མོག་ཀྱྰ་མཁན་ཆེན་སྐུ་ཕྲེང་གཉིས་པ་དགེ་འདུན་བསྟན་པའི་རྒྱལ་མཚན་གྱི་གསུང་འབུམ་གྱི་དཀར་ཆག།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2021-08-19 23:48:35     རྩོམ་པ་པོ།   གཅན་རུང་ཚུལ་ཁྲིམས།    ཀློག་ཐེངས།  

མདོ་སྔགས་ལམ་གྱི་རིམ་པར་སྒྲོལ་ཚུལ་གྱི་ཟིན་བྲིས་དང་། བསླབ་བྱ་དང་མགུར་མའི་སྐོར། རིག་བྱེད་མའི་སྒྲུབ་ཐབས་མུན་པའི་དྲ་བ་གཅོད་པའི་འོད་སྣང་། རྫོགས་ཆེན་གདམས་ངག་གི་ཆུ་བོ་གནད་ཡིག་དམར་ཁྲིད། བྱིན་རླབས་དབང་གི་ཆུ་བོ་བསྐུར་ཐབས་ངོ་སྤྲོད། ཕྱག་བཞེས་འཕྲིན་ལས་སྒྲུབ་ཐབས་ཆུ་བོ་བསྟན་སྲུང་དྲག་སྔགས་ཀྱི་ཟིན་བྲིས། དཔལ་ཕྱག་ན་རྡོ་རྗེའི་སྒོ་ནས་སྲུང་ཟློག་གི་སྒྲུབ་ཐབས་དྲེགས་པ་ཀུན་འདུལ།  ཆོས་རྗེ་བླ་མ་ཞབས་དཀར་བ་ལ་བསྟོད་བསྔགས་མེ་ཏོག་གི་ཕྲེང་བ་སོགས་པོད་བདུན་ཡོད་ཀྱང་།  ད་ལྟ་དངོས་སུ་བཞུགས་པ་ནི་ཕྱག་རྡོར་སྒྲུབ་ཐབས་དྲེགས་པ་ཀུན་འདུལ་དང་།  རྗེ་ཞབས་དཀར་བ་ལ་བསྟོད་བསྔགས་མེ་ཏོག་གི་ཕྲེང་བ་གཉིས་མ་གཏོགས།  འཕྲོ་མ་དགོན་པའི་མདུན་གྱི་མཆོད་རྟེན་དང་ཁོང་གི་སྐུ་གདུང་གི་གཟུངས་གཞུག་ཏུ་ཕུལ་ཏེ་མེད་བརླག་ཏུ་སོང་བ་རེད།

༧  མོག་ཀྱཱའི་མཁན་སྤྲུལ་སྐུ་ཕྲེང་གཉིས་པ་དགེ་འདུན་བསྟན་པའི་རྒྱལ་མཚན་མཆོག་ནི།  བོད་རབ་བྱུང་བཅུ་གསུམ་པའི་སྣ་ཚོགས་ཆུ་རྟ་ལོ་སྟེ་སྤྱི་ལོ་༡༧༦༢ ལོར་རྒན་ཀྱཱ་ནས་རྗེ་ཟླ་གྲགས་ཀྱི་སྐུ་ཚར་འཁྲུངས།  དགུང་ལོ་དྲུག་གི་སྟེང་ངང་རུང་དགོན་པའི་གདན་སར་བཀོད།  དགུང་ལོ་བདུན་པ་སྟེ་སྤྱི་ལོ་༡༧༦༨ ལོར་རྗེ་ཟླ་གྲགས་ཀྱིས་སོ་སོར་ཐར་བའི་སྡོམ་པ་བསྩལ་ཏེ་མཚན་དགེ་འདུན་བསྟན་པའི་རྒྱལ་མཚན་གསོལ།  དེ་ནས་རིམ་བཞིན་ཆོ་ག་ཆོས་སྤྱོད་དང་འདོན་རྟ་དབྱངས་གསུམ་དང་གར་ཐིག་རོལ་མོ་ཕྱག་རྒྱ་སོགས་ལ་སྦྱང་བརྩོན་མཛད་ཅིང་རྒྱན་འཇུག་དང་གྲུབ་མཐའ་རྩ་བ་དང་དྲང་ངེས་ལེགས་བཤད་སོགས་ཐུགས་འཛིན་མཛད།

དགུང་ལོ་བཅུ་དྲུག་སྟེ་སྤྱི་ལོ་༡༧༧༨ ལོར་དབུས་སུ་ཕེབས་ཏེ་སློབ་གཉེར་ཚུལ་བཞིན་མཛད་པས་མཁས་པའི་གྲགས་པ་རྒྱས།  དགུང་ལོ་ཞེ་གཅིག་སྟེ་སྤྱི་ལོ་༡༨༠༣ ལོར་ལྷ་ལྡན་ནས་རང་དགོན་དུ་ཕེབས།  རྗེ་དགེ་འདུན་ཟླ་གྲགས་དང་རྐ་ཕུག་བློ་བཟང་དོན་གྲུབ་ཆོས་རྗེ་བླ་མ་ཞབས་དཀར་བ་དང་ཏིང་རྒྱ་སྙན་གྲགས་རྒྱ་མཚོ་སོགས་བསྟེན་ཅིང་།  ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཡིག་ཆའི་སྟེང་ནས་རྩོད་གྲྭ་བཙུགས་ཏེ་གྲྭ་བ་སུམ་ལྷག་འདུས་ཤིང་འཆད་ཉན་དམར་བ་བྱུང་།  མཐར་དགུང་ལོ་ལྔ་ཅུ་ལྔ་དྲུག་སྟེ་སྤྱི་ལོ་༡༨༡༨ ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ།   

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།