ལྡོང་སྐུ་འཕྲེང་དང་པོ་རྗེ་བཙུན་ཆོས་དར་རྒྱས་ཀྱི་གསུང་འབུམ་དཀར་ཆག

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-02-19 23:33:45     རྩོམ་པ་པོ།   རོང་བརྩོན།    ཀློག་ཐེངས།  

      ༼པོད་དང་པོ།༽

ཟབ་ལམ་བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མའི་ཉམས་ལེན་བྱེད་ཚུལ་མདོར་བསྡུས་པ་བློ་གྲོས་པདྨོ་བཞད་པའི་ཉིན་བྱེད་ཅེས་བྱ་བ།

བླ་མའི་རྣལ་འབྱོར་གྱི་འགྲེལ་བ་བྱིན་རླབས་ཉིན་བྱེད་འདྲེན་པའི་ཤིང་རྟ་ཞེས་བྱ་བ།

འཕགས་མཆོག་བཅུ་གཅིག་ཞལ་ལ་བསྟེན་པའི་བླ་མའི་རྣལ་འབྱོར་བྱིན་རླབས་ཉིན་བྱེད་འདྲེན་པའི་ཤིང་རྟ་ཞེས་བྱ་བ།

བླ་མའི་རྣལ་འབྱོར་བྱིན་རླབས་མྱུར་འཇུག་ཞེས་བྱ་བ།

བླ་མ་དང་རྡོ་རྗེ་རྣལ་འབྱོར་མ་ངོ་བོ་དབྱེར་མེད་ཀྱི་བླ་མའི་རྣལ་འབྱོར་མཁའ་སྤྱོད་མྱུར་ལམ་དང་ཁྲོས་ནག་གི་སྐྲ་ཆོག་སྡིག་སྒྲིབ་དག་བྱེད་ཅེས་བྱ་བ།

ཟབ་དོན་སྟོན་པའི་ཚིག་གི་མདུད་འགྲོལ་ཞེས་བྱ་བ།

རྗེའི་བསྟོད་པ་ནོར་བུ་འདྲེན་པའི་ཤིང་རྟ་ཞེས་བྱ་བ།

བྱང་ཆུབ་ལམ་གྱི་རིམ་པའི་ཉམས་ལེན་མདོར་བསྡུས་ལམ་བཟང་བགྲོད་པའི་ཐེམ་སྐས་ཞེས་བྱ་བ།

ལམ་གྱི་གཙོ་བོ་རྣམ་པ་གསུམ་གྱི་ཉམས་ལེན་བྱེད་ཚུལ་མདོར་བསྡུས་བླ་མའི་གསུང་རྒྱུན་ཁྲིགས་ཆགས་སུ་བཀོད་པ་འཇམ་དབྱངས་ཞལ་གྱི་བདུད་རྩི།

ལམ་གྱི་གཙོ་བོ་རྣམ་པ་གསུམ་གྱི་འགྲེལ་བ་ལེགས་བཤད་སྐལ་བཟང་དགའ་སྟོན་ཞེས་བྱ་བ།

མགོན་པོ་འོད་དཔག་མེད་ཀྱི་བསྟོད་པ་ཞིང་མཆོག་སྒོ་འབྱེད་ཅེས་བྱ་བའི་འགྲེལ་བ་བདེ་ལྡན་ཞིང་དུ་བགྲོད་པའི་ཐེམ་སྐས་ཞེས་བྱ་བ།

བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་དབང་གི་རྣམ་བཤད་བླ་མ་འཇམ་པའི་དབྱངས་ཀྱི་ཞལ་གྱི་བུམ་བཟང་ལས་འོང་བའི་མན་ངག་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ།

དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་བསྙེན་ཡིག་འཇམ་པའི་དབྱངས་ཀྱི་བྱིན་རླབས་མྱུར་འཇུག་ཅེས་བྱ་བ།

འཇམ་དཀར་ཞི་ཁྲོ་སྦྲགས་སྒྲུབ་ཐུན་མོང་མ་ཡིན་པ་བླ་མའི་ཞལ་ཤེས་དང་ཚེ་རབས་རྗེས་འཛིན་གྱི་སྨོན་ཚིག་ཞེས་བྱ་བ།

འཇམ་དབྱངས་དཀར་པོའི་སྒྲུབ་ཐབས་མུན་སེལ་སྒྲོན་མེ་ཞེས་བྱ་བ།

འཇམ་དབྱངས་དཀར་པོའི་སྒྲུབ་ཐབས་མདོར་བསྡུས་ཤེས་རབ་སྣང་བ་ཞེས་བྱ་བ།

གསང་བདེ་འཇིགས་གསུམ་གྱི་ཚོགས་འཁོར་མདོར་བསྡུས་དངོས་གྲུབ་ཆར་འབེབས་ཞེས་བྱ་བ།

གཏུམ་པོ་ཁྱུང་ལྔའི་བསྙེན་ཡིག་བདུད་ཀྱིས་མི་ཚུགས་པའི་རྡོ་རྗེའི་གོ་ཆ་ཞེས་བྱ་བ་དང་གསང་འདུས་རྩ་རྒྱུད་ལས་བསྡུས་པའི་རྡོ་རྗེ་བཞིས་བསྐྱེད་ཚང་བའི་རྒྱུན་ཁྱེར་མདོར་བསྡུས་ཞེས་བྱ་བ།

རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་སྦྱིན་སྲེག་སྡིག་ལྟུང་མུན་པ་སེལ་བའི་སྒྲོན་མེ་ཞེས་བྱ་བ།

ཆོ་འཕྲུལ་དུས་ཆེན་གྱི་བཤད་པ་རྣ་བའི་དགའ་སྟོན་ཡིད་ཀྱི་མུན་སེལ་ཞེས་བྱ་བ་དང་ཀུན་མཁྱེན་གསུམ་པའི་དུས་མཆོད་རྣམ་ཐར། རིགས་གསུམ་མགོན་པོའི་འདོན་ཐབས་བསྡུས་པ་སོགས།

དགེ་ལྡན་ཕྱག་རྒྱ་ཆེན་པོའི་བརྒྱུད་འདེབས་མདོར་བསྡུས་བྱིན་རླབས་ཉིན་བྱེད་འདྲེན་པའི་ཤིང་རྟ་དང་བསླབ་བྱ། སྨོན་ཚིག་སོགས་གསུང་ཐོར་བུ་སྣ་ཚོགས།

བླ་མ་མགོན་པོ་དབྱེར་མེད་ཀྱི་རྣལ་འབྱོར་བྱིན་རླབས་མྱུར་འཇུག་ཅེས་བྱ་བ།

རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་མཆོད་མདོར་བསྡུས་དངོས་གྲུབ་སྤྲིན་ཆར་གཡོ་བའི་དབྱར་རྔ་ཞེས་བྱ་བ།

མགོན་པོ་སྙིང་ཞུགས་ཀྱི་ཐུན་མོང་མ་ཡིན་པའི་ཞལ་ཤེས་མན་ངག་ཟིན་བྲིས་ཞེས་བྱ་བ།

དམ་ཅན་ཆོས་ཀྱི་རྒྱལ་པོ་འཁོར་བཅས་ལ་ཚོགས་མཆོད་འབུལ་བའི་ཆོ་ག་དངོས་གྲུབ་གྲུ་ཆར་འབེབས་པའི་སྤྲིན་ཕུང་ཞེས་བྱ་བ།

ཆོས་སྐྱོང་ཆེན་པོ་དྲེགས་པ་ལྕམ་སྲིང་གི་བསྙེན་པ་བྱེད་ཚུལ་འཕྲིན་ལས་མྱུར་འགྲུབ་ཅེས་བྱ་བ།

བསྟན་སྲུང་ཆེན་པོ་བསཱེ་ཁྲབ་ཅན་ལ་གཏོར་མ་གསེར་སྐྱེམས་སོགས་བྱེད་ཚུལ་ཆོས་སྐྱོང་དགྱེས་པའི་སྒྲ་དབྱངས་ཞེས་བྱ་བ་སོགས་བཞུགས།

ལྡོང་སྐུ་འཕྲེང་དང་པོ་མཁས་ཤིང་གྲུབ་པའི་དབང་ཕྱུག་དགེ་ལྡན་སྙན་བརྒྱུད་གདམས་པའི་གཏེར་མཛོད་ཆེན་པོ་རྗེ་བཙུན་ཆོས་དར་རྒྱས་དཔལ་བཟང་པོ་ནི།རབ་བྱུང་བཅུ་གསུམ་པའི་ལྕགས་ཁྱི་སྤྱི་ལོ་1790མཛོད་དགེ་ཉིན་མར་སྐུ་འཁྲུངས།་ལུང་དང་རྟོགས་པའི་མངའ་བདག་བརྟན་མཁས་གཉིས་ལྡན་མཁར་ཤེལ་བླ་མ་ཞེས་པ་ལམ་རིམ་ཆེན་མོ་ཡང་ཐུགས་ལ་བྱང་ཡོད་པ་ཁོང་ལས། རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་བཞེས་ནས་དཀར་མོ་དགོན་གྱི་ཆོས་གྲྭར་ཞུགས། རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་གྱི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཤིང་།  དཀར་མོ་དགོན་ཆག་འཇུག་དབང་གིས་ཡུན་རིང་གནས་མ་བྱུང་རྐྱེན་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས། སྐྱབས་མགོན་སྐུ་འཕྲེང་གསུམ་པ་ཀུན་མཁྱེན་བླ་མ་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་དཔལ་བཟང་པོ་མཆོག་དང་། འཇམ་དབྱངས་བླ་མ་དཀོན་མཆོག་བསྟན་པའི་སྒྲོན་མེ་སོགས་བཤེས་གཉེན་དམ་པ་ཚུལ་བཞིན་བསྟེན་ནས། མདོ་སྔགས་ཀྱི་ཁྲིད་སོགས་ཟབ་རྒྱས་ཀྱི་ཆོས་རྒྱུན་མཐའ་ཡས་པ་བུམ་པ་གང་བྱོའི་ཚུལ་དུ་གསན་ཏེ་མཁས་གྲུབ་ཀྱི་རྒྱལ་ཐབས་བརྙེས།  བསྟན་བཅོས་ཆེན་མོ་དབུ་མ་ལུང་རིགས་སྒྲོན་མེ་ཐུགས་ལ་བཟུང་ནས། སྐྱབས་མགོན་སྐུ་འཕྲེང་གསུམ་པ་མཆོག་དང་འཇམ་དབྱངས་བླ་མ་བསྟན་མེ་རྣམ་གཉིས་ཀྱི་དྲུང་དུ་རྒྱུགས་རྫོགས་པར་ཕུལ།  སྨོན་ལམ་ཆེན་མོའི་གྲྭ་སྐོར་མཚན་བཏགས་བཞེས། གདན་ས་ཆེན་མོ་བཀྲ་ཤིས་འཁྱིལ་གཙོས། ཚ་གན་བེ་ཤིང་དགོན། དངུལ་རྭའི་སེར་སྡེ། མཚན་སྒྲོགས་དགོན། ཁྲོ་ཁོ་སྟོད་སྨད། ཞལ་ཤུལ་དགོན་སོགས་ནས། དབང་རྗེས་གནང་། ཁྲིད་བཤད་ལུང་སོགས་བཀའ་ཆོས་མང་པོ་གནང་། དགུང་ལོ་གྱ་གསུམ་པ་རབ་བྱུང་བཅོ་ལྔ་བའི་ཆུ་སྤྲེལ་1872ལོར་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན། བཀའ་རྩོམ་པོད་གཅིག་ལྷག་བཞུགས་སོ།།

༼    རོང་བརྩོན།  

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།