པ་ལྟ་བུར་བཞུགས་ཐོག་སྐུ་ཕྱོགས་ནས་ཞུ་མི་མངགས་པ་ལྟར་ཕྱི་དྲོ་དེར་རྐང་ཐང་ལ་བསམ་གཏན་གླིང་དུ་ཕེབ་པར་དགུང་མོ་ཀྵེ་ཊ་པ་ལ་སྤྲེལ་ཁྲིད་ཀྱི་རྗེས་གནང་གནང་བ་གསན། སླར་ཕེབ་ནས་དབྱར་ཆོས་དེར་ཕར་ཕྱིན་གྱི་རྩོད་པ་རྫོགས། འཛིན་གྲའི་ཕར་ཕྱིན་སྟོན་མོ་ལ་ཉིན་ཐུབ་གཅིག་གི་བསྙེན་བཀུར་མཛད། ལོ་འདིར་འདུ་ཁང་གྱན་དགུ་ཅན་བཟོ་བཀོད་ཁྱད་དུ་འཕགས་པ་གྲུབ་པའི་ཤིང་ཡོན་དང་དགོན་གྲོང་གི་སྐྱ་སེར་ཕོ་མོའི་ཚོགས་ལ་དགའ་སྟོན་བཅས་ཧོན་ཆེ་བ་མཛད། སྐབས་ཞིག་ཨ་ལགས་བཀའ་དྲིན་ཅན་ནས་གསུང་འཕྲོས་ལ་ཆུ་མིག་ལ་ཕེབ་འདོད་ཨེ་ཡོད་གསུངས་པར་རྗེ་འདིས་ཅིས་ཀྱང་འདོད་ཞུས་པས། མ་ཅིག་ཞི་དྲག་གི་དབང་བརྒྱུད་ལྡན་དམ་པའི་ཕྱག་བཞེས་བཞིན་གནང་བ་གསན་པའི་མཐར་ཨ་ལགས་ཚང་ནས་ཕྱག་རྐང་གཅོད་གཞུང་བློ་གྲོས་མིག་འབྱེད་གཉིས་གནང་།  དེ་ནས་གསང་མཚམས་གནང་། འདི་སྐབས་གྲིབ་རྐྱེན་ཞིག་གིས་སྤྱན་བསྙུང་བར་བརྟེན་རང་དགོན་དུ་ཕེབས་ནས་སྨན་བཅོས་དང་ཞབས་རིམ་སྒྲུབ་བས་དྭངས་འཕྲལ། དད་ལྡན་འགས་སྔ་ཕྱིར་ཞུ་བ་ནན་ཆེ་བ་ལྟར་ལམ་ཁྲིད་དང་། མགོན་བཀའ་བཅུ་གསུམ་གྱི་རྗེས་གནང་སོགས་གནང་། འདིའི་སྐབས་ཆར་ཞོད་ཆེ་བ་དང་། དགོན་པའི་གླིང་དང་མདུན་རིའི་ངོས་ལ་ཐོག་འགའ་བབས་པ་སོགས་ཧ་ཅང་འཚུབ་ཉམས་བྱུང་ཡང་། རྗེ་འདིའི་ཐུགས་རྗེ་ལ་བརྟེན་ནས་སུ་གང་ལ་ཡང་སྐྱོན་མ་བྱུང་། སྟོན་ཀ་ཨ་ལགས་བཀའ་དྲིན་ཅན་དང་མཇལ་བར་ཕེབས་པ་ན། ཆོས་ཐོག་སོ་སོའི་མཐུན་རྐྱེན་གྱི་ཆེད་དུ་འབྲུ་གསོལ་ལ་ཕེབས་སོང་བས། གར་ཕེབ་གར་བཞུགས་རྩད་བཅད་ནས་རྗེས་ལ་བསྙེགས་ཏེ་ཕེབས་པར་རྩ་བ་ཨ་སྡེ་བྱ་བར་བཞུགས། སྐུ་བསྙུང་ཚུལ་གནང་བའི་སྐུ་ཉམས་ལ་བལྟ་མི་ཕོད་པ་དང་། སྤྱན་གྱི་གཟིགས་སྟངས་ཚུན་ཆད་སྔར་དང་མི་འདྲ་བར་བཞུགས་པར་མཇལ། རྗེ་འདི་མཇལ་མ་ཐག་ཨ་ལགས་བཀའ་དྲིན་ཅན་ཡར་བཞེངས་ཏེ་། ཁོང་གི་གཟིམ་མལ་གྱི་བཞུགས་གདན་ལ་ཅིས་ཀྱང་བཞུགས་དགོས་པའི་གསུང་ནན་ལྕི་བ་དང་ཕྱག་གིས་འཐེན་པ་སོགས་མཛད་པས་རྗེ་འདི་བཞུགས་པ་ན། རྗེ་འདིའི་ཕྱག་ལ་འཇུས་ནས་གསུང་འཕྲོས་མང་བོ་དང་འཆད་ཉན་སོགས་བསྟན་པའི་བྱ་བ་ཁུར་བཞེས་གནང་དགོས་ཀྱི་ཞལ་ལས་བརྩམས་ཏེ་འབྱུང་འགྱུར་དང་འབྲེལ་བའི་བསླབ་སྟོན་ཞལ་ཆེམས་ཀྱི་ཚུལ་དུ་བསྩལ་བ་གསུང་གི་ཐ་མར་དགོངས་ནས་ཐུགས་སྐྱོ་བ་ཚད་མེད་པའི་ངང་ལ་འབྲལ་མི་ཕོད་པར་མཛད་ནས་སླར་ཕེབས། བཅུ་བའི་ཚེས་འགོར་ཨ་ལགས་བཀའ་དྲིན་ཅན་ལྡིས་ཚར་ཕེབས་བྱུང་བ་གསན་མ་ཐག དེ་དུས་ཁ་བ་ཆེན་པོ་བབ་པའི་ལྷག་པ་ཆེ་དུས་ཡིན་ཀྱང་དད་སྤྲོ་ཆེ་བས་བྲེལ་དབང་གིས་ཞབས་ཆག་ནབ་རྒྱུ་ཡང་མ་བྱུང་བར་ཞབས་རྗེན་ལ་ཕེབས་ཏེ་མཇལ་བར་ཐུགས་དགྱེས་ཚོར་གནང་། ལྔ་མཆོད་ཆེན་མོའི་སྐབས་ཕར་ཚད་དྲང་ངེས་རྟེན་འབྲེལ་སོགས་ལས་བརྩམས་ཏེ་ཉིན་བཞིའི་རིང་ལ་གྲ་སྐོར་གནང་། ཉེར་ལྔའི་དམ་བཅའ་མཚན་ཕུད་སྐབས་བླ་མ་དགེ་བཤེས་རྣམས་ཀྱི་ཐུགས་དགྱེས་པར་བྱས།  དེ་ནས་ཆུ་མིག་ལ་ཕེབས་པ་དང་དུས་ཐུག་པར། ཨ་ལགས་ཚང་ལ་ཆུ་མིག་སྐབས་ཀྱི་འདོན་བསྒྲིགས་ཕྱག་ལེན་དབྱངས་རྟ་ཚུན་ཆད་ཞིབ་ཁྲིད་གསན་ནས། ཕེབས་ཁར་ཨ་ལགས་ཚང་ནས་གོས་དག་ལྗང་ཁུ་ཆེ་ལེགས་ཞིག་གནང་། ཨ་ལགས་ཚང་དགུང་ལོ་བགྲེས་ཤིང་བསྙུན་ཚུལ་བཞེས་སྟབས་འབྲལ་ཤིན་ཏུ་མི་ཕོད་པར་གྱུར་བས་ད་ལོ་ཆུ་མིག་ལ་མི་ཕེབ་པར་ཁོང་གི་ཉེ་ཆར་ལྡིས་ཚ་འདིར་བསྡད་ན་འདོད་ཞུས་པར། ཨ་ལགས་ཚང་ནས་དེ་བས་ཆུ་མིག་ལ་ཕེབ་པ་དགའ་གསུངས་བྱུང་བར། ཕན་པའི་ལན་དུ་མཆོད་པ་བྱ་བ་ནི།། བསྒོ་བའི་ཚིག་བཞིན་ཉམས་སུ་ལེན་པ་ཞེས་པ་ལྟར་བཀའ་བཞིན་སྒྲུབ་པའི་མཆོད་པར་དམིགས་ནས། དེ་མ་ཐག་རང་དགོན་དུ་ཕེབ་སྟེ། བཅུ་གཅིག་པའི་ཚེས་ནས་མགོ་བརྩམས་ཏེ་ཕྱི་མཚམས་ཆེན་མོ་འགྲིམ། འདི་སྐབས་ལམ་གྱི་གཙོ་བོ་རྣམ་གསུམ་གྱི་ཉམས་བཞེས་འགངས་ཆེ་བ་མཛད་པར་འདུག་སྟེ། ཆུ་མིག་གི་གྲོགས་སློབ་འཁོར་རྣམས་ལ་དགུན་གྲང་ལྷག་ཆེ་བའི་སྒང་ལ་ཡན་ལག་གྲང་ཐབས་ཙམ་དུ་བྱས་ཏེ་ཆུ་མིག་བརྒྱ་རྩ་ཕུད་ཟིན་པའི་མིང་ཙམ་ཐོབ་པར་བྱས་ནས་ལྷ་མཆོད་འདྲེ་འདུལ་གྱི་གྲོང་ཆོག་འདུ་བའི་ཐབས་ལ་མི་དམིགས་པར། རབ་བྱུང་ན་ངེས་འབྱུང་བྱམས་སྙིང་རྗེ། བྱང་ཆུབ་ཀྱི་སེམས་ཡང་དག་པའི་ལྟ་བ་རྣམས་སྐྱོང་དགོས་པ་ཡིན་ལ་འུ་ཅག་ལ་དེ་དག་གི་ཕྱོགས་ལ་མོས་བློ་ཙམ་ཡང་དཀའ་བར་ཡོད་པས། མ་མཐའ་ཚེ་རབས་ཀུན་ཏུ་མ་ཅིག་ཞི་དྲག་གིས་རྗེས་སུ་འཛིན་པའི་ཨུ་ཚུགས་གསོལ་འདེབས་ཐུན་དང་ཐུན་མཚམས་སུ་མ་བརྗེད་པར་ཆོ་ག་དག་འདོན་དང་སྔགས་གྲངས་ལོངས་བ།  ཕྱག་ལེན་གང་ལ་བླ་མའི་ཕྱག་བཞེས་བཞིན་སྐྱོང་ཅི་ཐུབ་བྱས་གསུངས། བོད་ལོའི་ཚེས་ལ་ཨ་ལགས་བཀའ་དྲིན་ཅན་དེ་ཉིད་དགོངས་པ་ཆོས་དབྱིངས་སུ་གཞོལ་བའི་གཏམ་གསན་པ་ན། ཐུགས་སྐྱོ་བ་ཚད་མེད་པའི་གསུང་གྲོགས་སློབ་འཁོར་རྣམས་ལ་འདི་ལྟར་གསུངས་ཏེ།  ད་རང་རེ་ལོང་བ་མགོན་མེད་ཐང་དཀྱིལ་དུ་ཕངས་སོང་། སྤྱིར་བག་མེད་ཀྱི་བྱ་བར་གོམས་ཤུགས་ཆེ་བས་རང་རྒྱུད་དགེ་བར་སྦྱོར་བའི་བླ་མ་འདི་འདྲ་ཕར་ཟད། གྲོགས་བཟང་བོ་གཅིག་ཀྱང་མེད།  སྙིགས་མའི་སྐྱེ་བོ་རྣམས་ཀྱི་ངན་སྤྱོད་མཚོ་ལྟར་བརྡོལ་བའི་བྱེད་པས། རང་ལའང་གྲོགས་ངན་གྱི་ཤན་ནི་རང་ཤུགས་ཀྱིས་འགོས་འོང་བས་སྐྱོ་བོ་རང་གཅིག་འདུག་མོད་ལ། འོན་ཀྱང་རང་ངོས་ནས་དད་པའི་ས་བོན་བཟང་བོ་ཞིག་ཡོད་ན་བྱིན་རླབས་ཀྱི་མྱུ་གུ་སྨིན་པ་ཆོས་ཉིད་ཡིན་པས།  རང་རེས་ཀྱང་དད་གུས་བསྐྱེད་ལ་ཆུ་མིག་སྐབས་ཀྱི་དགེ་བ་གང་མཆིས་ཐམས་ཅད་བཀའ་བཞིན་སྒྲུབ་པའི་མཆོད་པར་དམིགས་ཏེ།  དགོངས་རྫོགས་ཀྱི་ཐབས་ལ་ཅི་འགྲོ་བྱ་གསུངས།  ཆུ་མིག་ལ་ཕེབས་པའི་སྐབས་འདིར་རྒྱུན་དུ་ཆུ་ཆེན་པོ་མི་འབྱུང་བའི་ཆུ་འགོར་བྱོན་དུས་ཆུ་ཇེ་མང་ལ་འགྲོ་བ་དང་། གཞི་བདག་ཡུལ་ལྷ་དྲག་རྩལ་ཅན་དུ་གྲགས་པའི་གནས་སུ་བྱོན་སྐབས་སུ་འཇའ་ཤར་བ་དང་། མེ་གཞོག་ལྟ་བུ་ཕན་ཚུན་དུ་རྒྱུ་བ་མཐོང་བ་སྐབས་འགའ་རེར་བྱུང་།  ཁྱད་པར་ཁྱམ་ཚང་ཆུ་འགོའི་རྩར་བྱོན་དུས་ཅོག་བུ་ཕུབ་པའི་སྐབས། བོད་ལོའི་ཉི་ཤུ་ཡིན་ཀྱང་ཆུ་འགོའི་ལོགས་ཀྱི་ས་བརྟོལ་ནས་ཆུ་ཞིག་ལྷོགས་སེ་བུད་པར། དེར་འཁོད་ཁོང་བསུ་སྐྱེལ་ཀྱི་བསྙེན་བཀུར་ཞུ་བའི་སྐྱེ་བོ་ཐམས་ཅད་དད་ནས་འཐུང་བ་དང་བཀྲུ་བ་དང་། གུས་པའི་ཚིག་གི་རོལ་མོ་ཁྲོལ་བ་སོགས་ལ་བྲེལ་བར་གྱུར། མཇུག་གི་བདུན་མཚམས་འཁྱིལ་གི་འཚེར་གྱི་ཆུ་འགོར་བཞུགས་སྐབས་ཁ་བ་ཆེན་པོ་བབས་པའི་ཉིན་གཅིག་ནང་དུས་ནས་དྲོས་ཇའི་བར་ལ་མེ་ཏོག་འདབ་མ་དྲུག་པའི་དབྱིབས་ཅན་གྱི་ཁ་བ་བབས་བྱུང་བ་དེར་འཁོད་ཀུན་ལ་མཐུན་སྣང་དུ་གྲུབ། 

དགུང་གྲངས་ཉེར་བཞི་བ་ལ་ཆུ་མིག་གྲོལ་འཕྲལ་ལྡིས་ཚར་ཕེབ་ནས། རྗེ་དགེ་འདུན་ཕུན་ཚོགས་པའི་དྲུང་ནས་དབུ་མ་ལུང་རིགས་གཏེར་མཛོད་སོགས་དབུ་མའི་སྐོར་གྱི་དཔེ་ཁྲིད་དང་། དཔྱིད་ཆོས་དབྱར་ཆོས་ཀྱི་རྩོད་གྲ་འགྲིམ། དབྱར་ཐོག་དེར་སྐུ་བསྙུང་ཅུང་ཟད་བཞེས་པར་བསམ་གཏན་གླིང་གི་སྨན་པ་ཞིག་གི་གམ་དུ་ཕེབ་ནས་སྐུ་འབུམ་ཆོས་བཤེས་རིན་པོ་ཆེ་དེར་བཞུགས་པ་མཇལ་བར་བསྟན་པ་ལ་བྱ་བ་གང་ལྕོག་བྱེད་རྒྱུའི་ཞལ་ཏ་སྐབས་འགར་གསུང་ནན་ཆེ་བའི་ཚུལ་དང་།  སྐབས་འགར་རྩེད་མོའི་ཚུལ་གྱིས་གནང་བ་ཕྱིས་སུ་དཔྱད་ན་འབྱུང་འགྱུར་གྱི་ལུང་བསྟན་དུ་འདུག་པ་ཡོད་གསུངས། བརྒྱད་པའི་ཡར་ཚེས་ལ་འཁོར་ལོའི་མགོན་པོ་གྲགས་པ་རྒྱ་མཚོ་བའི་དྲུང་ནས།  དུས་འཁོར་གྱི་དབང་ལས་བྱིས་པ་ལྟར་འཇུག་པའི་དབང་བདུན། གོང་མ་གོང་ཆེན་བཞི་རྡོ་རྗེ་སློབ་དཔོན་ཆེན་པོའི་དབང་དང་བཅས་པ་གསན། དགུན་བསྙུང་གཞི་ཞིག་གི་དབང་གིས་རང་དགོན་དུ་བཞུགས། རྗེ་གྲགས་པ་དར་རྒྱས་ཚང་ལ་མོ་བདེ་ཆེན་དུ་ཕེབས་པའི་སྐབས་སྐར་མ་ཐང་དུ་ཞག་འགའ་བཞུགས་པར་ཀུན་རིག་གི་དབང་དང་། འཇམ་དབྱངས་ནག་པོའི་རྗེས་གནང་བཅས་གསན།  རྗེ་ཨ་རོལ་རིན་པོ་ཆེ་སྤྲེལ་རྫོང་ནས་རེབ་བཀོང་དུ་ཕེབ་པའི་ལམ་ཞོར་ལ་རང་དགོན་དུ་ཕེབས་པར་རྟ་བསུ་སེར་སྦྲེངས་སོགས་ཀྱི་བསྙེན་བཀུར་ཞུས།  འདུ་ཁང་དུ་ཞུས་ཏེ་འཇམ་ལུགས་ལྷ་ལྔའི་ཚེ་དབང་དང་འཆི་མེད་རྡོ་རྗེའི་སྲོག་ཤིང་སོགས་བཀའ་དྲིན་དུ་བསྩལ་བ་གསན་ནས་རེ་བཀོང་དུ་ཕེབས་པར་ཆིབས་སྐྱེལ་གནང་། དེ་ནས་ཉི་ལྡོག་འདས་རྗེས་སུ་ལོ་གསར་གྱི་བར་ལ་སྐུ་མཚམས་གནང་།  

དགུང་གྲངས་ཉེར་ལྔ་བ་ས་ཕོ་འབྲུག་གི་ལོའི་གསར་ཚེས་གསུམ་པ་ལ། རེབ་བཀོང་དུ་ཕེབས་སྐབས་གླེབ་གཞུག་ཏུ་ཞག་བཞུགས་གནང་། ཕྱི་ཉིན་ནས་ཆོས་ཀྱི་དོན་དུ་འགྲོ་བ་ལ་སྐྱིད་ཆོས་ཀྱིས་མི་འོང་དགོངས་ནས་ཆིབས་པ་སོགས་སླར་བསྐུར་སྐུ་ཆོས་ཡང་ཞབས་ཕྱི་རྣམས་ལའང་མ་གནང་བར་སྐུ་ཆོས་ཀྱི་སྟེང་དུ་ལམ་རིམ་ཆེན་མོ་ཁུར། སྦ་མཁར་ཞིག་ལ་བརྟེན་ནས་རྐང་ཐང་ལ་ཕེབས་ནས་སྐ་སར་ལ་བྱོན།  གྲ་ཚང་གིས་ཞུས་པ་ལྟར་བྱམས་ཆེན་ལ་ཤིས་བརྗོད་ཀྱི་རབ་གནས་གནང་། སྤྱི་འབུལ་རྣམས་ཕྱིར་སློག  ཕྱིན་ཉིན་ཁྱིམ་པ་ཕོ་མོའི་ཚོགས་མང་བོ་བསྙེན་བཀུར་གྱ་ནོམ་དང་བཅས་མཇལ་དུ་བྱུང་སྟེ་མ་ཎི་འུར་འདོན་བྱེད་བཞིན་མཇལ་བས།   ཞལ་ནས་ཡང་ཨོཾ་མ་ཎི་པདྨེ་ཧྰུཾ་འབྲེལ་ཐོགས་ཐམས་ཅད་ལ་འཕགས་པ་ཐུགས་རྗེ་ཆེན་པོས་བྱིན་གྱིས་རློབས་ཤིག་ཅེས་སོགས་ཐུགས་སྨོན་དག་པས་མཚམས་སྦྱོར་ནན་ཏན་མཛད་པར་ཞབས་ཕྱི་རྣམས་ནས་གླེང་།  སྒར་གྲོང་གཉིས་ཀས་རོང་བོ་དགོན་ཆེན་དུ་ཆིབས་སྐྱེལ་བྱས་ཕྱི་ཉིན་སྐུ་ཕྱོགས་བཀྲ་ཤིས་ཆོས་རྫོངས་ན་བཞུགས་པར་མཇལ་དུ་ཕྱིན་པས། སྐུ་ཕྱོགས་ནས་རྗེ་འདི་ཡུལ་ནས་རྐང་ཐང་ལ་ཕེབ་པ་གསན་པས་དབོན་ཆུང་སོགས་ལ་ཆིབས་ཆེན་བསྐུར་ཏེ་བསུ་བ་དང་། བཀྲ་ཤིས་ཆོས་རྫོང་ན་བཞུགས་པའི་བླ་མ་དགེ་བཤེས་རི་ཁྲོད་པ་རྣམས་ནས་སེར་སྦྲེང་སོགས་ཀྱི་བཀུར་བཟོས་ཞུས། ཚེས་བདུན་ནས་རེ་བཀོང་གི་དགོན་ཁེགས་ཆེ་ཆུང་ཐམས་ཅད་ཀྱི་སྨོན་ལམ་ལ་མཇལ།  བཅུ་བདུན་ནས་སྐུ་ཕྱོགས་ལ་དྲུང་ཡིག་གི་བྱ་བ་གང་ལྕོགས་དང་། རོང་བོའི་བླ་མ་དགེ་བཤེས་འགའ་རེས་ཉིན་བཞིན་རྩོད་པ་བྱེད་འདུག་པས། དགེ་བཤེས་ཞིག་ལ་དབུ་ཕར་དང་ཚད་མའི་སྐོར་གྱི་འཕྲོས་པ་རྒྱུན་ལྡན་གནང་། སྔར་ནས་ལྕང་ལུང་ཁྲི་རྒན་རྡོ་རྗེ་འཆང་ལ་མཇལ་བར་བཞེད་འདུག་པ་ལྟར།  སྐུ་ཕྱོགས་ཚང་ལ་ཞུས་པས། སྐུ་ཕྱོགས་ནས་རི་ཁྲོད་པ་གཉིས་མངགས་ཏེ་རྗེ་འདི་མཇལ་དུ་ཕེབས་ཡོད་ཚུལ་དང་། བཀའ་ཆོས་མང་བོའི་སྙན་གསན་ཕུལ་བར་དགྱེས་བཞིན་ཞལ་བཞེས་གནང་ང་སྟེ། གཉིས་པ་སྔོན་མའི་ཡར་ཚེས་ལ་ལྕང་ལུང་སྒར་གསར་དུ་ཕེབས།  ཕྱོས་འདུས་ཀྱི་རི་ཁྲོད་པ་རྣམས་དང་། སྐུ་ཕྱོགས་ཚང་། བིས་མདོ་ཆུ་དམར་སྤྲུལ་སྐུ་སོགས་དང་ལྷན་དུ་སྒྲུབ་ཐབས་ཀུན་བཏུས་ཀྱི་ལུང་གསན། ཐོག་མའི་ཉིན་སྐུ་ཕྱོགས་དང་རྗེ་འདི་རྣམ་གཉིས་ལ་གཟིགས་ནས། ད་ཁྱེད་དཔོན་གཡོགས་སྐལ་ལྡན་བླ་སློབ་ལྷན་གཅིག་ཏུ་འཛོམ་ནས་འདུག་གསུངས་པ་སོགས་རྗེ་འདི་སྐལ་ལྡན་གྱི་བླ་མ་ཆོས་རྒྱ་མཚོ་ཡིན་པའི་གསུང་བྱོན། རྗེ་འདི་རེ་བཀོང་དུ་དོན་གཙོ་བོ་རྡོ་རྗེ་འཇིགས་བྱེད་ཀྱི་མན་ངག་རྣམ་གསུམ་གྱི་ཆེད་ཡིན་སྟབས་སྐུ་ཕྱོགས་དང་རྗེ་འདི་རྣམ་གཉིས་ལ་དེའི་སྐོར་གནང་བའི་ཉིན། ཐོག་མར་དབུ་བཙུགས་པ་དང་མཉམ་དུ་ལྕང་ལུང་གི་མི་ཞིག་ཤི་བའི་བསྔོ་རྟེན་དུ་ཁོང་ཡབ་སྲས་གསུམ་ལ་ཡང་ཏྰ་ཁ་རེ་ཕུལ་བས་ཁྲི་རྒན་དང་སྐུ་ཕྱོགས་རྣམ་གཉིས་ལ་དམར་བོ་དང་།  རྗེ་འདི་ལ་ནག་པོ་ཞིག་ཕུལ་བྱུང་བས། ཁྲི་རྒན་ཚང་ནས་བཞད་མོ་གནང་སྟེ་ཁྱེད་ལ་རྟེན་འབྲེལ་འགྲིགས། ཁྱེད་ཟླ་ཟད་ཀྱི་མར་ངོའི་བཅུ་བཞི་ལ་འཁྲུངས་པའི་དོན་འགོ་ཞིག་ཡོད་དགོས་ནི་རེད་གསུངས། ཡང་ངས་འཇིགས་མེད་གོང་མ་རྡོ་རྗེ་འཆང་ལ་ཞུས་སྐབས། གཙང་དགེ་བཤེས་རིན་པོ་ཆེ་དང་། དར་ཞིང་ཁྲི་བ་གཉིས་དང་ལྷན་དུ་ཉན་པའི་སྐབས་དེ་དག་ལ་ཟུར་ཙམ་ཡང་མ་གསུངས་པའི་མན་ངག་སྙན་བརྒྱུད་ཁྱད་པར་ཅན་ཁོ་བོ་ཁོ་ན་ལ་གསང་སྟབས་སུ་གནང་བ་མང་བོ་ཞིག་ཡོད་པ་བཀའ་ཤིན་དུ་དམ་དྲག་པའི་དབང་གིས་ད་ལྟའི་བར་དུ་སུ་ལ་ཡང་བཤད་མ་ཕོད།  ད་ང་ཡང་ན་སོ་རྒས་པས་ཆོས་བདག་པོ་ལ་སྤྲོད་རན་པས་ད་ལམ་ཆ་ཚང་བྱེད་དགོས་གསུངས་ནས།  མན་ངག་གི་ཡིག་སྣ་མི་མཐུན་པ་ཕྲ་མོ་ཚུན་ཆད་ལ་དག་ཐེར་དང་ཞིབ་ཆ་གནང་སྟེ་གསུངས་པ་དང་།  སྐབས་ཤིག་འཚུབ་ཉམ་བྱུང་བས་བཀའ་ཆོས་གཞན་གྱི་སྤྲོས་པ་ཡང་བསྡུས་ནས་སྐུ་མཚམས་ལ་བཞུགས་ཏེ། མཚམས་ནང་དུ་སྐུ་ཕྱོགས་དང་རྗེ་འདི་རྣམ་གཉིས་ལ་ལྐོག་ཁྲིད་དུ་གནང་བ་གསན་ནས་གསུང་རིས་ཕྲ་མོ་ཚུན་ཆད་ཐུགས་ལ་ཟིན་པར་བྱས། རྗེ་འདིས་སྔགས་རིམ་གྱི་བཤད་ལུང་སྐབས་ཟིན་བྲིས་མཛད་ཡོད་པ།  སྐུ་ཕྱོགས་ཀྱི་ཕྱག་ནས་ཁྲི་རྒན་རིན་པོ་ཆེས་གཟིགས་པར་ཤིན་ཏུ་དགྱེས་པའི་བསྔགས་བརྗོད་མཛད་པས།  སྐུ་ཕྱོགས་ཚང་སོགས་ཀྱིས་འདྲི་བར་མཛད། མན་ངག་རྣམ་གསུམ་གནང་སྐབས་ཀྱི་གསུང་བཤད་ཞིག་གི་ཞོར་ལ་ཁྲི་རྒན་ཚང་ནས་རྗེ་འདི་ལ་གཟིགས་ནས་ཁྱེད་ནི། ང་རྒྱལ་ཤེས་འདོད་བློ་ནི་མ་མཆིས་ཏེ།། སངས་རྒྱས་བསྟན་པའི་ཆེད་དུ་ཉམས་སུ་བླངས།། ལྟ་ལོག་བོན་པོའི་མགོ་ལ་ཆད་མདའ་རྒྱོབ།། བརྒྱ་ཕྱེད་མཁའ་སྤྱོད་གནས་སུ་བཛྲ་མུ་ཟེར་བ་དེ་རེད། འདིའི་ལག་ལེན་སྐུ་ཕྱོགས་ལས་ཀྱང་ཁྱེད་ཀྱིས་མཛད་ན་ལེགས་གསུངས་ནས། ཚ་ཁོ་ངག་དབང་གྲགས་པས་རྒྱལ་མོ་ཚ་བ་རོང་དུ་བོན་པོ་ལ་མཐུ་བྱས་ཚུལ་གྱི་ལོ་རྒྱུས་དང་། དེ་ཀོའུ་བ་ཆོས་རྒྱ་མཚོ་དང་ཐུགས་རྒྱུད་གཅིག་པ་ཁུངས་དང་བཅས་གསུངས། ཡང་ཁྲི་རྒན་རིན་པོ་ཆེ་ནས་སྐུ་ཕྱོགས་ཚང་ལ། དངུལ་ཆུ་དྷརྨ་བྷ་ཏྲ། དབྱངས་ཅན་གྲུབ་པའི་རྡོ་རྗེ། དེའི་སྐུ་ཚ་བློ་བཟང་འཇིགས་མེད།  དད་པ་མཁན་པོ་རྣམས་ཀྱི་གསུང་འབུམ་གྱི་ལུང་ཞུས་པ་ལྟར་ཁྲི་རྒན་རིན་པོ་ཆེ་དང་ལྷན་དུ་གསན། གཉིས་པ་རྗེས་མའི་ཚེས་མགོར་རེ་བཀོང་ཕྱོགས་སུ་སུབ་ནད་ཞིག་གིས་མང་པོ་འཆི་བར་འདུག་པས་སྐབས་ཞིག་ལ་རྗེ་འདིས་ཀྱང་བཞེས་པར་ཞབས་ཕྱི་རྣམས་ནས་ཁོང་ལ་སྔོན་བྱུང་ཚར་བས་ད་དུང་བྱུང་བ་འདི་མི་བཟང་ཡུལ་དུ་ཕེབས་ན་ཞུས་པར། ཞལ་ནས་འདི་སུབ་ཡིན་མིན་ཡང་མི་ཤེས་པས་ནད་ལ་བྲོས་བས་མི་ཐར། སུབ་ཡིན་ན་བདག་སུབ་ཐར་ཡིན་པས་ཚུར་འགོས་དོན་མེད། རང་གིས་བསམ་བཞིན་དུ་གཞན་སྟེང་གི་ནད་དང་སྡུག་བསྔལ་ལེན་པའི་ནུས་པ་དང་བསམ་པ་བཟང་བོ་ཞིག་ཡོད་ན་ངའི་བསམ་བྱའི་གཙོ་བོ་དེ་ཡིན་མོད་ཀྱང་།  དེ་འདྲ་མི་ནུས་པ་རང་བློ་རང་ལ་ལྐོག་ཏུ་མ་གྱུར་བས་ཤེས། ཆོས་ཀྱི་དོན་དུ་ཡོང་ནས་ཆོས་ལ་ཉན་བཞིན་ཤི་བའི་སྐལ་བ་ཡོད་ན་སེམས་ལ་མྱ་ངན་གྱི་མི་བདེ་བ་མེད་གསུངས་པ་སྐུ་ཕྱོགས་ཚང་ནས་གསན་པས། དེ་མ་ཐག་ནས་དྲུག་ཅུ་བ་སོགས་རྗེ་འདི་ལ་ཆེད་དམིགས་ཀྱི་ཞབས་བརྟན་བརྟན་བཞུགས་མཛད་པར་བརྟེན་ནས། སྐུ་བདེ་ཞིང་ཡུལ་དེའི་ནད་ཡམས་ཀྱང་ཞི་བར་གྱུར་བ་ནི་གཟུ་བོར་གནས་པ་རྣམས་ཀྱི་རྗེ་འདིའི་ཐུགས་ཆེ་བའི་ཡོན་ཏན་དུ་གོ་ཞིང་གླེང་བར་བྱེད།  དེ་ནས་བླ་མ་རྣམ་གཉིས་དང་ལྷན་དུ་རོང་བོ་དགོན་ཆེན་དུ་ཕེབ་ནས། སྐུ་ཕྱོགས་ཚང་གི་དྲུང་ནས་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་དབང་།  འཇམ་དབྱངས་ནག་པོ། རིགས་གསུམ་སྤྱི་སྒྲུབ། གཟའ་ཉི་མའི་མདུང་གང་མ་རྣམས་ཀྱི་རྗེས་གནང་སོགས་དང་།  ཁྲི་རྒན་རིན་པོ་ཆེའི་དྲུང་ནས།  ཁོང་གཅིག་བུས་འཇམ་དབྱངས་ཞི་ཁྲོ་སྦྲགས་སྒྲུབ་ཀྱི་རྣམ་བཞག་ཁྲི་ཆེན་རང་ཉིད་ཀྱིས་མཛད་པའི་ལུང་ཁྲིད་གཉིས་དང་། རྒྱ་རའི་ལྟ་ཁྲིད་དུ་གྲགས་པའི་སྒོམ་ཁྲིད།  ཁ་གྱ་དར་རྒྱས་པའི་སྡོམ་ཚིག་གི་མཆན་གྱི་བཤད་ལུང་སོགས་ཞལ་ཤེས་མན་ངག་གིས་བརྒྱན་ཏེ་ཡོངས་རྫོགས་དང་དབེན་ས་སྙན་རྒྱུད་ཀྱི་གཅོད་ཁྲིད་རྣམས་གསན། སྐུ་ཕྱོགས་ནས་དགོན་པ་འགའི་བཅའ་ཡིག་གསར་རྩོམ་མཛད་པ་དང་། བསྟན་འགྲོའི་དོན་རླབས་ཆེན་གྱི་ཆེད་དུ་ཕྱོགས་ཡས་མས་སུ་ཡི་གེ་གནང་བ་སོགས་ཀྱི་ཞབས་འདེགས་གནང་། སྐུ་ཕྱོགས་ཚང་གི་གསུང་འགག་ཚུལ་བཞེས་པར་ཁྲི་རྒན་ཚང་ནས་ཁྲོ་བོ་སྨེ་བརྩེགས་ཀྱི་བྱབས་ཁྲུས་གནང་བར་སྐུ་ཕྱོགས་དང་ལྷན་དུ་བྱབ་ཁྲུས་ལ་བཞུགས། ཁྲི་ཆེན་ལ་རྗེ་འདིས་རང་དགོན་དུ་བཤད་གྲ་འཛུགས་འདུན་ཆུང་དུས་ནས་རྒྱུན་ཆགས་པར་ཡོད་ཀྱང་ཐོག་ཏུ་དབབ་དཀའ་བར་སྣང་བས་སུ་ལ་ཡང་དེ་འདྲ་བཤད་མ་ཐུབ་པར་ཡོད་ཚུལ་སོགས་ཞུས་པས།  ཁྲི་ཆེན་ཚང་ནས་བརྟག་པ་གནང་། ཞལ་ནས་ཀྱང་ཁྱེད་ཐུགས་མ་ཞུམ་པར་སྨོན་ལམ་རྒྱ་ཆེན་གནང་སྟེ་ཐུགས་སྟོབས་བསྐྱེད་ལ་ཅིས་ཀྱང་ཚུགས།   བཤད་སྒྲུབ་ཟུང་འབྲེལ་ཞིག་བསྐྱངས་ན་དེ་ལས་ལྷག་པའི་བསྟན་པ་ལ་བྱ་བ་བྱེད་རྒྱུ་མེད་ཅིང་། ལྷག་པར་བཤད་གྲ་འདི་ཆོས་འོད་ཟེར་ཅན་ཡིན་པས་གཞན་ལ་ཕན་རླབས་ཆེ་གསུངས། དེའི་ཆེད་དུ་དམིགས་ནས་རོང་བོའི་འཇམ་དབྱངས་ཀུན་གཟིགས་ལ་བསྐོར་བ་མཚན་ཕུད་ཅིག་མཛད་དེ་གསོལ་འདེབས་དང་ཐུགས་སྨོན་རྒྱ་ཆེན་གནང་། སྐབས་འདིར་ཧོར་མོ་དང་རོང་བོ་བློན་ཆས་ཀྱི་གྱོད་གཟུ་སྐུ་ཕྱོགས་ལ་ཕུལ་ཡོད་པ་ལྟར་ཧོར་མོའི་དཔོན་ཁག་ཆེ་ཆུང་རྣམས་བོས་ནས།  བློན་ཆས་དང་ཁ་ངོ་སྤྲད་དེ་ཆོས་འགྲེལ་དམ་ཚིག་གིས་བསྒག་སྟེ།  གྱོད་རྔ་འདུམ་པར་མཛད་ནས་མི་རབས་མང་བོར་རྨེ་རྒྱུན་གྱི་གཞི་རྩ་འདི་ནས་བཅད།  སྐུ་ཕྱོགས་ཚང་ནས་སྒྲོལ་དཀར་གྱི་དངུལ་སྐུ་ཞིག་དང་།  རྡོར་དྲིལ། ཙན་དན་དམར་བོའི་སམ་ཊ།  རྒྱ་བོད་ན་རྙེད་པར་དཀའ་བའི་བྱིན་རྟེན་མང་བོ་བཅས་གནང་སྟེ་སྤྲེལ་རྫོང་ལ་ཕེབ་པར་ཆིབས་སྐྱེལ་བྱས་ནས་རང་དགོན་དུ་ཕེབ།   བླ་མའི་གསུང་བཀོད་ལྟར་རང་དགོན་གྱི་རྒྱབ་རི་ཕྱི་མ་བསམ་གཏན་རྩེར་རས་གུར་ཕུབ་ནས་བཞུགས།  དོན་གཉེར་བ་སོ་སོའི་མོས་པ་དང་འཚམས་པར་གསང་འབྲོག་སྤྲུལ་སྐུ་ཚང་སོགས་མང་ཤོས་ཞིག་ལ།  རྟ་མགྲིན་གསང་བདག གུ་རུ་ཞི་དྲག ཐུགས་རྗེ་ཆེན་པོ་ངན་སོང་ཀུན་གྲོལ་སོགས་ཀྱི་རྗེས་གནང་། ཚོ་དྲུག་གི་སྤྱི་ཁང་དུ་ཞུས་པ་ལྟར་ཁྱིམ་པ་ཕོ་མོ་སྨྱུང་གནས་པ་དྲུག་བརྒྱ་ཙམ་ལ་མ་ཎི། དམིགས་བརྩེ་མ།  སྐྱབས་འགྲོ།  སྒྲོལ་མ། མ་རི་ཙྱེེ། རྟ་མགྲིན།  ཚེ་ལྷ་རྣམ་གསུམ་གྱི་གཟུངས་རྣམས་ཀྱི་ལུང་གནང་། སྐབས་འདིར་ཡུལ་ཕྱོགས་འདིར་སྟེང་གདོན་གྱི་གནོད་པ་ཞིག་གིས་ལ་ལའི་མཆུ་སོགས་ཡོ་བ་དང་།  རྣ་བ་འོན་པ་དང་། རྐང་ལག་འཁྱོར་བ་སོགས་མང་དུ་བྱུང་བར་རྗེ་འདིས་གཟའ་བསྲུང་ཉི་མ་མདུང་གང་མའི་རྗེས་གནང་གནང་བའི་བྱིན་རླབས་ཀྱིས་འཕྲལ་དུ་མ་དྭངས་པ་གཅིག་ཀྱང་མེད། དེ་ནས་སེངྒེ་གཤོང་ལྷ་བཟོ་བསྟན་འཛིན་བོས་ནས་འདུ་ཁང་དུ་སྒྲོལ་མ་ཉེར་གཅིག ཐུབ་དབང་གནས་བརྟན་བཅུ་དྲུག་དང་བཅས་པ། བཤགས་ལྷ་སོ་ལྔ།  ཀོའུ་བ་ཆོས་རྒྱ་མཚོའི་འདྲ་སྐུ་མི་ཚད་གཅིག་བཅས་བཞེངས། སྨྲ་བའི་དབང་བོ་རྗེ་དགེ་འདུན་ཕུན་ཚོགས་པ་ཞབས་ཕྱི་གྲ་བ་བཅུ་ལྷག་ཞིག་དང་བཅས་པས་གཟུངས་གཞུགས་དྲིལ་སྒྲུབ་ཚད་ལྡན་དང་རྙེད་པར་དཀའ་བའི་བྱིན་རྟེན་མང་བོ་གཟུངས་སུ་ཕུལ་བས་བྱིན་རླབས་ཀྱི་གཏེར་དུ་སྒྲུབས། དེ་ནས་བཤད་གྲ་གསར་འཛུགས་མཛད་ཚུལ་ལ། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་སྔོན་ཀོའུ་བ་ཆོས་རྒྱ་མཚོ་ལ་ཞལ་གདམས་སུ་བསྩལ་བར། ལར་རང་དོན་འཁྲི་བ་མ་ཞུགས་པར།། ཡུལ་མཐའ་ཁོབ་མུན་པའི་སྨག་རུམ་དེར།། མགོན་སངས་རྒྱས་བསྟན་པའི་སྒྲོན་བཟུང་ནས།། འཕྲལ་གཡེངས་ཀྱང་དལ་འབྱོར་དོན་པོ་མཆོག་ཅེས་དང་། ཆོས་རྒྱ་མཚོ་དབུས་ནས་མདོ་སྨད་དུ་ཕེབས་ཁར། པཎ་ཆེན་འདི་བར་ཞུ་ཡིག་ཕུལ་བའི་ལན་དུ་ཡང་། མཐའ་ཁོབ་མུན་གླིང་སྐྱེས་པའི་རྒྱར་ཆུད་ཀྱང་།། དབུས་གཙང་དག་པའི་ཞིང་བགྲོད་དམ་པ་བསྟེན།། ཟབ་མོའི་ལུང་དང་རྟོགས་པའི་བདག་ཉིད་དུ།། བྱས་ཏེ་རང་ཡུལ་ལྡོག་པར་གྱུར་བ་དེ།། འཇིག་རྟེན་མིག་གྱུར་རིན་ཆེན་བཟང་བོ་སོགས།། བདེ་བར་ཁ་བ་ཅན་ལྗོངས་བགྲོད་པ་བཞིན་ཞེས་སོགས་གསུངས་ནས།   སྔོན་གྱི་ལོ་ཆེན་རིན་བཟང་སོགས་འཕགས་པའི་ཡུལ་ནས་རང་ཡུལ་ཁ་བ་ཅན་གྱི་ལྗོངས་སུ་སླར་བྱོན་ཏེ་ཆོས་ཀྱི་སྒྲོན་མེ་སྦར་བར་མཛད་པ་ལྟར་རྗེ་བཙུན་ཆོས་ཀྱི་རྒྱ་མཚོས་ཀྱང་དབུས་གཙང་ཆོས་ཀྱི་ཞིང་ནས་སླར་བྱོན་ཏེ།  རང་ཡུལ་མུན་པའི་གླིང་དུ་བསྟན་པའི་སྒྲོན་མེ་སྦར་བར་ལུང་བསྟན་དང་།  བསླབ་སྟོན་བསྩལ་བ་ལྟར་མཁས་གྲུབ་ཆེན་པོ་དེ་ཉིད་ཀྱིས་ཀྱང།  གདན་ས་ཆེན་པོ་སྐུ་འབུམ་སོགས་སུ་མདོ་སྔགས་ཀྱི་འཆད་ཉན་རྒྱ་ཆེར་སྤེལ་བ་ལ་སོགས་པ་བསྟན་པའི་བྱ་བ་རླབས་ཆེན་མཛད་པ་དང་། དམ་ཆོས་བདུད་རྩིས་བསྐྱངས་པའི་བུ་ཆེན་ཡང་།  གྲུབ་དབང་ཆོས་པ་རིན་པོ་ཆེ་དང་།  རྗེ་སྐལ་ལྡན་རྒྱ་མཚོ་སོགས་བསྟན་པ་འཛིན་པའི་མཁས་གྲུབ་གཉིས་འཛོམས་ཀྱི་སྐྱེ་ཆེན་དམ་པ་མང་དུ་བསྐྲུན་པ་ནི། གདན་རབས་རྣམ་ཐར་རྣམས་སུ་གསལ་བ་ལྟར་ལ། འོན་ཀྱང་སྐུ་འབུམ་ཆོས་སྡེ་སོགས་བསྟན་པའི་གཞི་ཚུགས་པའི་ཆོས་སྡེ་དག་ཏུབསྟན་པ་སྐྱོང་བའི་ཁུར་ཆེན་བཞེས་ཀྱང་། རང་དགོན་དུ་གསང་འཇིགས་བསྐྱེད་རྫོགས་ཀྱི་རྩིབ་བཞག་དང་། བཀའ་ཆོས་མང་བོ་རེ་གསུངས་པ་མ་གཏོགས་བཀའ་པོཏ་ལྔའི་འཆད་ཉན་མ་བཙུགས་ལ།  རྗེ་འདི་ཡུལ་འདི་བསམ་བཞིན་འཁྲུངས་ནས་གཞོན་ནུའི་དུས་ཉིད་ནས་སྔོན་སྦྱངས་ཀྱི་བག་ཆགས་སད་དེ། མགོན་དགེ་བའི་བཤེས་གཉེན་ཚུལ་བཞིན་དུ་བསྟེན་ནས་དགེ་ལྡན་སྙན་རྒྱུད་མཐའ་དག་ལ་འབད་པ་དུ་མས་གསན་སྦྱངས་མཛད་ནས་སྙན་རྒྱུད་བྱེ་བའི་གཏེར་མཛོད་དུ་མངའ་གསོལ་བ་དང་།  རྒྱུན་དུ་དྲན་ཤེས་བག་ཡོད་བརྟན་པོས་ཕྱི་རུ་ཞི་དུལ་གྱི་སྤྱོད་པ་རྣམ་པར་དག་ཅིང་།   ནང་དུ་སྡོམ་གསུམ་གྱི་བཅས་མཚམས་དང་། རིམ་གཉིས་ཀྱི་རྣལ་འབྱོར་ལས་ནམ་ཡང་མི་ཡོལ་བའི་བརྟུལ་ཞུགས་མཆོག་ལ་གནས་ནས། རང་ཅག་གི་བསོད་ནམས་ཞིང་གི་རྟེན་དུ་འདུ་ཁང་ལྷ་ཁང་རྟེན་དང་བརྟེན་པར་བཅས་པ་ཁྱད་མཚར་གསར་བསྐྲུན་དང་།  ཆོས་ཐོག་སོ་སོའི་མང་ཇ་སྤྱི་རྫས་ཧོན་ཆེ་བདག་གིས་བཀའ་དྲིན་མཛད་པ་དང་།   བཀའ་བསྟན་གསུང་རབ་མང་བོ་བཞེངས་ཤིང་། སྐལ་ལྡན་སྐྱེ་བོའི་ཚོགས་ལ་ལུང་ཁྲིད་དབང་བཞི་དགེ་ཚུལ་སློང་གི་སྡོམ་པ་སོགས་གནང་བ་དང་།  ཐ་ན་དབུ་ཅན་དབུ་མེད་ཀྱི་ཡི་གེ་འབྲི་འདོན་ཚུན་ཆད་བསླབ་པ་དང་།  ཁྱད་པར་དུ་རང་ཅག་མཐའ་ཁོབ་མུན་པའི་གླིང་འདིར་རྨོངས་མུན་དྲུངས་ནས་འབྱིན་པའི་འཛམ་གླིང་རྒྱན་དྲུག་སོགས་ཀྱི་ལུགས་བཟང་འོད་སྟོང་བདག་པོ་གང་གི་ཐུགས་བསྐྱེད་སྐྱ་རངས་ཀྱིས་ཉེ་བར་དྲངས་ཏེ་མཐོང་ཐོས་དྲན་རེག་གིས་བསྡུས་པའི་འགྲོ་བ་ལུས་པའི་རྒྱུད་ལ་ཐར་བའི་ས་བོན་བསྐྲུན་པར་མཛད་དེ། ཕྱོགས་འདིར་འཁོར་ལོ་གསུམ་གྱི་བྱ་བ་སོགས་བསྟན་འགྲོའི་དོན་ཁུར་དུ་བསྣམས་ཚུལ་ལ་དཔག་ན། གོང་གི་པཎ་ཆེན་ཐམས་ཅད་མཁྱེན་པའི་ལུང་བསྟན་བསླབ་སྟོན་དེ་ཉིད།   རྗེ་བཙུན་ཆོས་ཀྱི་རྒྱ་མཚོས་ད་ལྟའི་སྐུ་ཕྲེང་འདི་ཀར་བདག་གིར་བཞེས་པར་གོར་མ་ཆགས་པར་སྙམ་མོ།། བཤད་གྲ་བཙུགས་ཚུལ་ནི།  རྗེ་འདི་སྐུ་ན་ཕྲ་མོའི་དུས་སུ་རྗེ་ཞྭ་དམར་རིན་པོ་ཆེ་འཁོར་སློབ་རི་ཁྲོད་རིགས་སྨྲ་མང་བའི་ཚོགས་བཅས་རང་དགོན་དུ་གདན་དྲངས་སྐབས་ཀྱི་རྩོད་གྲ་ལ་གཟིགས་པའི་རྐྱེན་གྱིས་སྔོན་གོམས་བག་ཆགས་བསླང་ཏེ། དེ་དུས་ནས་རྩོད་པའི་རྣམ་འགྱུར་བྱེད་པ་ཙམ་ལ་ཡང་དགྱེས་པར་མཛད་པ་དང་།  ནམ་ཞིག་ལ་མཚན་ལམ་དུ་ལྕགས་མཁར་སྒོ་མེད་ཟེར་བ་ཞིག་ཏུ་གཤིན་རྗེ་དུ་མས་བསུ་བ་དང་བཅས་ཏེ་བྱོན་པར་གཤིན་རྗེ་རྣམས་ཀྱིས་བགྲོ་གླེང་ཕྱོགས་ཆེ་བ་བྱེད་པར་རྨིས་པས་ཐུགས་རྒྱུད་གནད་དུ་བསྐུལ་བས་བཤད་གྲ་འཛུགས་བཞེད་རྒྱུན་ལྡན་མི་བཟློག་པར་བཞུགས་ཀྱང་ཁོང་ཆོས་ཕྱོགས་ལ་ཐུགས་ཤིན་ཏུ་སྒམ་པས་ཐུགས་རྩེ་གཅིག་གཏད་ཀྱི་བླ་མ་རྣམས་ལས་སུ་ཡིན་ཡིན་ལ་མི་གསུང་བར་བཞུགས་ནས། ཐོག་མར་དེའི་ཆེད་དུ་རྒྱན་དྲུག་མཆོག་གཉིས་ཀྱི་སྐུ་འདྲ་རེ་བཞེངས་ན་དགོངས་པར་ཡོད་ཐོག གྲ་རིགས་བློ་བཟང་ཀུན་དགས་ཁོས་འདུ་ཁང་མཆོད་ལྷ་གོས་སྒྲུབ་མ་ཞིག་བཞེངས་འདོད་ཡོད་ཚུལ་ཞུས་པར། རྗེ་འདིས་དེ་ཡང་ལེགས་མོད། རྗེ་ཡབ་སྲས་གཙོ་བོར་བྱས་པའི་རྒྱན་དྲུག་མཆོག་གཉིས་ཨེ་ཐུབ་ལྟོས་གསུངས་པ་ལྟར་དང་དུ་བླངས་ཏེ་འཕྲལ་དུ་བསྒྲུབས་པས་བྱོན་ལེགས་ཤ་སྟག་འགྲུབ་པ་སོགས་ཀྱི་རྟེན་འབྲེལ་དང་། སྐྱབས་རྗེ་ཨ་ལགས་རིན་པོ་ཆེ་འདུ་ཁང་གསར་འགྲུབ་ཀྱི་ནང་དུ་ཞུས་ཏེ། སྐུ་གསུང་ཐུགས་རྟེན་དང་དངོས་འབུལ་རྟེན་འབྲེལ་ཅན་བཅས་ཐུགས་ལ་བརྣག་པའི་དོན་འདི་ཞུས་པར། ཐུགས་བཞེད་འགྲུབ་པའི་བདེན་ཚིག་དང་ཤིན་དུ་དགྱེས་པའི་བསྔགས་བརྗོད་གནང་བ་དང་། གོང་དུ་བཤད་པ་ལྟར་ཨ་ལགས་ཚང་སྐུ་འདའ་ཁར་རྗེ་འདིའི་ཕྱག་ལ་འཇུས་ནས་འདིའི་དོན་ཐ་མའི་ཞལ་ཆེམ་དུ་སྩལ་བ་དང་། ལྕང་ལུང་ཁྲི་ཆེན་དང་། སྐུ་འབུམ་ཆོས་བཤེས་ཚང་སོགས་རིགས་ཀྱི་ཅོད་པཎ་དག་གི་བཀས་བསྐུལ་བ་ཡང་དང་ལེན་མཛད་ནས་ཐུགས་བཞེད་འགྲུབ་ཆེད་དུ་མགོན་ཆོས་ལྷ་མོ་གསུམ་ལ་མཆོད་གཏོར་བཟོ་བཀོད་འབུལ་བཤམས་རྒྱ་ཆེ་བ་དང་བསྐང་གསོལ་རྒྱས་པའི་སྒོ་ནས་འཕྲིན་བཅོལ་བྱེད་པའི་ཆོས་ཐོག་ལ་བསྐངས་ཆེན་བྱ་བ་དེ་ཉིད་དགོན་པ་ནམ་གནས་ཀྱི་བར་དུ་ཆད་པ་མེད་པའི་རྒྱུན་བཙུགས་ཏེ། བཤེས་གཉེན་ཆེན་པོ་ངེས་པ་དོན་གྱི་བཀའ་དྲིན་ཅན་རྗེ་དགེ་འདུན་ཕུན་ཚོགས་གདན་དྲངས་ནས། ཡོངས་གྲགས་སམ་རྒྱལ་དབང་ཆེན་མོས་མཛད་པའི་ཐུབ་རྣམས་སྤངས་རྟོགས་མ་ལྟར་ན། ཐུབ་པ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་འཁོར་དང་པོར་བསྐོར་བའི་དུས་ཆེན་དྲུག་པའི་ཚེས་པ་བཞི་ལ། གྲ་རིགས་བཅུ་ལ་དགེ་རྒན་རིན་པོ་ཆེའི་གསུང་བཀོད་ལྟར་ཐོག་མར་དཔེ་ཁྲིད་ཀྱི་དབུ་རྗེ་འདིས་མཛད། བསྡུས་གྲ་ཁྲི་ཆེན་བསོད་ནམས་དབང་རྒྱལ་བའི་གསུང་གི་སྟེང་ནས་མཆོད་བརྗོད་ཀྱི་དབུ་བཙུགས་པ་དང་མཉམ་དུ་གྲ་ཚང་འདུ་ཁང་སྟེང་དུ་ཚོགས་བརྡ་དུང་དཀར་ཆ་འགྲིགས་བུས་པ་དང་དུས་མཉམ་པ་བྱུང་བ་སོགས་ཡ་མཚན་པའི་རྟེན་འབྲེལ་འགྲིགས།  དེ་ནས་དགེ་རྒན་ཚང་ནས་དཔེ་ཁྲིད་ཉིན་བཞིན་གནང་། ཚེས་དྲུག་ལ་རྒྱབ་རི་བཀྲ་ཤིས་ནགས་ཚལ་དུ་ཕེབ་ནས་ལྡིས་ཚར་ཐུགས་གཉེར་གནང་སྐབས་ཀྱི་སྐུ་བཅར་བ་ཨ་ཁུ་ཀུན་མཁྱེན་དང་། ཀུན་སྤངས་དཀོན་མཆོག་ཤེས་རབ་དང་ཁོང་དཔོན་སློབ་རྣམས་ནས་ངེད་ཅག་གསར་བུ་རྣམས་ལ་ཐལ་སྐད་གཏོང་ལུགས།འཁོར་གསུམ་བསྐོར་ཚུལ་སོགས་དབལ་མང་རིན་པོ་ཆེའི་རྣམ་འགྱུར་རྣམ་བཞག་གི་སྟེང་ནས་ཞིབ་ཁྲིད་གནང་།  དེ་ཉིན་ནས་བཟུང་ཁོང་རིན་པོ་ཆེས་དབུ་མཛད་དེ་རྩོད་གྲ་བཙུགས། ཉིན་མང་བོར་འཁོར་སློབ་དཔེ་ཆ་བ་གསར་བུ་རྣམས་དཀར་གསུམ་དང་སིས་ཏོག་གི་རིགས་སོགས་བཟའ་བཏུང་གི་གནང་སྦྱིན་ཧོན་ཆེ་བས་སྐྱོང་བར་མཛད། དྲུག་པའི་བཅོ་ལྔར། ལྕམ་མོ་བསོད་ནམས་སྒྲོལ་མ་བྱ་བ་ཤེས་རྒྱུད་འཇམ་ཞིང་བླ་མ་དཀོན་མཆོག་གསུམ་ལ་མི་ལྡོག་པའི་དད་པ་ཅན་ཞིག་ཡོད་པ་དེས། མོ་ཡང་ཚེ་རབས་ཕྱི་མ་རྣམས་སུ་ཉིད་ཀྱི་གསར་དུ་བཙུགས་པའི་ཆོས་གྲ་འདིར་འགྲིམ་ནུས་པའི་སྨོན་འབྲེལ་ཞོག་ཆེད་དུ་གོས་རྒྱན་འགའ་རེ་བཙོང་ནས་དཔེ་ཆ་བླུ་ཡོན་ལ་འབུལ་རྒྱུ་ཞུས་ཏེ། གོས་རྒྱན་འགའ་རེའི་རིན་ཁོང་ལ་ཕུལ་ཡོད་པ་དེའི་སྟེང་དུ་ཧོར་མོའི་ཕྱོགས་ཀ་སོ་སོའི་མི་སྣ་བསྡུས་ཏེ་བཤད་གྲའི་ཕན་ཡོན་གསུང་བར་ཐམས་ཅད་དད་ནས་ཕྱོགས་ཀ་རང་རང་གི་འབྱོར་འཁོས་དང་། བློས་ཐོང་ཚད་ཀྱི་དད་འབུལ་ཕུལ་བ་དང་། གཞན་ཡང་འབྱོར་བ་དྲག་ཞན་གྱི་སྦྱིན་བདག་དད་ལྡན་རྣམས་ལ་བསྐུལ་མ་གནང་ནས་གཞུང་གི་དཔེ་མཛོད་ཀྱི་ཐེབ་དང་། ཁྱད་པར་དུ་ཐོས་བསམ་གླིང་གི་ཆོས་ཐོག་མ་ལུས་པར་གུང་ཞོག་གཉིས་ཀར་ཉིན་རེ་བཞིན་དུ་མང་ཇ་ཁུར་བ་བཞེས་ཐུག་དང་བཅས་པ་ཇི་སྲིད་དགོན་པ་ནམ་གནས་ཀྱི་བར་དུ་མི་ཆད་པའི་སྤྱི་རྫས་ཀྱི་བཀའ་དྲིན་བསྩལ། དེ་དུས་ཀྱི་ཉེ་གནས་བསམ་གཏན་སོགས་གྲ་བ་འགའ་ཞིག་བླ་བྲང་དུ་དཔེ་ཆ་དཔར་བར་བཅུག་པས་ལམ་དུ་ཁལ་རྟ་བྲོ་ཆས་གོན་རྒྱུ་འགའ་རེ་བཅས་ཇག་པས་འཕྲོག་ཀྱང་དཔེ་ཆ་བླུ་ཡོན་གྱི་དངུལ་སྲང་གང་ཙམ་ཡང་མ་ཤོར་བ་བླ་མ་འདིའི་ཐུགས་རྗེར་ངེས། འདི་སྐབས་བླ་སློབ་སུ་ལ་ཡང་བླ་བྲང་ན་ཆད་ཡོད་གཅིག་ཀྱང་མེད་ལ། དཔེ་ཆ་དཔར་ཚུལ་གྱི་འགྲོ་ལུགས་ཡང་མ་ཤེས་པས་བཤེས་གཉེན་ཆེན་པོ་ཁོ་ཚེ་ཡོན་ཏན་པ་ཞལ་ངོ་ཡིན་པས་དེར་ཞུས་པར་དེ་དང་རྗེ་འདི་གཉིས་ཕན་ཚུན་ཞལ་ངོ་མཐོང་བ་ཙམ་ཡང་མེད་མོད། བཤེས་གཉེན་དེ་རྗེ་འདིའི་མཚན་ཉིད་གསར་ཚུགས་ཀྱི་མཛད་པ་སོགས་ལ་ཤིན་ཏུ་ཡི་རངས་ཏེ་དཔེ་ཆ་དཔར་རྒྱུའི་དོན་སྐོར་ཁུར་ལེན་བྱས་ཏེ། དེ་ལུགས་ཀྱི་ཡི་གེ་རྟེན་ལྡན་སྐྱབས་འཇུག་དང་བསྔགས་བརྗོད་སྤེལ་མའི་ཡི་གེ་བཀུར་བཟོས་ཅན་བཅས་ཕུལ། བདུན་པའི་བཅོ་ལྔ་སྐོར་ལ། རྐང་ཚར་ཕེབ་པར། གཅན་ཚ་དང་རྐང་ཚ་གཉིས་ཀས་ས་བརྩད་ནས་ཕན་ཚུན་གྱི་དམག་ཐུག་ངེས་སུ་ཉེ་བར་ཡོད་པ་རྗེ་འདིས་བར་ལ་ཆིངས་བྱས་ནས་མི་འཇིགས་པའི་སྦྱིན་པ་མཛད། རོང་བྱིས་དགོན་དུ་ཞུས་པ་ལྟར་ཕེབ་པས། རོང་བྱིས་ཚང་དང་། སྐྱབས་རྗེ་ཁོ་ཚེ་ཚང་གཉིས་ནས་བཀུར་བཟོས་ཆེ་བ་ཕུལ་ཞིང་།  ཁོ་ཚེ་ཚང་འདི་སྐུ་ཡོན་ཧ་ཅང་ཆེ་བ་ཞིག་ཡིན་སྟབས་ཞག་བཞུགས་ཀྱི་རིང་ལ་དེ་དང་འཕྲོས་པ་དམར་བ་མཛད།  ཕྱིར་རང་དགོན་དུ་ཕེབ་ཏེ་དགེ་རྒན་ཚང་གི་མདུན་ནས་གཞུང་མང་བོར་དོགས་གཅོད་དང་། འདུལ་འཛིན་བསླབ་བྱ་ཆེན་མོའི་འཛུབ་ཁྲིད་གསན།  དགུ་བའི་ཚེས་ནས་བཅུ་བའི་བཅོ་ལྔའི་བར་རྩོད་གྲ་སློབ་པའི་འཕྲོ་སྐྱོང་བར་མཛད།  དེ་ནས་བསྙུན་ཞིག་གི་དབང་གིས་སྨན་བཞེས་པར་འགག་ཟའི་དགོན་དུ་ཕེབས། སྐུ་དྭངས་ནས་སླར་རང་དགོན་དུ་ཕེབ་སྟེ། རྩོད་གྲ་བ་ཉི་ཤུ་ཙམ་གསར་འཇུག་བྱས་ནས་རིན་པོ་ཆེ་ཉིད་ནས་དཔེ་ཁྲིད་ཉིན་བཞིན་མ་ཆག་པར་གནང་། དགུན་ཆོས་ཟླ་བ་གཅིག་ལ་སྒར་བ་དང་སྐྱ་རང་གཉིས་ནས་མང་ཇ་བཞེས་གོར་བཞེས་ཐུག་བཅས་པའི་སྦྱིན་བདག་མཛད།  བཅུ་གཅིག་པའི་ཉི་ཤུ་ལ་ལྕམ་མོ་བསོད་ནམས་སྒྲོལ་མ་བྱ་བ་ལྷག་བསམ་དགེ་བ་ཅན་དེ་དུས་ཆོས་སུ་གྱུར་བས། དགོན་ཁག་རྣམས་ཞུས་ཏེ་རྒྱུད་སྡེ་སོ་སོའི་སྒོ་ནས་སྦྱངས་ཆོག་དང་། ཡོན་གནས་བླ་མ་རྣམས་ཞུས་པར་དངོས་འབུལ་དང་། ཕྱོགས་འདུས་ཀྱི་འགྲུལ་བའི་ཚོགས་ལ་སྦྱིན་གཏོང་སོགས་དགེ་རྩ་ཧོན་ཆེ་བ་མཛད། ཟླ་བ་བཅུ་གཉིས་པའི་ཚེས་ལ་བྱ་ཁྱུང་དུ་ཕེབ་སྟེ་ཚོགས་ཆེན་ལ་སྤྱི་འཇོག་དང་། གསེར་སྡོང་སོགས་ལ་བརྒྱ་མཆོད་ཕུལ་ཏེ་བསྔོ་སྨོན་རྒྱ་ཆེར་གནང་།  ལྡིས་ཚའི་ཀུན་སྤངས་རི་ཁྲོད་པའི་ཚོགས་ལ་འགྱེད་ཐེབ་དང་། སྐུ་ཕྱོགས་རྣམས་དང་དགེ་བཤེས་ཆེ་བགྲེས་རྣམས་ལ་བསྔོ་རྟེན་ཕུལ་པར་དེ་རྣམས་ནས་རྗེ་འདིས་མཚན་ཉིད་གསར་འཛུགས་གནང་བ་ལ་བསྔགས་བརྗོད་ཆེ་བར་གནང་། དེ་ནས་རང་ཡུལ་དུ་ཕེབ་ནས་སྐྱེ་རྒ་ན་འཆིའི་ངང་ཚུལ་ལས་བརྩམས་པའི་མགུར།   སྲིད་པ་ལས་ངེས་པར་འབྱུང་བའི་གཏམ་དྲང་སྲོང་མངོན་པར་དགའ་བའི་ཟློས་གར་བྱ་བ་བཀའ་རྩོམ་དུ་གནང་། ཧོར་མོའི་སྡེ་སྤྱི་ཁྱབ་ལ་དུས་འཁྲུགས་སོགས་ཀྱིས་གཙེས་པར་གཟིགས་ནས་སྒྲོལ་བསྟོད་བྱེ་བ་དང་། སྐྱབས་འགྲོ་མ་རི་ཙྱེེ་རྣམས་བསྒྲུབ་ཏུ་བཅུག་པས་བྱིན་རླབས་ཀྱི་མཐུ་ཐམས་ཅད་ལ་མངོན་དུ་གྱུར། 

དགུང་གྲངས་ཉེར་དྲུག་པ་ས་མོ་སྦྲུལ་གྱི་ལོར། སྐར་མ་ཐང་དུ་དཔྱིད་ཆོས་བཙུགས།  ཨ་འབྱུང་དང་ལྷ་སྡེ་གཉིས་ཀས་སྦྱིན་བདག་བྱས་པས་བསྙེན་བཀུར་ཕུལ་དུ་ཕྱིན་པ་ཕུལ། རྗེ་འདིས་དཔེ་ཁྲིད་རྒྱུད་འཁུལ་ངེས་པ་མཛད་པའི་ཐུགས་རྗེ་ལ་བརྟེན་ནས། རྨོངས་པའི་སྒོ་ངའི་སྦུབ་རྒྱ་ཆེན་པོ་མ་གྲོལ་ན་ཡང་ལུང་རིགས་སྨྲ་བའི་སྐད་སྙན་འབྱིན་པའི་བློ་གསལ་ཀ་ལ་བིང་ཀའི་ཁྱུ་ཚོགས་བསྐྲུན་པར་མཛད་པ་ལ་བརྟེན་ནས། རྗེ་ཐམས་ཅད་མཁྱེན་པས། ཀྱེ་མ་ཧོ་ཁྱོད་ཀྱི་བསྟན་པ་ནི།། གང་གི་རྣ་བའི་ལམ་སོང་བ།། དེ་དག་ཐམས་ཅད་ཞིར་འགྱུར་ཕྱིར།། ཁྱོད་བསྟན་འཛིན་པར་སུ་མི་གུས་ཞེས་གསུངས་པ་ལྟར་འཕགས་ཡུལ་རྒྱན་དྲུག་སོགས་ཀྱི་ལུགས་བཟང་གངྒྰའི་ཆུ་རྒྱུན། བརྒྱུད་ལྡན་དམ་པའི་ཡུ་བར་བརྒྱུད་དེ་འོང་བར་སྐལ་ལྡན་གདུལ་བྱའི་རྒྱུད་ཀྱི་ཞིང་ས་བརླན་པ་ཙམ་གྱིས་རྣམ་དཔྱོད་ཀྱི་མྱུ་གུ་བདེ་བླག་ཏུ་བསྐྲུན་པའི་ཐབས་མཆོག་རྨད་དུ་བྱུང་བ་འདི་དང་།  རང་ཅག་ལ་དེ་འདྲའི་ཐབས་མཁས་མཛད་པ་པོ་རྗེ་འདི་གཉིས་ཀ་ལ་མི་ལྡོག་པའི་དད་པ་བརྟན་པོ་ཐོབ།  དཔྱད་ཀ་དེར་བསྟན་འགྱུར་ལས་ཕར་ཚད་དང་།  སྒྲ་རིག་གི་སྐོར་ལ་གཟིགས་བསམ་མཛད། ལྷ་བཟོ་བོས་ནས་ཁྲི་ཆེན་རྒྱ་ནག་པའི་ཐུགས་དམ་གྱི་རྟེན་གཙོ་བྱམས་མགོན་གྱི་སྐུ་ལ་ཁྲི་དྲུག་འགྱོགས་དང་། འཇམ་དབྱངས་ཀུན་གཟིགས་གཙོ་བོ་བྱས་པའི་འཇམ་དབྱངས་རིགས་ལྔ། དགའ་ལྡན་ཞིང་བཀོད། རྒྱན་དྲུག་མཆོག་གཉིས།  མཁའ་སྤྱོད་མ། རིག་བྱེད་མ། དབྱངས་ཅན་མ། འཇམ་དབྱངས་དམར་སེར་རྣམས་ཀྱི་སྐུ་འདྲ་རང་བྱོན་དང་མཚུངས་པ་ཤ་སྟག་བཞེངས་ནས།  སྒོ་དམར་གྲུབ་དབང་ལ་མཁའ་སྤྱོད་མས་དངོས་སུ་གནང་བའི་རྩྭ་ཀླུ་བདུད་རྡོ་རྗེ་སོགས་རྒྱ་བོད་ཀྱི་བྱིན་རྟེན་མང་བོ་གཟུངས་གཞུག་ཏུ་ཕུལ། གྲ་བ་ཉི་ཤུ་སྐོར་ལ་ཡི་གེ་དཀར་ནག་འབྲི་ཚུལ་བསླབ་ནས། བསླབ་སྟོན་ལ་ཡི་གེ་འབྲི་བ་འདི་བརྗེད་ཀི་མ་གཞུག་ན། ཡི་གེ་འབྲི་མཆོད་སྦྱིན་པ་དང་ཞེས་སོགས་ཆོས་སྤྱོད་བཅུའི་ཐོག་མ་དེ་ལྡན་པ་ཡིན་གསུངས་བས་དེ་ནས་བཟུང་ཕལ་ཆེར་གྱིས་ཡི་གེ་འདྲི་ཤེས་པ་བྱུང་།  དབྱར་ཆོས་སྐབས་གྲ་ཚང་ལ་དཔེ་ཁྲིད་ཞིབ་རྒྱས་དང་། རྩོད་པར་གཟིགས་རྟོགས་དང་བསླབ་སྟོན་ཉིན་བཞིན་གནང་། དགུན་ཐོག་སྐུ་མཚམས་ལ་ཞུགས་ནས་དཔེ་གཟིགས་དང་གྲ་ཚང་ལ་དཔེ་ཁྲིད་གནང་སྟེ་དགུན་ཆོས་ཀྱི་སྐྱོང་གཟིགས་གནང་།

  དགུང་གྲངས་ཉེར་བདུན་པ་ལྕགས་ཕོ་རྟའི་ལོར། སྨོན་ལམ་གྲོལ་འཕྲལ་རྗེ་དགེ་འདུན་ཕུན་ཚོགས་ཞུས་ཏེ་དཔེ་ཁྲིད་ཞུས་པ་སོགས་དཔྱིད་ཆོས་ཀྱི་རྩོད་པ་དམར་བའི་ཐབས་དང་།  དཔྱིད་ཆོས་ཀྱི་རྩོད་གྲར་གཟིགས་རྟོགས་མཛད།  ལྔ་བའི་ཚེས་འགོར་སྐུ་གོང་མའི་མ་ཡུམ་རྒས་ཁོག་ཞིག་ཡོད་པས་ལོ་སྔ་ཕྱིར་ཞུ་ནན་ཆེ་བས་དེ་ཕྱོགས་སུ་ཕེབ། ལམ་སྐབས་སུ་གསུང་བརྟག་འཕོ་ལུང་སོགས་མོས་ལྡན་རྣམས་ཀྱི་རེ་བ་སྐོང་བཞིན་ཕེབ་ཅིང་། ཐུ་རོའུ་ན་སྔར་ཆུ་འགོ་ཆེ་བ་འགའ་ཡོད་ཀྱང་སྐབས་ཞིག་ནས་འགྲིབ་སོང་བར་བླ་མ་སྔགས་པ་བན་བོན་མང་བོས་ཐབས་བྱས་ཀྱང་འབད་པ་དོན་མེད་དུ་སོང་འདུག་པར། རྗེ་འདིས་ཆུ་འབོད་གནང་བས་སྔར་ལས་ཀྱང་ཆེས་ཆེར་གྱུར་ཐམས་ཅད་ལ་དགའ་དད་འགྲན་པ་བཞིན་འཕེལ། གསེར་ལག་དགོན་པའི་གཞུང་ནས་གསོལ་སྟོན་བསྙེན་བཀུར་གྱ་ནོམ་པ་ཕུལ་བར་སླར་སྤྱི་འཇོག་ཡང་གནང་། དེ་ནས་ཡུལ་སྐྱོང་ཡུལ་བའི་ཁར་བཞུགས་པར་དགོན་གོང་མའི་གཞུང་ནས་ཞུས་པ་ལྟར་ཕེབ་པས། དེ་ཕྱོགས་ཀྱི་ཡུལ་མི་མ་ལུས་བས་ཆིབས་བསུ་དང་།  ངུར་སྨིག་འཛིན་པའི་སྡེས་སེར་སྦྲེངས་བཅས་སེར་འབའ་སྟོད་དུ་ཞུས་ཏེ།  གསོལ་སྟོན་དང་བེའུ་གྱའི་སྐུ་སྐྱེས་ནས་མཎྡལ་བཤད་པ་དང་བཅས་བཀུར་བཟོས་ཞུས། ཆོས་སྡེ་ཆེན་པོ་རྭ་རྒྱར་ཕེབ་སྟེ་ཉིན་འགར་རྟེན་རྣམས་ཞིབ་མཇལ་དང་། སྤྱི་སྒར་སོ་སོའི་དངོས་འབུལ་ཕུལ་བའི་འབྱོར་ལན་དགའ་རབ་གནང་སྟེ་རང་དགོན་དུ་ཕེབ། འབྱུང་འགྱུར་གྱི་དོན་གཟིགས་ནས་ལྷ་འབངས་ཧོར་མོའི་སྡེ་སོ་སོར།  སྒྲོལ་བསྟོད་བྱེ་བ། མ་རི་ཙྱཻ་དུང་ཕྱུར་དང་སྐྱབས་འགྲོ་ཕོན་ཆེ་བ་བསྒྲུབ་ཏུ་བཅུག་པས་མ་འགྱིངས་པར་དོ་གྱ་དང་ཧོར་མོས་རྒྱ་ལ་ཁྲལ་མ་བྱིན་པའི་རྐྱེན་གྱིས་རྒྱའི་དམག་ཆེན་གྱིས་དོ་རྒྱའི་དམག་དཔུང་ཐམས་ཅད་རྨག་མེད་དུ་བཅོམ་ཞིང་། གཞི་ཁྱིམ་ལྷ་ཁང་ཕལ་ཆེར་མེས་བསྲེག་པའི་དུ་བས་ནམ་མཁའ་གང་།  སྐྱེ་བོ་ཕོ་མོའི་ངུ་སྒྲས་བར་སྣང་གང་།  མི་རྟ་ཁྲག་གི་བམ་རོས་ལམ་སྲང་གང་བར་བྱས་ནས་ཧོར་མོའི་སྟེང་དུ་ཆས་བར་ཕྱོགས་པ་ན་ཡང་འཇིག་རྟེན་གྱི་ཕོ་རྩལ་ཅན་དུ་རློམས་པའི་རྨོངས་པ་ཡ་སོ་ལྡན་པའི་བ་ལང་འདྲ་བ་འགས་དམག་ལ་འཐབ་པའི་འགོ་འདྲེན་བྱས་ཀྱང་འཇིག་རྟེན་གྲོང་བའི་རང་བཞིན་ཡིན་པས་དེ་ལ་ཅི་མཚར། བདུད་སྡིག་ཅན་གྱིས་གསང་ཚིག་འཇིག་རྟེན་གྱི་ངོ་མཚང་གི་ཚུལ་གྱིས་དངོས་སུ་སྨྲས་པ་བདེན་པར་འཛིན་པའི་ཆོས་པར་རློམས་པ་ཚོས་ཀྱང་རྗེ་འདི་ལ་ད་དུང་མ་འཐབ་པར་འོ་སྐོལ་ཧོར་མོའི་འཇིག་རྟེན་གྱི་ལ་རྒྱ་ཁྱེད་ཆོས་པའི་ལུགས་ཀྱིས་གཞན་ལ་ཤོར་ན་ཧོར་མོའི་སྡེར་གཏོགས་པ་ཐམས་ཅད་ཀྱིས་ཕྱིན་ཆད་གཞན་གྱི་གམ་དུ་མགྲིན་པ་འདེགས་ནུས་པ་མ་བྱུང་བ་རེད་ཟེར་མཁན་ཡང་བྱུང་མོད་ཀྱང། རྗེ་འདིས་ཁྱེད་ཅག་གིས་ཇི་འདྲབཤད་ཀྱང་ལེགས་ཉེས་ཀྱི་ཁྱད་པར་ཡེ་ཤེས་ཀྱི་སྤྱན་ལྡན་རྣམས་ཀྱི་ཐུགས་ན་གསལ། ད་དུང་གི་དགོན་གྲོང་གི་སྐྱིད་སྡུག་འདི་ངས་བླ་མ་མཆོག་གསུམ་ལ་བཅོལ་བ་མ་གཏོགས་ཁྱེད་ཅག་ལ་ལན་གྱི་སྤྲོས་པའང་བྱེད་མི་དགོས། རྒྱུ་ནོར་གྱིས་སེམས་ཅན་མང་པོའི་ཚེ་སྲོག་དང་། སྐུ་གསུང་ཐུགས་རྟེན་བླུ་ཐབས་བྱུང་ན་ཇི་འདྲ་སྟེར་དགོས་ཀྱང་སླ་གསུངས་ནས། དངུལ་དང་ལག་ཆ་དྲེའུ་རྟ་སོགས་ཀྱི་བུ་ལོན་འཇལ་བས་རྒྱའི་དམག་བདག་སོ་སོ་ཚིམ་པར་བྱས་ནས་འཁྲུགས་པ་བདེ་འཇགས་སུ་བཀོད་དེ་སེམས་ཅན་མང་བོ་སྲོག་གི་འཇིགས་པ་ལས་སྐྱོབ་པར་བྱས་པ་ནི། རྗེར་སོར་རྒྱའི་དམག་དཔུང་དང་ལག་ཆའི་ཟིལ་རྔམས། དགྲ་ཐབས་ལ་མཁས་ཚུལ་ཐོས་པ་ན་ཐམས་ཅད་ཀྱིས་ད་ལོ་རིམ་གྲོ་ཆེ་བར་བསྒྲུབ་རྒྱུའི་གསུང་བཀོད་གནང་བ་དང་། འཐབ་ཡ་འཛིན་དུ་མ་བཅུག་པ་ནི་རྗེ་འདིའི་བཀའ་དྲིན་ཡིན་ཞེས་གླེང་། 

     དགུང་གྲངས་ཉེར་བརྒྱད་པ་སྐྱེས་བདག་ཅེས་པ་ལྕགས་མོ་ལུག་གི་ལོར། སྨོན་ལམ་གྲོལ་འཕྲལ་རྗེ་དགེ་འདུན་ཕུན་ཚོགས་པ་གདན་དྲངས་ནས་དཔེ་ཁྲིད་དང་། དཔྱིད་ཆོས་ཀྱི་རྩོད་པ་གཟིགས་རྟོག་གནང་། ཡབ་རྒན་པོ་སྔ་མོ་ནས་བྲོ་འཚལ་བར་རིམ་གྲོ་རྒྱ་ཆེན་སྒྲུབ་ཀྱང་སྐབས་འདིར་བབས་ཇེ་ལྗིར་སོང་བས་མི་འཚོ་བར་ཐག་ཆོད་པར་གཟིགས་པ་ན། གྲ་ཚང་ཞུས་ནས་རྣ་ལམ་དུ་རྩོད་པའི་སྒྲ་བསྒྲགས་པ་དང་། འཇམ་མགོན་རྒྱལ་བའི་བསྟན་པ་རིན་པོ་ཆེར་མཇལ་བའི་སྨོན་ལམ་འདེབས་སུ་བཅུག་ནས།   དད་གུས་ཀྱིས་གསལ་འདེབས་མཛད། གཉིས་པའི་བཅོ་བརྒྱད་ལ་དུས་ཆོས་སུ་གྱུར་བར་ཧོར་མོའི་དགོན་པ་གསུམ་དང་། ལྷ་རི་གསེར་ལེ་རྫོང་ནང་། ཁྲི་ཀའི་རི་ཁྲོད་པ་རྣམས་དང་། བྱ་ཁྱུང་ལྡིས་ཚ་སོགས་རྨ་ཉིན་སྲིབ་ཀྱི་དགོན་སྡེ་རྣམས་ལ་སྦྱངས་ཆོག་མང་འགྱེད་སྤྱི་འཇོག་སོགས་ཀྱི་བསྙེན་གང་འགྲིགས་ཞུས་ཤིང་། ཕྱོགས་ཀྱི་བླ་མ་དགེ་བའི་བཤེས་གཉེན་རྣམས་ལ་བསྔོ་རྟེན་ཕུལ། དབུལ་སྤྲང་སོགས་མཆོག་དམན་གྱི་ཞིང་ལ་ཕུལ་བའི་དགེ་རྩ་རྣམས་བྱང་ཆེན་དུ་བསྔོ་བའི་ཁ་བསྒྱུར་ནན་ཏན་མཛད། གསུམ་པའི་ནང་ལུགས་གཉིས་སྐྱོང་བ་ལ་ཐབས་མཁས་ཀྱི་རྩལ་དང་ལྡན་པའི་མཛོད་པ་ཆེན་མོ་བློ་བཟང་ནོར་བུ་ཕྱག་མཛོད་དུ་གསར་འཇོག་མཛད། བཞི་བའི་ནང་རྗེ་ཨ་རོལ་རིན་པོ་ཆེ་བྲག་དཀར་སྤྲེལ་རྫོང་དུ་ཕེབས་སྐབས་ཆིབས་བསུ་དང་བཅས་སྲིན་པོ་རིའི་མགུལ་དུ་ཞུས་ནས་སྒར་ཆེན་ལ་ཉིན་ཁ་ཤས་རིང་བསྙེན་བཀུར་ཞུས་ཐོག  བླ་མའི་མཛད་འཕྲིན་སྤེལ་བ་དང་། གདུལ་བྱ་ཆེས་མང་བོའི་དོན་དུ་འགྱུར་བར་གཟིགས་ནས། ལོ་རྗེས་མར་རང་དགོན་དུ་དུས་འཁོར་དབང་ཆེན་གནང་སྙན་གསན་ཕུལ།    སླར་རང་དགོན་དུ་ཕེབ་ནས་དཔེ་གཟིགས་ཀྱི་ཆེད་དུ་སྐུ་མཚམས་མཛད་པར་སྐབས་ཤིག    མཚན་ལམ་མི་ལེགས་པ་དང་གྲ་ཚང་ལ་ན་ཚ་སོགས་རྐྱེན་ངན་ལྡང་བར་བརྩམས་པ་ན། གྲ་ཚང་ལ་ཞབས་བརྟན་ཕོན་ཆེ་བ་བསྒྲུབ་ཏུ་བཅུག་ཅིང་། ཁོང་གིས་དབུ་མཛད་པའི་བསྙེན་སོང་འགའི་ཞབས་ཕྱི་དང་བཅས་པས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་ལས་བཞི་ཀའི་སྦྱིན་སྲེག་མཛད་པར། དབང་གི་སྦྱིན་སྲེག་སྐབས་སྟེང་གི་ནམ་མཁར་འཇའ་ཚོན་དབང་གི་ཐབ་ཀྱི་དབྱིབས་ཅན་གསལ་བར་ཤར་བ་དེར་འཁོད་ཐམས་ཅད་ཀྱིས་མཐོང་ཞིང་། དྲག་པོའི་སྐབས་སུ་རྟགས་མཚན་རྔམས་བརྗིད་ཤིན་ཏུ་ཆེ་བས་སྒྲུབ་གྲོགས་རྣམས་སོགས་དེར་འཁོད་ཀུན་ཧ་ཅང་འཇིགས་ཤིང་སྐྱི་གཡའ་བ་བྱུང་བ་དང་། ཐག་ཉེའི་གྲོང་སྡེ་ཞིག་ནས་དྲག་པོའི་སྦྱིན་སྲེག་གི་དགུང་མོ་དེར་ལམ་སྲང་ན་འགྲུལ་བ་མང་བོའི་འུར་སྒྲ་དང་། སྦྱིན་སྲེག་སྐབས་ཀྱི་རོལ་མོའི་སྒྲ་ལས་མཆེད་པའི་སྐྱེས་བོ་མང་བོའི་ངུ་སྒྲ་རྒྱུན་མི་ཆདཔར་སྣང་བ་བྱུང་། དེ་སྐབས་རྗེ་འདིས་ངེད་ཅག་སྒྲུབ་གྲོགས་ཞབས་ཕྱི་རྣམས་ལ་ཡང་མངོན་སྤྱོད་ཀྱི་ལས་འདི་བསྟན་པ་དང་འགྲོ་བའི་དོན་སྤྱི་ལ་དམིགས་པ་མ་གཏོགས།  འགའ་ཞིག་ལྟར་རང་གི་སྙིང་ནད་ཞེ་ལ་བཞག་ནས་བྱས་ན་ངེས་པར་དགེ་ལྡན་པའི་བསྲུང་མ་རྣམས་ནས་ཀྱང་བཀའ་ཆད་འོང་ཞིང་། ནང་བ་སངས་རྒྱས་པའི་ལུགས་ཀྱང་མིན་གསུངས་ནས་ཀུན་སློང་འཆའ་བར་མཛད་ན། རིན་པོ་ཆེ་ཉིད་ནས་སྤྱི་དམིགས་ཀྱི་ཐུགས་བསྐྱེད་ནམ་མཁའ་ལྟ་བུ་ཞིག་གནང་བར་ཐེ་ཚོམ་གྱི་སྒྲོ་འདོགས་ཆོད་མོད་ཀྱང་། བདག་ཅག་གིས་མྱུར་བར་མངོན་སུམ་དུ་མཇལ་བའི་ལས་བཞིའི་དགེ་མཚན་གྲུབ་པའི་ཁྱད་ཆོས་ལ་སྒེར་གྱི་བསྟན་དགྲ་ཆེ་ཤོས་འགའ་ཟུང་དམིགས་མེད་དབྱིངས་སུ་ཐིམ་པ་སྣང་བ་ནི། དཔལ་ལྡན་ཟླ་བས། གལ་ཏེ་དེ་ཉིད་རྣམ་པར་བཤད་པ་ན།། གཞན་གཞུང་འཇིག་པར་འགྱུར་ན་ཉེས་པ་མེད་གསུངས་པ་དང་ཆོས་མཚུངས་པར་སྙམ་མོ།། དབྱར་ཆོས་སྐབས་རྗེ་དགེ་འདུན་ཕུན་ཚོགས་ནས་དཔེ་ཁྲིད་དང་།  དབྱར་ཆོས་ཀྱི་རྩོད་པ་ལ་གཟིགས་རྟོག་མཛད་ཅིང་།  དགུན་ཆོས་ལ་རྗེ་རང་ཉིད་ཀྱིས་དཔེ་ཁྲིད་སོགས་གནང་།  

དགུང་གྲངས་ཉེར་དགུ་བ་ཨངྒི་ར་ཞེས་པ་ཆུ་ཕོ་སྤྲེའུའི་ལོར། སྨོན་ལམ་གྲོལ་འཕྲལ་རྗེ་དགེ་འདུན་ཕུན་ཚོགས་པར་དཔེ་ཁྲིད་ཞུས་ནས་དཔྱིད་ཆོས་ཀྱི་རྩོད་པ་དམར་བར་མཛད། གཉིས་པའི་ནང་བྱ་ཁྱུང་དུ་ཕེབ་ནས་ལྷ་ཁང་སོ་སོར་ཞིབ་མཇལ་དང་། གྲ་ཚང་སོ་སོས་བཀུར་བཟོས་གང་ལེགས་ཕུལ་བ་བདག་གིར་བཞེས་ཤིང་། དཔེ་ཤིན་ཏུ་དཀོན་པའི་སྐོར་འབད་པས་བཙལ་བར་པོཏ་ཉི་ཤུ་ལྷག་ཙམ་འབྱོར་བས་འདི་འདྲ་རྨི་ལམ་དུ་ཡང་མཇལ་དཀའ་གསུངས་ཏེ་ཐུགས་ཧ་ཅང་དགྱེས་སྤྲོ་མཛད། སླར་རང་དགོན་དུ་ཕེབ་པར་གཡེར་གཤོང་འཇམ་དབྱངས་བློ་གྲོས་ཀྱི་སྤྲུལ་སྐུ་ཕེབས་བྱུང་བ་ལ་བཀུར་བཟོས་དང་དངོས་འབུལ་གྱ་ནོམ་པ་མཛད།   གསུམ་པའི་ཉི་ཤུ་ལྔ་ལ་སྐུ་དབོན་ཆོས་རྗེ་སོགས་ངེད་ཅག་གྲ་བ་ཉི་ཤུ་ལྷག་དང་བཅས་དཔེ་ཆ་སྒྲུབ་ཆེད་དུ། ཡུལ་མདོ་སྨད་ཀྱི་ན་ལེན་ཏྲ་གཉིས་པ་ཆོས་ཀྱི་ཞིང་མཆོག་བཀྲ་ཤིས་འཁྱིལ་དུ་ཕེབས། རྗེ་འདིའི་སྐུའི་མཛད་སྤྱོད་མཐོང་བའི་སྐྱེ་བོ་ཀུན་ཀྱང་དད་པར་གྱུར་ནས། བླ་བྲང་དུ་ཐོན་བར་གྱི་སྡེ་སོ་སོ་ཆ་རྒྱུས་ཡོད་མེད་ཐམས་ཅད་ནས་བཀུར་བཟོས་ཚད་མེད་པ་ཞུས།  འཇམ་མགོན་རྒྱལ་བ་གཉིས་པ་སླར་ཡང་ངུར་སྨིག་གར་གྱིས་རོལ་བའི་ཀུན་མཁྱེན་ཆེན་པོ་༧ཨ་ལགས་རིན་པོ་ཆེ་དང་།   མཁན་པོ་ངག་དབང་དགེ་ལེགས་ཚང་རྣམ་གཉིས་ལ་མཇལ་ཞིང་།  ཆོས་འབྲེལ་ཞུས།  ཤོག་བུ་ཉོས་ནས་བློ་བཟང་ཀུན་མཁྱེན་གྲོགས་འགའ་དང་བཅས་གཙོས་མཛོད་དགེ་འབོ་ར་རྣམས་སུ་དཔར་ཡོད་ཚད་དཔར་བར་མངགས།  ཁོང་ཉིད་ནས་ངེད་ཅག་གྲ་བ་རྣམས་དང་བླ་བྲང་དཔར་ཁང་མཐོང་སྨོན་དང་། འཇམ་དབྱངས་བསྟན་པའི་སྒྲོན་མེའི་ནང་ཆེན་སོགས་ནང་ཁག་སོ་སོ་ན་དཔར་རྒྱུ་ཡོད་པ་ཐམས་ཅད་མ་ལུས་པར་དཔར།   འཛིན་གྲ་གཏུགས་ཀྱི་རྩོད་པ་ལ་ཉིན་བཞིན་མཇལ་ནས་ཉེ་ལོགས་དགྲ་ལོགས་ཀྱི་བརྡ་ཞོག་བྱེད་ཚུལ་དང་། ཐལ་སྐད་གཏོང་ལུགས་ཚུན་ཆད་ཀྱིས་ཐུགས་འཕྲོག་ཏེ་ཡི་གེར་འབྲི་བར་མཛད་ན། བགྲོ་གླེང་རྟགས་གསལ་གྱི་རིགས་ལ་ཐུགས་ཤིན་ཏུ་དད་པ་ལྟ་ཅི་སྨོས་ཏེ། ཞལ་ནས། ཆོས་ཐོག་འདིས་རྩོད་པའི་བབས་ཅི་བཤད། རྒྱུན་དུ་གྲ་རྐྱང་སློབ་གཉེར་བ་རྣམས་དོན་ཉུང་བྱ་ཉུང་གི་ཚུལ་གྱིས་སློབ་གཉེར་གནང་བའི་ཚུལ་མཐོང་ཞིང་ཐོས་པ་འདི་འདྲ་ཡིན་པས་ངེས་པར་བསྟན་པའི་འབྱུང་ཁུངས་ཟེར་བ་འདི་འདྲ་ལོས་ཡིན་གསུངས་ནས། དགུང་རེ་བཞིན་སྐུ་རིམ་ལ་མཇལ་དུ་ཕེབ་ནས་སྒྲོལ་འདོན་གྱི་སྐབས་ཆོས་གྲའི་མདོར་ཐལ་མོ་སྦྱར་ནས་བཞུགས། མར་གྲོལ་ནས་རྩོད་པའི་སྐབས་འཛིན་གྲ་སོ་སོར་མི་མངོན་པར་ཕེབ་ནས་རྟགས་གསལ་གསན་ཚད་ཐུགས་ལ་ནན་ཏན་བཅག་བཞིན་ཕེབ་ནས་ཐོ་འདེབས་ཚུན་ཆད་གནང་། དཔེ་ཆ་དཔར་ཚར་བ་ནས་ལྷ་ཁང་སོ་སོར་ཉིན་འགའི་རིང་ལ་རྟེན་མཇལ་གནང་སྟེ་ཐུགས་སྨོན་རྒྱ་ཆེར་གནང་བ་སོགས་སྡེ་དེའི་སྣོད་བཅུད་མཐའ་དག་དག་པ་འབའ་ཞིག་ཏུ་གཟིགས་པ་འདྲ་བ་ཞིག་སྣང་། ཉིན་དུ་མར་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་སྐྱབས་མགོན་ཀུན་མཁྱེན་མཆོག་གི་མཚན་ཞབས་པ་བདག་ཅག་རྣམས་ལ་བཀའ་དྲིན་དང་ཐུགས་རྗེ་མཚུངས་པ་མེད་པ་དོན་གྱི་སླད་དུ་མཚན་ནས་སྨོས་ན། ༧རྗེ་དགེ་འདུན་རྒྱ་མཚོ་དཔལ་བཟང་བོའི་དྲུང་ནས། ངེད་གྲ་སློབ་འགའ་དང་བཅས་ཏེ་དབལ་མང་རིན་པོ་ཆེའི་རྣམ་འགྱུར་རྣམ་བཞག་གི་སྟེང་ནས་རྩོད་པའི་རྣམ་འགྱུར་ཞིབ་ཁྲིད་གསན་ནས་སླར་གཤག་ཏུ་ཕེབས་པ་ན་ཡང་བསླབ་སྦྱངས་མཛད། དཔེ་དཀོན་འགའ་ཡང་འབྲི་བ་དང་བླུ་བའི་ཐབས་ལ་འབད་པས་འགའ་ཟུང་ཕྱག་ཏུ་འབྱོར་བས་ཧ་ཅང་དགྱེས་ཚོར་གནང་། རུས་པའི་རྒྱན་དྲུག་ཁྱད་མཚར་ཞིག་དང་།  དཔེ་ཐུམ་དང་གདོང་དར་གྱི་གོས་དང་བཅས་ཉོས་ནས་ཕྱིར་ལམ་ནག་གྱའི་མཆོད་རྟེན་ལ་མཇལ་བར་སྐོ་གཉེར་ཕུན་ཚོགས་བྱ་བའི་འདོད་མོས་ལྟར་རབ་གནས་ཀྱི་ཤིས་བརྗོད་གནང་། གླེབ་གཞུག་རྒྱུད་དེ་རང་དགོན་དུ་ཕེབས། འདི་སྐབས་ངེད་གྲ་སློབ་རྣམས་ནས་ཀྱང་རང་རང་གི་གདན་དང་ཆར་གོས་ཚུན་ཆད་བཙོང་ནས་དཔེ་ཆ་བླུས་པར། ལམ་སྐབས་སུ་ཆར་ཆུ་དགྲ་ཇག་སོགས་ཀྱིས་ཉེས་པ་ཕར་ཟད། གླེབ་གཞུག་གི་ལ་རིང་བགྲོད་ཉིན་ཚ་བ་ཤིན་ཏུ་ཆེ་སྟབས་ཐམས་ཅད་ལ་གླེགས་བམ་གྱི་ཁུར་བོ་ལྕི་བས་དཀའ་སྙམ་ཡང་། ལ་ཞོལ་དུ་ཐོན་མ་ཐག་ཕྱོགས་ཐམས་ཅད་ནས་སྤྲིན་འདུས་ཏེ་ཤིན་ཏུ་བསིལ་བའི་གྲིབ་མའི་ངོགས་སུ་བདེ་བར་བགྲོད་པ་བྱུང་བས་ཐམས་ཅད་ཀྱིས་རྗེ་འདིའི་འཕྲིན་ལས་ཀྱི་ཆ་ཙམ་མངོན་དུ་མཇལ།  དེ་ནས་འདུ་ཁང་གི་རབ་གསལ་དུ་བཞུགས་ནས་དཔེ་ཁྲིད་དང་། དབྱར་ཆོས་ཀྱི་རྩོད་པ་ལ་གཟིགས་རྟོག་གནང་། རྩོད་པའི་རྣམ་འགྱུར་བླ་བྲང་ནས་བསླབ་འོང་བ་ལྟར་མང་མང་ལ་སློབ་པར་མཛད། རེབ་བཀོང་སྐུ་ཕྱོགས་ཚང་ལོ་སྔ་མར་དུས་འཁོར་དབང་གི་སྙན་གསན་ཕུལ་ཡོད་པ་ལྟར་གདན་འདྲེན་ཞུས་ཏེ།  བདུན་པའི་ཚེས་ལ་ཕེབས་པར་ཧོར་མོའི་སྒར་གྲོང་བླ་སྤྱི་སོ་སོའི་ཅིབས་བསུ་སེར་སྦྲེངས་བཅས་ཀྱིས་བསྙེན་བཀུར་ཞུས། དེ་ནས་འཇིགས་བྱེད་ལྷ་བཅུ་གསུམ་མ། གསང་འདུས་མི་བསྐྱོད་པ། བདེ་མཆོག་བོང་ཞལ་ཅན། ཚེ་དཔག་མེད་ལྷ་དགུ། གསང་བདག་འཁོར་ཆེན་རྣམས་ཀྱི་དབང་།  རྒྱལ་ཐང་བའི་ལུགས་ཀྱི་གཅོད་དབང་། བྰ་རི་བརྒྱ་རྩ་སོགས་ཆོས་བཀའ་མང་དུ་གསན།   བརྒྱད་པའི་ཚེས་བཞི་ནས་དབང་གི་སྟ་གོན། ལྔ་ལ་བྱིས་པ་ལྟར་འཇུག་པའི་དབང་བདུན།  གོང་མ་གོང་ཆེན། བདུན་ལ་རྡོ་རྗེ་སློབ་དཔོན་གྱི་དབང་བཅས་ཡོངས་རྫོགས་གསན། སྐུ་གསུང་ཐུགས་རྟེན། ཇ་རས་གོས་གསུམ། རྟ་ཟོག་སོགས་ཀྱི་དངོས་འབུལ་ཞུས་ནས་སྐྱབས་འཇུག་ཞུས་ཏེ་སློབ་མ་ཚོགས་པ་སྟོང་ཕྲག་ལྷག་ཙམ་ཡོད་པ་ཐམས་ཅད་བླ་མ་ལྷའི་གདུལ་བྱར་མཚམས་སྦྱོར་ངེས་མཛད།  ཕྱོགས་འདུས་ཀྱི་དགེ་འདུན་སྟོང་དང་ལྔ་བརྒྱ་ཙམ་བཞུགས་པ་ལ་མང་ཇ་ཚབ་ར་བཞེས་ཐུག་བཅས་ཀྱི་བསྙེན་བཀུར་དང་།  མི་མང་ལ་ཡང་དེ་བཞིན་གནང་། ཆོས་སྡེ་ཆེན་པོ་བྱ་ཁྱུང་གི་གྲ་བ་སུམ་བརྒྱ་ལྷག་བཞུགས་པ་དང་། རང་དགོན་གྱི་རྩོད་གྲ་བ་བསྲེས་ནས་དམ་བཅའ་འཛུགས་པར་མཛད།  བརྒྱད་པའི་ཉི་ཤུ་ལ་སྐུ་ཕྱོགས་སྤྲེལ་རྫོང་དུ་ཕེབ་པར་བྱ་ཁྱུང་བར་ཆིབས་སྐྱེལ་ཞུས་ཏེ་སླར་རང་དགོན་དུ་རྗེ་དགེ་འདུན་ཕུན་ཚོགས་པའི་དྲུང་ནས་། བླ་བྲང་ཨ་ཁུ་རིན་པོ་ཆེའི་གསུང་འབུམ་གྱི་ལུང་རྫོགས་པར་གསན།  དེ་ནས་བསགས་སྦྱངས་ཉམས་བཞེས་ཀྱི་སྐོར་དང་། དཔེ་གཟིགས་ལ་འབད་པ་ལྷུར་བཞེས་ཤིང་ཁྱད་པར་བཅུ་བའི་ཉི་ཤུ་ནས་སྐར་མ་ཐང་ལ་ཕེབ་སྟེ།  ཇོ་ཁང་དུ་མཆོད་པ་འབུམ་ལྷག་དང་ཕྱག་དང་མཎྡལ་དེ་མཚུངས་འབུལ་བར་མཛད།  བཅུ་གཅིག་པའི་ཚེས་ནས་གྲ་ཚང་ལ་དཔེ་ཁྲིད་དང་། དགུན་ཆོས་ཀྱི་རྩོད་པ་གཟིགས་རྟོག་གནང་སྟེ་དགུན་ཆོས་གྲོལ་བར་འཇམ་དབྱངས་དཀར་བོའི་བསྙེན་མཚམས་མཛད།

     དགུང་གྲངས་སུམ་ཅུ་བ་དཔལ་གདོང་ཞེས་པ་ཆུ་མོ་བྱའི་ལོར་གསར་ཚེས་ཞིག་ནས་ལྡིས་ཚར་ཕེབས་ཏེ།  རྗེ་དགེ་འདུན་ཕུན་ཚོགས་ལས་བདེ་ལམ་གྱི་ཁྲིད་ཞིབ་རྒྱས་དང་། གནས་ལྔ་ཀུན་གཟིགས་གྲགས་པ་རྒྱ་མཚོ་བ་ལ་དབྱངས་ཅན་སྒྲ་མདོ་རྩ་འགྲེལ་གྱི་གཟབ་བཤད་དང་། སྡེབས་སྦྱོར་གྱི་བཤད་པ་ཨ་གྱ་ཡོངས་འཛིན་གྱི་འགྲེལ་བའི་སྟེང་ནས་གསན།  གསུམ་པའི་ཚེས་ལ་གངས་ཅན་མཁས་གྲུབ་ཡོངས་ཀྱི་གཙུག་ནོར་ཁོང་བླ་བྲང་ཨ་ལགས་རིན་པོ་ཆེ་ཚང་ལྡིས་ཚར་ཕེབས་པའི་ཆིབས་བསུ་ལ་རྩ་བ་ཐང་དུ་ཕེབས།  གསུམ་པའི་ཚེས་༡༢ནས་ཨ་ལགས་རིན་པོ་ཆེའི་མདུན་དུ་ཚོགས་པ་ཆེ་བའི་བཀའ་ཆོས་པ་དང་ལྷན་དུ།  ལམ་རིམ་བསྡུན་དོན། ལམ་གཙོ་རྩ་འགྲེལ། རྟེན་འབྲེལ་བསྟོད་པ།  འདུལ་བ་རྒྱ་མཚོ། ཡོན་ཏན་གཞིར་གྱུར་མ། དྲང་ངེས་ལེགས་བཤད་སྙིང་བོ་རྣམས་ཀྱི་བཤད་ལུང་དང་། རྡོར་སེམས་བསྒོམ་བཟླས། འཕོ་བ་དཔའ་བོ་གཡུལ་འཇུག་སོགས་ཀྱི་ཁྲིད་དང་། གཤེད་དམར་ཟུར་བཀའི་དབང་།  རྔོག་དཀྱིལ་བདུན། འཇིགས་བྱེད་ལྷ་བཅུ་གསུམ་མ་དང། རྒྱལ་ཐང་ལུགས་ཀྱི་གཅོད་དབང་། ས་སྐྱའི་གསེར་ཆོས་ནང་ཚན་དམར་བོ་སྐོར་གསུམ་གྱི་རྗེས་གནང་སོགས་གསན། ལོ་སྔ་མ་ནས་བསྙུང་གཞི་ཞིག་ཡོད་པ་སྐབས་འདིའི་སྔ་གཞུག་ལ་ཇེ་ཐུར་སོང་བས་ཞབས་ཕྱི་བ་ནས་བཀའ་ཆོས་དང་དཔེ་ཁྲིད་མི་ནུས་པར་འདུག་པས་སླར་རང་ཡུལ་དུ་ཕེབ་ན་ཞུས་པར། རིགས་པ་ནང་བར་འཆི་ཡང་སློབ་གསུངས་པ་རེད་གསུངས་ཏེ། སྔ་སེ་ནས་ལམ་ཆས་བྱས་པས་སོག་པོ་དགེ་བཤེས་ཤིག་ཡོད་པར་ཕྱག་གིས་བརྟེན་ནས་དཀའ་སེ་བ་ཞིག་ཏུ་བཀའ་ཆོས་ལ་ཕེབས་ནས་ཉིན་གཅིག་ཀྱང་མ་ཆད་པ་མཛད།  ཨ་ལགས་རིན་པོ་ཆེའི་གསུང་བཀོད་ལྟར་རང་ཡུལ་སྒར་གྲོང་ནས་ཞབས་བརྟན་ཕོན་ཆེ་བ་དང་། སྐམ་ལུག་གི་ཚེ་ཐར་སྲོག་བླུ་ཡང་སྟོང་དང་ཉིས་བརྒྱ་ཙམ་བྱུང་བ་དང་། དོ་གྱ་ཕྱོགས་ནས་སྦྱིན་བདག་དད་ལྡན་རྣམས་ནས་ཞབས་བརྟན་མང་བོ་དང་ཚེ་ཐར་སྲོག་བླུ་སུམ་བརྒྱ་ལྷག་བྱུང་བར་བརྟེན་ནས་ཅེ་བདེར་སོང་ཚུལ་མཛད་དེ། རེ་བཀོང་སྐུ་ཕྱོགས་ཚང་གི་གསུང་བཀོད་ལྟར། བཞི་བའི་ཚེས་བདུན་ལ་སྐུ་འབུམ་དུ་གྲོགས་ཞབས་ཕྱི་འགའ་དང་བཅས་སྐུ་འབུམ་དུ་ཕེབས། མཁན་པོ་ཨན་ཇ་སིའི་སྒར་བ་སོགས་ནས་བཀུར་བཟོས་ཕུལ།གསེར་གདུང་དང་ལྷ་ཁང་སོ་སོར་མཆོད་མཇལ་དང་ཕྱག་སྐོར་ཉིན་འགའི་རིང་ལ་གནང་། ཟི་ལང་བརྒྱུད་དེ་གསེར་ཁོག་ཏུ་ཕེབ། ལམ་ཁར་གཡག་རིའི་མགོན་པོ་རང་བྱོན་ལ་མཇལ་ནས་འཕྲིན་བཅོལ་མཛད་པས་སྐུའི་གཟི་བྱིན་ཇེ་ཆེར་བྱུང་བར་འབྲལ་མི་ཕོད་པ་ལྟ་བུར་གནང་། ཕྱི་ཉིན་གསེར་ཁོག་དགོན་དུ་ཕེབས་ནས་ཇོ་ཁང་དང་ལྷ་ཁང་སོ་སོར་མཆོད་མཇལ་དང་བསྐོར་བ་གནང་ནས་ཐུགས་སྨོན་མཛད། ཞབས་ཐང་ལ་ཕེབས་པས་ཞབས་ལ་ཆུ་བུར་འབྱུང་བ་དང་བརྡོལ་བ་སོགས་ཀྱི་བསྙུན་ཟུག་ཁྱད་དུ་བསད་ནས། ཆུ་བཟང་དགོན་དུ་ཕེབས་ནས་ཇོ་ཁང་ལ་བརྒྱ་མཆོད་དང་བསྐོར་བ་ལ་བརྩོན་པ་ཆེར་མཛད། ཆུ་བཟང་སྤྲུལ་སྐུ་རིན་པོ་ཆེ་དང་ཕན་ཚུན་དགྱེས་བརྩེ་ཆེ་བས་ཐུགས་ནང་གཅིག་འདྲེས་ཀྱི་ཚུལ་དུ་ཉིན་བཅུ་ལྷག་ཙམ་བཞུགས།   དགོན་ལུང་དུ་ཕེབས་པའི་ལམ་ཁར་རྒྱ་གྲོང་ཞིག་གི་ཉེ་ལོགས་སུ་བཞུགས་པར།  རྒྱ་མི་དད་པ་ཅན་བོད་སྐད་མི་ཤེས་པ་འགའ་ཞིག་འོང་ནས།  ཁོང་རང་ཚོའི་ཁྱིམ་དུ་ཕེབས་པར་ནན་གྱིས་ཞུས་པ་ལྟར་ཕེབས། ཤིན་ཏུ་གུས་པའི་བསྙེན་བཀུར་ཕུན་སུམ་ཚོགས་པ་དང་བཅས་ཞག་གཉིས་ལ་བཞུགས།  དེ་ནས་ཤིང་ལུང་རི་ཁྲོད་དུ་ཕེབས། དེར་ཆ་ཡོད་མེད་སྟབས་སྤྱི་བའི་རྭར་བཞུགས་པ་ན་དེ་ཀའི་ཁྲི་བ་ཡིན་ཟེར་བའི་ཨ་ཁུ་ཞིག་གིས་ཞུས་པ་ལྟར་གྲ་གཤག་ཏུ་ཕེབས།  རྗེ་འདི་ལ་ཆ་རྒྱུས་ཡོད་པ་ཕར་ཟད།  ཞལ་མཐོང་ཡང་མ་མྱོང་བ་ལ། འཇམ་དབྱངས་བསྟན་པའི་བསྟན་པའི་སྒྲོན་མེས། དམ་པ་རྣམས་ནི་དགོས་དབང་མ་གཏོགས་པར།། ནང་གི་སེམས་དང་སྤྱོད་པ་མཐུན་ཕྱིར་རོ་གསུངས་པ་ལྟར། དམ་པ་འདིའི་ཕྱིའི་མཛད་སྤྱོད་ལ་བརྟེན་ནས་ནང་གི་ཉམས་རྟོགས་ཟབ་མོའི་ཕྱོགས་ཞིག་མཐོང་སྟེ་ཤིན་ཏུ་དད་པས་ཡིད་རང་དབང་མེད་པར་དྲངས་པས། ཁོ་རང་ལ་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྱི་གསུང་འབུམ་སོགས་བོད་བདུན་ཙམ་ཡོད་པ། ངས་འདི་སྔོན་རང་གི་བླ་མ་བཤེས་གཉེན་སུ་ལའང་འབུལ་མ་ཕོད་པར་ཡོད་ཀྱང་ད་སྐབས་ཁྱེད་ལ་དད་པས་འབུལ་འདུན་ཡོད་པས་ཕུལ་བ་ཡིན་བདག་ཐུགས་ལ་འཛིན་དགོས་ཞུས་ཏེ་ཕུལ། དེ་ནས་མ་འདུ་རི་ཁྲོད་དུ་མཇལ། པྲ་སྟིའི་ཁོག་བརྒྱུད་ནས་ཕེབས་པས་སྒྲོལ་མའི་ལྷ་ཁང་དུ། སྒྲོལ་མ་རང་བྱོན་གསུང་འབྱོན་མ་དང་། མཁའ་འགྲོ་མ་སུ་ཁ་སུ་དྷིའི་དབུ་སྐྲའི་ལན་བུ་རྣ་རྒྱན་བཅས་ཡོད་པར་མཇལ། སེམས་ཉིད་ཟེར་བའི་བོད་སྡེ་ཞིག་ཏུ་ཕེབས་པར། སྡེ་བ་དེ་ཀའི་ཕོ་མོ་ཀུན་དད་པར་གྱུར་ནས།  སྐྱབས་འགྲོ་མ་ཎི་གཟུངས་འགའ་བཅས་ཀྱི་ལུང་གི་ཆོས་འབྲེལ་ཞུས་པ་བཞིན་འདོད་ཆོས་འགའ་གནང་། དེར་ཞག་བཞུགས་གནང་སྟེ། ཕྱི་ཉིན་སྡེ་གཞུང་གིས་ཆིབས་པ་ཁལ་རྟ་བཅས་དགོན་ལུང་ཐུའུ་བཀོན་བླ་བྲང་དུ་བསྐྱལ། ཐུའུ་བཀོན་རིན་པོ་ཆེར་མཇལ་བར་དགྱེས་གཟིགས་ཤིན་ཏུ་ཆེ་བར་མཛད་ནས།  དགོན་ལུང་གི་ཚོགས་འདུ་ལ་གསུང་བཀོད་གནང་བ་ལྟར་ཚོགས་འདུས་ཀྱང་རྗེ་འདི་ལ་གཞུང་གི་རྟེན་མཇལ་རྒྱས་པར་ཕུལ། ཐུའུ་བཀོན་རིན་པོ་ཆེར་རི་ཁྲོད་ཞིག་ཏུ་མཚམས་ལ་འདུག་འདུན་ཡོད་པས་གང་དུ་བསྡད་ན་ལེགས་ཞུས་པར། རི་ཁྲོད་མཁའ་སྤྱོད་རྩེར་བཞུགས་ན་ཅི་ཙམ་བཞུགས་ཀྱང་བསྙེན་བཀུར་ཁོང་གིས་ཞུ་གསུངས།  རྒྱལ་སྲས་རི་ཁྲོད་དུ་ཉིན་བདུན་ལ་སྐུ་མཚམས་མཛད།  དགོན་དེ་ཀའི་རྒྱབ་ལོགས་སུ་སྔོན་རྒྱལ་སྲས་རིན་པོ་ཆེས་རྫུ་འཕྲུལ་གྱིས་གནས་སྒོ་ཕྱེ་བའི་མཁའ་འགྲོའི་ཕོ་བྲང་ཡོད་པ་དེར། ཕོ་བྲང་ནང་དུ་ཕེབ་པའི་ལམ་ཁུང་བུ་ཆུང་བ་ཞིག་ཏུ་དཔའ་འབར་སྒྲོན་ཏེ་རིའི་ཁོག་གཏིང་ཞིག་ཏུ་ཕྱིན་པར་ཆུ་ལ་དར་ཆགས་པ་སོགས་ཡོད།  དེ་ནས་རིམ་པར་གྱེན་དུ་ཕེབས་ཏེ་སྒོ་བསྲུང་ཁྲོ་བོ་རང་བྱོན་དང་མཇལ།  གནས་ཁང་ནང་དུ་མཁའ་འགྲོའི་ཚོགས་སྐོར་པའི་རྡོ་གཞུང་གི་འགྲམ་དུ་མི་རུས་ཀྱི་དུམ་བུ་ཞིག་རྙེད། གཞན་ཚོགས་རྫས་སོ་སོའི་རྣམ་པ་ཅན་གྱི་རྡོ་རང་བྱོན་མང་བོ་མཇལ། གནས་ཁང་ཟིལ་རྔམས་ཆེ་ཞིང་ཁྲག་ཞག་གི་སྣུམ་གྱིས་བརླན་པ་སོགས་ཡ་མཚན་ཅན་དུ་གཟིགས་ནས། དེར་སེམས་བསྐྱེད་དང་རྐང་བརྒྱད་ཀྱི་བསྟོད་པ། སྨོན་ལམ་སོགས་གསུངས་པར་མཛད། དེ་ནས་ཕྱིར་དགོན་ལུང་དུ་ཕེབས། རྒྱབ་རིའི་བྲག་རྐེད་དུ་མཁའ་སྤྱོད་རྩེའི་གཟིམ་ཁང་དུ་ཉིན་ཉེར་གཅིག་ལ་སྐུ་མཚམས་གནང་།  དེ་ནས་དམར་གཙང་དུ་ཕེབས་ཏེ་ལྷ་ཁང་དུ་མཆོད་མཇལ་དང་ཐུགས་སྨོན་གནང་ཞིང་།  སྡེ་བའི་འདོད་མོས་ལྟར་མཆོད་རྟེན་ལ་རབ་གནས་གནང་། དེ་ནས་ཐུའུ་བཀོན་རིན་པོ་ཆེ་དང་ཝང་བླ་བྲང་གཉིས་ནས་ཁལ་རྟ་དང་སྐྱེལ་མི་གནང་བའི་སྟེང་ནས་ཤ་ར་འོད་དཔག་མེད་དང་།  ཆོས་ཀྱི་ཉི་མའི་དཔའ་ཡོན་དང་། ཆོས་བཟང་རི་ཁྲོད་རྣམས་མཇལ། རི་ཁྲོད་དེ་མཁའ་སྤྱོད་མའི་གྲ་ཚང་ཡིན་ཞིང་དེར་ཐུའུ་བཀོན་རིན་པོ་ཆེས་རྟེན་བཞེངས་རྒྱ་ཆེར་གནང་ཡོད་པ་ལ་མཇལ་ནས་བཀྲ་ཤིས་ཆོས་གླིང་དུ་ཕེབས་དེར་མཇལ་ནས་ལེན་ཁྲིན་དུ་ཟླ་ཕྱེད་ཙམ་ལ་ཕྱག་སྐོར་དང་མཚན་སྐོར་འགའ་ཡང་གནང་། བྲག་དགོན་ལ་གནས་མཇལ་མཛད་པར་མཆོད་རྟེན་བརྒྱ་རྩ་དང་། འཇིགས་བྱེད་གཉན་པོ། བཏྭང་ཧ་ཟིའི་ལྷ་ཁང་དུ་གསང་འཇིགས་གཉིས་ཀྱི་བློས་བསླངས་ཤིན་ཏུ་ཆེ་བ་མཇལ། དེ་ནས་གཅན་ཚ་མ་ཎི་སོགས་བརྒྱུད་དེ་རང་དགོན་དུ་ཕེབས། བརྒྱད་པའི་ཚེས་ལ་རྗེ་དགེ་འདུན་ཕུན་ཚོགས་ལ་དཔེ་ཁྲིད་ཞུས། སྟོན་མཇུག་སྤྲེལ་རྫོང་དུ་རེ་བཀོང་སྐུ་ཕྱོགས་ལ་མཇལ་དུ་ཕེབ་པའི་ལམ་ཁར་ཁྲི་ཀ ཤ་ར་ནང་སོ་སོགས་ཀྱི་ཁྱིམ་པ་ཕོ་མོའི་འདོད་མོས་བཞིན་འདས་གསོན་གྱི་དོན་དུ་དངོས་འབུལ་ལ་ཆེར་མ་ལྟོས་པ་བསྔོ་སྨོན་བཀྲ་ཤིས་འཕོ་ལུང་སོགས་ཀྱིས་རེ་བ་བསྐོང་བཞིན་ཕེབས་པས། དགུ་བའི་ཚེས་གསུམ་ལ་སེང་ལྡིང་གི་སྒར་ཐོག་ཏུ་འབྱོར། ཕྱི་ཉིན་སྤྲེལ་རྫོངས་ལ་ཕེབས་པར་དགོན་གསར་ལྷུན་འགྲུབ་བདེ་ཆེན་ཆོས་རྫོང་གི་བླ་མ་དགེ་འདུན་རྣམས་ཀྱིས་སེར་སྦྲེངས་བཅས་སྐུ་ཕྱོགས་ཆེན་མོའི་གཟིམ་ཁང་དུ་བཞུགས། གྲ་ཚང་ལ་མང་འགྱེད་ཀྱི་ཐེབ་ཕུལ་ཏེ་གནས་མཇལ་གནང་བས་ཡོངས་སུ་གྲགས་པའི་རང་བྱོན་མང་བོ་དང་།  མ་གྲགས་པ་རྩེའི་གནས་ཁང་དུ་མགོན་པོ་རང་བྱོན་སོགས་མཇལ། རི་རྩེར་ཕེབས་ནས། ཡན་ལག་བདུན་པ། སེམས་བསྐྱེད། རྐང་བརྒྱད་བསྟོད་པ་དང་སྨོན་ལམ། བསྟན་པ་རྒྱས་པའི་སྨོན་ལམ་སོགས་གསུངས།  སྐུ་ཕྱོགས་འདི་སྐབས་ཆབ་ཆ་ན་བཞུགས་པར་རྗེ་འདི་ཕེབས་པ་གསན་མ་ཐག་མགྱོགས་ཤད་ཀྱིས་ཕེབས་ནས་སེང་ལྡིང་དུ་བྱོན་པར།  ཆིབས་ཆེན་བཞེས་སྤྲོ་དང་བཅས་པ་ཕུལ་ནས་མཇལ། ཐུགས་བརྩེ་བའི་གསུང་འཕྲོས་འགངས་ཆེ་བ་མཛད། སྐུ་ཕྱོགས་ནས་རྗེ་འདི་ལ། སྒྲ་ཊིཀ་གསལ་ལྡན་གྱི་རི་མོ་སྒྲུབ་ཚུལ་གསལ་བའི་མཆན་འགྲེལ་བློ་གསར་བ་རྣམས་ལ་ཕན་རླབས་ཆེ་བ་ཞིག་རྩོམ་ཞེས་མཛོད་བཏགས་ཆེ་ལགས་དང་བཅས་བསྐུལ་མ་མཛད་དེ་འབྲི་ཤོག་བཅས་གནང་། བདེ་ཡངས་མཁན་པོ་ཚང་གི་དབོན་པོ་རྒན་པ་ཞིག་ཡོད་པར་འཕོ་ལུང་ཞུས་པ་བཞིན་གནང་།  རྗེ་འདིས་སྐུ་ཕྱོགས་ཚང་ལ་གསང་སྟབས་ཀྱིས་ལྕང་ལུང་ཁྲི་ཆེན་ཚང་ལ་གསང་རྣམ་གྱི་སྐོར་ཇི་འདྲ་ཡོད་ཚུལ་ནན་གྱིས་ཞུས་ཏེ་གསན། བཅུ་བའི་ཚེས་ལྔ་ནས་སྐུ་ཕྱོགས་མདུན་དུ་བཀའ་འགྱུར་གྱི་པོཏ་འགའི་བཀླགས་ལུང་གསན། དགོན་པའི་ཁྲི་བ་ལས་ཐོག་པ་གཙང་བ་མཆོག་སྤྲུལ་དང་། དྲུང་ཡིག་ཡར་འཕེལ་སོགས་ལ་སྒྲ་ཊིཀ་གསལ་ལྡན་གྱི་འཛུབ་ཁྲིད་དང་། སྐུ་ཕྱོགས་ཚ་བོ་དགེ་ལེགས་དང་། བླ་བྲང་གྲ་རིགས་དཔྱོད་ལྡན་དགེ་འདུན་དང་རྟགས་རིགས་འཛིན་གྲ་ལ་དཔེ་ཁྲིད་དང་།   སྐུ་ཕྱོགས་ཀྱི་གསུང་བཀོད་ལྟར་རིགས་སྨྲ་གསར་བ་རྣམས་ལ་གཟིགས་རྟོག་གནང་། བོད་ལོའི་ཚེས་ནས་ཆུ་བཟང་སྤྲུལ་སྐུ་རིན་པོ་ཆེ་དང་། ཁྲི་ཀའི་སྒོ་མང་རིན་པོ་ཆེ་དང་རྣམ་པ་གསུམ་གྱི་ཞབས་བརྟན་ཚེ་སྒྲུབ་དང་།  རིགས་བྱེད་མའི་སྔགས་གྲངས་བསགས་ནས་སྦྱིན་སྲེག་གནང་།

དགུང་གྲངས་སོ་གཅིག་པ་དངོས་པོ་ཞེས་པ་ཤིང་ཕོ་ཁྱིའི་ལོར། གྲ་ཚང་ལ་སྤྱི་འཇོག་དང་སྐུ་ཕྱོགས་ལ་བྱུ་རུའི་ཕྲེང་བ་ཞིག་ཕུལ་ནས་སྐྱབས་འཇུག་ཞུས་ཏེ་རང་ཡུལ་དུ་ཕེབས་པར་ཆས།  གསར་ཚེས་ལྔ་ལ་སྐུ་ཕྱོགས་ནས་འབུལ་གནང་ཆེ་བ་དང་བཅས་བདེ་ཡངས་མཁན་པོ་དང་ནང་ཆེན་གཉིས་ཀས་དཀར་མོ་གཡས་འཁྱིལ་བར་དུ་བསྐྱལ། དེ་ནས་མང་ར་ཐུ་རོའུ། ཧོབ་རན་ལོ་བ་སོགས་ཀྱིས་ཆིབས་བསུ་སྐྱེལ་མའི་བསྙེན་བཀུར་ཞུས་པ་ལྟར་བསྔོ་སྨོན་འཕོ་ལུང་བཀྲ་ཤིས་ཕྱྭ་གཡང་འགུགས་པ་སོགས་སོ་སོའི་རེ་འདུན་སྐོང་བཞིན་ཕེབས། སྟོང་ཆོས་ལ་རང་ཡུལ་སྒར་གྲོང་གི་བསུ་མར་ཐོན་པ་དང་མཉམ་དུ་ཕེབས་པའི་ཞོར་ལ་ཡབ་ཀྱི་ལྕམ་རྒན་མོ་དུས་ཆོས་སུ་གྱུར་བར་སྦྱངས་ཆོག་མཛད་དེ་རང་དགོན་དུ་ཕེབས་ནས་རྗེ་དགེ་འདུན་ཕུན་ཚོགས་དང་མཇལ།  དཔྱིད་ཆོས་ཀྱི་དཔེ་ཁྲིད་ཞུས། གྲ་རིགས་འགར་སྒྲའི་ས་རིས་འཛུབ་ཁྲིད་གནང་། སྐུ་འབུམ་དགེ་བཤེས་བྱང་ཆུབ་བསམ་འགྲུབ་བྱ་བར་སྔགས་ཀྱི་ས་ལམ་སྐོར་གྱི་ཁྲིད་བཤད་གནང་། དགེ་བཤེས་དེ་དང་ངེད་གཉིས་ལ་འཇམ་དབྱངས་ཞི་ཁྲོ་སྦྲགས་སྒྲུབ་ཀྱི་ཁྲིད་དང་བཤད་ལུང་སྐོར་ཁ་ཤས་གནང་བའི་མཇུག་ཏུ་བདག་༠སྐྱབས་སུ་བསྟེན་པའི་བཀའ་གནང་བསྩལ་ཏེ་ངེད་ལ་བསླབ་བྱའི་བཀའ་རྩོམ་ཐར་བ་འདོད་པ་དག་ལ་སྙིང་གི་གཏམ་དུ་བྱ་བ་ཐེག་མཆོག་ལམ་བཟང་གསལ་བའི་སྒྲོན་མེ་བྱ་བའི་བཀའ་དྲིན་མཛད། བཞི་བའི་ཚེས་བཅུ་གསུམ་ནས་ཁྲི་ཀའི་རི་ཁྲོད་པ་ཁ་ཤས་དང་། རང་གི་གྲ་ཚང་ལ་རྗེའི་གསུང་འབུམ་གྱི་ལུང་གནང་། རྒྱུན་པར་སྐུ་ན་གཞོན་དུས་ནས་མཚན་མོ་སྐུ་འཆིང་གྲོལ་ནས་གཟིམ་པ་ཕར་ཟད། ཉིན་པར་བཞེས་པ་གནང་སྐབས་སུའང་དཔེ་གཟིགས་སོགས་དམ་ཉམས་བཞེས་ཀྱི་ཕྱོགས་ལ་བྲེལ་བར་གྱུར་ནས་ཇ་ཡུན་གྱི་ཞལ་ཏ་མཛད་པ་ལའང་ཕངས་བར་མཛད་འདུག་ལ། ལུང་འདིའི་སྐབས་ཉིན་པར་བཀའ་ཆོས་ཀྱིས་འདས་སྟབས་མཚན་མོ་རྒྱུན་གྱི་ཉམས་བཞེས་མ་ཆག་པར་མཛད་པས་ཡུད་ཙམ་ལས་གཟིམ་པ་མི་གནང་།  དེ་ནས་དབྱར་ཆོས་ཀྱི་དཔེ་ཁྲིད་དང་རྩོད་པར་གཟིགས་རྟོག་མཛད།  དྲུག་པའི་ཚེས་ལ་གྲུབ་དབང་ཁ་གྱ་རིན་པོ་ཆེའི་སྤྲུལ་སྐུ་ཨ་བར་ཐེ་བུའི་ཕྱོགས་སུ་འཁྲུངས་པར།  རྗེ་དགེ་འདུན་ཕུན་ཚོགས་ཀྱི་སྐུ་ཚབ་ཏུ་ཁ་བཏགས་འབུལ་བར་ཕེབ།  རོང་བོ་དགོན་ཆེན་དུ་ཨ་རོལ་རིན་པོ་ཆེར་མཇལ་ནས་གསུང་བཀོད་གང་ཡོད་ཞུས་ཏེ་ཚེས་བཞི་ལ་སྤྲུལ་སྐུ་རིན་པོ་ཆེར་ཁ་བཏགས་ཕུལ་ཞིང་། བཞེས་སྤྲོ་སྣ་ལྔ་ན་བཟའ་ངུར་སྨིག་གྱོན་འདངས་བཅས་ཕུལ། སླར་རོང་བོ་དགོན་ཆེན་དུ་ཕེབས་ནས་ཁོང་རང་ཉིད་ཀྱི་སྲིད་སྐྱོང་ཆེན་མོ་མཛོད་པ་ནོར་བུ་བླ་བྲང་དུ་ཀུན་གཟིགས་ཨ་ལགས་རིན་པོ་ཆེ་དང་།  མཁན་པོ་རིན་པོ་ཆེ་ངག་དབང་དགེ་ལེགས་ཚང་རྣམ་གཉིས་ལ་མཚམས་ཞུར་ཕུལ། དེར་སྐུ་ཕྱོགས་ཚང་གིས་དུས་འཁོར་བློས་བསླངས་གསར་བཞེངས་ཆེ་ལེགས་ཞིག་གྲུབ་པ་ལན་འགར་ཞིབ་མཇལ་གནང་སྟེ་སླར་རང་དགོན་དུ་ཕེབ། བདུན་པའི་ནང་སྐར་མ་ཐང་དུ་ཇོ་ཁང་ནང་ལ་མཆོད་འབུལ་སོགས་བསགས་སྦྱངས་དཔེ་གཟིགས་ཀྱི་སྐོར་ལ་བརྩོན་པ་གནང་བཞིན་བཞུགས། བརྒྱད་པའི་བཅོ་ལྔ་གོང་འོག་ལ་རྗེ་དགེ་འདུན་ཕུན་ཚོགས་པའི་དྲུང་ནས། ལམ་རིམ་ཆེན་མོའི་བཤད་ལུང་དང་འཇམ་དཔལ་ཞལ་ལུང་གི་ཁྲིད་བཅས་གསན།  དེ་ནས་ལོ་མཚམས་མཛད་པར་དགོངས་ནས་སྔོན་ལ་བྱང་མཇལ་གནས་མཇལ་བསྡུས་པ་ཞིག་མཛད་པར་བཞེད་འདུག་པ་ལྟར།  གདན་ས་ཆེན་པོ་སྐུ་འབུམ་དང་།  ཟི་ལང་མཁས་པ་མི་གསུམ་གྱི་ལྷ་ཁང་ལ་མཇལ། ཁྱད་པར་དུ་བྱང་ཆུབ་ལྗོན་ཤིང་གི་དྲུང་དུ་བརྒྱ་མཆོད་སོགས་དང་ལྷ་ཁང་འདུ་ཁང་སོ་སོར་མཆོད་མེ་བཅས་ཡན་ལག་བདུན་པ། སྨོན་ལམ་གྱི་སྐོར་དང་། འཇམ་དབྱངས་བསྟན་པའི་སྒྲོན་མེའི་བསྟན་པ་རྒྱས་པའི་བདེན་ཚིག  བཙན་ཁང་སོ་སོར་མཆོད་མེ་སྙན་དར་ཕུལ་ཏེ་སྐྱབས་གསོལ་དང་འཕྲིན་བཅོལ་ནན་ཏན་གནང་། བྱང་ཕྱོགས་སྐྱེ་དགུའི་རྣམ་འདྲེན་ཆེན་མོ་མཁན་ཆེན་ཆོས་བཤེས་པར་བྱང་ཆུབ་ལམ་སྒྲོན་གྱི་ལུང་ཞུས་པར་དགྱེས་བཞིན་གནང་བའི་མཐར་ལུང་གསུངས་སྤྱད་ཀྱི་དཔེ་ཆ་གནང་སྟེ་ཆོས་བདག་པོ་ལ་སྤྲད་པ་ཡིན་གསུངས་པ་དང་། ཙན་དན་དམར་བོའི་ཕྱག་ཕྲེང་ཞིག་གནང་སྟེ་བླ་རྒན་ལ་ཡང་སྐྱབས་འཇུག་གནང་དགོས་གསུངས།  སླར་ལྡིས་ཚར་ཕེབས་ནས་སྐྱབས་མཆོག་ཞབས་དམར་མཆོག་སྤྲུལ་རིན་པོ་ཆེ་དང་། རྗེ་གྲགས་པ་རྒྱ་མཚོ། འདུལ་འཛིན་མཁར་ནང་རིན་པོ་ཆེ་རྣམས་དང་མཇལ། ནང་སོས་ཡ་མེན་དུ་ཞུས་ཏེ་རྒྱ་དཀར་ནག་དང་། རྒྱ་མཚོའི་གླིང་ཕྲན་སོགས་ཀྱི་གནས་ཚུལ་ཡ་མཚན་པའི་གླེང་མོ་དང་།  གནས་དེ་དག་ནས་འོང་བའི་ཇ་ལག་ཡི་གེ་དང་དཀྱིལ་འཁོར་སོགས་འབྲི་བ་ལ་མཁོ་བའི་ཉེར་སྤྱད་ཀྱི་རིགས་གྱ་ནོམ་པ་ཕུལ། བྱ་ཁྱུང་ལ་ཕེབས་ནས།གསེར་གདུང་ཆེན་མོ་དང་ཨ་ར་པ་ཙའི་སྒྲུབ་ཕུག་གཉིས་ལ་བརྒྱ་མཆོད་ཕུལ་ཞིང་། སྨོན་ལམ་གསུངས་པའི་བླ་གྲ་ཉེར་ལྔ་ལ་འགྱེད་ཕོག་གནང་སྟེ་བསྟན་འགྲོར་སྨན་པའི་ཐུགས་སྨོན་རྒྱ་ཆེར་གནང་སྟེ་སླར་རང་དགོན་དུ་ཕེབ། བཅུ་བའི་ཚེས་བཅུ་གཅིག་ནས་གྲ་བ་བརྒྱ་ལྷག་ཙམ་ལ་ལམ་སྒྲོན་གྱི་བཤད་ལུང་དང་སྔགས་རིམ་ཆེན་མོའི་ལུང་གི་བཀའ་དྲིན་བསྩལ། དགའ་ལྡན་ལྔ་མཆོད་ཆེན་མོའི་ཉིན་སྐུ་མཚམས་ཀྱི་དབུ་བཙུགས་ཏེ་ནངས་སྔ་པར་བཞེངས་ནས་བརྒྱ་ཕྱག་དང་འབྲེལ་བར་ལྟུང་བཤགས་སོ་ལྔ་གསུངས་ཏེ་དཔེ་གཟིགས་གནང་བར་ནམ་ནང་བ་ན་བརྒྱ་རྩ་དང་ཤེར་སྙིང་སོགས་གསུངས། ནང་ཇའི་རྗེས་ནས་བླ་མཆོད་ཆོ་ག་དང་འབྲེལ་བར། མཆོད་པ། དམིགས་བརྩེ་མ་དང་། མཎྡལ་གྲངས་སོགས་མཛད། དེ་ནས་གུང་ཚིག་བར་སྐུ་དཔར་གདབ་པ་དང་བསྐོར་བ་བརྒྱ་ལྷག་ཙམ་རེ་མཛད་དེ་མདོ་སྡེ་ཕལ་བོ་ཆེ་དང་། ལས་བརྒྱ་རྟོགས་བརྒྱ་ལམ་རིམ་ཆེན་མོ་སོགས་ལ་གཟིགས་རྟོག་མཛད། ཕྱི་དྲོ་རྡོ་རྗེ་འཇིགས་བྱེད་ཀྱི་བསྒོམ་བཟླས་ཐུན་མོང་དང་ཐུན་མོང་མོང་མ་ཡིན་པའི་ཞི་ཁྲོ་སྦྲགས་སྒྲུབ་དང་འབྲེལ་བ། མགོན་ཆོས་གཉིས་ཀྱི་གཏོར་འབུལ་འཕྲིན་བཅོལ།  ཟ་བྱེད་མཁའ་འགྲོའི་སྦྱིན་སྲེག ལུས་སྦྱིན་རྣམས་དང་། ཉིན་མཚན་གྱི་དུས་དྲུག་ལ་ཐུན་དྲུག་རྣལ་འབྱོར་གྱི་སྒོ་ནས་སྡོམ་གསུམ་བསྔོ་གྲངས་མཛད་པ་སོགས་མ་ཆག་པ་མཛད་ནས་ནམ་གུང་བར་དཔེ་གཟིགས་གནང། ནམ་གུང་སླེབས་པ་ན་དེ་དུས་ཀྱི་སྙལ་བའི་ཐུན་དྲུག་རྣལ་འབྱོར་གྱི་སྒོས་སྡོམ་པའི་བསྔོ་བགྲང་མཛད་དེ་གཟིམ་ཁར་མགོན་པོ་སྙིང་ཞུགས་ཀྱི་བསྒོམ་བཟླས་དམ་བཅའ་ཅན་དང་དགེ་རྩ་རྫོགས་ཞིང་དུ་བསྔོ་བ་མཛད་ནས་གཟིམ། འདི་མཚམས་ནང་དེར་མ་ཟད་རྒྱུན་གྱི་ཉམས་བཞེས་སུ་སྣང་སྟེ། གསུང་འཕྲོས་བསླབ་སྟོན་ལའང་མཐའ་ཁོབ་ཀྱི་ཡུལ་འདིར་བཀའ་གདམས་པའི་གསུང་ལྟར་འུ་ཅག་གི་དགེ་བའི་བཤེས་གཉེན་མདོ་སྡེ་ལ་བྱེད་དགོས་པས་ཁྱེད་ཚོས་འཇམ་དབྱངས་བསྟན་པའི་སྒྲོན་མེའི་བསླབ་བྱ་ཆེན་མོ། ལམ་རིམ་གླང་སྨྱོན་འདུལ་བའི་ལྕགས་ཀྱུ།  ཀུན་གཟིགས་ཨ་ལགས་རིན་པོ་ཆེའི་བསླབ་བྱ་ལེ་ཚན་གཉིས། ཨ་ཁུ་བློ་གྲོས་ཚང་གི་སྡོམ་གསུམ་བསླབ་བྱ་སོགས་སྔས་མགོ་ནས་མ་བོར། ཉམས་ལེན་ཀུན་གྱི་གཞི་མ་སྡོམ་པ་བསྲུང་བ་འདི་ཡིན་གཤིས། ཞིབ་པར་བསྲུང་བ་ཧ་ཅང་དཀའ་བར་ཡོད་པས་འོན་ཀྱང་དུས་དྲུག་གི་བསྔོ་བགྲང་གི་དོད་དུ་ཡིན་རུང་དུས་དྲུག་ལ་ཐུན་དྲུག་རྣལ་འབྱོར་འདོན་པ་མ་ཆག ནམ་གུང་བར་དུ་མི་ཆག་པར་སྡོད་དཀའ་བར་འདུག་ན་དེའི་སྐལ་གྱི་ཐུན་དྲུག་རྣལ་འབྱོར་ཉལ་ཁར་ཐོན་ལ་ཆོག་ནི་རེད་གསུངས།   དེ་བཞིན་དུ་དགུང་མོ་གཟིམ་ཁར་དེ་རིང་གི་ཉིན་དགེ་སྦྱོར་ཡོང་མ་ཡོང་གི་གཟིགས་རྟོག་དང་། ནང་སྔ་བར་བཞེངས་དུས་འཕེན་པ་གཏོང་བར་མཛད་པའང་ཐེ་ཚོམ་མེད་དེ།  གསུངས་འཕྲོས་ལ།  ཐོག་མཐའ་གཉིས་ལ་བྱ་བ་གཉིས་གཅེས་ནི་རེད་གསུངས་ནས་སྔ་བར་ལངས་ནས་འདང་གི་དུས།  མ་ཤི་ལངས་རྒྱུ་བྱུང་བ་བླ་མའི་དྲིན། ཞེས་པ་ནས། འདི་ནི་དང་བོར་འཕེན་པ་གཏོང་ལུགས་ཡིན།།  ཞེས་པ་རྣམས་རྒྱུན་དུ་སྐྱོར་བ་མཛད་འདུག  

         དགུང་གྲངས་སོ་གཉིས་པ་ཤིང་མོ་ཕག་གི་ལོར། དབྱར་ཐོག་ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པ་༧བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་དགེ་ལེགས་རྣམ་རྒྱལ་དཔལ་བཟང་བོ་དེ་ཉིད། སྐུ་འབུམ་དུ་ཕེབས་པ་གསན་པས་མྱུར་བར་མ་མཇལ་ན་ཕེབས་བཞུགས་ཀྱི༄མི་ཤེས་པར་དགོངས་ནས། ལོ་མཚམས་ཀྱི་ཁོང་ཡིན་ཡང་བཤོལ་ནས་བཞི་བའི་ཉི་ཤུ་ལ་སྐུ་འབུམ་དུ་ཕེབས། མཁན་པོ་དཀོན་མཆོག་རྒྱ་མཚོའམ་མིང་ཡོངས་གྲགས་པྲོའུ་བླ་མས་ཚོགས་དབུས་ལ་ཞུས་ཉིན་དགྱེས་ཞལ་ཐོག་མར་མཇལ་ཞིང་། པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་གསུང་གི་ཤམྦྷ་ལའི་སྨོན་ལམ་གྱི་ལུང་ཆོས་འབྲེལ་གྱི་ཐོག་མར་གསན། ཕྱི་ཉིན་གཟིམ་ཆུང་མཇལ་ཁ་ཞུས་ཐོག ཞིང་ཁམས་རྒྱ་མཚོའི་བཀོད་པ་ཅན་གྱི་མཎྡལ་དང་།  སྒྲོལ་དཀར་གྱི་སྐུ་རྒྱ་གར་མ།དཔེ་ཆ་པོཏ་བཅུ་གསུམ།  རྡོར་དྲིལ་གཉིས། རྒྱ་དངུལ་རྟ་རྨིག་མ་གཅིག་གོས་ཕྲུག་བཅས་བསྟན་འགྲོ་སྤྱི་དང་།  ཁྱད་པར་ཁོང་ཉིད་ལ་འབྲེལ་ཐོག་གསོན་གཤིན་དང་དགོན་གྲོང་གི་དོན་དུ་དམིགས་ཧུར་གྱི་སྐྱབས་འཇུག་ནན་ཏན་ཞུས་པར་ཐུགས་དགྱེས་གཟིགས་ཆེན་པོས་ཞལ་བཞེས་དང་། ཞལ་ཏ་ལྷུགས་པར་སྩལ། ཉིན་འགའ་སོང་བར་ཀུན་གཟིགས་མཆོག་ནས་རྗེ་འདི་ལ་ཕེབས་ལན་དུ། ཉིད་ནས་འཕྲལ་ཡུན་བསྟན་འགྲོའི་གསོས་སུ་འགྱུར་ཕྱིར། མཆོག་གསུམ་ལ་གསོལ་འདེབས་དང་འབྲེལ་བར་དུས་འཁོར་བསྡུས་རྒྱུད་ཆག་མེད་མཛད་ན།  དགོངས་དོན་ལྟར་ངེད་ཀྱིས་མཆོག་གསུམ་ལ་གསོལ་འདེབས་རྒྱུན་མར་བྱས་ཆོག་ཅེས་པའི་ཕྱག་རིས་གནང་།  སྐབས་འདིར་མ་ཟད་དུས་ནམ་དུ་ཡང་བླ་མ་ཐུགས་རྗེ་བྱིན་རླབས་ཅན་དང་།  རྟེན་གསུམ་གཟི་བྱིན་ཅན་རེ་དང་མཇལ་རེས་ཀྱིས་བསྟན་འགྲོ་སྤྱི་དང་། ཁྱད་པར་ལྟོས་བཅས་ཧོར་མའི་སྒར་གྲོང་གི་སྐྱིད་སྡུག་ཞུ་བ་ཐུགས་བསྙེལ་བ་གཏན་ནས་མི་མཛད། དེ་ནས་རང་ཡུལ་དུ་ལོ་མཚམས་ཀྱི་འཕྲོ་བསྐྱངས། ལོ་འདིར་བསྒྲུབ་བྱ་མི་ཉུང་ཙམ་ལ་དགེ་ཚུལ་སློང་གི་སྡོམ་པ་གནང་། བརྒྱད་པའི་ཉེར་དགུ་ནས་རྡོ་རྗེ་འཇིགས་བྱེད་ཀྱི་གཞི་བསྙེན་ཆེན་མོའི་དབུ་བཙུགས་ཏེ། དགུང་གྲངས་སོ་གསུམ་པ་འཛིན་བྱེད་ཅེས་པ་མེ་ཕོ་བྱི་བའི་ལོའི་ནག་ཟླའི་ཉ་ལ་མཇུག་གྲུབ་པར་མཛད། མཚམས་ཁུང་དེར་བདག་འཇུག་དང་དྲུག་ཅུ་བ་བརྒྱ་རྩ་རེ་གྲུབ་པར་བྱས་ནས་། གསུམ་པའི་ཉི་ཤུ་ལ་བཀའ་ཆོས་ཀྱི་ཆེད་དུ་སྐུ་དབོན་ཆོས་རྗེ་སོགས་ཞབས་ཕྱི་འགའ་བཅས་བླ་བྲང་དུ་ཕེབས།  ཕར་ལམ་ཨ་རོལ་རིན་པོ་ཆེར་མཇལ། བླ་བྲང་དུ་ཐོན་པ་ན་ཡོངས་འཛིན་ཆོས་ཀྱི་རྒྱལ་བོ་རྗེ་འཇིགས་མེད་རྒྱ་མཚོ་ལ་གཟབ་ཆོས་ཞུ་བའི་ལུགས་སྲོལ་དང་གསུང་བཀོད་ཞུས། འཇམ་མགོན་རྒྱལ་བའི་དབང་བོ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ཨ་ལགས་རིན་པོ་ཆེ་ལ་བཀའ་ཆོས་ཀྱི་སྐོར་ཞུས་པ་རྣམས་ལས། ལམ་རིམ་བདེ་ལམ། བླ་མཆོད། ཕྱག་ཆེན་སྦྲགས་མ། ལམ་མཆོག་སྙིང་བོ།  ཡོན་ཏན་གཞིར་གྱུར་མ། བློ་སྦྱོང་ཚིག་བརྒྱད་མ་རྣམས་ཀྱི་ཁྲིད། ཧོར་སྟོན་ནམ་མཁའ་དཔལ་གྱིས་མཛད་པའི་བློ་སྦྱོང་ཉི་མའི་འོད་ཟེར་གྱི་བཤད་ཁྲིད། མཁས་གྲུབ་ཆིག་བརྒྱུད་ཀྱི་བླ་མའི་རྣལ་འབྱོར་གྱི་ཁྲིད་ཡིག  ཙིནྟ་མ་ཎིའི་ཕྲེང་མཛེས་ཀྱི་ཁྲིད། འཇིགས་བྱེད་ལྷ་བཅུ་གསུམ་མའི་བསྐྱེད་རྫོགས་ཀྱི་ཁྲིད། འཇིགས་བྱེད་སྒྲུབ་པའི་ཐོ་ཡིག་དབལ་མང་རིན་པོ་ཆེའི་ཡིག་ཆུང་དང་བཅས་པའི་ཁྲིད།  འགྲེལ་བ་བཞི་སྦྲགས་དང་གཞི་གསུམ་ཆོ་ག་གཉིས་ཀྱི་བཤད་ལུང་། བདེ་མཆོག་ལྰུ་ཨི་བའི་དབང་།  ནྰ་རོ་མཁའ་སྤྱོད་མའི་དབང་བཞི་བྱིན་རླབས་བཅས་གསན།  དབྱར་ཐོག་དེར་པཎ་ཆེན་ཐམས་ཅད་མཁྱེན་པ་བླ་བྲང་དུ་ཆིབས་བསྒྱུར་གནང་སྟེ། ལྷ་ཁང་སོ་སོར་མཆོད་མཇལ་དུ་ཕེབས་སྐབས་དུས་འཁོར་འདུ་ཁང་གི་ར་བར་ཞལ་མཇལ་བྱས་པར། རྗེ་འདི་ལ་སྣང་མཐའི་སྒྱུ་འཕྲུལ་མཆོག་ནས་ཕྱག་ཐལ་སྦྱར་དང་བཅས་འཚམས་འདྲི་གནང་བ་སོགས་ཀྱི་དགྱེས་བརྩེ་མཛད།  གཟིམ་ཆུང་མཇལ་ཁ་ཞུས་ཏེ་སྐུ་གསུང་ཐུགས་རྟེན་མཎྡལ་བཅས་དང།  ཆེད་དམིགས་ཀྱི་ཞབས་བརྟན་འགའ་དང་བཅས་སྐྱབས་འཇུག་ཞུས་པར་ཆེད་གཉེར་གྱི་བཀའ་ཆོས་གསན་པར་ཕེབས་པ་སོགས་ལ་དགྱེས་གཟིགས་ཀྱི་གསུང་འགངས་ཆེ་བ་ཕེབས། རྟེན་སྐལ་རིན་པོ་ཆེའི་འདྲ་དཔར་རྣམ་བཅུ་དབང་ལྡན་གྱི་ཐེལ་རྟགས་ཅན་དང་། པོ་ཏི་ཙིའི་ཕྱག་ཕྲེང་བྱུ་རུའི་རྒྱན་ལྡན་ཞིག་དང་། ནོ་མོ་ཧན་གྱི་ཆོ་ལོའི་ཐམ་ཀ་བཅས་གནང་། སྐྱེས་བུ་གསུམ་གྱི་ཆོས་སྐྱོང་གི་ཙ་ཀ་ལ་རབ་གནས་ཞུས་པར་སྐུ་རྒྱབ་ལ་ཐེལ་རྟགས་བཅས་བཏབ་ནས་གནང་། ལྔ་བའི་བཅོ་ལྔ་ལ་པཎ་ཆེན་ཐམས་ཅད་མཁྱེན་པ་རིན་པོ་ཆེ།  བཀྲ་ཤིས་འཁྱིལ་གྱི་མཁས་གྲུབ་བྱེ་བའི་ཚོགས་ཁང་མདོ་རྒྱུད་ཆོས་ཀྱི་གཙུག་ལག་ཁང་ཆེན་པོར་གསོ་སྦྱོང་གི་མགོན་དུ་བྱོན་ནས་མདོ་གསུངས་པ་གསན་པས། གསོ་སྦྱོང་གྲོལ་གྱི་བར། སྤྱན་ཆབ་མི་ཆོད་པ་ལྟ་བུའི་ཐུགས་དད་འཁྲུངས། བླ་མའི་ཡོན་ཏན་ལ་དམིགས་པའི་དད་པ་འདི་སྐབས་སུ་མ་ཟད། གཅིག་བུར་བཞུགས་པའི་དུས་དང་བདེ་བ་ལྟ་བུ་བྱུང་སྐབས་མང་། དེ་ནས་གྲིབ་བསིལ་ཕོག་པས་ཀྱང་འགྲོ་ལ་ལེགས་ཚོགས་ཀྱི་དཔལ་ཡོན་སྟེར་བའི་བཙུགས་ཤིང་ཆོས་ཀྱི་སྐྱེད་ཚལ་ཡངས་པོ་མཁས་གྲུབ་བྱེ་བའི་འབྱུང་གནས་ཡིད་དགའ་ཆོས་འཛིན་གཉིས་པ་དེར། སྣང་བ་མཐའ་ཡས་ཀུན་གཟིགས་པཎ་ཆེན་མཆོག་གི་དྲུང་ནས།  རྒྱལ་བའི་གདུང་འཚོབ་དམ་པ་ཀུན་མཁྱེན་བླ་མ་ཡབ་སྲས་ཀྱིས་གཙོས་ཚོགས་པ་འབུམ་ཕྲག་བརྒལ་བ་དང་ལྷན་དུ་བླ་མ་ལྔ་བཅུ་བའི་བཤད་ལུང་དང་།  དུས་འཁོར་གྱི་དབང་སྟ་གོན་དང་བཅས་པ་ཆ་ཚང་བ་གསན་ལ། འདི་དུས་སྔོན་རིགས་ལྡན་འཇམ་དབྱངས་གྲགས་པས་གནས་མ་ལ་ཡའི་སྐྱེད་ཚལ་དུ་དྲང་སྲོང་ཉི་མའི་ཤིང་རྟ་བྱ་བ་ལ་སོགས་པའི་གདུལ་བྱ་དཔག་ཏུ་མེད་པ་སྨིན་པར་མཛད་པ་ལྟ་བུའི་ཚད་ལྡན་གྱི་བླ་སློབ་གནས་དང་བཅས་པའི་རྣམ་པར་ཐར་བ་རྨད་དུ་བྱུང་བ་ལ་མཇལ་བའི་སྐལ་བ་བཟང་བོ་བདག་གིས་ཐོབ་པ་ཡང་རྗེ་རིན་པོ་ཆེ་འདིའི་བཀའ་དྲིན་དུ་རྟག་པར་བསམ། མཇུག་གི་མཇལ་ཁའི་སྐབས་རྗེ་འདི་ལ་མཇལ་ཁ་གནང་ཙམ་དང་ཕྱག་མདུད་མགུལ་བར་འཕང་ཙམ་མ་ཡིན་པར་བཞད་མོ་གནང་བཞིན་སྲུང་མདུད་ཕྱག་གཉིས་ཀྱིས་མགྲིན་པར་དམ་དུ་དཀྲི་བར་མཛད་པ་དང་། ཡང་མཇལ་ཁ་ཞིག་གི་སྐབས་སུ་གོས་སེར་བོ་ལ་ལེགས་ཚོགས་དཔལ་གྱིས་འབྱོར་བས་རྟག་འཚོ་ཤོག་ཅེས་པའི་བདེན་ཚིག་ཞིག་ཀྱང་མ་ཞུས་པར་གནང་བ་སོགས་དགྱེས་གཟིགས་ཆེས་ཆེར་གནང་བ་ནི། སྔོན་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས། རྗེ་བཙུན་ཆོས་ཀྱི་རྒྱ་མཚོ་ལ། དགེ་བའི་མཛའ་བས་སྦྲེལ་བ་བདག་ཅག་གཉིས།།  རྣམ་དཀར་སྔོན་ལས་དབང་གིས་འདིར་འབྲེལ་ཞིང་།། འདིར་ཡང་བཟང་བོའི་གོམས་པ་བརྟན་བྱས་ནས།། ཚེ་རབས་ཀུན་ཏུ་འབྲེལ་མེད་ཆོས་སྤྱད་དེ།། ཞེས་སོགས་སྐུའི་འཁྲུངས་རབས་ཐམས་ཅད་དུ་ཕན་ཚུན་ཆོས་ཀྱིས་སྦྲེལ་བའི་རིགས་དང་རིགས་ཅན་ཤ་སྟག་ཏུ་འགྱུར་བར་བསྟན་པའི་གསུང་གི་བདེན་པ་དེ་ནི་རྗེ་འདིས་གསལ་བར་མཛད་པ་ཡིན་འདུག་སྙམ།  ཡང་རྩོད་རྒྱུག་བཞེས་ཉིན་ལམ་རིམ་བསྡུས་དོན་གྱི་བཤད་ལུང་དང་། སྟོན་ཆོས་ར་བར་དགེ་ལྡན་བསྟན་པ་རྒྱས་པའི་སྨོན་ལམ་གྱི་བཤད་ལུང་བཅས་གསན། རིགས་གནས་རབ་འབྱམས་སྨྲ་བའི་དབང་བོ་དུས་འཁོར་བ་རྗེ་ཨོཾ་འཁྱིལ་འཇམ་དབྱངས་ལེགས་བཤད་ཀྱི་དྲུང་ནས།   དབྱངས་ཅན་སྒྲ་ཊིཀ་གསལ་ལྡན་གྱི་སྟེང་ནས་རི་མོ་ཞིབ་ཁྲིད་དང་། དེ་ཉིད་ཀྱིས་མཛད་པའི་དབྱངས་ཅན་སྒྲ་མདོའི་ལེགས་སྦྱར་སྒྲུབ་ཚུལ་གྱི་མཛུབ་ཁྲིད་དང་། སྨིན་གླིང་ལོ་ཆེན་གྱི་སྡེབ་སྦྱོར་འབྲེལ་བའི་གཟབ་བཤད་བཅས་ཟླ་བ་བཞི་ལྷག་ཙམ་ལ་གསན། ཀུན་གཟིགས་ཨ་ལགས་རིན་པོ་ཆེའི་དྲུང་ནས། འཇམ་དཔལ་གསང་ལྡན་གྱི་དབང་། མི་འཁྲུགས་པ་ལྷ་དགུའི་དབང་། ས་ལུགས་འཇམ་དབྱངས་དམར་སེར།  རྣམ་འཇོམས་ཁྱུང་ཁྲ་ལྷ་མོ་ཤྲྰ་མ་ཎ། སེང་གདོང་གཙོ་འཁོར་གསུམ་པ།  མགོན་པོ་ཕྱག་དྲུག་པ།  ཆོས་རྒྱལ་ཕྱི་ནང་གསང་གསུམ། དུས་ཚན་འོད་ཆེན་འབར་མ། ལྷ་མོ་དམག་ཟོར་མ། ཛམ་དམར་སྲོག་སྒྲུབ། མལ་ལུགས་གུར་ལྷ་བརྒྱད་རྣམས་ཀྱི་རྗེས་གནང་། གྲུབ་རྒྱལ་ཚེ་དབང་། གཡུ་ཐོག་བླ་སྒྲུབ་ཀྱི་སྨན་དབང་བསྡུས་པ། སྨན་གྱི་ལྷ་མོ་སྤུན་གསུམ་གྱི་རྗེས་གནང་། ཞང་བློན་དྲེགས་པ་སྡེ་དགུའི་སྲོག་གཏད། འགྲེལ་ཆེན་དྲི་མེད་འོད་བུ་སྟོན་རིན་པོ་ཆེའི་མཆན་དང་སྦྲགས་པའི་བཤད་ལུང་། དབྱངས་ཅན་སྒྲ་མདོའི་འགྲེལ་བ་གསལ་ལྡན་གྱི་བཤད་ལུང་། སྡེབས་སྦྱོར་རིན་ཆེན་འབྱུང་གནས་དང་། དེའི་འགྲེལ་བ་སྨིན་གླིང་ལོ་ཆེན་གྱིས་མཛད་པའི་བཤད་ལུང་། གཏོར་མ་བརྒྱ་རྩ་ལུགས་གཉིས་ཀྱི་ཁྲིད། རྡོར་སེམས་སྒོམ་བཟླས་ཀྱི་ཁྲིད་རྣམས་དང་། གཞན་ཡང་ཆབ་མདོ་ཞི་བ་ལྷའི་མཁའ་སྤྱོད་མའི་བསྐྱེད་རྫོགས། ལྕང་སྐྱ་གོང་མའི་གསུང་གི་བདེ་མཆོག་དྲིལ་བུ་ལུས་དཀྱིལ་གྱི་བདག་འཇུག་དང་སྨོན་ཤིས། ཐུའུ་བཀོན་གསུང་གི་མཁའ་སྤྱོད་མའི་སྒྲུབ་ཐབས་བདེ་ཆེན་ཉེ་ལམ་དང་དཀྱིལ་ཆོག་གཉིས་དང་། ཚེར་ཆེན་གྱི་སྒྲུབ་ཐབས་སོགས་ལུང་གི་སྐོར་མང་དུ་གསན། ལོ་འདིར་ཡང་མཛོད་དགེ་དང་།  བྱམས་མེ་ཀིརྡིའི་ཕྱོགས་ནས་དཔེ་ཆ་མང་དུ་དཔར་ཏེ་བརྒྱད་པའི་ཉི་ཤུ་ལ་རང་ཡུལ་དུ་ཕེབས་སྐབས། རེ་བཀོང་སྤེན་དཀར་ཐང་དུ་ཨ་རོལ་རིན་པོ་ཆེར་མཇལ་ནས་རང་དགོན་དུ་རྗེ་དགེ་འདུན་ཕུན་ཚོགས་པའི་མདུན་ནས་ཕར་ཕྱིན་གྱི་དཔེ་ཁྲིད་དང་།  རྡོ་རྗེ་འཆང་ཨ་ལགས་ཁ་གྱ་རིན་པོ་ཆེའི་རྣམ་ཐར་གྱི་ལུང་གསན། རང་དགོན་དང་གསང་འབྲོག་དགོན་གྱི་གྲྭ་རིགས་མང་ཤོས་ལ་བསྙེན་རྫོགས་ཀྱི་སྡོམ་པ་གནང་། 

དགུང་གྲངས་སོ་དྲུག་པ་ལ། གཉིས་པའི་ནང་བཀྲ་ཤིས་འཁྱིལ་གྱི་བཤེས་གཉེན་ཆེན་པོ་སྨྲ་བའི་དབང་བོ་ངེས་དོན་གྱི་བཤད་སྒྲུབ་གཉིས་ཆར་གྱི་ཉམས་བཞེས་ཟབ་མོ་ཅན་ལ་མོ་ཡོངས་འཛིན་རིན་པོ་ཆེ་རྗེ་བློ་བཟང་བསྟན་པ་ཚང་ཞུས་ཏེ་ཕར་ཕྱིན་གྱི་དཔེ་ཁྲིད་གསན་ཅིང་།  གྲ་ཚང་ནས་ཀྱང་འཛིན་གྲ་སོ་སོའི་སྐབས་བབས་ཀྱི་དཔེ་ཁྲིད་ཞུས། བདུན་པའི་ནང་རྗེ་དགེ་འདུན་ཕུན་ཚོགས་ཀྱི་དྲུང་ནས་ཕར་ཕྱིན་དཔེ་ཁྲིད་ཀྱི་འཕྲོ་དང་འདུལ་བའི་གླེང་འབུམ་ཆེན་མོ་དང་།  འདུལ་ཊིཀ་རིན་ཆེན་ཕྲེང་བ།  དཔལ་བོཏ།  རྗེ་ཞྭ་དམར་བའི་གསུང་འབུམ་གྱི་ལུང་རྣམས་གསན། བླ་བྲང་དུས་འཁོར་བ་བརྩོན་འགྲུས་ལས།  རྒྱ་རྩིས་བོད་རྩིས། ནག་རྩིས། དབྱངས་ཆར་ལུགས་ཀྱི་རྩིས་རྣམས་ཀྱི་ས་རིས་གསན།

དགུང་གྲངས་སོ་ལྔ་བ་འབྲུ་མང་ཞེས་པ་ས་ཕོ་སྟག་གི་ལོའི་ཆོ་འཕྲུལ་ཟླ་བའི་ཡར་ཚེས་ནས། མེ་ལྷའི་བསྙེན་པ་དང་བསྙེན་སྒྲུབ་སྦྲགས་མ་བཅུ་ཆ་ཆེན་མོ་རྣམས་རིམ་བཞིན་བཏང་ནས་ནག་ཟླའི་བཅོ་ལྔ་ལ་མཇུག་གྲུབ་པར་བྱས་ཏེ་རྒྱས་པའི་སྦྱིན་སྲེག་བཅས་གནང་།  ལྷ་བཟོ་བོས་ནས་འདུ་ཁང་ལ་གསེར་ཚོན་གཏོང་རྒྱུའི་འགོ་བརྩམས་ནས་ལོ་དེར་འདུ་ཁང་གི་སྟེང་འོག་ཐམས་ཅད་ལ་གསེར་ཚོན་ཕུལ་པས་གསེར་ཚོན་གྱི་ཆ་ནས་ཤིན་ཏུ་ཁྱད་མཚར་ཞིག་ཏུ་གྲུབ།  བྱང་བརྒྱུད་ཀྱི་དབེན་གནས་རྣམས་སུ་ཕེབས་བཞུགས་མཛད་པར་བཞེད་ནས། བྱ་ཁྱུང་ཨ་ར་པ་ཙའི་སྒྲུབ་ཁང་སོགས་སུ་ཕྱག་དང་བསྐོར་བ། མཎྡལ་འབུལ་བ་བདག་འཇུག་ལེན་པ། བླ་མའི་རྣལ་འབྱོར་གྱི་སྒོས་ལམ་ཐུན་མོང་བའི་རིམ་པ་ལ་ཤར་བསྒོམ་མཛད།  སྨན་པ་གྲ་ཚང་གིས་ཞུས་པ་ལྟར་ལམ་རིམ་བསྡུས་དོན་དང་། ལམ་རིམ་སྨོན་ལམ་གྱི་ལུང་གནང་།  མཁྱེན་རབ་ཀྱི་དབང་ཕྱུག་ཇོ་མོ་རི་བྱིའི་ཞབས་དྲུང་གིས་ཞུས་པ་ལྟར།  ལམ་རིམ་གསེར་ཞུན་མ་དང་།  དཔེ་ཆོས་རིན་ཆེན་སྤུང་བ་སོགས་ཀྱི་ལུང་གནང་།  ལྔ་བའི་བཅོ་ལྔ་ནས་བྱ་ཁྱུང་ནས་བཏེགས་ཏེ། བཅུ་དྲུག་ལ་གྲོ་ཚང་དགོན་དུ་ཕེབས། དེ་ཀའི་རྟེན་རྣམས་ལ་ཞིབ་མཇལ་བྱས་ཏེ། རྡོ་རྗེ་འཆང་གི་དགོན་པར་ཕེབས། ཉིན་ཉི་ཤུ་ལ་རྡོ་རྗེ་འཆང་གི་ལྷ་ཁང་ལ་བསྐོར་བ་རྒྱུན་ལྡན་མཛད། གོང་མ་ཆེན་པོ་རིམ་བྱོན་གྱིས་བཞེངས་པའི་རྟེན་ཁྱད་འཕགས་རྣམས་ལ་ཞིབ་མཇལ་གནང་སྟེ་ཐུགས་སྨོན་ནན་ཏན་མཛད། དྲུག་པའི་ཚེས་ནང་གྲོ་ཚང་དགོན་དུ་རྟེན་མཇལ་བྱས་ཏེ། ར་སྒར་རི་ཁྲོད་མཇལ་ནས་ཤ་རྫོངས་རི་ཁྲོད་དུ་ཕེབས་ཏེ། དེ་ཀའི་རི་ཁྲོད་པ་རྣམས་ལ་མང་འགྱེད་ཕུལ་ནས་ཉིན་བདུན་ལ་སྐུ་མཚམས་མཛད། བསྒྲུབ་བྱ་འགའ་དགེ་བསྙེན་དང་རབ་བྱུང་དུ་བསྒྲུབས། དེ་ནས་རྗེ་བཙུན་ཆོས་ཀྱི་རྒྱ་མཚོའི་བླ་མ་སྡེ་བ་སྐྱིད་ཤོད་པ་བསྟན་འཛིན་བློ་བཟང་རྒྱ་མཚོས་ཉམས་བཞེས་མཛད་པའི་དབེན་གནས་མཚེར་མོ་ཆེར་ཕེབས་ཏེ་ཟླ་ངོ་གསུམ་གྱི་རིང་ལ་སྔར་གྱི་དགེ་སྦྱོར་ལས་ཀྱང་ཆེས་ཟབ་པའི་ཉམས་བཞེས་ཟབ་མོ་མཛད་ནས་དེ་ཀའི་རྒྱུན་རིང་དུ་སྐྱོང་རྒྱུའི་ཐུགས་བཞེད་བཏང་བར་བཞུགས་ཐོག ཆོས་ཟབ་པ་ལ་བདུད་ཟབ་པའི་དཔེ་ལྟར་རང་དགོན་དུ་ན་ཚ་ཤི་ཆད་མང་བོ་ཞིག་གིས་ཅི་བྱ་གཏོད་མེད་དུ་གྱུར་བ་སོགས་བར་ཆད་འགའ་ཞིག་གི་དབང་གིས་དགུན་རང་དགོན་དུ་ཕེབས་དགོས་པ་བྱུང་སྟེ་ཕེབས་ནས་བླ་མགོན་དབྱེར་མེད་ཀྱི་གསོལ་འདེབས་བྱེ་ཆེན་ཁ་ཤས་དང་མགོན་ཁང་བྱིན་ཅན་མཚན་སྐོར་ཁ་ཤས་སོགས་ཀྱི་གསུང་བཀོད་གནང་སྟེ་ན་ཚ་ཞི་བར་མཛད། 

 དེ་ནས་དགུང་གྲངས་སོ་དྲུག་པ་མྱོས་ལྡན་ཞེས་པ་ས་མོ་ཡོས་ཀྱི་ལོའི་དཔྱིད་ཐོག་ནས་སྒར་གཞི་རྙིང་བ་ཞིག་རལ་དུ་སོང་བ་སླར་གསོ་བ་དང་ཇོ་ཁང་གསར་བཞེངས་ཀྱི་གསུང་བཀོད་གནང་།   སྔར་ནས་བསྙུང་གཞི་ཞིག་ཡོད་པ་མ་དྭངས་པས།  ཀུན་གཟིགས་ཨ་ལགས་རིན་པོ་ཆེ་ནས་ཞབས་བརྟན་ཕོན་མང་དང་། རང་དགོན་ནས་གནས་གཞན་དུ་བཤོལ་ན་ལེགས་ཚུལ་གྱི་གསུང་བཀོད་ཕེབས་པ་ལྟར་ཞབས་བརྟན་གང་ཡོད་བསྒྲུབས་ཟིན་པ་ན། རིམ་གྲོ་གཞན་སྒྲུབ་པ་ལས་ཀྱང་ཁོང་ཨ་ལགས་རིན་པོ་ཆེ་སོགས་ཀྱི་གསེར་ཞལ་མཐོང་གྲོལ་དང་།  བདེན་གསུང་ཐོས་གྲོལ་མཇལ་བ་བླ་ལྷག་ཏུ་གཟིགས་ནས་དགུ་བའི་ཉི་ཤུ་ལ་བླ་བྲང་དུ་ཕེབས། ཁོང་ཨ་ལགས་རིན་པོ་ཆེའི་སྐུ་མདུན་དུ་མཇལ་བར། མགོན་པོ་ཁྱོད་ཀྱི་ཞལ་གྱི་དབུགས་ཙམ་ཡང་།། མཐའ་དག་འགྲོ་ལ་སྨན་པའི་རྒྱུར་གྱུར་ན།། ཞེས་པའི་དོན་ཐུགས་ལ་བཞག་ནས་བཀའ་བསྒོ་དང་། ཞལ་ཕུ་ཞུས་པས། ཞལ་ནས་རེ་ཞིག་འཇིགས་མེད་དང་ཁྱེད་གཉིས་ལྷན་དུ་བསྡད་ན་དེ་ནས་རིམ་གྱིས་ཐབས་བྱེད་གསུངས། ཉིན་ཁ་ཤས་སོང་བའི་མཚམས་ཁོང་ཨ་ལགས་རིན་པོ་ཆེའི་གསུང་བཀོད་ལྟར་གསེར་ཁང་ཆེན་མོར་བསྐོར་བ་མཛད་པས།  ཧ་ཅང་ཐུགས་བརྩོན་དྲག་ཆེ་བའི་སྟབས་ཞབས་སྐྲངས་པ་དང་ཆུ་བུར་གྱིས་ཞབས་༄མ་བྱུང་བའི་བསྙུན་ཟུག་དང་། སྔར་གྱི་བསྙུན་ཟུག་གིས་མནར་བ་ཁྱད་དུ་བསད་ནས་གསེར་ཁང་ཆེན་མོར་བསྐོར་བ་གྲངས་མང་དང་། ཁོང་རིན་པོ་ཆེའི་གཟིམ་ཁང་ལ་བསྐོར་བ་མ་ཆགས་པ་མཛད། ཉིན་ཞིག་ཁོང་རིན་པོ་ཆེའི་སྐུ་མདུན་དུ་ཕེབས་པར་རྗེ་འདིས་མ་ཞུས་པར་ཁོང་རིན་པོ་ཆེས་ཤོ་རྡེའུ་བརྟག་པ་གནང་བས། འོ་ད་དུང་དཀར་འབུད་ཅིང་གཎ་ཌི་བརྡུང་ཟེར་ཀི་ཡོད་ཀི་སྐྱོན་མེད་ཅེས་པའི་གསུང་ཕེབས། དེ་ནས་བསྙུན་ཟུག་ཆེ་བར་བཞེས་བཞིན་པར་བསྐོར་བ་སོགས་ལ་མ་ཆད་པར། གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་། གདུགས་དཀར་ལྷ་བཅུ་གསུམ་མའི་དབང་བྱད་གྲོལ་དང་བཅས་པ། ལེགས་ལྡན་མཆེད་གསུམ་གྱི་གཏོར་དབང་། མ་ནིང་ཧ་འདོན་གྱི་ཁྲིད།  མི་འཁྲུགས་པ་ལྷ་དགུའི་དབང་བཅས་གསན་པ་ན་བསྙུང་གཞི་ཡང་རིམ་གྱིས་དྭངས་པའི་མགོ་བརྩམས།  ཕྱིས་སུ་སྐབས་སྐབས་སུ་ཁོང་ཨ་ལགས་རིན་པོ་ཆེས་ཐུགས་བརྩེ་ཉམས་དང་བཅས་པའི་གསུང་འཕྲོས་ཏེ་གནང་སྟེ། ན་ཚ་སོགས་མཐའ་གཅིག་ཏུ་བར་ཆད་ཡིན་པའི་ངེས་པ་མེད། ཡིན་སྲིད་ཀྱང་ལྟས་ངན་གཡང་དུ་བསྒྱུར་བ་དང་། རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར་བའི་ཚུལ་འདི་དང་འདི་འདྲ་ཞེས་གནད་འདྲིལ་བའི་བསླབ་སྟོན་རེ་བསྩལ་རེས་ཀྱིས་སྨན་བཅོས་རིམ་གྲོ་གཞན་ལས་ཁྱད་པར་འཕགས་པའི་ཕན་ཚུལ་གནང་ཏེ། བཀའ་ཆོས་དང་དཔེ་ཁྲིད་དཔེ་བལྟས་ལ་ཐུགས་བརྩོན་ཆེར་གནང་སྟེ། ཐ་ན་ཚོགས་ཆོས་གྲའི་འགྲིགས་སྲོལ་གྱི་སྐོར་ཚུན་ཆད་ལ་གཟིགས་རྟོག་བརྩད་གཅོད་ཀྱིས་གསུང་རིས་ཚུན་ཆད་འདེབས་པར་མཛད་ཅིང་། བདག་སོགས་ཆོས་ཀྱི་ཞིང་མཆོག་དེ་ཀའི་གྲལ་མཇུག་སྐྱབས་སུ་བསྟེན་པ་རྣམས་ལའང་བསྟན་པའི་འབྱུང་ཁུང་འདི་འདྲའི་ཕྱག་ལེན་གྱི་ཟུར་གཅིག་ཡིན་ཡང་རང་རེའི་ལག་ལེན་དུ་འདེབས་ནུས་པའི་སླད་དུ་ཡི་གེར་ཐོབ་ཅེས་པའི་བཀའ་ནན་གནང་། བླ་མ་དམ་པའི་བསླབ་སྟོན་ནི།  དོན་གྱི་ནད་ཉོན་མོངས་པའི་དངོས་གཉེན་གྱི་སྨན་དུ་འགྲོ་བ་མདོ་རྒྱུད་བསྟན་བཅོས་ཀྱི་དགོངས་པར་ཀུན་ལ་གྲགས་འདུག་ཀྱང་།  དཔེའི་ནད་ཕུང་བོའི་ཟུག་གཟེར་གྱི་དངོས་གཉེན་གྱི་སྨན་དུ་ཁྱེར་ཤེས་པའི་སྨན་གྱི་བླ་མ་གཉིས་པ་ནི་རྗེ་འདི་མ་གཏོགས་པ། སྔོན་གྱི་རྟག་ངུ། མི་ལ།  ནོར་བཟང་སོགས་བླ་མའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྣམས་ཀྱི་དུས་སུའང་ཡོད༣༥བ་སྐད་མེད་དེ། བླ་མ་བཤེས་གཉེན་ཆེན་པོ་འགའ་ཞིག་གིས་རྗེ་འདི་ལ་ཁྱོད་ཀྱི་བསྙུང་གཞི་དེ་རང་བཞིན་པའི་ནད་དང་གཏན་མི་མཚུངས།  རིམ་གྲོ་སྨན་བཅོས་གཞན་གྱིས་མི་ཕན་པར་བཀའ་ཆོས་དང་དཔེ་ཁྲིད་ལ་འདི་འདྲའི་བརྩོན་པ་བྱས་པས་ཕན་པ་འདི་འདྲ་འབྱུང་བ་ཡ་མཚན་པའི་གནས་རེད་གསུངས་པ་ངེད་ཅག་གི་དངོས་སུ་ཐོས་སོ།།

དགུང་གྲངས་སོ་བདུན་པ་གནམ་གནོན་ཞེས་པ་ལྕགས་ཕོ་འབྲུག་གི་ལོའི་ཟླ་བ་ཡར་ངོའི་ཚེས་ནས། རྗེ་བཀའ་འགྱུར་བ་ཆེན་པོ་ཡོངས་འཛིན་ཆོས་ཀྱི་རྒྱལ་བོ་རྡོ་རྗེ་འཆང་འཇིགས་མེད་རྒྱ་མཚོ་བའི་དྲུང་ནས། གཡུ་ཐོག་པའི་ཆ་ལག་བཅོ་བརྒྱད་ཀྱི་ལུང་དང་། གསང་འདུས་ཆོ་གའི་སྟེང་ནས་བསྐྱེད་རིམ་མཛུབ་ཁྲིད་ཀྱི་ལུགས་སུ་ཞིབ་རྒྱས་ཞིག་གསན་པར་མཛད་དེ། ཡོངས་འཛིན་ཚང་འདི་སྐུ་མཆེད་སྲས་དང་བཅས་པ་ཆོས་སྲིད་གཉིས་ཆར་གྱིས་གཞལ་དུ་མེད་པའི་བཀའ་དྲིན་དུ་ཆེ། དེ་ནས་དབལ་མང་རིན་པོ་ཆེའི་སྔགས་ཀྱི་སྤྱི་དོན་གྱི་གཟབ་བཤད་ཀྱི་དབུ་བཙུགས་པའི་མཚམས་ནས་ཡོངས་འཛིན་རིན་པོ་ཆེ་འདི་ཉིད་གདན་ས་ཆེན་པོ་སྐུ་འབུམ་ནས།  བསྟན་པའི་རྩ་ལག་ཏུ་གྱུར་བའི་སྐྱེས་ཆེན་དམ་པ་མང་བོས་བཀའ་ཆོས་ཀྱི་མགོན་དུ་སྐུ་འབུམ་ལ་ཆིབས་བསྒྱུར་དགོས་བྱུང་བ་ན།  གནས་ལྔ་ཡོངས་སུ་རྫོགས་པའི་པཎྟི་ཏ་ཆེན་པོ་རྗེ་ཚུལ་ཁྲིམས་རྒྱ་མཚོ་བ་ལ་ཆོས་འབྲེལ་ཞུས་ཏེ་མཁས་གྲུབ་ཆེན་པོ་གུང་ཐང་བ་རྗེ་བློ་གྲོས་རྒྱ་མཚོས་མཛད་པའི་སྡོམ་གསུམ་བསླབ་བྱའི་སྟེང་ནས། སོ་ཐར་གྱི་སྐོར་ལ་རྩ་སྡོམ་དང་ཡིག་ཆ་གླེང་གཞི་སོགས་ཀྱི་དཀའ་གནད་ལྷུག་པར་བཀྲོལ་བའི་ཞིབ་བཤད་དང་། བྱང་སེམས་ཀྱི་བསླབ་བྱ་ལ་བྱང་ཆུབ་སེམས་དཔའི་སྡེ་སྣོད་མཐའ་དག་གི་གནད་བསྡུས་པ་བྱང་ཆུབ་གཞུང་ལམ་དང་སྦྱར་བ། སྔགས་ཀྱི་དམ་ཚིག་དང་སྡོམ་པའི་སྐོར་ལ་བླ་མ་ལྔ་བཅུ་བ་དང་། རྩ་ལྟུང་རྣམ་བཤད་ཀྱི་བཤད་པ་གཙོ་བོར་བཟུང་ནས།  རྣལ་འབྱོར་དང་བླ་མེད་རྒྱུད་ནས་བཤད་པའི་རྩ་ལྟུང་ཐུན་མོང་དང་ཐུན་མོང་མ་ཡིན་པ་དང་། བླ་མེད་སྤྱི་དང་དུས་འཁོར་ནས་བཤད་པའི་འདྲ་མིན་སོ་སོའི་ཁྱད་པར་དང་།  རྒྱུད་སྡེ་འོག་མའི་སྐབས་ནས་བཤད་པའི་དམ་ཚིག་སོགས་ལ། འཕགས་བོད་ཀྱི་མཁས་པ་སོ་སོའི་བཞེད་ཚུལ་མི་འདྲ་བའི་སྐོར་ཐད་ཀ་ཐད་ཀར་དགག་བཞག་དང་བཅས་པའི་ཞིབ་ཁྲིད་རྒྱས་པ་གསན། དེ་ནས་རྒྱུད་སྡེ་རབ་འབྱམས་ཀྱི་གནད་དོན་ཞི་རྒྱས་གནས་པར་བཞད་ནས་པཎྟི་ཆེན་པོ་ཨ་ཁུ་ཚུལ་ཁྲིམས་ཚང་གི་འདི་བར་དབལ་མང་རིན་པོ་ཆེའི་སྔགས་ཀྱི་སྤྱི་དོན་གྱི་དཔེ་ཁྲིད་ཞུས་པར། སྤྱི་དོན་གྱི་སྟེང་ནས་སྔགས་རིམ་ཆེན་མོ་དང་མཁས་གྲུབ་རིན་པོ་ཆེའི་རྒྱུད་སྡེ་སྤྱི་རྣམ་ཕན་ཚུན་ཁ་བསྐངས་ཏེ་རྒྱུད་སྡེ་བཞི་ཀའི་བཤད་པའི་སྤྱི་ཁོག་བཟུང་། རྒྱུད་དང་གྲུབ་ཆེན་རྣམས་ཀྱི་གཞུང་སོ་སོའི་དགོངས་འགྲེལ་མཐའ་དཔྱོད།   བསྙེན་ཡིག་ལས་ཚོགས་དང་དཀྱིལ་ཆོག་སོགས་རྗེ་ཡབ་སྲས་ཀྱི་གཞུང་རྣམས་ཐད་ཀ་ཐད་ཀར་སྦྱར་བའི་བཤད་པ་དང་། བུ་སྟོན་རིན་པོ་ཆེའི་རྒྱུད་སྡེ་སྤྱི་རྣམ་རྒྱས་བསྡུས་སོགས་བོད་ཀྱི་ཤིང་རྟ་ཆེན་པོ་སྔ་མ་རྣམས་དང་། རྗེ་ཡབ་སྲས་ཀྱི་ཡིག་ཆའི་ཚིག་ཟིན་མཐུན་མི་མཐུན་གྱི་བཤད་པ་དང་། དགེ་ལྡན་པའི་མཁས་གྲུབ་ཕྱི་མ་རྣམས་ཀྱི་རྗེ་ཡབ་སྲས་ཀྱི་དགོངས་པ་བཀྲལ་ཚུལ་འདྲ་མིན་གྱི་ཁྱད་པར་དང་དཀའ་གནས་སོ་སོར་དོགས་གཅོད་དང་། ངོར་བ་དང་བོ་དོང་སོགས་ཀྱིས་རྗེ་ཐམས་ཅད་མཁྱེན་པར་དགག་བཞག་མཛད་པ་ཕལ་མོ་ཆེ་ལ་རིགས་ལམ་གྱི་བརྒལ་བརྟག་སོགས་ཀྱི་ཟབ་བཤད་ཞིབ་རྒྱས་ཟླ་བ་ལྔ་ལྷག་ཙམ་ལ་གསན་པས་ཟིན་བྲིས་ཡང་ཞིབ་རྒྱས་གནང་། ཡང་གསུང་རབ་མ་ལུས་གདམས་པར་ཤར་བའི་འགྲན་ཟླ་དང་བྲལ་བའི་བཤེས་གཉེན་ཆེན་པོ་ཀུན་མཁྱེན་མཆོག་གི་ཡོངས་འཛིན་དམ་པ་རྗེ་གྲགས་པ་རྒྱ་མཚོ་བའི་དྲུང་ནས། དབལ་མང་རིན་པོ་ཆེའི་སྤྱི་དོན་གྱི་དཔེ་ཁྲིད་ཞུས་པས་གཙོ་བོར་བླ་མེད་སྐོར་དང་། དུས་འཁོར་སྦྱོར་ཊིཀ་ལ་ལམ་གྱི་སྤྱི་ཁོག་འཆར་ངེས་ཀྱི་བཤད་པ་ཞིབ་རྒྱས་གསན།  ཁོང་ཨ་ལགས་རིན་པོ་ཆེའི་དྲུང་ནས། གཞི་གསུམ་ཆོ་གའི་བཤད་ལུང་། རྗེ་ཉིད་ཀྱིས་མཛད་པའི་ལམ་རིམ་བསྡུས་དོན་གྱི་འགྲེལ་བའི་བཤད་ལུང་ཞིབ་རྒྱས། བླ་མཆོད་ཕྱག་ཆེན་སྦྲགས་མའི་ཁྲིད། རིམ་ལྔ་གསལ་སྒྲོན་གྱི་བཤད་ལུང་། སྦས་དོན་ཀུན་གསལ་གྱི་བཤད་ལུང་། སྔགས་རིམ་ཆེན་མོའི་བཤད་ལུང་དང་རྗེ་འདི་བ་རང་ཉིད་ཀྱིས་ནན་ཏན་ཆེན་པོས་ཡང་ཡང་གསོལ་འདེབས་མཛད་པ་ལྟར། གསང་འདུས་བསྐྱེད་རྗོགས་དང་བདེ་མཆོག་བསྐྱེད་རྫོགས་ཀྱི་ཁྲིད་སྨན་རྒྱས།  ཡང་ཟ་བྱེད་མཁའ་འགྲོའི་སྦྱིན་སྲེག་གི་ཁྲིད། དམ་ཚིག་རྡོ་རྗེ་བཟླས་པའི་ཁྲིད། སྐྱབས་འགྲོ་དང་འཕོ་བ་དཔའ་བོ་གཡུལ་འཇུག་མའི་ཁྲིད།  རྗེ་ཉིད་ཀྱིས་མཛད་པའི་སྤྱོད་འཇུག་འགྲེལ་བའི་བཤད་ལུང་ཞིབ་རྒྱས། འཇམ་དབྱངས་བདེ་བའི་རྡོ་རྗེ་དང་།  དབལ་མང་རིན་པོ་ཆེའི་ཟིན་བྲིས་སྦྲགས་མའི་སྟེང་ནས་དགའ་ལྡན་ལྷ་བརྒྱ་མའི་ཁྲིད་རྒྱས་པ། བདེ་གསང་འཇིགས་གསུམ་གྱི་དབང་སྔ་ཕྱིར་ཚར་གཉིས། ཀུན་རིག་གི་དབང་། རྣལ་འབྱོར་ནམ་མཁའི་དབང་། རྣམ་སྣང་མངོན་བྱང་གི་དབང་།  མཁའ་སྤྱོད་མའི་དབང་གཞི་བྱིན་རླབས།  རྟ་མགྲིན་གསང་སྒྲུབ་ཀྱི་དབང་། བདེ་མཆོག་དྲིལ་བུ་ལྷ་ལྔའི་དབང་།  དྲིལ་བུ་ལུས་དཀྱིལ་གྱི་དབང་། གསང་འདུས་འཇམ་རྡོར་གྱི་དབང་། གྲུབ་ཆེན་ནག་པོ་སྤྱོད་པའི་ལུགས་ཀྱི་བདེ་མཆོག་ལྷ་དྲུག་ཅུ་རེ་གཉིས་པའི་དབང་། མི་ཏྲའི་ནང་གི་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་དབང་། དགེ་སློང་མ་དཔལ་མོའི་ལུགས་ཀྱི་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་དབང་།  སྒྲ་མི་སྙན་གྱི་ཚེ་དབང་། བདེ་མཆོག་དཀར་བོའི་ཚེ་དབང་དང་གཞན་ཡང་ལུང་ཚོགས་ཐོར་བུའི་སྐོར་ཡང་མང་བོ་གསན། དེ་ལྟར་ཆོ་འཕྲུལ་ཟླ་བའི་ཚེས་ནས་བརྒྱད་པའི་ཚེས་ཀྱི་བར་ལ་འཛིན་གྲ་གཏུགས་ཀྱི་སྐབས་མ་གཏོགས་པར་ཉིན་པར་དཔེ་ཁྲིད་དང་བཀའ་ཆོས་ཆག་མེད་དང་། དགུང་མོ་གཟིམ་མལ་དུ་དཔེ་གཟིགས་དང་ཟིན་བྲིས་དག་ཐེར་མཛད། བདུན་པའི་ཉི་ཤུ་ལ་ཨ་ལགས་རིན་པོ་ཆེ་ཧོར་ཚང་ཕྱོགས་ཀྱི་སྒར་གྲོང་གིས་གདན་དྲངས་སོང་བས།  བརྒྱད་པའི་ཚེས༡ལ་རྗེ་འདི་ཧོར་ཚང་དུ་ཕེབས་ནས་དུས་འཁོར་དབང་གི་སློབ་མ་རྗེས་འཛིན་དང་། རྡུལ་ཚོན་གྱི་ས་ཆོག་ལ་མཇལ་ནས།  བདེ་ལམ་གྱི་ཁྲིད་རྒྱས་པ་དང་།  དགའ་ལྡན་ལྷ་བརྒྱ་མའི་ཁྲིད་གསན། བཅུ་གཉིས་ལ་དབང་གི་སྟ་གོན། བཅུ་གསུམ་ལ་བྱིས་པ་ལྟར་འཇུག་པའི་དབང་བདུན།  བཅུ་བཞི་ལ་གོང་མ་གོང་ཆེན། བཅོ་ལྔ་ལ་རྡོ་རྗེ་སློབ་དཔོན་གྱི་དབང་བཅས་གསན། དེ་ནས་ཁོང་རིན་པོ་ཆེ་ལ་གསུང་བཀོད་ཞུས་ཏེ།  མཛོད་དགེ་ལ་དཔེ་ཆ་དཔར་རྒྱུའི་ཆེད་དུ་ཕེབས་ནས།  འདུལ་འཛིན་ཆེན་མོ་དམེ་ཤུལ་མུ་ཏོ་ཚང་དང་།  སོག་ཚང་ཚང་གཉིས་ནས་ཕར་ཚུར་གྱི་ལམ་དུ་བསུ་སྐྱེལ་བྱས་པའི་སྟེང་ནས་མཛོད་དགེའི་དཔར་ཁང་གི་དཔེ་ཆ་རྣམས་རྫོགས་པར་དཔར་ཏེ་ཉི་ཤུ་དགུ་ལ་སླར་བླ་བྲང་དུ་བྱོན། དགུ་བའི་ཚེས་འགོ་ནས་ཁོང་ཨ་ལགས་རིན་པོ་ཆེ་ལ། ཁྲི་ཆེན་འཇམ་དབྱངས་བསྟན་པའི་སྒྲོན་མེའི་མཆོག་སྤྲུལ་གཞོན་ནུ་མཐོང་བ་དོན་ལྡན་མཁས་གྲུབ་གོང་མའི་རྣམ་ཐར་གྱི་ཉེ་བར་མཛེས་པ། འཇིགས་མེད་བསྟན་པའི་དབང་ཕྱུག་དཔལ་བཟང་བོས་ཞུས་པ་ལྟར་དབང་རྡོ་རྗེ་ཕྲེང་བ། དབང་གི་སྤྱི་ཁོག་ནས་དྲངས་པའི་བཤད་པ་དབང་དོན་ལམ་གྱི་རིམ་པར་བསྒྲིགས་ཚུལ་དང་རྒྱུད་སྡེ་རབ་འབྱམས་ཀྱི་གསུང་བཤད་ཐོས་ཚད་འཁོར་བ་མཐའ་ཅན་དུ་མཛད་པ་དེ་ཉིད་གསན་པས་གསུང་རིས་ཡང་རྒྱས་པ་གནང་།  དེ་ནས་ཀུན་མཁྱེན་གསུང་གི་ལམ་རིམ་འཇམ་དཔལ་བཤད་ལུང་གི་སྟེང་ནས་དབུས་རྒྱུད་ཀྱི་ལམ་ཁྲིད་རྒྱས་པ་ཞིག་གསན། ཁྱབ་བདག་བཀའ་འགྱུར་བ་ཆེན་པོ་ཡོངས་འཛིན་རྡོ་རྗེ་འཆང་འཇིགས་མེད་ཞབས་ཀྱི་དྲུང་ནས་ཁོང་ཨ་ལགས་རིན་པོ་ཆེའི་གསུང་འབུམ་གྱི་ལུང་དང་། གྲུབ་མཐའ་ཆེན་མོའི་ཟིན་བྲིས་དང་། རིག་བྱེད་མའི་བསྐྱེད་རྫོགས་གཉིས་བཤད་ལུང་དང་སྦྲགས་པ། རིག་བྱེད་མའི་བེའུ་བུམ། རྒྱལ་དབང་ལྔ་བ་ཆེན་པོའི་གསུང་གི་དཀའ་གནད་རེག་ཟིག་ཨུཏྤལ་དམར་བོའི་ཆུན་པོ་དང་། ཁམས་གསུམ་དབང་དུབསྡུད་པའི་ལྕགས་ཀྱུ།  མཛོད་དགེ་མཁས་གྲུབ་བསྟན་འཛིན་པའི་གསུང་གི་རིག་བྱེད་མའི་སྒྲུབས་ཐབས་དང་འདོད་གསོལ་གཉིས་ཀ་རི་ཁྲོད་པ་དཀོན་མཆོག་བྱམས་པའི་གསུང་གི་ཟུར་རྒྱན་དང་འཁོར་ལོའི་གསལ་བྱེད། ཐུའུ་བཀོན་གསུང་གི་རིག་བྱེད་མའི་བསྙེན་ཡིག་རྣམས་ཀྱི་ལུང་དང་། རྒྱལ་མཁན་པོའི་རིག་བྱེད་མའི་བསྙེན་སྒྲུབ་ལས་གསུམ་གྱི་ཁྲིད་བཅས་ཐོབ། ཨ་ཁུ་རིན་པོ་ཆེ་ཚུལ་ཁྲིམས་ཚང་གི་མདུན་ནས་སླར་ཡང་དབལ་མང་རིན་པོ་ཆེའི་སྔགས་ཀྱི་སྤྱི་དོན་ཞིབ་ཁྲིད་ཅིག་གསན།  རྗེ་ཡབ་སྲས་གསུམ་དང་བྱམས་མགོན། འོག་དཔག་མེད་ཀྱི་སྐུ་དཔར་ཁྱད་མཚར་རེ་བཞེངས། བོད་ལོའི་ནང་ཁྲི་ཆེན་ཧོར་གཙང་ཚང་གི་གཟིམ་ཆུང་དུ་སྐུ་མཚམས་མཛད་ནས་དཔེ་གཟིགས་རྒྱ་ཆེར་གནང་།

དགུང་གྲངས་སོ་བརྒྱད་པ་ཁྱུ་མཆོག་ཅེས་པ་ལྕགས་མོ་སྦྲུལ་གྱི་ལོར། ཨ་ཁུ་ཚུལ་ཁྲིམས་ཚང་གི་མདུན་ནས་བདེ་མཆོག་བསྐྱེད་རྫོགས་ཀྱི་དམར་ཁྲིད་ཆོ་གའི་སྟེང་ནས་སྨིན་རྒྱས་དང་། ཡང་སྔགས་ཀྱི་སྤྱི་དོན་ཀྱི་གཟབ་བཤད་གཅིག་སྟེ་བཤེས་གཉེན་ཆེན་པོ་འདིའི་དྲུང་ནས་སྔགས་ཀྱི་སྤྱི་དོན་ཞིབ་ཁྲིད་ལན་གསུམ་སོགས་ཁྲིད་དང་བཤད་པའི་སྐོར་མང་དུ་གསན་པས་བཀའ་དྲིན་ཕུལ་དུ་ཕྱིན་པར་བཞེད་ཅིང་།  ཐུགས་རྒྱུད་གནད་དུ་འཁུལ་བའི་༣༧བ༦བཤད་དོན་༣༧བ༦བརླིང་བ་འབྱམས་ཀླས་པའི་ཕུང་བོར་གཟིགས་པས་སྐུ་ཡོན་ལ་དམིགས་པ་ནམ་ཡང་མི་ལྡོག་པའི་ཐུགས་དད་ཚད་མེད་པ་རྒྱུན་ཆགས་སུ་འཁྲུངས་པའི་རྟགས་མཚན་ཡང་དུས་ཀུན་མངོན་དུ་མཛད་འདུག  རྟག་ཏུ་བཀའ་གདམས་རྣམ་ཐར་གཙང་མའི་ཉམས་བཞེས་ཅན་ཨོཾ་འཁྱིལ་བ་འཇམ་དབྱངས་ལེགས་བཤད་ཀྱི་དྲུང་ནས། དག་ཡིག་ངག་སྒྲོན་གྱི་དཔེ་ཁྲིད་དང་།  དུས་འཁོར་ལུགས་ཀྱི་གོ་ལ་སོགས་ཀྱི་ཐིག་ལ་བསླབ་སྦྱངས་མཛད། ཁོང་ཨ་ལགས་རིན་པོ་ཆེའི་མདུན་ནས། རིགས་གསུམ་སྤྱི་སྒྲུབ།  མགོན་པོ་ཕྱག་དྲུག་པ། ཆོས་རྒྱལ་ཕྱི་སྒྲུབ། རྣམ་སྲས། ཁྱུང་ནག་མེའི་སྤུ་གྲི། ན་ག་རཀྵ། སེང་གདོང་གཙོར་རྐྱང། འཇམ་དབྱངས་དཀར་བོ། སྟག་ཕུའི་དག་སྣང་གི་སྒྲོལ་མ་ཕྱི་དཀྱིལ་ལུས་དཀྱིལ་གཉིས།  རྒྱལ་དབང་དགེ་འདུན་རྒྱ་མཚོའི་ཡི་དམ་སྒྲུབ་སྐོར་གྱི་ནང་ཚན་སྒྲོལ་དཀར་འོད་ཟེར་དྲུག་སྦྲགས།  ལྷོ་བྲག་གྲུབ་ཆེན་གྱི་གཅེས་ཕྲེང་གི་སྟེང་ནས་དྲག་པོ་སུམ་འདུལ། རིག་བྱེད་མ་ཕྱི་སྒྲུབ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྗེས་གནང་། ཡང་རིག་བྱེད་མ་གསང་སྒྲུབ་ལྷ་ལྔ། ཁྱུང་ཁྲ་ལུགས་གཉིས། ཛམ་དཀར། སྒྲོལ་མ་ཉེར་གཅིག་རྣམས་ཀྱི་རྗེས་གནང་།  ཚེ་དབང་འཆི་མེད་རྡོ་རྗེའི་སྲོག་ཤིང་སོགས་དང་། ལུང་གི་སྐོར་ལ། བརྒྱད་སྟོང་བ།  ཐར་མདོ།  མིད་ལའི་མགུར་འབུམ། རྣམ་ཐར་གཙང་སྨྱོན་ཧེ་རུ་ཀས་མཛད་པ། ཏེ་ལོ་ན་རོ་སྒྲ་བསྒྱུར་མར་བ་རྣམས་ཀྱི་རྣམ་ཐར། སྨོན་ལམ་མཐའ་ཡས་རྒྱ་མཚོའི་གཅོད་གཞུང་།  འབྲི་གུང་ཆོས་སྒོ་པ་བསོད་ནམས་དཔལ་གྱིས་མཛད་པའི་སྐལ་ལྡན་ཆོས་དྲུག་ལས། སྒྲུབ་ཐབས་སྐལ་ལྡན་རེ་སྐོང་། དབང་ཆོག་སྐལ་ལྡན་རྗེས་འཛིན། བསྐངས་པ་སྐལ་ལྡན་དངོས་གྲུབ་ཀུན་འབྱུང་གསུམ་དང་། རྒྱལ་ཐང་བ་བསོད་ནམས་འོད་ཟེར་གྱི་གཅོད་སྐོར་ཆ་ཚང་། ཁྲི་ངག་དབང་མཆོག་ལྡན་གྱིས་མཛད་པའི་དམིགས་བརྩེ་མའི་གསང་སྒྲུབ་ཀྱི་ལས་ཚོགས་བཅུ་གཅིག་དང་སྨན་ཁང་བའི་དམིགས་བརྩེ་མའི་འཁོར་ལོའི་ལས་ཚོགས།  མདུང་རྩེ་རས་པས་མཛད་པའི་དམིགས་བརྩེ་མའི་ལས་ཚོགས་བཅུ་གཅིག ལྕང་ར་སྤྲུལ་སྐུས་མཛད་པའི་དམིགས་བརྩེ་མའི་ལས་ཚོགས་དངོས་གྲུབ་ཀུན་འབྱུང་། མེར་གན་བླ་མ་ངག་དབང་བློ་གྲོས་ཀྱིས་མཛད་པའི་དགའ་ལྡན་ལྷ་བརྒྱ་མའི་ཞལ་ཤེས་དང་། འཇམ་དབྱངས་བདེ་བའི་རྡོ་རྗེའི་བརྒྱུད་འདེབས་དང་། གཞན་ཐོར་བུའི་སྐོར་མང་དུ་གསན་ཅིང་།  རྗེ་འདིས་རང་གི་ཆེད་དམིགས་ཀྱིས་ཞུས་པའི་ལམ་རིམ་ཆེན་མོའི་བཤད་ལུང་ཞིབ་རྒྱས་ཡང་གསན། གཞན་ཡང་བདེ་ལམ་གྱི་དམར་ཁྲིད། བླ་མཆོད་ཀྱི་ཁྲིད་རྒྱས་པ། བརྒྱ་རྩ་ལུགས་གཉིས་ཀྱི་ཁྲིད།  སྐྱབས་ཁྲིད། འཕོ་ཁྲིད། འཇིགས་བྱེད་དཔའ༡གི་དབང་། དབུ་མའི་ལྟ་ཁྲིད་ཀྱི་བཤད་ལུང་།  དགའ་ལྡན་གཞུང་བསྲངས་ཀྱི་ཁྲིད་རྒྱས་པ་དང་། ཡང་མཁའ་སྤྱོད་མའི་བསྐྱེད་རྫོགས་ཀྱི་ཁྲིད། གྲོགས་བཤེས་གཉེན་ཆེན་པོ་གཅིག་དང་རྣམ་པ་གཉིས་ལ་ཤིན་ཏུ་གསང་བ་དམ་པོ་བྱས་ཏེ་གནང་བ་སོགས་གསན་སྐབས་བཀའ་ཆོས་ཀྱི་གསེང་བར་རྣམས་སུ་ཨ་ཁུ་ཚུལ་ཁྲིམས་ཚང་གི་མདུན་ནས། མི་ཏྲ་རྡོར་ཕྲེང་གི་དཀྱིལ་འཁོར་སོ་སོའི་ཐིག་གི་སྐོར་རྣམས་ཞིབ་ཁྲིད་གསན་ནས། ཐིག་ཐམས་ཅད་ལ་ཕྱག་རིས་ཡང་ཡང་བཏབ་ནས་གཙང་ཞིང་ཞིབ་པ་ཞིག་ཏུ་བྱང་བར་མཛད། དེ་ནས་ཁྱབ་བདག་ཡོངས་འཛིན་འཇིགས་མེད་ཞབས་པ་དེ་ཉིད་བྱང་ཕྱོགས་སྐྱེ་རྒུའི་འདྲེན་པ་སྐྱབས་རྗེ་ཐར་ཤུལ་རིན་པོ་ཆེས་བཀའ་བསྟན་གྱི་ལུང་སོགས་བཀའ་ཆོས་ཀྱི་མགོན་དུ་ཁྲི་ཀར་གདན་དྲངས་པ་ན།  ཨ་ལགས་རིན་པོ་ཆེའི་གསུང་བཀོད་ལྟར་ལྔ་བའི་ཚེ་མགོར་མཁས་བཙུན་བཟང་པོའི་སྤྲིན་རུམ་སྟུག་པོའི་ཀློང་ནས་ལུང་རིགས་གནམ་ལྕགས་ཐོག་སེར་གྱི་ཕྲེང་བ་སྤྲོས་པས། རྒོལ་བ་ངན་པའི་ལོག་རྟོག་བྲག་རི་བསྙིལ་བར་བྱེད་པའི་དཔལ་ཡོན་དང་ལྡན་པ་བཤེས་གཉེན་ཆེན་པོ་རྗེ་བསྟན་འཛིན་རྒྱ་མཚོ་དང་ལྷན་དུ་རང་དགོན་དུ་ཕེབས། དེ་ནས་ཁྲི་ཀར་ཕེབས་ནས་ཡོངས་འཛིན་རྡོ་རྗེ་འཆང་གབ་རོན་ཆུ་ཚན་ཁར་བཞུགས་པའི་དྲུང་དུ་མཇལ། དྭགས་པོ་ནམ་མཁའ་གྲགས་ཀྱི་གསང་འདུས་བསྐྱེད་རྫོགས་དང་། རྩེ་བ་ཤེར་བཟང་གིས་མཛད་པའི་བཤད་པ་རྡོ་ལག་བརྒྱུད་མའི་ལུང་། རིམ་ལྔའི་དམར་ཁྲིད་རྡོ་ལག་བརྒྱུད་མ། འབྲོང་རྩེ་ལྷ་བཙུན་པའི་འཇིགས་བྱེད་བསྐྱེད་རྫོགས། པཎ་ཆེན་བསོད་ནམས་གྲགས་པའི་གསང་འདུས་བསྐྱེད་རྫོགས། འཇམ་དབྱངས་དགའ་བློས་མཛད་པའི་ལྟ་ཁྲིད་བཅུ་གཉིས་པ་འཇམ་དཔལ་ཞལ་ལུང་། ཡང་ལྟ་ཁྲིད་དེ་ཉིད་ཡང་གསལ། སྔགས་འཆང་གཟུངས་ཀྱི་དཔལ་བས་མཛད་པའི་ཁྱུང་ཁྲའི་ལས་ཚོགས།  འཇིགས་བྱེད་སྨོན་ལམ་དེ་ལྟར་ཁྲོ་བོ་མ་དང་། ཁོང་ཨ་ལགས་རིན་པོ་ཆེའི་བཀའ་འབུམ་ལས་རྟོགས་བརྗོད་ཚིགས་བཅད་སྐོར་སོགས་བྲིས་མའི་སྐོར་ལས། བླ་བྲང་སྒོ་མང་རིན་པོ་ཆེའི་རྣམ་ཐར་ཚིགས་བཅད་དུ་སྡེབས་པ། ཡང་དེ་ཉིད་ཀྱི་རྣམ་ཐར་གསོལ་འདེབས།  བདེ་ཐང་རིན་པོ་ཆེའི་རྟོགས་བརྗོད།  གུང་ཐང་འཇམ་དབྱངས་བསྟན་པའི་ཉི་མའི་རྣམ་ཐར། རྡོ་རྗེ་རྣལ་འབྱོར་མ་རིག་པ་འཛིན་པ་རྩེན་མའི་སྒྲུབ་ཐབས་རྒྱུན་ཁྱེར་སྨོན་ལམ། བདེ་མཆོག་གི་བླ་མའི་རྣལ་འབྱོར། འཁོར་ལོ་སྡོམ་པའི་གནས་མཆོག་སྐུ་ཕྱུག་དགའ་ཚལ་གྱི་གནས་བསྟོད། སྨྱུང་གནས་ཆོ་ག་བསྡུས་པ་དང་། ཐེག་ཆེན་གསོ་སྦྱོང་གི་ཆོ་ག་བསྡུས་པ། བདུད་རྩི་རིལ་བུ་སྦྱོར་ཚུལ། ཐེག་ཆེན་གསོ་སྦྱོང་དང་།  སྨྱུང་གནས་ཀྱི་ཕན་ཡོན་མདོར་བསྡུས། རིག་བྱེད་མའི་འདོད་གསོལ། གསུང་མགུར་དཔལ་ཀུན་ཁྱབ་ཆོས་དབྱིངས་བདེ་ཆེན་མ། དུས་འཁོར་རྒྱུན་ཁྱེར་སོགས་གསན། ཡང་དབྱིབས་བཟང་ཐང་དུ་ཕེབས་ནས།  ཁྱ་དགེ་བློ་གྲོས་རྒྱ་མཚོའི་གསུང་འབུམ་དང་།  ཁོང་ཨ་ལགས་རིན་པོ་ཆེའི་གསུང་ལས། ལ་མོ་ཞབས་དྲུང་དཀར་བོའི་རྣམ་ཐར་དང་། སྐུ་གདུང་དཀར་ཆགས། འཁོར་ཆེན་རྫོགས་རིམ། ཀུན་མཁྱེན་སྐུ་ཕྲེང་བཞི་བའི་རྣམ་ཐར་ཁ་སྐོང་རྣམས་ཀྱི་ལུང་དང་། མན་ངག་རྒྱུད་མ་གཏོགས་པའི་སྨན་གྱི་རྒྱུད་གསུམ་བཅས་གསན། དེ་ནས་བཀའ་འགྱུར་རིན་པོ་ཆེའི་བཀླགས་ལུང་མདོ་སྡེ་སྐལ་བཟང་ནས་དབུ་བཙུགས་ཏེ་མདོ་མང་རྫོགས་པ་ན། རྗེ་འདི་ཐིས་པ་དགོན་གྱིས་ཞུས་པ་ལྟར་ཕེབས་ནས། གྲ་བ་འགའ་ལ། སྐུ་ཕྱོགས་སྐུ་མཆེད་རིན་པོ་ཆེའི་གསུང་གི་སྟེང་ནས་འཇིགས་བྱེད་བསྙེན་ཁྲིད་དང་། ཀུན་མཁྱེན་བླ་མའི་སྒྲུབ་པའི་ཐོ་ཡིག་དབལ་མང་རིན་པོ་ཆེའི་ཡིག་ཆུང་དང་བཅས་པའི་ཁྲིད་དང་། ཨ་རོལ་གོང་མའི་བསྙེན་ཆེན་སྐོར་གྱི་ལུང་སོགས་གནང་།  དེ་ནས་དུས་ཀྱི་མཐར་ཡང་རྒྱལ་བའི་དམ་ཆོས་འཛིན་པའི་ཐུགས་བསྐྱེད་ཀྱི་མཐུ་ཡོངས་སུ་གྲུབ་པའི་ཡོངས་འཛིན་རྡོ་རྗེ་འཆང་བཀའ་འགྱུར་བ་ཆེན་པོ་དེ་ཉིད་རང་དགོན་དུ་གདན་དྲངས།   བརྒྱད་པའི་ཉི་ཤུ་གསུམ་ནས་ཐོག་མའི་བློ་སྦྱོང་གི་ཁྲིད་དང་། ཧོར་སྟོན་པའི་བློ་སྦྱོང་། བྱང་སེམས་གཞོན་ནུ་རྒྱལ་མཆོག་གི་བློ་སྦྱོང་བརྒྱ་རྩ།  རྒྱལ་སྲས་ལག་ལེན།  ཁ་རག་པའི་ཐོ་ཆོས་ཨང་ཡིག་བདུན་ཅུ་བ། བློ་སྦྱོང་སྙན་རྒྱུད་ཆེན་མོ།   བོ་ཏོ་བའི་ཆིག་ལམ་རིང་མོ།  བྱང་ཆུབ་འོད་ཀྱི་ཞལ་གདམས། བུ་སྟོན་གྱི་སྙིང་ཐུར་དང་། བདུད་མོ་དམོད་ས་མཚོན་ཆའི་འཁོར་ལོ།  དེང་རི་བརྒྱད་ཅུ་བ། མཛོད་དགེ་མཁས་གྲུབ་བསྟན་འཛིན་པའི་རིག་བྱེད་མའི་སྒྲུབ་ཐབས། བྲག་དཀར་སྔགས་རམས་པའི་གསུང་གི་བཅུ་ཆའི་སྦྱིན་སྲེག  སྟག་ཕུའི་གསུང་གི་མཁའ་སྤྱོད་མའི་བསྐྱེད་རྫོགས་བཻཌཱུར་ཞུན་མའི་ཐེམ་སྐས་རྣམས་ཀྱི་ལུང་དང། སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་ཀྱི་དབང་། གཤེད་སྐོར་དགྲ་ནག་ལྷ་བཅུ་གསུམ་མ།  སྐྱོ་ལུགས་ཞེ་དགུ་མ། རོ་ལངས་བརྒྱད་སྐོར།  སྐྱོ་ལུགས་ཁྲོ་མོ་བརྒྱད་སྐོར་རྣམས་ཀྱི་དབང་དང་། སྒྲུབ་ཐབས་རིན་འབྱུང་ཡོངས་རྫོགས།  འཇམ་དབྱངས་ཆོས་སྐོར་ནས་གསུངས་པའི་རྗེས་གནང་སྐོར།  ཀླུ་དབང་རྒྱལ་བོ། ལྷ་མོ་ཤྲ་མ་ཎ། མཁའ་ལྡིང་གསེར་མིག་འཁྱིལ་བ། འཁོར་ཆེན། ན་ག་རཀྵ། སྨན་བླ་མཐོ་བརྩེགས། འཇིགས་བྱེད་ཡུམ་ཅན། འཇིགས་བྱེད་མ་ཧེའི་གདན་ཅན། འཇིགས་བྱེད་དམར་བོ་མདའ་འགེངས་ཀྱི་རྗེས་གནང་སོགས་དང་།  ཁྲིད་བཤད་ལུང་གི་སྐོར་ལ་དུས་འཁོར་བསྐྱེད་རྫོགས་ཀྱི་བཤད་ལུང་། འཇིགས་བྱེད་དཔའ་གཅིག་གི་བསྐྱེད་རྫོགས་ཀྱི་ཁྲིད།  སྨད་རྒྱུད་ཁྲིད་ཆེན་བརྒྱད། ནཱ་རོ་ཆོས་དྲུག་གི་ཁྲིད། ནི་གུའི་ཆོས་དྲུག་གི་ཁྲིད། དབལ་མང་རིན་པོ་ཆེའི་སྦྱིན་སྲེག་གི་ཞལ་གདམས་བདུད་རྩིའི་རྫིང་བུའི་ཁྲིད། འཇམ་དབྱངས་དཀར་བོའི་ལས་ཚོགས་ཀྱི་ཁྲིད།  དབྱངས་ཅན་མ་དཀར་མོའི་ལས་ཚོགས་ཀྱི་ཁྲིད། ལོ་གྱོན་མའི་ལས་ཚོགས་ཀྱི་ཁྲིད།  མེར་གན་མཁན་པོ་དཀོན་མཆོག་སེངྒེའི་སྒྲོལ་མེའི་པྲ་འབེབས་ཀྱི་ཁྲིད། ཀླུའི་བུམ་གཏེར་གྱི་ཁྲིད། འཇམ་དཔལ་ཞི་དྲག་གི་སྲུང་བ་དང་ཚེ་བསྲིང་བའི་གདམས་པ་བཅས་ཀྱི་ཁྲིད།  འཇིགས་བྱེད་སེར་བོ་ལ་བརྟེན་པའི་ཚེ་ཁྲིད།  སྲད་བརྒྱུད་ལུགས་ཀྱི་ཚེ་ཁྲིད།  བུ་སྟོན་གོང་ཁུག་མའམ་གསེར་གྱི་རྡོ་རྗེ་རྩེ་དགུ་བ་ལ་བརྟེན་པའི་ཚེ་ཁྲིད།  ཚེ་ཁྲིད་ཞག་བདུན་མ། རབ་གནས་ཀྱི་ཁྲིད། གཟུངས་གཞུག་གི་ཁྲིད། གདུགས་དཀར་རྒྱལ་མཚན་ཐོད་འཁོར་གྱི་ཁྲིད། ཛ་བིར་རླུང་ཁྲིད།  དབེན་ས་བའི་གསུང་གི་ཆུ་བཅུད་ལེན་གྱི་ཁྲིད། རིགས་གསུམ་སྤྱི་སྒྲུབ་ཀྱི་ཁྲིད། བློ་སྦྱོང་མཚོན་ཆའི་འཁོར་ལོའི་བཤད་ལུང་། ཨ་ཁུ་ཤེས་རབ་རྒྱ་མཚོའི་གསུང་གི་མདོ་སྔགས་ཡོངས་རྫོགས་ཀྱི་ལམ་ལ་དཔྱད་སྒོམ་བྱེད་ཚུལ་གྱི་བཤད་ལུང་། ཞང་སྟོན་རིན་པོ་ཆེའི་ལམ་རིམ་གླང་སྨྱོན་འདུལ་བའི་ལྕགས་ཀྱུའི་བཤད་ལུང་། ཡང་དེ་ཉིད་ཀྱི་དམིགས་བརྩེ་མའི་འགྲེལ་བའི་བཤད་ལུང་རྣམས་དང་། ཇོ་ནང་ཁྲིད་ཆེན་བརྒྱད། རྒྱལ་དབང་འཇམ་དཔལ་ཞལ་ལུང་། བློ་སྦྱོང་སྙན་བརྒྱུད་ཆེན་མོ། སྒོ་མང་རིན་པོ་ཆེའི་བཅུ་ཆའི་སྦྱིན་སྲེག རྒྱལ་དབང་སྐལ་བཟང་བའི་གསུང་གི་དགེ་འདུན་འདུ་འཁོར་གྱི་སྒྲུབ་ཆོག སྔགས་ཆེན་དཀོན་མཆོག་རྒྱལ་མཚན་པའི་ལམ་རིམ་ཚིགས་བཅད་མ་རྣམས་ཀྱི་ལུང་བཅས་གསན། ལོ་འདིར་ཆོས་གྲའི་ཡར་ཚོགས་ཀྱི་འདོན་བསྒྲིགས་དང་འདོན་རྟ། མར་གྲོལ་གྱི་ཕེབས་བཞུགས་ཀྱི་ཕྱག་ལེན་སོགས་གྲ་ཚང་གི་འགྲིགས་ལམ་གྱི་སྤྱི་ཁོག་ལག་ལེན་དུ་འདེབས་ནུས་པ་ཕལ་ཆེར་བསྟན་པའི་འབྱུང་གནས་བཀྲ་ཤིས་འཁྱིལ་བའི་ཕྱག་བཞེས་བཞིན་གསར་དུ་འཛུགས་པར་མཛད།

དགུང་གྲངས་སོ་དགུ་བ་སྣ་ཚོགས་ཅེས་པ་ཆུ་ཕོ་རྟའི་ལོར། གསར་ཚེས་ཞིག་ནས།    རིན་འབྱུང་རྩ་བ་ལས་གུར་ཕུར་ཞབས་ཅན་གྱི་སྒྲུབ་ཐབས་ཡན། འཇམ་དབྱངས་དཀར་བོ། འཇམ་དབྱངས་ནག་པོ། འཇམ་དབྱངས་སྨྲ་སེང། མཁའ་ལྡིང་གསེར་མིག་འཁྱིལ་བ་རྣམས་ཀྱི་ལས་ཚོགས་དང་། ཆོ་འཕྲུལ་ཟླ་བའི་བཅོ་ལྔ་ལ་སེམས་བསྐྱེད་མཆོད་པ་དང་། བཅུ་དྲུག་ལ་ཀུན་རིག་གི་དབང་བཅས་གསན། ཡོངས་འཛིན་རྡོ་རྗེ་འཆང་འདི་བ་སྐབས་འདིར་ཁོ་ནར་མ་ཟད་རྣམ་པ་ཀུན་ཏུ་བླ་མ་གྲ་ཚང་གཉིས་ཆར་ལ་བྱངཆུབ་སྙིང་བོའི་བར་དུ་གཞལ་བར་དཀའ་བའི་བཀའ་དྲིན་དུ་ཆེ། དེ་ནས་ཡོངས་འཛིན་རྡོ་རྗེ་འཆང་འཁོར་བཅས་ཁྲི་ཀར་ཕེབས་པ་ན། མཛོད་མཆོག་འདུལ་བ་རྫོགས་པ་འདི་གནས་པ།། དེ་སྲིད་ཆོས་སྒྲོན་འདི་ནི་གནས་འགྱུར་ཞིང་།། ཞེས་པའི་དོན་ཐུགས་ལ་བཞག་སྟེ། རང་དགོན་གྱི་གྲ་བ་བརྒྱ་ལྷག་ཙམ་ལ་བསྙེན་རྫོགས་གནང་ཞིང་འཆལ་བ་འགའ་ཟུང་གནས་ནསདབྱུང་བ་སོགས་མཛད་ཏེ་བསྟན་པའི་རྩ་བ་སོ་ཐར་གྱི་ཕྱོགས་ལ་དག་ཐེར་དང་། གཞུང་བརྒྱ་སྨྲ་བའི་དབང་བོ་བཤེས་གཉེན་ཆེན་པོ་དགེ་རྒན་རིན་པོ་ཆེ་ལ་གཞི་གསུམ་ལག་ལེན་གྱི་ཁྲིད་ཞུས་ནས་ལོ་དེར་དབྱར་དགག་གཉིས་གསར་དུ་ཚུགས་པར་མཛད་པས་གྲ་ཚང་རིན་པོ་ཆེ་འདི་ལ་ཕན་བདེ་ཀུན་གྱི་འབྱུང་གནས་དམ་པའི་ཆོས་ཀྱི་གཞི་རྩ་རྨངས་ནས་གསོ་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ་པ་གནང་། གཉིས་པའི་ཉི་ཤུ་ལ་ཐིས་པ་དགོན་དུ་ཕེབས།  གཟའ་བསྲུང་ཉི་མ་མདུང་གང་མའི་རྗེས་གནང་དང་ལུང་ཚོགས་འགའ་བཅས་གནང་སྟེ།  གོང་བ་གྲ་ཚང་དུ་ཡོངས་འཛིན་རྡོ་རྗེ་འཆང་དང་། སྐྱབས་རྗེ་ཐར་ཤུལ་རིན་པོ་ཆེ་རྣམ་གཉིས་ལ་མཇལ། གསུམ་པའི་ཚེ༡ནས་ཡོངས་འཛིན་ཚང་གི་མདུན་ནས་བཀའ་འགྱུར་ལུང་གི་འཕྲོ་གསན།  བཞི་བའི་བཅོ་ལྔ་ནས་མེ་ལོང་སྒར་དུ་བླ་སློབ་འཁོར་བཅས་ཀྱིས་འཆད་ཉན་རྒྱུན་མི་ཆད་པར་མཛད་དེ་བདུན་པའི་ཚེས་ལ་བཀའ་འགྱུར་རིན་པོ་ཆེའི་ལུང་རྫོགས་པར་གསན། དེ་ནས་བདུན་པའི་ཉི་ཤུ་ལ། ཇོ་ཁང་གསར་བཞེངས་ཀྱི་ཆེད་དུ་མང་ར་འབའ་གཞུང་གཡུ་སྐྱོང་སོགས་ལ་ཕེབས། གཡུ་སྐྱོང་ནས་རྗེ་གསེར་ཁང་བ་ཆེན་མོའི་བསྙེན་ཐང་མཁའ་སྤྱོད་མ་བྱིན་ཅན་ཞིག་ཕྱག་ཏུ་འབྱོར།  ཕྱོགས་ཡས་མས་སུ་ཇོ་ཁང་གི་འབྲེལ་གྱི་དད་འབུལ་བྱུང་བ་རྣམས་ལ་འཕོ་ལུང་དང་བསྔོ་སྨོན་ཤིས་བརྗོད་ཀྱིས་སོ་སོའི་རེ་འདུན་བསྐངས་ནས། དགུ་བའི་ཉི་ཤུ་ལ་རང་དགོན་དུ་ཕེབས་འཕྲལ་བཅུ་བའི་ཚེས་འགོ་ལ་བཀའ་ཆོས་ཆེད་གཉེར་གྱིས་བླ་བྲང་དུ་ཕེབས། ཁོང་ཨ་ལགས་རིན་པོ་ཆེར།  མཁའ་སྤྱོད་མའི་ཆོས་ཉིད་ངོ་སྟོན་གྱི་བྱིན་རླབས་དང་། བསྐྱེད་རྫོགས་ཀྱི་ཟབ་གནད་འགའ་ཞིག་ཞུས་པ་ཐུགས་བཞེད་ལྟར་གནང་བ་གསན་ཅིང་། ཞོར་ལ་འཁྲུལ་འཁོར་དང་ལྕགས་མཁར་གྱི་ངེས་དོན་སྐོར་སྙན་བརྒྱུད་གླེང་མོའི་ཚུལ་དུ་གསན། འདིའི་སྐབས་བླ་བྲང་འཆམ་ཆེན་གྱི་ཞལ་འབག་བྱིན་ཅན་མཐོང་ཚད་ཤམྦྷ་ལར་སྐྱེ་བར་འགྱུར་བའི་ནུས་པ་དང་ལྡན་པ་དེ་རྣམས་རབ་གནས་ཀྱི་ཕྱིར་ཁོང་ཨ་ལགས་རིན་པོ་ཆེའི་གཟིམ་ཁང་དུ་ཆོས་རྒྱལ་ཞལ་འབག་གིས་སྣ་དྲངས་ཏེ་ཞུས་ཡོང་བ་ལ། ཁོང་རིན་པོ་ཆེས་རྗེ་འདིའི་ཕྱག་ཏུ་སྤོས་བཞག་ སྟེ་རྣམ་པ་གཉིས་ནས་བསུ་བ་མཛད་ཅིང་རབ་གནས་གནང་བར་བསྟན་སྲུང་རྒྱ་མཚོ་དངོས་སུ་བྱོན་པའི་དག་སྣང་འཁྲུངས། བཅུ་བའི་ཉི་ཤུ་ལ། རང་དགོན་དུ་ཆས་པར། རོང་བོ་དགོན་དུ་ཨ་རོལ་རིན་པོ་ཆེར་མཇལ། ཁོང་ལོ་དེར་དབུས་གཙང་ནས་བྱོན་པའི་གསུང་གླེངཡ་མཚན་པ་དང་། སངས་རྒྱས་འོད་སྲུང་གི་ཚེམས་ཀྱི་དུམ་བུ་ཞིག་གིས་གཙོས་རྟེན་སྣ་བྱིན་ཅན་བརྒྱ་ཕྲག་གནང་།  རྗེ་འདི་རང་གིས་ཆེད་གཉེར་གྱིས་ཞུས་པ་ལྟར་འཁྲུལ་འཁོར་གྱི་ལུང་གི་སྐོར་ཆད་བསབ་འགའ་ཞིག་གསན། བཅུ་གཅིག་པའི་ཚེས་འགོར་བྱང་ཕྱོགས་ལུམྦིའི་དགའ་ཚལ་ཆོས་སྡེ་ཆེན་པོ་སྐུ་འབུམ་དུ་ཕེབས།  ཁྱབ་བདག་ཡོངས་འཛིན་རྡོ་རྗེ་འཆང་ཆེན་པོའི་མདུན་ནས་།  སྲིད་ཞིའི་གཙུག་རྒྱན་མཚུངས་མེད་ཨ་གྱ་རིན་པོ་ཆེ་སོགས་བྱང་ཕྱོགས་བསྟན་པའི་རྩ་ལག་དུ་མ་དང་ལྷན་དུ། འཇམ་མགོན་བླ་མའི་ལེགས་བཤད་རྨད་དུ་བྱུང་བ་རྣམ་བཤད་དགོངས་པ་རབ་གསལ་གྱི་བཤད་ལུང་། འགྲེལ་བ་དོན་གསལ། གུང་ཐང་རིན་པོ་ཆེའི་འདུལ་སྡོམ།  དགེ་ལྡན་བསྟན་འབར་མ།  ཚེ་གཅིག་ཉམས་ལེན་རྣམས་ཀྱི་བཤད་ལུང་བཅས་གསན། དེ་སྐབས་སུའང་གསེར་སྡོང་ཆེན་མོའི་མདུན་དུ་ཉིན་བཞིན་མཆོད་མེ་ཕུལ་ཏེ། མདོ་སྔགས་ཡོངས་རྫོགས་ལ་ལམ་ཤར་སྒོམ་དང་འབྲེལ་བར་ཕྱག་སྐོར་དང་ཐུགས་སྨོན་རྒྱ་ཆེན་གནང་ཞིང་།  དེ་མཚུངས་སུ་སྟེང་ཞོལ་གྱི་ཆོས་རྒྱལ་གཉིས་ཀྱི་དྲུང་ནས་ཡང་བསྟན་འགྲོ་སྤྱི་སྒེར་ལ་དམིགས་པའི་འཕྲིན་བཅོལ་ནན་ཏན་མཛད།

 དགུང་གྲངས་བཞི་བཅུ་བ་ཉི་མ་ཞེས་པ་ཆུ་མོ་ལུག་གི་ལོའི་ཆོ་འཕྲུལ་ཟླ་བའི་ཡར་ཚེས་ལ་མ་ཅིག་གྲུབ་པའི་རྒྱལ་མོ་ནས་བརྒྱུད་པའི་ཚེ་དཔག་མེད་ལྷ་གཅིག་བུམ་གཅིག་གི་ཚེ་དབང་རྒྱས་པ་དང།  གཉིས་པའི་ཡར་ཚེས་ནས་སྒྲུབ་ཐབས་རྒྱ་མཚོ། བ་རི་བརྒྱ་རྩ། འཇམ་དབྱངས་ཞི་ཁྲོ་སྦྲགས་སྒྲུབ་ཀྱི་ཁྲིད། ཀུན་མཁྱེན་ཆེན་པོའི་སྒྲུབ་པའི་ཐོ་ཡིག་གི་སྟེང་ནས་རྡོ་རྗེ་འཇིགས་བྱེད་ཀྱི་གཞི་བསྙེན་གྱི་ཁྲིད། རིགས་གྲའི་གསུང་གི་ཁྲོ་བོ་སྨེ་བརྩེགས་ཀྱི་འགོང་བསྲེག  ཐུའུ་བཀོན་བཀའ་རྒྱ་མའི་ནང་ནས་ལེ་ཚན་ཁ་ཤས་བཅས་གསན་ནས་གསུམ་པའི་ཚེས་འགོར་རང་དགོན་དུན་དུ་ཕེབས།  གསུམ་པའི་ཉི་ཤུ་ལ་ཁྲི་ཀའི་མེ་ལོང་དགོན་དུ་ཕེབས་ནས།  ཡོངས་འཛིན་རྡོ་རྗེ་འཆང་གི་མདུན་དུ་སྐྱབས་རྗེ་ཐར་ཤུལ་རིན་པོ་ཆེ་དང་། སྐུ་འབུམ་ཨ་གྱ་ཚང་སོགས་དང་ལྷན་དུ་ཟླ་བ་གཅིག་ལྷག་ཙམ་ལ་བསྟན་འགྱུར་གྱི་ལུང་གསན་ཏེ་སླར་རང་དགོན་དུ་ཕེབས།    ཇོ་ཁང་གསར་བཞེངས་སྐོར་ལ་གསུང་བཀོད་གནང་།  གྲ་ཚང་གིས་ཞུས་ངོར།  འཇམ་དབྱངས་བདེ་བའི་རྡོ་རྗེའི་ཁྲིད་ཡིག་དང་། དབལ་མང་རིན་པོ་ཆེའི་ཁྲིད་ཡིག་སྦྲགས་པའི་སྟེང་ནས་སྲད་བརྒྱུད་ལུགས་ཀྱི་བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མའི་ཁྲིད་སྨིན་རྒྱས། བྱང་ཆུབ་བདེ་ལམ་དང་། རྒྱལ་དབང་ལྔ་བ་ཆེན་མོའི་འཇམ་དཔལ་ཞལ་ལུང་སོགས་ཀྱི་ལུང་གནང་། དགེ་རྒན་རིན་པོ་ཆེ་ཨ་ཁུ་བསྟན་འཛིན་རྒྱ་མཚོ་ཚང་ལ་གྲ་ཚང་ནས་དཔེ་ཁྲིད་ཞུ་རྒྱུའི་བཀའ་གནང་ལྟར་གྲ་ཚང་གིས་ཞུས་པ་དང་། རྒན་པ་ཕལ་ཆེར་གྱིས་ལམ་རིམ་བསྡུས་དོན་སོགས་ཀྱི་བཤད་པ་ཉན།  དགུན་ཉི་ལྡོག་འདས་རྗེས་སུ་རྗེ་དགེ་འདུན་ཕུན་ཚོགས་པ་དང་།  ཁྱབ་བདག་གྲགས་པ་རྒྱ་མཚོ་རྣམ་གཉིས་ལ་མཇལ་དུ་ཕེབས།

 དགུང་གྲངས་ཞེ་གཅིག་པ་ཉི་སྒྲོལ་བྱེད་ཅེས་པ་ཤིང་ཕོ་སྤྲེའུའི་ལོར་གསར་ཚེས་ལ་བླ་བྲང་དུ་ཕེབས། ཁོང་ཨ་ལགས་རིན་པོ་ཆེའི་དྲུང་ནས་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་དང་།    ཀུན་མཁྱེན་མཆོག་གི་ཡོངས་འཛིན་ཚང་གི་མདུན་ནས། རྗེ་འདི་རང་གིས་ཆེད་གཉེར་གྱིས་ཞུས་ཏེ། མདོ་སྡེ་ཟ་མ་ཏོག་བཀོད་པའི་ལུང་དང་།  བརྒྱད་སྟོང་བ་ལི་ཐང་དགེ་བཤེས་ཀྱི་མཆན་སྦྲགས་མའི་བཤད་ལུང་དང་བཅས་གསན། ཨ་ཁུ་ཚུལ་ཁྲིམས་ཚང་གི་མདུན་ནས་རྗེའི་གསུང་གི་འཕོ་ཊིཀ་གསེར་གྱི་སྒོ་འབྱེད་ཀྱི་བཤད་ལུང་དང་ཚེ་ཁྲིད་ཁ་ཤས་བཅས་གསན།  དེ་དག་གི་གསེང་བར་རྣམས་སུ་ཁོང་ཨ་ལགས་རིན་པོ་ཆེའི་མདུན་དུ་མི་ཏྲ་རྡོར་ཕྲེང་གི་དཀྱིལ་ཆོག་སྐོར་དང་།   གཟུངས་གཞུག་སྐོར་སོགས་ལ་དོགས་གཅོད་ཞུས་ཏེ་ཐོ་ཡང་གནང་། གཉིས་པའི་ཚེས་གཅིག་ལ་རང་ཡུལ་དུ་ཆས་ཏེ་ཚུར་ལམ་དུ་ལ་མོ་བདེ་ཆེན་ལ་ཕེབས། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ལ་མོ་ཡོངས་འཛིན་ཚང་ལ་མཇལ་ནས་རང་དགོན་དུ་ཕེབས། དེ་ནས་ར་ཁོ་ཧོ་ཐོག་ཐུས་སྒྲའི་སྐོར་གྱི་ས་རིས་གསན་བཞེས་གནང་རྒྱུའི་དོན་དུ་སྔ་ཕྱིར་དངོས་དང་ཡི་གེའི་ལམ་ནས་ཞུས་པ་ལྟར་གདན་ས་ཆེན་པོ་སྐུ་འབུམ་དུ་ཕེབས། སྐུ་ཕྱོགས་ར་ཁོ་ཚང་།  སྐུ་ཕྱོགས་མཚན་སྒྲོགས་ཚང་།  ཡོངས་འཛིན་རིན་པོ་ཆེའི་ཉེ་གནས་ཞི་དུལ་རྣམ་དཔྱོད་ཕུལ་དུ་བྱུང་བའི་བསྟན་འཛིན་རྒྱ་མཚོ་སོགས་ལ་སྒྲ་ཊིཀ་ལས་མཚམས་སྦྱོར་དང་མིང་ལེའི་མཇུག་ལ་ཉེ་བའི་བར་ཞིབ་ཁྲིད་དང་།  དབྱངས་ཅན་སྒྲ་མདོ་རྩ་འགྲེལ་གྱི་ཞལ་ལུང་། སྙན་ངག་མེ་ལོང་སོགས་ཀྱི་ལུང་དང་དོན་གཉེར་ཅན་ཁ་ཤས་ལ་སུམ་རྟགས་ཀྱི་ལུང་བཅས་གནང་།  ཡོངས་འཛིན་རྡོ་རྗེ་འཆང་གི་མདུན་དུ་བེ་བུམ་སྔོན་པོ་རྩ་འགྲེལ་གྱི་ལུང་དང་དབུ་མའི་སྟོང་ཐུན། འཇིགས་བྱེད་བསྐྱེད་རིམ་གསལ་བའི་གཙུག་རྒྱན། ཀུན་མཁྱེན་བླ་མའི་རྟོགས་བདུན་མཆན་འགྲེལ་རྣམས་ཀྱི་བཤད་ལུང་། འཇམ་དདཔལ་ཞི་དྲག་གི་བསྲུང་བ་ཚེ་བསྲིང་བའི་གདམས་པ་བཅས་དང་། དབལ་མང་རིན་པོ་ཆེའི་སྦྱིན་སྲེག་གི་ཞལ་གདམས་བདུད་རྩིའི་རྫིང་བུའི་ཁྲིད་རྣམས་གསན། ཤོལ་ཟླ་བཞི་བའི་ཚེས་ལ་འཇམ་མགོན་རྒྱལ་བའི་དབང་བོ་ཨ་ལགས་རིན་པོ་ཆེ་དེ་ཉིད་པཎ་ཆེན་གཞུང་གིས་སྐུ་འབུམ་དུ་གདན་དྲངས་པར་སྣང་མཐའི་སྒྱུ་འཕྲུལ་ཀུན་གཟིགས་པཎ་ཆེན་མཆོག་སྤྲུལ་རིན་པོ་ཆེ་དང་།    བྱང་ཕྱོགས་ཀྱི་ཆེ་རྒུ་ཞིབ་ཚོགས་ཀྱི་ཆོས་ཉན་པའི་ཚོགས་པ་ཆེ་བ་དང་ལྷན་དུ་ལམ་རིམ་བསྡུས་དོན་གྱི་ཞལ་ལུང་དང་དགའ་ལྡན་ལྷ་བརྒྱ་མའི་ཁྲིད་སོགས་གསན་ནས་རང་དགོན་དུ་ཕེབས།   ཇོ་ཁང་ནང་དུ་ཇོ་བོ་སྐུ་ཚད་ཆེ་རབ་དང་།  མཉམ་མེད་ཇོ་བོ་ཆེན་པོ་དང་རྗེ་རིན་པོ་ཆེའི་སྐུ་མི་ཚད་རེ་དང་། གཞན་ཡང་གཟིགས་པ་ལྔ་དང་རྒྱུད་སྡེ་བཞི་སོ་སོའི་ལྷ་གཙོ་བོ་འགས་མཚོན་པའི་སྐུ་གཟུགས་བཞི་བཅུ་ལ་ཉེ་བ་ཙམ་ཁྱད་མཚར་རང་བྱོན་ལྟ་བུ་ཤ་སྟག་བཞེངས་གྲུབ་པར་གཟུངས་གཞུག་དྲིལ་སྒྲུབ་ཚད་ལྡན་དམ་པའི་ཕྱག་བཞེས་བཞིན་ཉིན་མང་བོར་མཛད་ཅིང་། ཡུམ་འབུམ་པ། ཉི་ཁྲི། བརྒྱད་སྟོང་བ། མདོ་སྡེ་སྐལ་བཟང་རྣམས་གསེར་བྲིས་རེས་མཚོན་པའི་བཀའ་བསྟན་གསུང་རབ་འགངས་ཆེ་བ་མང་བོ་དང་། ཕུར་ལྕོག་བྱམས་པ་རིན་པོ་ཆེས་དམ་པ་དུ་མར་བརྒྱུད་དེ་འོང་བའི་སངས་རྒྱས་འོད་སྲུང་གི་ཚེམས་དང་བདེ་གཤེགས་དུ་མའི་འཕེལ་གདུང་རྣམས་ཀྱིས་གཙོས་ཡུལ་དབུས་ནས་གདན་དྲངས་པའི་བྱིན་རྟེན་མང་བོ་དང་། སྣང་བ་མཐའ་ཡས་པཎ་ཆེན་ཆོས་ཀྱི་ཉི་མའི་ཞབས་དང་། ཀུན་མཁྱེན་མཆོག་སྤྲུལ་རིན་པོ་ཆེ་དང་།  ཐམས་ཅད་མཁྱེན་པ་ཨ་ལགས་རིན་པོ་ཆེ་དང་། འཇམ་དབྱངས་བསྟན་པའི་སྒྲོན་མེའི་མཆོག་སྤྲུལ་རིན་པོ་ཆེ་དང་། སྐུ་འབུམ་ཆོས་བཤེས་མཆོག་གི་ཞབས་དང་།  ངེས་དོན་གྱི་གྲུབ་དབང་ཁ་གྱ་རིན་པོ་ཆེ་དང་། ལྕང་ལུང་ཁྲི་ཆེན་འཇམ་པའི་དབྱངས་དང་།  ཕྱག་ན་པདྨོ་ཨ་རོལ་རིན་པོ་ཆེ་སོགས་བསྟན་འགྲོའི་དོན་གྱི་ཁུར་ཆེན་བཞེས་པའི་ཚད་ལྡན་གྱི་མཁས་གྲུབ་དམ་པ་ཤ་སྟག་གི་འཁོར་ལོའི་མཚན་པ་ཅན་གྱི་ཕྱག་མཐིལ་གཟི་འོད་འབར་བ་ནས།  རྗེ་རིན་པོ་ཆེ་འདིས་དངོས་སུ་བཞེས་པའི་སངས་རྒྱས་བྱང་སེམས་མང་བོ་ལས་བབས་པའི་རིང་བསྲེལ་འཕེལ་གདུང་། ན་བཟའ་དབུ་ལོ། ཐུགས་དམ་ཕྱག་མཚན་སོགས་དང་།  གཞན་ཡང་རྒྱ་གར་ནག བོད་མདོ་དབུས་ཀྱི་རྟེན་འདུས་རིལ་བུ་སོ་སོ་དང་གྲུབ་པའི་གནས་ཆེན་རྣམས་ཀྱི་རྟེན་སྣ་སོགས་སྲིད་ན་རྙེད་པར་དཀའ་ཞིང་ཡིད་ཆེས་ཀྱི་གནས་སུ་གྱུར་བའི་སྐུ་གསུང་ཐུགས་ཀྱི་རིང་བསྲེལ་བྱིན་རྟེན་ཤ་སྟག་གིས་གཏམས་པར་མཛད་ནས་རང་ཅག་རྣམས་ཀྱི་ཕན་བདེའི་གཞི་རྩ་དང་བསོད་ནམས་ཀྱི་ཞིང་མཆོག་དམ་པར་བྱིན་རླབས་ཀྱི་གཏེར་དུ་བསྐྲུན་པར་མཛད། ལོ་འདིར་གྲ་ཚང་ལ། བླ་མ་མཆོད་པའི་ཁྲིད་ཞིབ་རྒྱས། རྣམ་འཇོམས་རྗེས་གནང་།  འཇམ་དབྱངས་བསྟོད་སྤྲིན་རྒྱ་མཚོ། རྒྱན་འཇུག་གཉིས། སྤྱོད་འཇུག་ཆེན་མོ།  ཐར་མདོ་རྣམས་ཀྱི་ལུང་དང་། གྲ་བ་ཉི་ཤུའི་སྐོར་ལ་གཅོད་དབང་ལན་གཉིས་དང་ཁྲོས་ནག་སྒྲུབ་ཐབས་སྐོར་གྱི་ལུང་སོགས་ཀྱིས་བཀའ་དྲིན་བསྩལ། 

དགུང་གྲངས་ཞེ་གཉིས་པ་ཤིང་མོ་བྱའི་ལོར། གསུམ་པའི་བཅུ་དགུ་ལ་ལྷ་འབངས་ཆེད་ཚང་མས་ཞུས་ངོར་ཁྱམ་ཚང་སྤྱི་ཁང་དུ་ཕེབས་ནས་ཚོགས་པ་ལྔ་བརྒྱ་ལྷག་ལ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་དབང་སྟ་གོན་བཅས་དང་།  གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་།  ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ། རྟ་མགྲིན། གུར་དྲག  གདུགས་དཀར། སྒྲོལ་མ། འོད་ཟེར་ཅན་མ་རྣམས་ཀྱི་རྗེས་གནང་དང་། སྐྱབས་འགྲོ།  མ་ཎི་སོགས་འདོད་ཆོས་ཟབ་མོ་མང་བོའི་ལུང་བཅས་བསྩལ། དེ་ནས་གྲ་ཚང་གི་བཅའ་ཡིག་གསར་རྩོམ་མཛད་གྲུབ་པ་མགོན་ཁང་ཆེན་མོར་གྲ་ཚང་ཚོགས་དབུས་སུ་བསྟོད་བསྔོས་འཕྲིན་བཅོལ་བཅས་གསུང་མཐར་ཆོས་སྲུང་དཔང་བཞག་གི་ཚུལ་གྱིས་ལྗགས་ཀློག་གནང་སྟེ། མཇུག་རྩོམ་ལས། ཁྱད་པར་མཉམ་མེད་དགེ་ལྡན་རིང་ལུགས་ཀྱི།། བཤད་སྒྲུབ་དར་ཞིང་རྒྱས་མཛད་ཆོས་ཀྱི་གླིང་།། རྒྱལ་བསྟན་རྒྱལ་ཁམས་ཁྱབ་པར་སྤེལ་མཛད་པའི།། མཁས་གྲུབ་ཚོགས་ཀྱིས་རྟག་ཏུ་སྐྱོང་གྱུར་ཅིག།ཅེས་དང་། མྱུར་མཛད་མགོན་དང་རྣམ་སྲས་ཆོས་ཀྱི་རྒྱལ།། དམག་ཟོར་མ་སོགས་བསྟན་སྲུང་རྒྱ་མཚོ་ཡིས།། ཕ་མ་མཛངས་པའི་བུ་བཞིན་བསྲུང་སྐྱོབ་དང་།། མཐུན་རྐྱེན་སྒྲུབ་ལ་ནམ་ཡང་གཡེལ་མེད་མཛོད།། ཅེས་ཤོ་ལོ་ཀ་གཉིས་པོ་ཧ་ཅང་དལ་བུས་ལན་གསུམ་རེ་དང་། ཀུན་མཁྱེན་བླ་མའི་མཛད་པའི་སྨོན་ཚིག དགོན་སྡེ་འདིར་ཡང་བསླབ་པ་གསུམ་ལྡན་ཞིང་།། བྱམས་དང་སྙིང་རྗེས་རྒྱུད་བཀང་མཁས་ཤིང་བཙུན།། གསུང་རབ་དྲང་ངེས་རིགས་པས་ལེགས་རྟོགས་ནས།། ལམ་རིམ་གཉིས་སོགས་ཐུབ་བསྟན་དར་བར་ཤོག། ཐུན་མོང་ལམ་གྱིས་རྒྱུད་སྦྱངས་སྡོམ་གསུམ་ལྡན།། རིམ་གཉིས་རི་དབང་ལྟར་བརྟན་རྣལ་འབྱོར་དང་།།  སྨིན་བྱེད་དབང་དང་གྲོལ་བྱེད་བསྐྱེད་རྫོགས་ཀྱི།  ཉམས་ལྡན་མཁས་གྲུབ་མང་བོས་ས་ཁྱབ་ཤོག། ཅེས་པ་ལན་གསུམ་དང་། སྤྱོད་འཇུག་ནས་གསུངས་པའི་གཙུག་ལག་ཁང་རྣམས་ཀློག་པ་དང་།། ཞེས་སོགས་དགེ་འདུན་མཐུན་པ་དང་ཆོས་སྤྱོད་རྒྱས་པའི་སྨོན་ཚིག་བཅས་གསུངས་ནས་བཅའ་ཡིག་རིན་པོ་ཆེ་གྲ་ཚང་ལ་གནང་བར་མཛད། སྐུ་ན་ཕྲ་བའི་དུས་ནས་གྲ་ཚང་གི་འདོན་རྟ་དབྱངས་གསུམ་གར་ཐིག་ཕྱག་རྒྱ་རོལ་མོ་འབུལ་དཀྲོལ་གཏོར་མའི་བཅའ་བཟོ་སོགས་ལ་དག་ཐེར་ནན་ཏན་གནང་ཞིང་།  སྐབས་ཀྱི་ལས་ཐོག་པ་འགྲིགས་སྲོལ་ཁུར་ལེན་གྱི་ཡར་སེམས་ཅན་རེ་བྱུང་བ་ལ་ཐུགས་དགྱེས་བརྩེ་ཆེན་པོས་དབུགས་དབྱུང་གཟེངས་བསྟོད་དང་། དམིགས་བསལ་གྱི་རིགས་གནང་བ་ཚུན་ཆད་མཛད་ལ། ལྷག་པར་ལོ་སྔ་ཕྱི་འདིར་ཆོས་གྲ་ལ་གཟིགས་རྟོག་རྒྱུན་ལྡན་དང་། ཚོགས་སུ་བསླབ་བྱ་དང་ཚོགས་གཏམ་འགའ་ཡར་མཛད་པ་སོགས་འགྲིགས་སྲོལ་དང་ཆོས་གྲར་དམར་བའི་ཐབས་སུ་གང་འགྱུར་གནང་།  བཞི་བའི་ཚེས་དྲུག་ལ། མངའ་འབངས་སྐྱ་ནག་སྟོད་སྨད་ཀྱིས་སྤྱི་ཁང་དུ་ཞུས་ལྟར་ཕེབས་ནས། ཚོགས་པ་སྟོང་ཕྲག་ཙམ་ལ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་དབང་སོགས་གོང་གི་ཆེད་ཚང་མར་གནང་བའི་ཆོས་བཀའ་དེ་དག་ཆ་ཚང་བར་གནང་།    སྐྱ་ནག་སྔགས་མང་ནས་ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་གྱི་ཆོ་གའི་རྟ་འདུར་དབྱངས་གསུམ་དང་། རོལ་མོ་འབུལ་དཀྲོལ་དང་འཆམ་རྒྱུག་རྔམ་བརྗིད་ཅན་འབུལ་བ་སོགས་ཆོས་མཐུན་གྱི་བཀུར་བཟོས་ཆེ་བ་ཞུས། བཞི་བའི་ཚེས་བཅུ་ལ་ཚོ་དྲུག་གི་སྤྱི་ཁང་དུ་ཞུས།  སྐྱ་སེར་ཚོགས་པ་སྟོང་དང་ཉིས་བརྒྱ་ལྷག་ལ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་སོགས་སྔར་གྱི་ཕྱོགས་ཀ་གཉིས་ལ་གང་གནང་མ་ལུས་པར་གནང་། འདི་སྐབས་སྔགས་རབས་སྔ་མ་ནས་བརྒྱུད་པའི་འཆམ་རྒྱུག་དང་།  ལོ་རྒྱུན་མར་སྒྲུབ་པའི་མ་ཎི་དུང་ཕྱུར་སོ་ལྔ་དང་། སྨྱུང་གནས་ཁྲི་གསུམ་དང་སྟོང་ལྔས་མཚོན་པའི་དགེ་སྒྲུབ་ཀྱི་ཞབས་བརྟན་ཕོན་ཆེ་བ་འབུལ་བ་སོགས་ཆོས་མཐུན་གྱི་བཀུར་བཟོའི་རིགས་རྒྱ་ཆེར་ཞུས། ས་གའི་བཅུ་བཞིའི་ཐོ་རངས་ལ་ཚོ་དྲུག་གི་སྨྱུང་གནས་ཆོས་ཐོག་ལ་ཚོགས་པའི་སྨྱུང་གནས་པ་ཕོ་མོ་དྲུག་བརྒྱ་དང་བཞི་བཅུ་ཙམ་ལ་ཐེག་ཆེན་གསོ་སྦྱོང་གི་སྡོམ་རྒྱུན་གནང་། འདི་སྐབས་བཀའ་ཆོས་དང་འབྲེལ་བར་ཁམས་བསྟུན་གྱི་བསླབ་སྟོན་བྱིན་ཅན་གནང་བར།  ཚོགས་པ་མཐའ་དག་གི་སེམས་རྒྱུད་ཀྱི་ས་གཞི། རྨད་བྱུང་གསུང་གི་བྱིན་རླབས་བདུད་རྩིས་རབ་ཏུ་བརླན་པར་གྱུར་བའི་མཚན་མ་མངོན་པར་གསལ་ཏེ། ཕྱོགས་ཀ་སོ་སོའི་འགོ་བ་རྣམས་ནས་མ་བསྐུལ་རང་ཁུར་གྱི་ངོས་ནས་རི་དྭགས་སོགས་བསད་མི་ཆོག་པའི་ཁྲིམས་ལྕི་བཙན་འཇོག་པ་དང་། རྒན་གཞོན་སོ་སོ་ནས་ཇི་སྲིད་འཚོའི་བར་དུ་ཉེས་མེད་ཀྱི་སེམས་ཅན་གཞན་མི་གསོད་པའི་དམ་བཅའ་འབུལ་བ་དང་། དགེ་རྩ་བསགས་ཟིན་འབུལ་མཁན་དང་། བསགས་འགྱུར་གྱི་དགེ་སྒྲུབ་རྒྱུན་ལྡན་ཁས་ལེན་མཁན་མང་དུ་བྱུང་བ་སོགས་ཚོགས་པ་ཕལ་ཆེ་བའི་རྒྱུད་ལ། མངོན་མཐོ་ངེས་ལེགས་སྒྲུབ་བྱེད་ཀྱི་དད་ཤེས་བསྐྲུན་པར་མཛད་པ་ལ་བརྟེན་ནས། གཞི་བསྡུ་བ་ལས། དེ་བས་ན་གཅིག་ནས་གཅིག་ཏུ་བརྒྱུད་དེ་མཐུན་པར་བསྐོར་བའི་དོན་གྱིས་འཁོར་ལོ་ཞེས་བྱའོ་ཞེས་སོགས་ཀྱིས། བཅོམ་ལྡན་འདས་ནས་བསྐོར་བའི་ཆོས་འཁོར་དེ་གདུལ་བྱའི་རྒྱུད་ལ་རིམ་གྱིས་འཕོ་ཚུལ་གསུངས་པ་ལ་ངེས་པ་རྙེད། སྐབས་འདི་ཙམ་དུ་མ་ཟད་རྗེ་འདི་དུས་ཀུན་ཏུ་ཕྱོགས་ཀ་སོ་སོའི་མ་ཎི་དུང་ཕྱུར་དང་།  སྨྱུང་གནས་སྟོང་ཕྲག་གི་ཆོས་སོགས་ལ་དག་ཐེར་དང་གཟིགས་རྟོག་གནང་ཞིང་།  དགེ་རྒྱུན་སྔར་ཡོད་གསོ་བ་དང་།   སྔར་མེད་གསར་འཛུགས་སོགས་མཐར་ཐུག་གཏན་དུ་ཕན་པའི་ཐབས་དང་། གནས་སྐབས་སྲིད་སྒྲུབ་རིམ་གྲོའི་བཀའ་གནང་གི་ཁུར་བཞེས་སོགས་རྣམ་ཀུན་དགེ་བའི་ཕུལ་བྱུང་ལེགས་མཛད་མཆོག་གིས་ཡུལ་ཁམས་འདིར་ཕན་བདེའི་མཛོད་ཀྱི་སྒོ་བརྒྱ་ཡངས་པོར་ཕྱེ་བ་དང་། ཤི་སྔས་ལྟ་བུར་ཕེབས་པ་ན་ཡང་བསྔོ་རྟེན་དངོས་པོའི་ཆེ་ཆུང་ལ་གཏན་ནས་མི་གཟིགས་པར་སྐབས་ཀྱི་ལྟོས་བཅས་དག་ལ་དམིགས་པའི་ཚད་མེད་ཐུགས་རྗེ་ཁོ་ནའི་དབང་དུ་གྱུར་ཏེ། དབང་བསྐུར་ལམ་སྟོན་སོགས་ཀྱི་ཆོ་ག་དག་ཅིང་དལ་བས་ཚིག་དོན་ངོ་འཕྲོད་ལྟ་བུར་བྱས་ནས་ཚེ་འདས་འགའ་ཞིག་རྗེས་ཤུལ་གྱི་ཉེ་དུ་རྣམས་ལ་ངག་བཀོད་བཅོལ་དམ་གྱི་ཆེད་དུ་ཤི་མ་ཐག་གཞན་ལ་འབབས་པ་དང་། སྐབས་ལ་ལར་གཤེད་མ་དྲི་ཟའི་རིགས་ཚེ་འདས་ཀྱི་ཆ་བྱེད་བཟུང་ནས་གཞན་ལ་དབྱེར་མེད་དུ་འབབས་པའང་ཕྱོགས་འདིར་སྣང་བས།  དེ་ཐམས་ཅད་འཕོ་བའི་སྐབས་སུ།  འབབ་ཡུལ་གྱི་མི་དེ་ལས་བཙན་ཐབས་སུ་བསྐྲད་པར་མཛད་པ་སོགས་འབྲེལ་ཐོག་དེ་དང་དེ།  དག་པའི་ཞིང་ཁམས་མཆོག་ཏུ་དྲངས་ཏེ་འཁོར་བའི་རྒྱུན་ལམ་བཅད་པའི་མཐུ་བྱིན་གྱི་རྟགས་མཚན་མངོན་དུ་གྱུར་བ་དང་།  རྒྱུན་གྱི་འཁོར་ལོ་གསུམ་གྱི་བྱ་བ། བསླབ་པ་གསུམ་གྱི་ཉམས་ལེན། ཐོས་བསམ་བསྒོམ་སྒྲུབ་ཕྱག་གནང་མཆོད་འབུལ་སོགས་ཐུགས་དམ་ཉམས་བཞེས་ཀྱིས་བསྡུས་པའི་རྒྱ་ཆེན་ཚོགས་གཉིས་ཇི་སྙེད་ཅིག་བསགས་པའི་དགེ་བ་མཐའ་དག  ཡུལ་ཁམས་འདིས་མཚོན་པའི་མཁའ་ཁྱབ་ཀྱི་འགྲོ་བ་ཀུན་དང་བསྟན་པ་སྤྱི་སྒེར་ལ་གཅིག་ཏུ་ཕན་པའི་རྒྱུད་བླ་ལྷག་ཏུ་བསྒྱུར་བར་མཛད་པ་སོགས་བསྟན་འགྲོ་ཡོངས་ལ་སྐུ་དྲིན་ཆེས་ཆེ་བ་ཞིག་ཡིན་པ་ནི།  འཇམ་དབྱངས་བསྟན་པའི་སྒྲོན་མེས། གཡོ་ཅན་སེམས་དང་ལུས་ངག་མི་མཐུན་ཀྱང་།། ལུས་ངག་སྒོ་ནས་དཔག་པ་མི་འགལ་ཏེ།། ཞེས་གསུངས་པ་ལྟར་སྐབས་སྐབས་ཀྱི་བསྔོ་སྨོན་ཧུར་ཚུགས་ཀྱིས་སྐྱབས་འཇུག་གནང་ཚུལ་གྱི་རིགས་བྱེད་ལ་བརྟེན་ནས་དཔག་པར་གྱུར་ཏོ།། དེས་ན་འཇམ་དབྱངས་བླ་མས།  ཀུན་ཀྱང་བསྟན་འགྲོའི་དོན་དུ་བསྔོ་བས་བཟང་།།  གསུངས་པ་ལྟར་རྗེ་འདི་ལ་བཟང་བོའི་ཡོན་ཏན་གྲུབ་ཅིང་། བྱང་སེམས་རྟག་ཏུ་ངུ་དང་མི་ལ་བཞད་པའི་རྡོ་རྗེ་བཞིན་དུ་ཟབ་དོན་ལུང་ཁྲིད་མན་ངག་གི་ཆེད་དུ་དཀའ་བ་མཐའ་དག་ཁྱད་དུ་བསད་ནས།  ཉེ་རིང་གང་དུ་གནས་པའི་ཆོས་ཀྱི་སྡེ་ཆེན་པོ་བསྟན་པའི་འབྱུང་ཁུངས་རྣམས་སུ་ཟུང་འཇུག་གྲུབ་པའི་དབང་བོ་དུ་མ་ལས་མདོ་སྔགས་རིགས་གནས་རབ་འབྱམས་ཀྱི་གཞུང་ལ་གསན་སྦྱངས་རྒྱ་ཆེར་གནང་སྟེ་གདམས་པ་རིན་པོ་ཆེའི་གཏེར་དུ་མངའ་བསྒྱུར་བས་ན། མང་དུ་ཐོས་པ་རྒྱ་ཆེར་བཙལ་བས་མཁས་ཞེས་པ་ལྟར་གྱི་མཁས་པའི་ཡོན་ཏན་གྲུབ་ལ།  དེ་ལྟར་ཐོས་པའི་དོན་རྣམས་ཀྱང་གོང་དུ་བཤད་པ་ལྟར་ཉིན་མཚན་ཀུན་ཏུ་སྡོམ་གསུམ་གྱི་བསྲུང་མཚམས་དག་པ་སོགས་ཀྱི་ཉམསབཞེས་ལ་གཅིག་ཏུ་ཁྱེར་བར་མཛད་པས་ན། ཐོས་དོན་ཇི་བཞིན་རྒྱུད་ལ་སྦྱོར་བས་བཙུན་ཞེས་པ་ལྟར་གྱི་བཙུན་པའི་ཡོན་ཏན་དང་། བསླབ་པ་གསུམ་ལས་ལྷག་པ་ཚུལ་ཁྲིམས་ལྡན་ཞིང་། ཏིང་ངེ་འཛིན་གྱི་བསླབ་པ་ཡང་གསང་སྔགས་རྡོ་རྗེའི་ཐེག་པའི་ཕྱོགས་ཀྱི་ཏིང་ངེ་འཛིན་ཐུན་མོང་མ་ཡིན་པའི་རྣལ་འབྱོར་རྣམས་ཀྱི་གདངས་དང་ཡང་ལྡན་པ་ལྟ་ཅི་སྨོས་ཀྱང་། བདག་ལ་དེ་ཕྱོགས་ཀྱི་ཐོས་ལོ་ཙམ་ཡང་མི་ལྡན་པས་དེ་འདྲ་སྣང་སྟབས་ག་ལ་ཡོད། འོན་ཀྱང་དཔྱད་སྒོམ་ནི།  སྒོམ་དང་ཏིང་ངེ་འཛིན་གྱི་མཆོག་ཏུ་བཞེད་པ་རྗེའི་ཁྱད་ཆོས་བླ་ན་མེད་པ་ཡིན་པར་དམ་པ་རྣམས་ཀྱི་གསུང་ལས་འབྱུང་བའི་ཕྱིར་ན། རྗེ་འདིས་ཇ་འཕྲོས་ཚུན་ཆད་ལ་ཡང་གླེགས་བམ་རེའི་ཞལ་ཕྱེ་ནས་ཐུགས་དཔྱད་མི་གནང་བ་མི་སྲིད་པས་ཏིང་ངེ་འཛིན་གྱི་བསླབ་པ་རྒྱུན་ཆགས་པའི་ཡོན་ཏན་ལྡན་པར་གྲུབ་ལ། ལུང་གི་ཆོས་ལ་འཆད་ཉན་འདི་འདྲ་བྱས་པ་ལས་ཤེས་རབ་ཀྱི་བསླབ་པའི་ཡོན་ཏན་ལྡན་པར་ལུང་རྟོགས་ཀྱི་བསྟན་པ་རྒྱུ་འབྲས་སུ་གསུངས་པས་བསྙོན་མེད་དུ་འགྲུབ་པས་ན་ལྷག་པའི་བསླབ་པ་གསུམ་གྱི་ཡོན་ཏན་ཆེ་བར་གྲུབ་སྟེ།  དེ་ལྟར་ན་ལུང་ཆོས་སྡེ་སྣོད་གསུམ་གྱི་འཆད་ཉན་དང་།། རྟོགས་པའི་བསྟན་པ་བསླབ་གསུམ་ཉམས་ལེན་ཏེ།།  མཁས་ཤིང་གྲུབ་པའི་རྣམ་ཐར་རྨད་དུ་བྱུང་།། ཞེས་པ་ལྟར་མཁས་བཙུན་བཟང་གསུམ་དང་། ངེས་དོན་གྱི་མཁས་གྲུབ་དམ་པའི་རྣམ་ཐར་རྨད་དུ་བྱུང་བ་ནི།  བདག་གི་བླ་མ་རིན་པོ་ཆེ་འདི་ལ་མི་ལྡན་པ་མེད་དོ།། གཞན་མངོན་ཤེས་སོགས་ཐུན་མོང་གི་ཡོན་ཏན་རྣམས་དང་། འཇིག་རྟེན་ན་གྲུབ་རྟགས་སུ་གྲགས་པ་འགའ་རེ་ཡང་དག་སྣང་ཅན་ཁ་ཤས་ལ་སྣང་བར་ཡོད་ཅིང་། འཇམ་དབྱངས་བླ་མས། མངོན་ཤེས་ཏིང་འཛིན་ལས་བྱུང་ཕྱིར།། དེ་རྒྱུ་ཚུལ་ཁྲིམས་ལ་རག་ལས་གསུང་བ་ལྟར། རྒྱུ་ཚུལ་ཁྲིམས་དེ་འདྲ་བ་ལ་འབྲས་བུ་མངོན་ཤེས་སོགས་མི་འཁྲུལ་བ་ནི། མ་ཚང་མེད་རྒྱུ་དེ་ལ་ནི།།  འབྲས་བུ་གང་གིས་ལྡོག་པར་འགྱུར་ཞེས་སོགས་ལུང་རིགས་དུ་མས་ཀྱང་གྲུབ་ལ། འོན་ཀྱང་རྗེ་འདི་རང་ཉིད་ཀྱིས་ཆབ་ཤོག་ཞིག་ལས།  གཞན་སེམས་ཤེས་པའི་མངོན་ཤེས་བདག་ལ་མེད།། ཐོ་ཅོ་བྱེད་འདོད་བསམ་པ་བདག་ལ་མེད།། དེ་ལྟའི་གྲགས་འདོད་བསམ་པའང་བདག་ལ་མེད་ཅེས་སོགས་སྐབས་དུ་མར་གསུངས་ཤིང་། རྣམ་པ་ཀུན་ཏུ་བཀའ་གདམས་རྣམ་ཐར་གཙང་མ་ལྷུར་བཞེས་ཏེ་རང་ཉིད་ཀྱི་ཡོན་ཏན་མཐའ་དག་ཤིན་ཏུ་སྦས་པ་མཛད་འདུག་པས།  བླ་མ་ཐ་མལ་དུ་སྣང་བར་མ་ཟད་འཛིན་པར་ཡང་བྱེད་པའི་ལོག་ལྟ་མཁན་བདག་ལྟ་བུ་ལ་དེ་འདྲ་སྣང་བའི་སྐལ་བ་མ་ཐོབ་ཀྱང་། ཅིག་ཅར་རིགས་མི་མཐུན་སྐྱེ་ཡང་། ཤིན་ཏུ་གསལ་བའི་སེམས་གཅིག་གིས་ནུས་ནུས་པ་ཉམས་ཞེས་གསུངས་པ་ལྟར་སེམས་ཅན་རྣམས་ཀྱི་རྣ་བའི་ཤེས་པ་ཡུལ་ལ་ཧ་ཅང་གཏད་ཚེ།  དབང་ཤེས་གཞན་རྣམས་ཀྱིས་ཡུལ་ངེས་པ་མི་སྲིད་ལ།  རྗེ་འདིས་བཀའ་ཆོས་ཀྱི་གསུང་བཤད་ལ་ཐུགས་ཧ་ཅང་གཏོད་པ་དང་། ཟིན་ཐོ་བྲི་བའི་བྱ་བ་དུས་གཅིག་པར་མཛད་ནས་སྟོན་པའི་འཁོར་དུ་བྱོན་པའི་བཀའ་བསྡུད་པ་པོའི་དགྲ་བཅོམ་ཆེན་པོ་རྣམས་དང་ཆོས་མཚུངས་པར་བླ་མའི་གསུང་བཤད་རྒྱ་མཚོ་ལྟ་བུ་འཛིན་པའི་མཁྱེན་རབ་ལ་སུས་ཀྱང་འགྲན་དུ་མེད་པ་འདི་འདྲ་སོགས་རྒྱུ་མཚན་ཡང་དག་ཏུ་བྱས་ནས།  བླ་མེད་བྱང་ཆུབ་བརྙེས་པའི་མཉམ་རྗེས་ངོ་བོ་གཅིག་པ་ཞིག་ཏུ་ཁས་ལེན་པ་ལ་ཤིན་ཏུ་སྤྲོ་བར་གྱུར་ཏོ།། བཞི་བའི་བཅུ་དགུ་ལ་སྤྲེལ་རྫོང་དུ་ཨ་རོལ་རིན་པོ་ཆེར་མཇལ་དུ་ཕེབས། ལམ་ཁར་དབུས་གཞུང་གི་ཆུ་ཁ་ཞིག་ཏུ་ངལ་གསོ་གནང་བར། མདུན་དུ་རླུང་འཚུབ་ཧ་ཅང་ཆེ་བའི་རྩེ་མོར་འཇའ་ཁ་དོག་ལྔ་བ།  དེའི་ཡང་རྩེ་མོར་སྤྲིན་ཤིན་ཏུ་དཀར་བའི་སྣེ་ནམ་མཁའི་སྤྲིན་ཕུང་སྟུག་པོ་ལ་ཟུག་པ་ཞིག་བྱུང་བས་དེར་འཁོར་ཀུན་ཡ་མཚན་པ་བྱུང་། ལྔ་བའི་ཚེས་བཅོ་ལྔ་ལ་རང་དགོན་དུ་ཕེབས། བཟོ་རིགས་ཀྱི་གནས་ལ་དད་བརྩོན་རྣམ་དཔྱོད་མཆོག་ཏུ་ཡངས་པའི་བཟོ་བོ་མཁས་པ་རྒྱ་མཚོ་ཐར་བོས་ནས་ཇོ་ཁང་ཕྱི་ནང་དུ་ལོ་སྔ་ཕྱིར། མདོ་རྒྱུད་བསྟན་བཅོས་ནས་འབྱུང་བའི་མཆོད་པའི་བྱེ་བྲག་དང་།  ཡོ་བྱད་ཀྱི་ཁྱད་པར་སྣ་ཚོགས་དང་། ཐོས་བསམ་བསྒོམ་གསུམ་གྱི་རི་མོ་སོགས་རྟེན་འབྲེལ་དང་།  དགོས་པ་ཆེ་བའི་ཚོན་རིས་ཀྱི་སྐོར་རྣམས་ཁྱད་པར་དུ་འཕགས་པ་བྲི་བར་མཛད། དབྱར་ཐོག་འདིར་རང་དགོན་གྱི་བསྒྲུབ་བྱ་མང་བོ་ཞིག་དགེ་ཚུལ་དུ་སྒྲུབས། གྲ་ཚང་གིས་ཞུས་པ་ལྟར།  དཔེ་ཆོས་རིན་ཆེན་སྤུང་བ་དང་། བེ་བུམ་སྔོན་པོའི་འགྲེལ་བ།ལམ་རིམ་བདེ་ལམ། བློ་སྦྱོང་སྙན་རྒྱུད་ཆེན་མོ།  ལམ་རིམ་དམར་ཁྲིད་མྱུར་ལམ་རྣམས་ཀྱི་ལུང་ཆོས་བཀའ་དྲིན་དུ་བསྩལ། དགུ་བའི་ཚེས་བརྒྱད་ལ། ཞལ་ནས། ཆུང་དུས་ནས་ད་བར་དུ་འབྲུ་བསོད་སོགས་ཤི་གསོན་གྱི་དད་འབུལ་བསྡུད་རྒྱུ་མང་སོང་། དེ་རིང་དེ་དག་ལ་སྦྱངས་ཆོག་རྒྱས་པའི་སྒོ་ནས་རང་གི་དཀོར་སྦྱོང་ཞིག་བྱ་གསུངས་ནས།  སྨོན་ལམ་རྣམས་དང་། འཇིགས་བྱེད་བདག་འཇུག གཟུངས་སྔགས་རྣམས་ཉི་མ་ཡོལ་གྱི་བར་གསུངས་པར་མཛད་པ་ནི། ད་སྐབས་དཔྱད་ན་དེ་དུས་ནས་ཐུགས་དགོངས་ཞིག་ཡོད་པ་འདྲ།

 དགུང་གྲངས་ཞེ་གསུམ་པ་མེ་ཁྱི་ལོའི་གསར་ཚེས་བརྒྱད་ལ་སྨོན་ལམ་གསུང་ཆོས་གཉིས་བཀྲ་ཤིས་འཁྱིལ་གྱི་ཕྱག་བཞེས་བཞིན་གསར་ཚུགས་མཛདདེ་གསུང་ཆོས་ཀྱི་བཤད་པ་རྒྱས་པ་གནང་། གཉིས་པའི་བཅུ་གཅིག་ལ་གྲུབ་དབང་འབེ་ཙ་སྐུ་གཤེགས་པའི་གསལ་འདེབས་ལ་ཕེབས། བཅུ་གསུམ་ལ་སྐུ་གདུང་བསྲེག་ཆོག་གནང་བའི་མེ་འབུལ་ཁར་ཡེ་ཤེས་པ་ནམ་མཁར་བཏེགས་པའི་ཚིག་རིས་ཀྱི་སྐབས་གློ་བུར་དུ་ནམ་མཁའ་གཡའ་དག་པར་དབང་གཞུ་བཀྲ་བའི་འཇའ་ཚོན་ཤར་བ་སོགས་སྐུ་གདུང་ལྷ་དངོས་སུ་བསྐྱེད་པ་དང་། ཡེ་ཤེས་པ་དངོས་སུ་གཤེགས་སྟིམ་བྱེད་པའི་རྟགས་མཚན་མངོན་དུ་གྱུར། གཉིས་པའི་བཅུ་དགུ་ལ་སྐུ་འབུམ་གདན་ས་ཆེན་པོར་ཀུན་གཟིགས་ཨ་ལགས་རིན་པོའི་དྲུང་དུ་བཀའ་ཆོས་གསན་པར་ཕེབས། དབེན་ས་སྙན་བརྒྱུད་ཀྱི་གཅོད་དབང་དང་། ཞི་བ་ལམ་ཟབ་ཀྱི་ཁྲིད། མི་ཏྲ་དང་དུས་འཁོར་གྱི་དབང་སོགས་གསན་ནས་དབང་བཤད་ཕྱག་ལེན་དང་བཅས་པའི་ཟིན་བྲིས་ཡང་མཛད།  ལྔ་བའི་ཚེས་པ་གཉིས་ནས་བསྙུང་ཚུལ་བསྟན་ཏེ། གསུང་འཕྲོས་ལ། སྟོན་པ་ཕུན་སུམ་ཚོགས་པ་ཕྱི་ནང་གི་དེ་ཉིད་བཅུ་ལྡན་འདི་ལྟ་བུའི་དྲུང་ནས།  དུས་ཕུན་སུམ་ཚོགས་པ་བཅོམ་ལྡན་འདས་ཀྱིས་ཤེར་མདོ་དང་དུས་འཁོར་རྩ་རྒྱུད་གསུངས་པའི་དུས་ཆེན་ནག་པ་ཉ་ལ། གནས་ཕུན་སུམ་ཚོགས་པ་རྒྱུད་ནས་འཇམ་དཔལ་གྱི་ཞིང་དུ་ལུང་བསྟན་པའི་སྐུ་འབུམ་ཆོས་ཀྱི་ཞིང་མཆོགའདིར། འཁོར་ཕུན་སུམ་ཚོགས་པ་པཎ་ཆེན་སྣང་མཐའི་མཆོག་སྤྲུལ་སོགས་མདོ་དབུས་ཀྱི་སྐྱེས་ཆེན་དམ་པ་འདི་འདྲའི་ཚོགས་པ་དང་ལྷན་དུ་ཆོས་ཕུན་སུམ་ཚོགས་པ་དུས་འཁོར་གྱི་དབང་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཟབ་ཆོས་འདི་འདྲ་ལ་ལོངས་སྤྱད་ནས་ཤི་སོང་ནའང་དེ་ལས་དོན་ཆེན་པོ་འགྲུབ་རྒྱུ་མེད། ད་དུང་ན་བ་འདི་སྔོན་ཆད་ན་བ་དང་གཏན་ནས་མི་འདྲ་བར་སེམས་དགའ་བདེས་བཀང་འདུག་ཅེས་སོགས་ཡང་ཡང་གསུངས། ཀུན་གཟིགས་ཨ་ལགས་རིན་པོ་ཆེའི་གསུང་བཀོད་ལྟར་ཡུལ་བའི་སྒར་གྲོང་ཐམས་ཅད་ནས་ཞབས་རིམ་ཆེས་མང་བསྒྲུབས།    ཀུན་གཟིགས་ཨ་ལགས་རིན་པོ་ཆེས་ཀྱང་ཐུ་བརྩེ་བ་ཆེན་པོས་བཀའ་ཆོས་ཀྱི་མཇུག་ཏུ་ཤེར་སྙིང་དང་། ཆོས་རྒྱལ་བསྟོད་པའི་དབུ་བསྐུལ་ཏེ་བཀའ་ཆོས་པ་མང་བོ་ནས་ཆེད་དམིགས་ཀྱི་ཞབས་བརྟན་གནང་ཡང་ཕན་བསྐྱེད་མ་བྱུང་བར། ཡུལ་ནས་མཛོད་པ་ཆེན་མོ་ནོར་བུ་དང་། སྐུ་དབོན་ཆོས་རྗེ། གྲ་ཚང་གི་རྒན་ཚོགས་འདུ། ཧོར་མོའི་དཔོན་ཁག་མི་སྣ་རྣམས་བསྙུང་འདྲི་དང་བརྟན་བཞུགས་ལ་སོང་ནས། ཡུལ་དུ་གདན་འདྲེན་ནན་གྱིས་ཞུས་པར། ཞལ་ནས།  ང་ཡུལ་དུ་ཅིས་ཀྱང་མི་འགྲོ། ཤི་པ་འདི་དང་ཤི་དུས་ད་དུང་ལས་ལྷག་མེད།  ཆོས་ཀྱི་དོན་དུ་ཤི་བ་དཀོན་པས་ད་དུང་སྐྱོན་ཡོད་པར་མི་བསམ།  ཤི་ནའང་འབྲེལ་ཐོག་བརྗེད་ནས་མི་ཤི་གསུངས། རྒྱུན་གྱི་ཞལ་འདོན་སྣ་ཐུང་གི་སྐོར་ལས།  བསྟན་པའི་སྒྲོན་མེའི་ཕ་མའི་དྲིན་བཟོའི་ནང་གི དམ་ཆོས་སྒྲུབ་པའི་དལ་འབྱོར་རྟེན་བཟང་བྱིན།། ཚད་ལྡན་བླ་མ་དམ་པའི་དྲུང་དུ་བསྐྱལ་ཞེས་པའི་མཚམས་སུ་སྣ་ཐུང་ཞལ་འདོན་གྱི་འཕྲོ་ཡང་བཅད་ནས་ཇེ་ཐུར་སོང་བའི་ཚུར་བསྟན་པ་ན།  ཁོང་ཨ་ལགས་རིན་པོ་ཆེས་གནས་སྐབས་དེར་ཞབས་བརྟན་གནང་བ་དང་། རྒྱུན་གྱི་བཀའ་ཆོས་ཀྱི་བཀའ་དྲིན་བསྩལ་བའི་ཞལ་ངོ་བཙོང་བའི་གསུང་ལྕི་ནན་ཆེ་བ་ཁ་དག་བསྲུང་མདུད་བཅས་ཀྱི་བརྟན་བཞུགས་པཎ་ཆེན་ཡོངས་འཛིན་རིན་པོ་ཆེ་ལ་བསྐུར་ཞིང་། ཡོངས་འཛིན་རིན་པོ་ཆེ་ཡང་སྐུ་ངོས་མ་བྱོན་ནས་ཤིན་ཏུ་ནན་ཆེ་བའི་བརྟན་བརྟན་བཞུགས་ཕུལ་བའི་ངོ་མ་བཟློག་ཙམ་དུ་ཉིན་ཁ་ཤས་ལ་ཅེ་བདེར་དགའ་རབ་ཅིག་སོང་བར་གནང་སྟེ། གཟིམ་མལ་དུ་གཟན་ཤམ་སོགས་ན་བཟའི་རིགས་ཡང་སྐད་ཅིག་ཀྱང་མི་འབྲལ་བར་དཀྱིལ་ཀྲུང་ཤ་སྟག་གིས་བཞུགས་པར་མཛད།  དེ་ནས་ལྔ་བའི་ཉེར་དྲུག་གི་ཐོ་རངས་ཀྱི་དུས་སུ་བདུད་རིགས་ནག་པོའི་བསམ་པ་རྫོགས་ཆེད་དུ་གཟུགས་སྐུ་ཆོས་ཀྱི་དབྱིངས་སུ་ཐིམ་པའི་ཚུལ་བསྟན་ཏེ། བདག་ཅག་རྣམས་ཀྱི་སྡུག་བསྔལ་ཚ་གདུང་སེལ་བའི་བྱེད་པོ། བྱམས་དང་སྙིང་རྗེའི་དཀྱིལ་འཁོར་ཤིན་ཏུ་ཡངས་པ།  ཕན་བདེའི་གྲིབ་བསིལ་བླ་ན་མེད་པའི་དཔལ་ཡོན་ཅན་གྱི་འདྲེན་པ་དམ་པའི་གདུགས་མཆོག་དེ་ཉིད། མཐའ་ཁོབ་སྐྱེས་པོའི་བསོད་མིན་རླུང་དམར་དྲག་པོས་སྐད་ཅིག་ཉིད་ལ་དགའ་ལྡན་ཆོས་ཀྱི་མདུན་ས་མཆོག་ཏུ་ཁྱེར་བར་གྱུར་ཏོ།། འདི་སྐབས་ཀུན་གཟིགས་སྣང་བ་མཐའ་ཡས་མཆོག་གི་སྒྱུ་འཕྲུལ་པཎ་ཆེན་བློ་བཟང་ཐུབ་བསྟན་འཕྲིན་ལས་ལྷུན་འགྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་བོ་དེ་ཉིད་ཀྱིས།  ཁྱད་པར་གོང་ས་སྐུ་གོང་མས།། དགྱེས་བརྩེ་སྤྱན་དཀྱུས་རིང་བོས་བསྐྱངས།།  དད་དམ་འཆང་བ་དམ་པའི་ཚུལ།། དྲན་པ་ཡིས་ཀྱང་ཡིད་གདུང་ཆེ།། མཁན་ཆེན་བསྟན་པའི་མངའ་བདག་དྲུང་།། ཟབ་གསང་ཆོས་ཀྱི་བདུད་རྩིའི་རྒྱུན།། མཉམ་དུ་ནོད་པའི་རྡོ་རྗེའི་སྤུན།། ཞི་དབྱིངས་མནལ་བའི་ཚུལ་འདི་སྐྱོ་ཞེས་སོགས་སྐུ་སྔ་ཕྱིར་དད་པ་དང་དམ་ཚིག་གི་ཆོས་ཀྱི་འབྲེལ་བ་ཤིན་ཏུ་ཆེ་ཚུལ་ལས་བརྩམས་པའི་མཆོག་སྤྲུལ་མྱུར་འབྱོན་གྱི་སྨོན་ཚིག  ངེད་ཅག་གིས་ཞུ་བར་ག་ལ་ཕོད་ཀྱང་ཐུགས་བརྩེ་བ་ཆེན་པོས་གནང་སོང་བ་ནི།  སྔོན་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས། ཀོའུ་བ་རྗེ་བཙུན་ཆོས་ཀྱི་རྒྱ་མཚོ་ལ་གསུང་འཕྲིན་གནང་བ་ལས། ཚེ་རབས་ཀུན་ཏུ་འབྲེལ་མེད་ཆོས་སྤྱད་ནས།། མཐར་ཐུག་ཆོས་ཀྱི་དབྱིངས་སུ་རྩེ་བར་སྨོན་ཞེས་སོགས་གསུངས་ནས།  སྐུའི་ཕྲེང་བ་རིམ་པར་བྱོན་པ་རྣམས། སྐབས་འགར་བླ་སློབ་དང་། སྐབས་ལ་ལར་རྡོ་རྗེའི་སྤུན་གྱི་ཚུལ་དུ་འབྲལ་མེད་ཆོས་ཀྱི་དཔལ་ལ་སྤྱོད་པར་འགྱུར་བའི་ཐུགས་སྨོན་ལུང་བསྟན་གྱི་བདེན་པ་དེང་འདིར་བདག་ཅག་རྣམས་ལ་ཡང་མངོན་དུ་གྱུར་བའི་སྐལ་བཟང་སྦྱིན་པའི་བཀའ་དྲིན་ནི་བསྐལ་བར་ལྕི་བའི་ཁུར་དུ་ཆེ། དེ་ནས་སྐུ་གདུང་རིན་པོ་ཆེ་རང་དགོན་དུ་གདན་དྲངས་ཏེ་བསྲེག་ཆོག་ཕུལ་བ་ཟླ་༦ཚེས༣ནས་ཟླ་ཚེས་༩བུར་ཁང་ཐད་ཀྱི་ནམ་མཁར་འཇའ་ཁ་དོག་ལྔ་ལྡན་ཤར་བ་དང་།  ཉི་ཟླ་སྐར་གསུམ་དུས་གཅིག་ཏུ་མངོན་དུ་གྱུར་བ་སོགས་ཀུན་གྱིས་མཐོང་།  སྐུ་གདུང་སྲི་ཞུ་དང་གདུང་རྫོགས་ཀྱི་སྐོར་རྣམས་ཀྱང་ཚད་ལྡན་དམ་པའི་གསུང་བཞིན་སྐྱེས་བུ་མཆོག་རབ་ཀྱི་མཁས་གྲུབ་ཆེན་པོ་སྤྱི་ལ་བྱ་བའི་རིམ་པ་རྣམས་གྲུབ་པ་ན།  སྐུ་གདུང་རིན་པོ་ཆེ་བདག་ཅག་རྣམས་ཀྱི་བསོད་ནམས་ཀྱི་ཞིང་མཆོག་དམ་པར་རིན་པོ་ཆེའི་མཆོད་རྟེན་སྦྲོམ་བུར་བཞུགས་སུ་གསོལ་ཏེ།  མཆོག་སྤྲུལ་རིན་པོ་ཆེ་དབང་གི་རྒྱལ་བོ་སླར་ཡང་བདག་ཅག་གི་སྲིད་ཞིའི་དབུལ་བ་སེལ་བའི་མགོན་དུ་ནམ་ཞིག་ཐོབ་ན་སྙམ་དུ་རེ་བས་དུས་ཀུན་འདའ་བཞིན་གནས་ལགས་སོ།། སྨྲས་པ། མི་འཇིགས་སྟོབས་བཅུའི་གོ་འཕང་མཆོག་བརྙེས་ནས་།། ལྔ་རིགས་ལེགས་བཤད་ཟད་པ་མེད་པའི་ནོར།། སྦྱིན་མཛད་འཁོར་ལོའི་མགོན་པོ་གང་དེའི་ཞབས།། བྱང་ཆུབ་སྙིང་བོའི་བར་དུ་གཙུག་གིས་མཆོད།། ཨེ་མ་དམིགས་མེད་སྙིང་རྗེའི་མཁའ་དབྱིངས་ལས།། ལྔ་ལྡན་ལོངས་སྤྱོད་རྫོགས་པ་ཟླ་བའི་གཟུགས།། གང་འདུལ་འགྲོ་བློའི་རྫིང་བུར་ཤར་བའི་སྤྲུལ།། དེ་དང་དེ་ཡི་ཕ་མཐའ་དམིགས་སུ་མེད།། དེའི་ཕྱིར་དམ་པའི་གསང་གསུམ་ཡོན་ཏན་ནི།། མ་ལུས་འགྲོ་འདི་ཀུན་མཁྱེན་གནས་ཐོབ་ཀྱང་།། མཐའ་དག་བརྗོད་པར་ནུས་པ་མི་སྲིད་ན།། བདག་འདྲས་བསྐལ་བར་འབད་ཀྱང་ངལ་བའི་གནས།། འོན་ཀྱང་སྐོམ་པས་གཟིར་བའི་འགྲོ་བ་དག། ཕ་མཐའ་བྲལ་བའི་རྒྱ་མཚོར་སྤྱད་པ་ན།། རྫོགས་པར་བཏུང་བའི་ནུས་པ་མ་མཆིས་ཀྱང་།། ཆ་ཙམ་སྤྱད་པ་ཡིས་ཀྱང་གདུང་སེལ་སྲིད།། དེ་བཞིན་མཚུངས་མེད་བླ་མའི་རྣམ་ཐར་གྱི།། ཆ་ཙམ་བསྔགས་པའི་གཏམ་གྱི་ས་བོན་འདིས།། བརྗོད་དོན་འབྲས་ལྡན་བརྗོད་བྱེད་འདབ་རྒྱས་པའི།། རྣམ་ཐར་དཔག་བསམ་ལྗོན་པ་ཆེར་བསྐྲུན་ཤོག། གཞི་མེད་བསྔགས་པའི་ཆུ་བོ་གྱེན་འཐོར་ཡང་།། དཔྱོད་ལྡན་རྣ་བའི་མཁའ་ལ་ཇི་ལྟར་ཆགས།། དེའི་ཕྱིར་གཤིས་ངན་སྐྱེས་བུར་རྨོངས་ཞེན་གྱིས།། ཡོན་ཏན་ཕུང་བོར་སྒྲོ་བཏགས་ཙམ་མིན་པར།། རྒྱ་ཆེན་མདོ་རྒྱུད་རིགས་གནས་བཅས་པ་ཡི།། ཟབ་རྒྱས་དམ་ཆོས་ལྷ་ཡི་གངྒ་མོ།། གང་ཐུགས་སྐལ་ལྡན་ཤིང་རྟའི་རལ་བ་རུ།། མ་ལུས་དྲངས་པའི་ངོ་མཚར་ཁོ་ན་སྣང་།། དེ་ལྟ་ན་ཡང་ཕྱོགས་ལྷུང་མུན་པས་སྒྲིབ།། རོ་མཆོག་བདུད་རྩིའང་རྣག་ཏུ་འཁྲུལ་བ་ཡིས།། སྐུར་གདབ་མེ་ལྕེ་ཐུར་དུ་འདྲེན་རྩོམ་ཀྱང་།། རང་རང་དགེ་བའི་ཡན་ལག་སྲེག་བྱེད་ཉིད།། དེ་ལྟར་རྣམ་ཐར་ས་བོན་བཏབ་པའི་དགེས།། སྐྱེ་བ་ཀུན་ཏུ་བླ་མས་རྗེས་བཟུང་སྟེ།། གསང་འཛིན་སྲས་ཀྱི་མཆོག་ཏུ་བདག་གྱུར་ནས།། བཞེད་དགོངས་མཐའ་དག་སྒྲུབ་པའི་མཐུ་ཐོབ་ཤོག།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།