ལྷ་མོ་གསེར་ཁྲི་སྐུ་ཕྲེང་གཉིས་པ༧རྗེ་བཙུན་བློ་བཟང་རྒྱལ་མཚན་སེང་གེ་དཔལ་བཟང་བོ་མཆོག་གི་གསུང་འབུམ་དཀར་ཆག་བཞུགས་སོ། །

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2021-02-13 07:54:52     རྩོམ་པ་པོ།   འཇིགས་མེད་གྲགས་པ།     ཀློག་ཐེངས།  

   པོད་ཀ་བའི་དཀར་ཆག

༡   ཤྰཀྱའི་དགེ་སློང་སུ་མ་ཏི་དྷྭ་ཛ་སིདྷ་སྐུ་འཁྲུངས་པ་ནས་དགུང་ལོ་ཉེར་ལྔའི་བར་གྱི་རྟོགས་པ་བརྗོད་པའི་རིམ་པ།

༢  ཤྰཀྱའི་དགེ་སློང་སུ་མ་ཏི་དྷྭ་ཛ་སིདྷ་དགུང་ལོ་ཉེར་དྲུག་ནས་དགུང་ལོ་རེ་གསུམ་བར་གྱི་རྟོགས་པ་བརྗོད་པའི་རིམ་པ།

༣ ཤྰཀྱའི་དགེ་སློང་སུ་མ་ཏི་དྷྭ་ཛ་སིདྷ་དགུང་ལོ་རེ་བཞི་ནས་དགུང་ལོ་རེ་བདུན་བར་གྱི་རྟོགས་པ་བརྗོད་པའི་རིམ་པ།

༤   ཤྰཀྱའི་དགེ་སློང་སུ་མ་ཏི་དྷྭ་ཛ་སིདྷ་དགུང་ལོ་རེ་བདུན་ནས་དགུང་ལོ་རེ་དགུའི་བར་གྱི་རྟོགས་པ་བརྗོད་པའི་རིམ་པ། 

༥      ཤྰཀྱའི་དགེ་སློང་སུ་མ་ཏི་དྷྭ་ཛ་སིདྷ་དགུང་ལོ་རེ་དགུ་ནས་དགུང་ལོ་དོན་གསུམ་བར་གྱི་རྟོགས་པ་བརྗོད་པའི་རིམ་པ།

༦ ཤྰཀྱའི་དགེ་སློང་སུ་མ་ཏི་དྷྭ་ཛ་སིདྷ་དགུང་ལོ་དོན་གསུམ་ནས་དགུང་ལོ་དོན་བདུན་བར་གྱི་རྟོགས་པ་བརྗོད་པའི་རིམ་པ།

༧ ཤྰཀྱའི་དགེ་སློང་སུ་མ་ཏི་དྷྭ་ཛ་སིདྷ་དགུང་ལོ་དོན་བདུན་ནས་དགུང་ལོ་གོ་གསུམ་བར་གྱི་རྟོགས་པ་བརྗོད་པའི་རིམ་པ།

༨   ཤྰཀྱའི་དགེ་སློང་སུ་མ་ཏི་དྷྭ་ཛ་སིདྷ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་བསྟན་པ་སོགས་མཛོད་ཚས་ཁ་བསྐངས་པའི་རིམ་པ།

༩  མཆོད་སྡོང་མཐོང་བ་དོན་ལྡན་གྱི་དཀར་ཆག་དད་པའི་རྒྱ་མཚོ་འཕེལ་བའི་རབ་དཀར་ཟླ་གཞོན།

བསྒྲིགས་རྗེས་ཀྱི་གཏམ།

                                             པོད་ཁ་བའི་དཀར་ཆག

༡  རྩོམ་པ་བོའི་མཛད་རྣམ་མདོར་བསྡུས།

༢  བླ་མའི་རྣལ་འབྱོར་གྱི་རིམ་པ་ཕྱོགས་གཅིག་ཏུ་བསྡེབས་པ་དགོས་འདོད་ཀུན་འབྱུང་།

༣  དམ་པའི་ཆོས་ཀྱི་ཐོབ་ཡིག་བདུད་རྩིའི་ཆུ་རྒྱུན།

༤ རྗེ་བཙུན་བླ་མ་མཁས་དང་གྲུབ་པའི་དབང་ཕྱུག་ཁྲི་ཆེན་རྒྱལ་མཚན་སེང་གེའི་རྣམ་པར་ཐར་བ་ནོར་བུ་ཆུ་ཤེལ་དཀར་བོའི་ཕྲེང་བ།

༥ རིགས་བརྒྱའི་ཁྱབ་བདག་རྗེ་བཙུན་སུ་མ་ཏི་དྷྭ་ཛ་སིདྷ་དགུང་ལོ་བདུན་བཞེས་པ་ཡན་གྱི་རྣམ་པར་ཐར་བའི་ས་བོན་དད་པའི་ལྗོན་ཤིང་།   

༦ རྗེ་བཙུན་མི་ཕམ་མགོན་པོའི་སྐུ་བརྙན་རིན་པོ་ཆེའི་ནང་བཞུགས་ཀྱི་དཀར་ཆག་ནོར་བུའི་མེ་ལོང་།

༧  དགའ་ལྡན་ཆོས་གླིང་གི་བཅའ་ཡིག་བླང་དོར་ཀུན་གསལ།

༨  ཞྭ་སེར་ཅོད་པཎ་འཛིན་པའི་འདུས་སྡེ་ཆེན་པོ་དགེ་ལྡན་བཤད་སྒྲུབ་གླིང་གི་བཅའ་ཡིག་བླང་དོར་གསལ་བའི་མེ་ལོང་།

༩ དགའ་ལྡན་རྣམ་རྒྱལ་གླིང་གི་བཅའ་ཁྲིམས་འདུལ་གཞུང་དགོངས་རྒྱན་བེེཌྰུརྱ་དཀར་བོའི་དོ་ཤལ།

༡༠ བཀྲ་ཤིས་ཐེག་ཆེན་གླིང་གི་ཁྲིམས་སུ་བཅའ་བའི་ཡི་གེ་དངོས་གྲུབ་རྣམ་གཉིས་འགུགས་པའི་ལྕགས་ཀྱུ།

༡༡  བསམ་གཏན་དར་རྒྱས་གླིང་གི་ཚངས་སྤྱོད་དཔལ་གྱི་དུམ་བུའི་དྲི་བསུང་།

༡༢ དགའ་ལྡན་ཆོས་འཕེལ་གླིང་གི་ཁྲིམས་སུ་བཅའ་བའི་ཡི་གེ་ཚངས་པར་སྤྱོད་སྤོས་ཆུའི་མཚོ།

༡༣  གྲུབ་པའི་མཐའི་རྣམ་པར་གཞག་པ་ནོར་བུའི་ཕྲེང་བ།

༡༤  སྐྱབས་འཇུག་གི་སྐོར་ཕྱོགས་གཅིག་ཏུ་བསྡེབས་པ་འདོད་དགུའི་རེ་སྐོང་།

༡༥  ཞལ་གདམས་མགུལ་མའི་སྐོར།

༡༦  བསྟན་འཛིན་གྱི་སྐྱེས་མཆོག་དམ་པ་རྣམས་ཀྱི་མཆོག་སྤྲུལ་མྱུར་འབྱོན་གྱི་འདོད་གསོལ་སྨོན་ཚིག་གི་སྐོར་ཕྱོགས་གཅིག་ཏུ་བསྡེབས་པ་འདོད་དོན་ལྷུན་གྲུབ།

༡༧  རྒྱུད་སྡེ་བཞིའི་དབང་གི་བརྒྱུད་འདེབས་བསྟོད་ཚོགས་ཞབས་བརྟན་སྨོན་ཚིག་གི་སྐོར་རྣམས་དཔག་བསམ་ཡོངས་འདུའི་ལྗོན་ཤིང་།

༡༨  བསྒྲིགས་རྗེས་ཀྱི་གཏམ།

པོད་ག་བའི་དཀར་ཆག

༡  སྐྱབས་འགྲོ་བྱེད་ཚུལ་སྐལ་བཟང་འཇུག་ངོགས།

༢  སྐྱབས་འགྲོའི་ཁྲིད་ཡིག་སྐལ་བཟང་རེ་སྐོང་ཞེས་བྱ་བ།

༣  བླ་མ་མཆོད་པའི་སྐབས་ཀྱི་སྐྱབས་འགྲོའི་དམིགས་རིམ།

༤ བླ་མ་མཆོད་པའི་ཆོ་གའི་དམིགས་རིམ་དང་འདོན་བསྒྲིགས་སྙན་བརྒྱུད་དངོས་གྲུབ་བདུད་རྩིའི་ཡང་བཅུད།

༥  དགའ་ལྡན་ལྷ་བརྒྱ་མའི་ཁྲིད་ཡིག་དངོས་གྲུབ་པད་དཀར་བཞད་པའི་དགའ་སྟོན།

༦ བྱང་ཆུབ་ལམ་གྱི་རིམ་པའི་དམར་ཁྲིད་ཐམས་ཅད་མཁྱེན་པར་བགྲོད་པའི་བདེ་ལམ་གྱི་སྙིང་བོ་བསྡུས་པ།

༧  བྱང་ཆུབ་ལམ་གྱི་རིམ་པའི་གནད་དོན་མདོར་བསྡུས་གཞན་ཕན་རབ་སྟེར།

༨  ལམ་གྱི་གཙོ་བོ་རྣམ་གསུམ་གྱི་ཉམས་ལེན་བྱེད་ཚུལ་དབེན་ས་སྙན་བརྒྱུད་ལྟར་གྱི་འདོན་བསྒྲིགས་ཡོངས་འཛིན་ཞལ་ལུང་།

༩  རྗེ་བླ་མའི་བསྟོད་པའི་རབ་བྱེད་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཀྱི་འགྲེལ་བ་དྲི་མེད་ནོར་བུའི་ལྗོན་ཤིང་།

༡༠  ལམ་གྱི་གཙོ་བོ་རྣམ་གསུམ་གྱི་རྣམ་བཤད་སྐལ་བཟང་རེ་སྐོང་།

༡༡  གཞུང་མཆོག་ཤེས་རབ་སྙིང་བོའི་རྣམ་བཤད་ཟབ་དོན་པད་དཀར་བཞད་པའི་ཉིན་བྱེད།

༡༢  འཕགས་པ་བཟང་བོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་བོའི་དོན་འགྲེལ་སྐལ་བཟང་རེ་བ་ཀུན་སྐོང་།

༡༣  བློ་སྦྱོང་ཚིག་རྐང་བརྒྱད་མའི་འགྲེལ་བ།

༡༤  རྗེ་བླ་མའི་རྣལ་འབྱོར་དང་འབྲེལ་བའི་དམིགས་བརྩེ་མའི་བསྙེན་པ་བྱེད་ཚུལ་མཆོག་ཐུན་དངོས་གྲུབ་ཆར་འབེབས།

༡༥  ཐུབ་དབང་གནས་བརྟན་བཅུ་དྲུག་དང་བཅས་པའི་ཕྱག་མཆོད་ཐུགས་དམ་བསྐུལ་བའི་རིམ་པ་ཡིད་བཞིན་དབང་གི་རྒྱལ་བོ།

༡༦  སངས་རྒྱས་སུམ་ཅུ་སོ་ལྔ་ལ་བརྟེན་ནས་སྡིག་ལྟུང་བཤགས་པའི་ཆོ་ག་ཉིན་བྱེད་སྣང་བ།

༡༧  དཔྱོད་ལྡན་རྣམས་ཀྱིས་དྲི་བ་ཞུས་པའི་ལན་ཕྱོགས་གཅིག་ཏུ་བཀོད་པ་ནོར་བུ་ཀེ་ཏ་ཀ་ཞེས་པ།

༡༨  སྨོན་ཚིག་གི་སྐོར་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་བྱང་ཆེན་རྒྱ་མཚོར་བགྲོད་པའི་གྲུ་རྫིངས།

༡༩  བསྒྲིགས་རྗེས་ཀྱི་གཏམ།  

                        པོད་ང་བའི་དཀར་ཆག

༡   རྗེ་བླ་མའི་རྣལ་འབྱོར་གྱི་སྒོ་ནས་དམིགས་བརྩེ་མ་ལ་བརྟེན་པའི་ཆར་འབེབས་བྱ་ཚུལ།

༢   རྗེ་བཙུན་འཇམ་དབྱངས་དཀར་བོའི་སྒྲུབ་ཐབས་བློ་གྲོས་པདྨོ་བཞད་པའི་ཉིན་བྱེད།

༣   རྗེ་བཙུན་འཇམ་དབྱངས་དཀར་བོ་ཤེས་རབ་བློ་འཕེལ་གྱི་བསྙེན་པ་སྦྱིན་སྲེག་བྱ་ཚུལ་དང་བཅས་པ་དངོས་གྲུབ་མཆོག་སྦྱིན།

༤   རྗེ་བླ་མ་ལ་བརྟེན་པའི་གསོལ་འདེབས་དམིགས་བརྩེ་མའི་སྒོ་ནས་ཆུ་སྒྲུབ་བྱ་ཚུལ་དངོས་གྲུབ་ཆར་འབེབས།

༥   རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྒྲུབ་ཐབས་བློ་གྲོས་མཆོག་སྩོལ་ཅེས་བྱ་བ་དང་ཁ་སྐོང་གི་སྦྱིན་སྲེག་བྱ་ཚུལ།

༦   འཇམ་དབྱངས་ནག་པོའི་སྒྲུབ་ཐབས་བུམ་ཆོག་བཀྲུ་བྱབས་དང་བཅས་པ་བྱ་ཚུལ་བེེ་ཌྰུརྱ་སྔོན་པོའི་ཕྲེང་བ།

༧   བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་ལ་བརྟེན་པའི་ཚེ་སྒྲུབ་བྱ་ཚུལ་འཆི་མེད་བདུད་རྩིའི་ཆུ་རྒྱུན།

༨   རྒྱལ་ཡུམ་ཡིད་བཞིན་འཁོར་ལོ་ལ་བརྟེན་ནས་རང་གཞན་གྱི་དོན་དུ་ཚེའི་དངོས་གྲུབ་སྒྲུབ་པའི་ཚུལ་འཆི་མེད་བདུད་རྩིའི་མཆོག་སྦྱིན།

༩    རྒྱལ་ཡུམ་རྗེ་བཙུན་མ་ཡིད་བཞིན་འཁོར་ལོའི་བསྙེན་ཡིག་འཆི་མེད་དཔལ་སྟེར།

༡༠   རྒྱལ་ཡུམ་ཡིད་བཞིན་འཁོར་ལོའི་སྒོ་ནས་ཞི་བའི་སྦྱིན་སྲེག་བྱ་ཚུལ་མཆོག་མཐུན་དངོས་གྲུབ་འདོད་འཇོ།

༡༡   རྗེ་བཙུན་སྒྲོལ་དཀར་ལ་བརྟེན་པའི་བཀྲུ་བྱབས་སྲུང་གསུམ་བྱ་ཚུལ་རྡོ་རྗེ་བདུད་རྩིའི་ཆུ་རྒྱུན།

༡༢   བཅོམ་ལྡན་འདས་གཙུག་ཏོར་རྣམ་པར་རྒྱལ་མ་ལ་བརྟེན་པའི་བུམ་སྒྲུབ་འཆི་མེད་བདུད་རྩིའི་དཔལ་སྟེར།

༡༣   ཛེ་ཏྰ་རིའི་ལུགས་ཀྱི་བཅོམ་ལྡན་གཙུག་ཏོར་རྣམ་པར་རྒྱལ་མ་ལྷ་དགུ་ལ་བརྟེན་པའི་སྟོང་མཆོད་བྱ་ཚུལ་འཆི་མེད་རིག་འཛིན་དཔལ་སྟེར།

༡༤   བཅོམ་ལྡན་འདས་གཙུག་ཏོར་རྣམ་པར་རྒྱལ་མའི་བསྙེན་པ་བྱེད་ཚུལ་དངོས་གྲུབ་འདོད་འཇོ།

༡༥   ཚེ་ལྷ་རིགས་གསུམ་གྱི་སྒོ་ནས་ཚེ་སྤེལ་བར་བྱེད་པའི་ཆོ་ག་གཞོམ་བྲལ་མི་འགྱུར་རྡོ་རྗེའི་སྲོག་སྦྱིན།

༡༦   རྒྱལ་ཡུམ་རྗེ་བཙུན་སྒྲོལ་མ་ལ་བརྟེན་པའི་མཎྜལ་བཞི་བའི་ཆོ་ག་བྱིན་རླབས་གཏེར་མཛོད།

༢༧   འཕགས་པ་བཟང་བོ་སྤྱོད་པའི་སྨོན་ལམ་ལ་བརྟེན་པའི་འཆི་བླུ་བྱེད་ཚུལ་འཆི་བདག་གཡུལ་ལས་རྒྱལ་བའི་ལྷ་རྔ།

༢༨   འཕགས་མཆོག་ཐུགས་རྗེ་ཆེན་པོ་ཕྱག་བཞི་བ་ལ་བརྟེན་ནས་མ་ཎི་རིལ་སྒྲུབ་བྱ་ཚུལ་བྱིན་རླབས་མྱུར་འཇུག

༢༩   འཕགས་མཆོག་ཐུགས་རྗེ་ཆེན་པོ་ལ་བརྟེན་པའི་སྨྱུང་གནས་ཀྱི་ཆོ་ག་གཞན་ཕན་བདུད་རྩིའི་སྙིང་བོ།

༣༠   འཕགས་མཆོག་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གཙོ་འཁོར་ཡོངས་རྫོགས་ཀྱི་སྦྱིན་སྲེག་བྱེད་ཚུལ་སྡིག་ལྟུང་ཚ་གདུང་སེལ་བའི་ཟླ་ཤེལ།

༣༡   འཕགས་མཆོག་སེངྒེ་སྒྲ་ལ་བརྟེན་པའི་ཆུ་སྒྲུབ་བྱེད་ཚུལ་བདུད་རྩིའི་ཆུ་སྦྱིན།

༣༢   བཅོམ་ལྡན་འདས་ཀླུའི་དབང་ཕྱུག་རྒྱལ་བོ་གཙོ་འཁོར་ལ་བརྟེན་པའི་ཆུ་སྒྲུབ་བྱ་ཚུལ་ཀླུ་གདོན་ཚ་བའི་གདུང་སེལ་ག་བུར་གསར་བའི་ཐུགས་ཕྲེང་།

༣༣   གཟུངས་གྲྭ་ལྔ་ནས་བཤད་པའི་སྲུང་བ་ལྔའི་སྒྲུབ་ཐབས་དང་བུམ་སྒྲུབ་བྱ་ཚུལ་ཟླ་བའི་ཆུ་རྒྱུན།

༣༤   བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་ལ་བརྟེན་པའི་ཆུ་སྒྲུབ་བྱ་ཚུལ་བདུད་རྩིའི་ཆུ་རྒྱུན།

༣༥   རྡོ་རྗེ་རྣམ་པར་འཇོམས་པའི་སྒོ་ནས་ཡུལ་ཁྲུས་བྱ་ཚུལ་ཉེས་པ་ཀུན་སེལ།

དྲག་པོ་སུམ་འབྲེལ་ལ་བརྟེན་པའི་བུམ་སྒྲུབ་བཀྲུ་བྱབས་སྲུང་གསུམ་དུག་དབྱུང་དང་བཅས་པ་བྱ་ཚུལ་སྐྱེ་འགྲོའི་གདུང་བ་སེལ་བའི་སྨན་མཆོག

༣༦   དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དྲག་པོ་སུམ་འབྲེལ་ལ་བརྟེན་པའི་ཞི་བའི་སྦྱིན་སྲེག་བྱ་ཚུལ་དངོས་གྲུབ་མཆོག་སྦྱིན།

༣༧   བཅོམ་ལྡན་འདས་མ་ལྷག་པའི་ལྷ་མོ་ལོ་གྱོན་མ་ལ་བརྟེན་པའི་ཆུ་སྒྲུབ་བྱ་ཚུལ་བདུད་རྩིའི་ཆུ་སྦྱིན།

༣༨   ཡེ་ཤེས་ཁྱུང་ཁྲ་ལ་བརྟེན་ནས་ཆུ་སྒྲུབ་བྱ་ཚུལ་གདུང་སེལ་འཆི་བ་མེད་པའི་སྨན་མཆོག

༣༩  ཡེ་ཤེས་ཁྱུང་ཁྲ་ལ་བརྟེན་ནས་ཞི་བའི་སྦྱིན་སྲེག་བྱ་ཚུལ་ཤེལ་དཀར་བུམ་བཟང་།

༤༠   ནོར་བདག་འཕགས་པ་ཛམྦྷ་ལ་སེར་བོའི་གཏེར་སྒྲུབ་བྱ་ཚུལ་འདོད་འཇོའི་བུམ་བཟང་།

༤༡   འཕགས་མཆོག་ཛམྦྷ་ལ་ནག་པོར་བརྟེན་པའི་གཏེར་སྒྲུབ་བྱ་ཚུལ་དབུལ་བའི་གདུང་སེལ་སྐལ་བཟང་གཙུག་ནོར།

༤༢   འཕགས་མ་ནོར་སྦྱིན་མ་ལ་བརྟེན་པའི་གཏེར་སྒྲུབ་བྱ་ཚུལ་འདོད་དགུའི་ཆར་འབེབས།

༤༣   མགོན་པོ་ཡིད་བཞིན་ནོར་བུ་ལ་བརྟེན་པའི་གཏེར་སྒྲུབ་བྱ་ཚུལ་འདོད་འཇོའི་བུམ་བཟང་།

༤༤   འབྲུ་བཅུད་ལོ་ཏོག་གི་གནོད་པ་ཞི་བའི་ཆེད་དུ་དཀར་གསུར་གཏོང་ཚུལ།

༤༥   ཤེར་ཕྱིན་གྱི་མདོ་རྣམས་བཀླག་པའི་ཚུལ།

༤༦   ཆོས་སྲུང་རྣམས་ལ་གཏོར་མ་འབུལ་བའི་རིམ་པ་ཕྱོགས་གཅིག་ཏུ་བཀོད་པ་རྡོ་རྗེ་སྒྲ་དབྱངས།

༤༧   རྗེ་བཙུན་སུ་མ་ཏི་དྷྭ་ཛ་སིདྷ་དཔལ་བཟང་བོའི་གསུང་ཐོར་བུའི་སྐོར་ཕྱོགས་གཅིག་ཏུ་བཀོད་པ་བསམ་པའི་རེ་སྐོང་།

༤༨   རབ་གནས་དགེ་ལེགས་རྒྱ་མཚོའི་ཆར་འབེབས་ཀྱི་ཟུར་འདེབས་འདོད་འཇོ་ནོར་བུའི་བུམ་བཟང་།

པོད་ཅ་པའི་དཀར་ཆག

༡   འཁོར་ལོ་སྡོམ་པ་གྲུབ་ཆེན་དྲིལ་བུ་ཞབས་ཀྱི་བཞེད་སྲོལ་ལྷ་ལྔའི་བདག་བསྐྱེད་བདེ་ཆེན་མཆོག་སྦྱིན་དབང་གི་རྒྱལ་པོ།

༢   དྲིལ་བུ་ལྷ་ངའི་སྒྲུབ་ཐབས་བདེ་ཆེན་མཆོག་སྦྱིན་དབང་གི་རྒྱལ་པོ་ལས་བུམ་ཆོག

༣   དྲིལ་བུ་ལྷ་ངའི་སྒྲུབ་ཐབས་བདེ་ཆེན་མཆོག་སྦྱིན་དབང་གི་རྒྱལ་པོ་ལས་མདུན་བསྐྱེད།

༤   དྲིལ་བུ་ལྷ་ངའི་སྒྲུབ་ཐབས་བདེ་ཆེན་མཆོག་སྦྱིན་དབང་གི་རྒྱལ་པོ་ལས་དབང་ཆོག

༥  དྲིལ་བུ་པའི་ལུགས་ཀྱི་འཁོར་ལོ་སྡོམ་པ་ལྷ་ལྔའི་རྡུལ་ཚོན་གྱི་དཀྱིལ་འཁོར་བྲི་སྒྲུབ་སོགས་བྱ་ཚུལ་ལྷན་ཅིག་སྐྱེས་པའི་སྣང་བ་ལྔ་ལྡན།

༦   བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པ་དྲིལ་བུ་ལྷ་ལྔའི་བསྙན་པ་བྱེད་ཚུལ།

༧   གྲུབ་པའི་དབང་ཕྱུག་དྲིལ་བུ་བའི་ལུགས་ཀྱི་འཁོར་ལོ་སྡོམ་པ་ལྷ་ལྔའི་སྦྱིན་སྲེག་གི་ཆོ་ག་ཡེ་ཤེས་སྣང་བ་རབ་འབར།

༨   གྲུབ་ཆེན་དྲིལ་བུ་པའི་ལུགས་ཀྱི་དཔལ་འཁོར་ལོ་སྡོམ་པ་ལུས་དཀྱིལ་གྱི་སྒྲུབ་ཐབས་བདེ་ཆེན་བདུད་རྩིའི་སྙིང་པོ།

༩   དྲིལ་བུ་ལྷ་ལྔའི་སྒྲུབ་ཐབས་མདོར་བསྡུས་བདེ་ཆེན་གསང་བའི་མྱུར་ལམ།

༡༠  རྒྱུད་སྡེ་ནས་གསུངས་པའི་ལྷ་ཚོགས་རྣམས་ཀྱི་སྒྲུབ་ཐབས་དངོས་གྲུབ་འདོད་འཇོ།

༡༡   འཕགས་མ་གདུགས་དཀར་ཅན་གྱི་སྒྲུབ་ཐབས་བདུད་འཇོམས་རྡོ་རྗེ་ཕ་ལམ།

༡༢   ཇོ་ལུགས་སྒྲོལ་མ་ཉེར་གཅིག་གི་སྒྲུབ་ཐབས་དཔག་བསམ་ལྗོན་ཤིང་།

༡༣  ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་སྒྲུབ་ཐབས་མཆོག་ཐུན་འདོད་དགུའི་འབྱུང་གནས།

༡༤  འཇིགས་བྱེད་དཔའ་བོ་གཅིག་པའི་སྒྲུབ་ཐབས་བདུད་བཞིའི་གཡུལ་ལས་རྒྱལ་བའི་རྔ་སྒྲ།

༡༥  རྟ་མགྲིན་གསང་སྒྲུབ་ཀྱི་སྒྲུབ་ཐབས་པད་དཀར་འཕྲེང་བའི་ཆོག་བསྒྲིགས་དངོས་གྲུབ་མྱུར་སྩོལ།

༡༦  རྟ་མགྲིན་གསང་སྒྲུབ་ཀྱི་སྒྲུབ་ཐབས་པད་རཱག་ཕྲེང་བའི་ཆ་ལག་ཏུ་ཚོགས་ཀྱི་ཆོ་ག་བྱ་ཚུལ།

༡༧  རྟ་མཆོག་རོལ་བ་གསང་སྒྲུབ་ལ་བརྟེན་པའི་གཏོར་བཟློག་གི་ཆོག་བསྒྲུགས་བདུད་ལས་རྒྱལ་བའི་རྔ་སྒྲ།

༡༨   མགོན་པོ་ཕྱག་དྲུག་པའི་གཏོར་ཆོག་བདུད་ལས་རྒྱལ་བའི་བཞད་སྒྲ།

༡༩   གུར་གྱི་མགོན་པོའི་གཏོར་ཆོག་བདུད་ལས་རྒྱལ་བའི་འཕྲུལ་འཁོར།

༢༠   ཀྵེ་ཊ་པཱ་ལའི་གཏོར་ཆོག་བསྟན་སྲུང་དཔའ་བོ་རོལ་བའི་གད་རྒྱངས།

༢༡   དྲེགས་པ་ལྕམ་སྲིང་གི་གཏོར་ཆོག་མཚོན་ཆ་འབར་བའི་འཁོར་ལོ།

༢༢   རྡོ་རྗེ་དྲག་མོ་རྒྱལ་གྱི་གཏོར་ཆོག་ཆ་ལག་དང་བཅས་པ་བསམ་པའི་རེ་བ་ཀུན་སྐོང་།

༢༣   མ་གཟའ་རྡོར་གསུམ་གྱི་གཏོར་ཆོག་འདོད་དགུ་ལྷུན་འགྲུབ།

༢༤   དམ་ཅན་སྐྱེས་བུ་ཆེན་པོའི་གསོལ་མཆོད་བྱེད་ཚུལ་བསྟན་སྲུང་དགྱེས་པའི་མཆོད་སྤྲིན་ལྷ་རྒྱལ་རྡོ་རྗེ་གད་རྒྱངས།

༢༥   རྒྱལ་བའི་བསྟན་སྲུང་ཆེན་པོ་དམ་ཅན་རྡོ་རྗེ་ལེགས་པའི་ཐུགས་དམ་བསྐང་བའི་རིམ་པ་ཆོས་སྲུང་དགྱེས་པའི་བཞད་སྒྲ། 

༢༦   རྒྱལ་བའི་བསྟན་སྲུང་དམ་ཅན་སྐྱེས་མཆོག་རྡོ་རྗེ་ལེགས་པའི་གཏོར་ཆོག་སྲིད་གསུམ་རྣམ་རྒྱལ།

༢༧   རྒྱལ་ཆེན་སྐུ་ལྔའི་གཏོར་ཆོག་ཆོས་སྲུང་དགྱེས་པའི་རྔ་ཆེན།

༢༨   རྒྱལ་ཆེན་སྐུ་ལྔའི་གཏོར་ཆོག་ཉུང་ངུ་རྣམ་གསལ།

༢༩   རྒྱལ་བའི་བསྟན་སྲུང་གཙོ་བོ་རྣམས་ཀྱི་གཏོར་ཆོག་གསེར་གྱི་ཡང་ཞུན།

༣༠   ལྷ་གཉན་རྨ་རྒྱལ་ལྷ་ཡི་དགེ་བསྙེན་ཆེན་པོ་འཁོར་བཅས་ཀྱི་ཐུགས་དམ་བསྐང་བའི་རིམ་པ་རྣམ་པར་རྒྱལ་བའི་ལྷ་རྔ།

༣༡   ཚེ་རིང་མཆེད་ལྔ་དང་བོད་སྐྱོང་བསྟན་མ་བཅུ་གཉིས་ཀྱི་གསོལ་མཆོད་བྱེད་ཚུལ།

       པོད་ཆ་བའི་དཀར་ཆག  

༡   ཡི་དམ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་རིམ་པ་དང་པོའི་ལེགས་བཤད་གསང་ཆེན་ཟབ་ལམ།

༢   སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་བསྐྱེད་རིམ་གྱི་རྣམ་བཤད་འཕགས་མཆོག་དགྱེས་པའི་མཆོད་སྤྲིན།

༣   བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་སྒྲུབ་ཐབས་སྡིག་ལྟུང་མུན་སེལ་ཉིན་བྱེད་སྣང་བ་ལ།

༤   བཅོམ་ལྡན་འདས་རྡོར་སེམས་ཡབ་ཡུམ་གྱི་སྒྲུབ་ཐབས་སྡིག་ལྟུང་མུན་སེལ་ཉིན་བྱེད་སྣང་བའི་དོན་འགྲེལ་སྐལ་བཟང་སྙིང་གི་གདུང་སེལ་ཟླ་ཟེར་སྣང་བ།

༥   བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད་ཀྱི་བསྙེན་པ་བྱ་ཚུལ་མཆོག་ཐུན་དངོས་གྲུབ་མྱུར་སྩོལ།

༦   འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣལ་འབྱོར་ཉམས་སུ་བླངས་པའི་ཕན་ཡོན་བྱིན་རླབས་མྱུར་འཇུག

༧   འཆི་མེད་རྔ་སྒྲའི་རྒྱུད་ལས་གསུངས་པའི་བྱ་རྒྱུད་པདྨའི་རིགས་ཀྱི་ནང་ཚན་མགོན་པོ་ཚེ་དཔག་མེད་ལྷ་དགུའི་བསྙེན་པ་བྱ་ཚུལ་པདྨ་རཱ་གའི་དོ་ཤལ།

༨    ཚ་གསུར་གྱི་རྣམ་བཞག་ཕན་བདེའི་དཔལ་སྟེར།

༩    བར་དོའི་སྐོར་གྱི་རྣམ་བཞག་ཤེལ་དཀར་མེ་ལོང་།

༡༠   འགྲོ་མགོན་བསྟན་པ་རིན་ཆེན་གྱི་གསང་བའི་མགུར་འགྲེལ་རྡོ་རྗེ་ཚིག་གི་བདུད་གྲོལ་ཀུན་བཟང་མཆོད་སྤྲིན།

༡༡   མགོན་པོ་འོད་དཔག་མེད་ལ་བརྟེན་པའི་འཕོ་བའི་ཉམས་ལེན་བདེ་ལྡན་ཞིང་དུ་བགྲོད་པའི་ཐེམ་སྐས།

༡༢   བཅོམ་ལྡན་འདས་མགོན་པོ་མི་འཁྲུགས་པ་ལ་བརྟེན་པའི་འཕོ་བའི་ཉམས་ལེན་བྱེད་ཚུལ་ཞིང་མཆོག་མངོན་དགར་བགྲོད་པའི་རིན་ཆེན་ཐེམ་སྐས།

༡༣   སྟོབས་ཆེན་ཁྲོ་བོ་བཅུའི་སྒོ་ནས་དམར་ཆེན་གཏོར་བཟློག་བྱ་ཚུལ་བདུད་དཔུང་ཕྱེ་མར་འཐག་པའི་འཁོར་ལོ།

༡༤   རྒྱལ་བོ་ཆེན་པོ་རྣམ་སྲས་ལ་བརྟེན་པའི་ཞི་བ་གཙོ་བོར་གྱུར་པའི་གཏོར་སྒྲུབ་བྱེད་ཚུལ་གདུང་སེལ་སྣང་བ་རྒྱ་མཚོའི་འོད་དཀར།

༡༥   རྒྱལ་བོ་ཆེན་པོ་རྣམ་སྲས་ལ་བརྟེན་ནས་རྒྱས་པ་གཙོ་བོ་གྱུར་པའི་འཇམ་པོ་གསུམ་གྱི་སྦྱིན་སྲེག་བྱ་ཚུལ་ཡིད་བཞིན་དབང་རྒྱལ།

༡༦   དཔལ་ལྡན་དམག་ཟོར་རྒྱལ་མོའི་གཏོར་ཆོག་མདོར་བསྡུས།

༡༧   རྒྱལ་བའི་བསྟན་སྲུང་གཙོ་མོ་དཔལ་ལྡན་སྲིད་གསུམ་བདག་མོ་ལ་ཚེས་མཏོར་འབུལ་བའི་རིམ་པ་ཆོས་སྲུང་དགྱེས་པའི་རྔ་ཆེན།

༡༨   རྒྱལ་བའི་བསྟན་སྲུང་དཔལ་ལྡན་དམག་ཟོར་རྒྱལ་མོ་ལ་གཤེགས་གཏོར་འབུལ་ཚུལ་དམག་ཟོར་དགྱེས་པའི་མཆོད་སྤྲིན།

༡༩   བསྟན་སྲུང་གཙོ་མོ་སྲིད་གསུམ་བདག་མོ་ལ་བརྟེན་པའི་གློ་བུར་ལས་བཅོལ་བྱ་ཚུལ་རྡོ་རྗེ་སྒྲ་དབྱངས།

༢༠   བསྟན་སྲུང་གཙོ་མོ་འདོད་ཁམས་དབང་ཕྱུག་མ་ལ་བརྟེན་པའི་དྲག་པོའི་གཏོར་ཟོར་གནམ་ལྕགས་འབར་བའི་འཁོར་ལོ།

༢༡    ཆོས་སྐྱོང་དྲེགས་པ་ལྕམ་སྲིང་གི་སྤྱི་བཏབ་བྱ་ཚུལ་གཏུམ་དྲག་རོལ་བའི་དགའ་སྟོན།

༢༢    ཆོས་སྲུང་རྣམས་ལ་མཆོད་གཏོར་འབུལ་ཚུལ་དང་སྤྱི་བསྟབ་བྱ་ཚུལ་ཕྱོགས་གཅིག་ཏུ་བཀོད་པ་དོན་ལྡན་ཚངས་པའི་སྒྲ་དབྱངས།

པོད་ཇ་བའི་དཀར་ཆག    

༡   ལེགས་པར་སྦྱར་བའི་སྐད་དང་གངས་ཅན་བོད་ཀྱི་བརྡ་ཤན་སྦྱར་ཏེ་ཀཱ་ལིའི་ཕྲེང་བར་བསྒྲིགས་པ་མཁས་པ་དགའ་བྱེད།

༢   སྒྲ་གཅིག་དོན་མང་ལ་འཇུག་པ་སོགས་ཀྱི་རྣམ་གཞག

༣   སུམ་ཅུ་བའི་རྣམ་བཤད་ཉིན་མོའི་སྣང་བ།

༤   རྟགས་ཀྱི་འཇུག་པའི་རྣམ་བཤད་ནོར་བུའི་རྒྱན་ཕྲེང་།

༥   ཕུག་ལུགས་རྩིས་ཀྱི་སྙིང་པོ་མཁས་པའི་མགུལ་རྒྱན།

༦   བླ་མ་ཡི་དམ་ཆོས་སྲུང་རྣམས་ཀྱི་བསྟོད་ཚོགས་ཀུན་བཟང་མཆོད་སྤྲིན།

༧   ལྟོ་འཕྱེ་བརྟག་པ་ལ་ཉེ་བར་མཁོ་བའི་ལྷའི་རྣལ་འབྱོར་དང་ཀླུ་རྒྱལ་ལ་མཆོད་གཏོར་འབུལ་ཚུལ།

༨   ལྷའི་དགེ་བསྙེན་ཆེན་པོ་ལ་སྒོ་འཁོར་བཅས་ཀྱི་བསྐང་བཤགས་བྱེད་ཚུལ་ལྷ་རྒྱལ་གདོང་ལྔའི་གད་རྒྱངས།

༩   ཡུལ་སྐྱོང་དགྲ་ལྷའི་རྒྱལ་བོ་ཨ་ཙ་ཐུར་གྲགས་པའི་བསྐང་གསོལ་བྱེད་ཚུལ་ལྷ་ཆེན་དགྱེས་པའི་རོལ་མོ།

༡༠   ཡུལ་སྐྱོང་ཏཱ་རི་འཁོར་བཅས་ཀྱི་གསོལ་མཆོད་བྱེད་ཚུལ་འགག་མེད་ལྷ་རྔའི་སྒྲ་སྐད།

༡༡   ཡུལ་སྐྱོང་ཆེན་པོ་གཉན་རྒོད་སྔོ་ལྷ་གཡུ་རྩེ་རྒྱལ་བོ་ལ་བརྟན་པའི་བཟློག་མདོས་ལྷ་རྒྱལ་རྡོ་རྗེ་སྒྲ་དབྱངས།

༡༢   བཀྲ་ཤིས་སྨན་རིའི་རྒྱལ་བོ་སོགས་ཀྱི་ཐུགས་དམ་བསྐང་བའི་རིམ་པ་ལྷ་ཆེན་དགྱེས་པའི་རོལ་མོ།

༡༣   བླ་མ་ཡི་དམ་ཆོས་སྲུང་གཞི་བདག་རྣམས་ཀྱི་བསང་མཆོད་བྱེད་ཚུལ་ཕྱོགས་གཅིག་ཏུ་བསྡེབས་པ་བདེ་ལེགས་ཆར་འབེབས།

༡༤   བསྔོ་བའི་སྐོར་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་ཐེག་མཆོག་བགྲོད་པའི་ཐེམ་སྐས།

   བཀའ་རྒྱ་མའི་དཀར་ཆག

༡   རྗེ་བཙུན་སུ་མ་ཏི་དྷཱ་ཛ་སིདྷའི་བཀའ་རྩོམ་ཐུན་མོང་མ་ཡིན་པ་བཀའ་རྒྱ་མའི་སྐོར་གྱི་དཀར་ཆག་གསང་ཆེན་ནོར་བུའི་གཏེར་མཛོད།

༢   གྲུབ་དབང་པདྨ་སམྦྷ་ཝ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་སོགས་སྣ་ཚོགས་ཀྱི་སྐོར།

༣   སློབ་དཔོན་པདྨ་སམྦྷ་ཝ་ལ་བརྟེན་པའི་ཚེ་སྒྲུབ་བྱ་ཚུལ་མི་འགྱུར་སྲོག་གི་ཀ་བ།

༤   དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་རྫོགས་རིམ་གྱི་རྣམ་གཞག་འཇམ་དཔལ་དགྱེས་པའི་མཆོད་སྤྲིན།

༥   རྡོ་རྗེ་འཇིགས་བྱེད་ནག་པོ་མདའ་འགེངས་ཀྱི་སྒྲུབ་ཐབས་འཇིགས་མཛད་ཞལ་ལུང་།

༦   དཔལ་ཆེན་དབང་གི་རྒྱལ་བོ་རྟ་མཆོག་རོལ་བའི་བསྐྱེད་རིམ་གྱི་རྣམ་གཞག་དབང་ཆེན་དགྱེས་པའི་རོལ་གར།

༧   ཡི་དམ་རྟ་མཆོག་རོལ་བ་ཁྲག་འཐུང་ལྷ་དགུའི་དཀྱིལ་འཁོར་དུ་བདག་ཉིད་འཇུག་ཅིང་དབང་བླངས་པའི་ཚུལ་བདེ་ཆེན་བདུད་རྩིའི་ཆུ་རྒྱུན།

༨   པདྨ་ཡང་གསང་ཁྲོས་པའི་ཚོགས་འཁོར་མདོར་བསྡུས་དབང་ཆེན་དགྱེས་དགུར་རོལ་བའི་དགའ་སྟོན།

༩   འདིར་ཁྲོ་བོའི་རྒྱལ་བོ་རྟ་མཆོག་རོལ་བ་ཡང་གསང་ཁྲོས་པའི་སྒོ་ནས་བཀྲུ་བྱབས་དུག་དབྱུང་བསྲུང་བ་དང་བཅས་པ་བྱ་བའི་ཚུལ་བར་ཆད་ཀུན་སེལ།

༡༠   རྟ་མགྲིན་ཡང་གསང་ཁྲོས་པའི་གཏོར་བཟློག་སོགས་ཀྱི་སྐབས་སུ་མཁོ་བའི་ཟུར་རྒྱན་འགའ་ཞིག

༡༡   རྟ་མཆོག་རོལ་བ་ཡང་གསང་ཁྲོས་པའི་རྣལ་འབྱོར་ལ་བརྟེན་ནས་འཕོ་བའི་མན་ངག་ཉམས་སུ་ལེན་པའི་ཚུལ་མཁའ་སྤྱོད་བགྲོད་པའི་མྱུར་ལམ།

༡༢   བཅོམ་ལྡན་འདས་མ་ཁམས་གསུམ་དབང་སྡུད་ཀྱི་ལྷ་མོ་ཀུ་རུ་ཀུལླེ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་དངོས་གྲུབ་མྱུར་སྩོལ་སོགས།

༡༣   བཅོམ་ལྡན་འདས་མའི་བདག་བསྐྱེད་སྒོམ་ཚུལ་གྱི་ཐོ་ཡིག་དང་ཚོགས་མཆོད་འབུལ་ཚུལ་ཨུཏྤལ་དམར་པོའི་ལྕགས་ཀྱུ།

༡༤    བཅོམ་ལྡན་འདས་མ་ཀུ་རུ་ཀལླེའི་རིམ་པ་དང་པོའི་རྣམ་བཤད་དངོས་གྲུབ་པདྨོ་བཞད་པའི་དགའ་སྟོན།

༡༥   རྗེ་བཙུན་བཅོམ་ལྡན་འདས་མ་ཀུ་རུ་ཀུལླེ་ལ་བརྟེན་པའི་ཆར་འབེབས་བྱ་ཚུལ་དངོས་གྲུབ་འདོད་འཇོ།

༡༦   བཅོམ་ལྡན་འདས་མ་རིག་བྱེད་མ་ལ་བརྟེན་པའི་དགེ་འདུན་འདུ་བའི་འཁོར་ལོའི་གསལ་བྱེད་བྲི་སྒྲུབ་ཚུལ།

༡༧   རྗེ་བཙུན་ནཱ་རོ་མཁའ་སྤྱོད་མའི་བླ་མའི་རྣལ་འབྱོར་དང་སྒྲུབ་ཐབས་མདོར་བསྡུས།

༡༨   རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་མའི་སྒྲུབ་ཐབས་མཁའ་སྤྱོད་གྲུབ་པའི་གཏམ་སྙན་ལྷའི་རོལ་མོ།

༡༩   རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་མའི་སིནྡྷུ་རའི་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ་དང་བདག་ཉིད་འཇུག་ཅིང་དབང་བླངས་པའི་རིམ་པ་མཁའ་སྤྱོད་དབང་མོ་དགྱེས་པའི་མཆོད་སྤྲིན།

༢༠   རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་མའི་སྦྱིན་སྲེག་བྱེད་ཚུལ་སྡིག་སྒྲིབ་བུད་ཤིང་སྲེག་པའི་མེ་ཆེན།

༢༡   མཁས་གྲུབ་ཁྱུང་བོའི་མན་ངག་ངག་བྱིན་རླབས་བྱ་ཚུལ་གྱི་དམིགས་རིམ་ཚིག་ཏུ་བརྗོད་ཆོག་པ་མདོར་བསྡུས་སུ་བཀོད་པ།

༢༢    མཁའ་འགྲོ་སེངྒེའི་གདོང་བ་ཅན་འཁོར་བཅས་ཀྱི་སྒོ་ནས་ཚེ་སྒྲུབ་བྱ་ཚུལ་བདུད་རྩི་ཤེལ་དཀར་བུམ་བཟང་།

༢༣   མཁའ་འགྲོ་སེངྒེའི་གདོང་བ་ཅན་གྱི་སྒོ་ནས་ནོར་སྒྲུབ་བྱ་ཚུལ་འདོད་དགུའི་བང་མཛོད།

༢༤   ཡེ་ཤེས་ཀྱི་མཁའ་འགྲོ་སེངྒེའི་གདོང་བ་ཅན་གྱི་སྒྲུབ་ཐབས་རྡེ་རྗེ་ཕ་ལམ།

༢༥   མཁའ་འགྲོ་སེངྒེའི་གདོང་བ་ཅན་གྱི་སྒོ་ནས་དམར་ཆེན་གཏོར་བཟློག་བྱ་ཚུལ་རྡོ་རྗེ་མཚོན་ཆ་འབར་བའི་འཁོར་ལོ།

༢༦   མཁའ་འགྲོ་སེངྒེའི་གདོང་བ་ཅན་གྱི་བསྙེན་ཡིག་བེེ་ཌཱུརྱ་སྔོན་པོའི་མེ་ལོང་།

༢༧   མཁའ་འགྲོ་སེངྒེའི་གདོང་བ་ཅན་གྱི་འཕྲིན་ལས་བཞིའི་སྦྱིན་སྲེག་གི་ཆོ་ག་དངོས་གྲུབ་གཏེར་མཛོད།

༢༨   ལྷ་བཞི་དྲིལ་སྒྲུབ་ཀྱི་རྣལ་འབྱོར་དངོས་གྲུབ་མྱུར་སྩོལ།

༢༩   མྱུར་མཛད་མགོན་པོ་ཕྱག་དྲུག་པའི་བདག་བསྐྱེད་སྒོམ་བཟླས་བྱེད་ཚུལ།

༣༠   མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་སྙིང་ཞུགས་ཐུན་མོང་མ་ཡིན་པའི་རྒྱུན་ཁྱེར་ཡེ་ཤེས་ལྔ་ལྡན།

༣༡   ཡེ་ཤེས་མགོན་པོ་ཕྱག་དྲུག་པ་ལ་བརྟེན་པའི་གློ་བུར་ལས་བཅོལ་བྱ་ཚུལ་མཚོན་ཆ་འབར་བའི་འཁོར་ལོ།

༣༢   རྒྱལ་བའི་བསྟན་སྲུང་ཆེན་པོ་གུར་ལྷ་བརྒྱད་ཀྱི་ཞི་རྒྱས་དབང་དྲག་གི་སྦྱིན་སྲེག་བྱེད་ཚུལ་ལས་བཞི་ལྷུན་གྱིས་གྲུབ་པའི་རྔ་སྒྲ།

༣༣   ཆོས་རྒྱལ་ནང་སྒྲུབ་འཁོར་བཅས་ཀྱི་ཐུགས་དམ་བསྐང་བའི་རིམ་པ་ལས་བཞིའི་འཕྲིན་ལས་སྒྲུབ་པའི་རྡོ་རྗོ་གད་རྒྱངས།

༣༤   དམ་ཅན་གཤིན་རྗེ་ཆོས་རྒྱལ་གསང་སྒྲུབ་ཀྱི་ཐུགས་དམ་བསྐང་བའི་རིམ་པ་ནམ་མཁའ་མཛོད་ཀྱི་འདོད་འཇོ།

༣༥   བླ་མ་ཡི་དམ་མཁའ་འགྲོ་སྲུང་མའི་ཚོགས་སྤྱི་དང་ཁྱད་པར་དཔལ་ལྡན་ལྷ་མོ་ལ་བརྟེན་པའི་ཚོགས་མཆོད་འབུལ་ཚུལ་ཁྲག་འཐུང་རོལ་བའི་དགའ་སྟོན།

༣༦   དཔལ་ལྡན་སྲིད་གསུམ་བདག་མོའི་བསྙེན་པ་བྱེད་ཚུལ་ཆོས་སྲུང་དགྱེས་པའི་བཞད་སྒྲ།

༣༧   རྒྱལ་བའི་བསྟན་སྲུང་ཆེན་པོ་དམ་ཅན་རྡོ་རྗེ་ལེགས་པ་ལ་བརྟེན་པའི་དྲག་པོའི་གཏོར་བཟློག་བྱ་ཚུལ་དགྲ་འཇོམས་རྡོ་རྗེ་ཕ་ལམ།

༣༨   དམ་ཅན་རྡོ་རྗེ་ལེགས་པའི་ནོར་སྒྲུབ་བྱ་ཚུལ་རིག་འཛིན་ཞལ་ལུང་རིན་ཆེན་དབང་གི་རྒྱལ་བོའི་དོ་ཤལ།  བཅས་གསུམ་ལ་མདོ་སྔགས་རིག་གནས་དང་བཅས་པའི་ཆོས་ཚན་བསྡོམས་པས་པོ་ཏི་བརྒྱད་བཞུགས་སོ། །

༄༅། ། ལྷ་མོ་གསེར་ཁྲི་སྐུ་ཕྲེང་གཉིས་པ༧རྗེ་བཙུན་བློ་བཟང་རྒྱལ་མཚན་སེང་གེ་དཔལ་བཟང་བོ་མཆོག་གི་མཛད་རྣམ་མདོར་བསྡུས་བཞུགས་སོ། །

ཁྲི་ཆེན་སྐུ་ཕྲེང་གཉིས་པ་༧རྗེ་བཙུན་བློ་བཟང་རྒྱལ་མཚན་སེང་གེ་དཔལ་བཟང་བོ་ནི། མདོ་སྨད་འབོ་རའི་ཁྲོམ་ཐོག་ཏུ་ཡབ་དྲུང་བ་ལྕགས་པོ་བྱམས་དང་ཡུམ་ལྕགས་མོ་བྱམས་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅུ་གསུམ་པའི་མེ་གླང་སྤྱི་ལོ༼1757༽ལོར་སྐུ་འཁྲུངས།

ཡུམ་གྱི་ལྷུམས་ནས་འཁྲུངས་དུས་ཞབས་སྐྱིལ་ཀྲུང་བཅས་ཤིང་ལྗགས་ལ་འོ་མས་བྲིས་པ་ལྟ་བུའི་ཟླ་དཀྱིལ་དང་སྨིན་མཚམས་སུ་དགའ་འཁྱིལ་གྱི་རི་མོ་ཤིན་ཏུ་གསལ་བ་སོགས་ཕྱི་ནང་གི་ངོ་མཚར་བའི་རྟགས་མཚན་བསམ་ལས་འདས། ཨ་ལག་ཤ་དར་རྒྱས་ནོ་མོན་ཧན། གུང་ཐང་སྤྲུལ་བའི་སྐུ་ངག་དབང་བསྟན་པའི་རྒྱལ་མཚན། དྲུང་བ་བླ་མ་རྒྱལ་མཚན་སེང་གེ་སོགས་དམ་པའི་ལུང་བསྟན་ལས་དགའ་ལྡན་ཁྲི་རབས་ང་གསུམ་པ་ཁྲི་རྒྱལ་མཚན་སེང་གེའི་ཡང་སྤྲུལ་འཁྲུལ་མེད་དུ་ངེས་པ་རྙེད་ཅིང་། རྗེ་རང་ཉིད་ནས་ཀྱང་ཁྲི་ཆེན་རྒྱལ་མཚན་སེང་གེ་ཡིན་ཚུལ་གྱི་གསུང་མང་དུ་བྱོན།

  དགུང་ལོ་བདུན་པར་ཁྲི་ཟུར་དགེ་བའི་བཤེས་གཉེན་ཆེན་པོ་རྔ་བ་ཆོས་སྐྱོང་རྒྱ་མཚོའི་ཞལ་སྔ་ནས་ཀྱིས་གཙུག་ཕུད་བཞེས་ཏེ་མཚན་ལ་བློ་བཟང་རྒྱལ་མཚན་སེང་གེ་ཞེས་གསོལ། རྗེ་གོང་མའི་གདན་ས་སྟག་ཚང་ལྷ་མོ་དགའ་ལྡན་བཤད་སྒྲུབ་གླིང་དུ་གདན་སར་འཁོད། འབྲས་སྒོ་མང་ལྷ་རམས་པ་ཁཱ་ཤཱི་བློ་བཟང་ཤེས་རབ་དང་རྔ་བ་ཆོས་སྐྱོང་རྒྱ་མཚོ་སོགས་ཡོངས་འཛིན་མཁས་པ་དུ་མའི་ཞབས་རྡུལ་གཙུག་ཏུ་བཞེས་ཏེ་རིག་པའི་གནས་ལ་གསན་བསམ་མཛད།

དགུང་ལོ་བཅུ་གཅིག་ནས་ཡོངས་འཛིན་བློ་བཟང་ཤེས་རབ་པའི་གསོལ་འདེབས་མཁྱེན་བརྩེ་དཀྱིལ་འཁོར་མ་སོགས་ཚིག་དོན་ཕུན་སུམ་ཚོགས་པའི་རྩོམ་པ་མཛད་པ་སོགས་མཁས་ཤིང་གྲུབ་པའི་རྣམ་ཐར་མཐའ་ཀླས་པ་བདག་གིར་བཞེས། དགུང་ལོ་ཉེར་གསུམ་པར་བྱམས་མེ་དཔོན་བླ་གྲགས་པ་བསམ་འགྲུབ། གླིང་བའི་དཔོན་པོ་ཨ་བཀྲ་དང་དཔལ་མགོན། བཞག་སྡོམ་དཔོན་ཚེ་རིང་རྡོ་རྗེ་སོགས་བོད་སོག་གི་སེར་སྐྱ་ཕོན་ཆེ་བའི་འཁོར་དང་བཅས་ཆུ་མིག་མེ་ལོང་ཁར་པཎ་ཆེན་དཔལ་ལྡན་ཡེ་ཤེས་པར་མཇལ་བར་ཕེབས། རྗེ་དེ་ཉིད་ཀྱི་དྲུང་ནས་བསྙེན་པར་རྫོགས། གདན་སར་དངུལ་སྲང་ཁྲི་ལྷག་གིས་ཚོགས་ཆེན་འདུ་ཁང་གསར་བཞེངས་གནང་།

     དགུང་ལོ་ཉེར་དྲུག་པ་ཆུ་སྟག་ལ་དབུས་སུ་ཕེབས་ཏེ་དཔལ་ལྡན་བཀྲ་ཤིས་སྒོ་མང་གི་ཆོས་གྲྭར་ཞུགས། སྒོ་མང་མཁན་རིན་པོ་ཆེ་ཧོར་སྐལ་བཟང་དངོས་གྲུབ་དང་རིགས་པའི་དབང་ཕྱུག་ཟུང་ཆུ་ངག་དབང་བཀྲ་ཤིས་སོགས་ཡོངས་འཛིན་དུ་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔ་ལ་སྦྱངས་བརྩོན་མཛད། འཇིགས་བྱེད་བཅུ་གསུམ་མ་དང་མགོན་ཆོས་ལྷ་མོ་གསུམ་གྱི་བསྐང་གསོལ། ལྷག་ལྷ་མང་བོའི་བཟླས་བརྗོད་སོགས་རྒྱུན་གྱི་ཞལ་འདོན་འཆག་མེད་ཀྱི་ངོས་ནས་ཉིན་རེར་དཔེ་རིང་བཅུ་གསུམ་རེ་ཐུགས་འཛིན་མཛད། ཀུན་མཁྱེན་འཇམ་དབྱངས་པའི་དྲང་ངེས་ཆེན་མོ། ཕར་ཕྱིན་མཐའ་དཔྱོད་སྐབས་དང་བོ། སྐབས་གསུམ་པ་དང་བཞི་བ། ལེགས་བཤད་གསེར་ཕྲེང་། སྟོང་ཐུན་ཆེན་མོ་རྣམས་ཐུགས་ལ་བཟུང་། སྐབས་བབ་ཀྱི་ཐལ་ཕྲེང་ཟུར་བཀོལ་ལ་ལུང་རིགས་ཀྱི་བརྡར་ཤ་བཅད་པས་མཁས་པའི་གྲགས་སྙན་འབར། སློབ་གཉེར་གྱི་ཞར་ལ་དོན་གཉེར་ཅན་མང་བོར་ཕར་ཕྱིན་དང་སྒྲ་སྙན་ངག་སོགས་ཀྱི་དཔེ་ཁྲིད། བླ་མཆོད་ཁྲིད་སོགས་གནང་། དེའི་དུས་ཀྱི་གྲྭ་སའི་གསུང་རྒྱུན་དུ། རྗེ་འདིའི་འཆད་པ་དང་གུང་ཐང་བསྟན་པའི་སྒྲོན་མེའི་རྩོམ་པ་དང་། ཧལ་ཧ་བསྟན་པའི་སྒྲོན་མེའི་རྩོད་པ་གསུམ་འཛོམས་ན་རྗེ་རིན་པོ་ཆེ་འགྲན་ནུས་ཞེས་གྲགས་ཡོད་པར་བཀྲ་ཤིས་སྒོ་མང་གི་གྲྭ་རྒན་པ་མང་བོའི་ངག་ལས་ཐོས་ཤིང་། རྗེ་རང་ཉིད་ཀྱི་ཞལ་ནས་ཀྱང་། འཆད་པ་འདི་ལ་མདོ་རྒྱུད་བསྟན་བཅོས་གང་གི་གཞུང་ཟབ་ཅིང་བརླིང་བ་ཞིག་བཤད་དགོས་རུང་སུ་ལའང་ངོ་གནོང་དགོས་དོན་མེད་གསུངས།

     ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། ཀློང་རྡོལ་བླ་མ་རིན་པོ་ཆེ། ཕ་བོང་ཁ་བ་རྒྱ་མཚོ་མཐའ་ཡས། ཉི་ཐང་བ་ངག་དབང་དོན་གྲུབ་སོགས་ལས་དབང་ལུང་ཁྲིད་སོགས་མཐའ་ཡས་པ་གསན། རྒྱལ་དབང་འཇམ་དཔལ་རྒྱ་མཚོ་སྨོན་ལམ་ཆེན་མོའི་ཚོགས་དབུར་སྤྱན་དྲངས་ཏེ་ཆིབས་ཆེན་ཉེར་ལྔས་ཐོག་དྲངས་པའི་རྟ་ལྔ་བརྒྱ། དངུལ་རྟ་རྨིག་མ་ལྔ་བཅུ། གོས་ཡུག་བརྒྱ་སོགས་རྣམ་གྲངས་ཁྲི་ཚོ་བརྒལ་བའི་འབུལ་ཆེན་བཏེགས། སྨོན་ལམ་ཆེན་མོའི་ཚོགས་སུའང་མང་འགྱེད་གང་ལེགས་མཛད།

      དབུས་སུ་ལོ་བདུན་བཞུགས་པའི་ཡུན་ལ་ཐོས་བསམ་སྒོམ་པ་ཁོ་ནས་དུས་འདའ་བར་མཛད། རྒྱལ་མཆོག་བརྒྱད་པས་དགེ་ལྡན་བསྟན་པའི་གསལ་བྱེད་ཨེར་ཏི་ནི་པཎྜི་ཏ་ཞེས་པའི་ཆོ་ལོ་དང་ཐམ་ཀ་གྲུ་སྒོར། བཀའ་ཤོག་རྒྱས་པ། དེའི་རྗེས་འབྲངས་གདུགས་རྟ་དར་སོགས་ཀྱི་གནང་སྐྱེས་དང་གཟིགས་སྐྱོང་ཆེ་བར་མཛད། ཕྱོགས་མཐར་བསྟན་འགྲོའི་དོན་རྒྱ་ཆེར་མཛད་དགོས་པའི་བཀའ་ཕབས། སོ་གཉིས་པ་ས་སྤྲེལ་ལ་མདོ་སྨད་དུ་ཕེབས། ཉིད་ཀྱི་གདན་ས་སྟག་ཚང་ལྷ་མོར་འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་ཆེན་དང་ལམ་རིམ་ཆེན་མོའི་བཤད་ལུང་སོགས་བསྩལ།

དགུང་ལོ་སོ་དྲུག་པར་གྲུབ་དབང་ཀློང་རྡོལ་རིན་པོ་ཆེའི་ལུང་བསྟན་བཞིན་རི་བོ་རྩེ་ལྔར་ཕེབས། ལམ་བར་དུ་ཅོ་ནེ། ཨ་ལག་ཤ་སོགས་ཀྱི་སེར་སྐྱ་མཆོག་དམན་དུ་མར་ཆོས་ཀྱི་བདུད་རྩིས་སྨིན་པར་མཛད། རྩེ་ལྔར་ཕུ་སཱ་ཏིང་གི་མཁན་པོ་སོགས་ཀྱིས་གཞིས་ལེན་གཟབ་རྒྱས་ཞུས། ང་གཉིས་པ་ས་འབྲུག་ལོར་སླར་ཡང་དབུས་སུ་ཕེབས། རྒྱལ་སྲས་སྐལ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོའི་དྲུང་དུ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་རྗེས་གནང་གསན་རྒྱུའི་སྔ་ནུབ་ནམ་མཁའ་ནས། རྒྱལ་སྲས་ཟླ་བ་ལས་བྱུང་སྲིད་མིན་སྲིད་པ་ཡི། ། དཔལ་གྱུར་དྲི་མ་དང་བྲལ་དྲི་མ་མེད་འདི་ཡང་། ། སྟོན་ཀའི་དུས་ཀྱི་ཟླ་བའི་འོད་ནི་ཇི་བཞིན་དུ། ། འགྲོ་བའི་ཡིད་ཀྱི་གདུང་བ་སེལ་བར་བྱེད་པ་ཡིན། ། ཞེས་གསུངས་པར་གྲགས། རྗེ་རྒྱ་མཚོ་དབང་ཕྱུག་སྐེད་ཚང་ནུབ་ཏུ་བཞུགས་པ་ལྷ་སར་ཆེད་གཉེར་གྱིས་གདན་ཞུས་ཏེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་ཆེན། རྟ་མགྲིན་ཡང་གསང་གི་དབང་ཆེན། བཀའ་སྡོད་རྣམས་ཀྱི་རྗེས་གནང་། ལས་བྱང་རྒྱས་བསྡུས་ཀྱི་ལུང་སོགས་ཞུས། བསྟེན་ཚུལ་ཡང་འབྲོམ་རིན་པོ་ཆེའི་རྣམ་ཐར་ཇི་བཞིན་བྱུང་གསུངས། རྭ་སྒྲེང་ཁྲི་ཆེན་བསྟན་པ་རབ་རྒྱས། རྩེ་སློབ་གྲྭའི་དགེ་རྒན་སྨིན་གྲོལ་བ་འགྱུར་མེད་ཆོས་མཆོག་སོགས་ལས་ཀྱང་ལེགས་པར་བཤད་པའི་བདུད་རྩི་མནོས། སྒོ་མང་བྲ་ཉེ་དང་གུང་རུ། ཀླུ་འབུམ་ཁམས་ཚན་གསུམ་ལ་ཆམ་རིམས་དྲག་པོ་ཞིག་བྱུང་བ་རྗེ་ཉིད་ཀྱིས་འཇིགས་བྱེད་ཀྱི་སྦྱིན་སྲེག་དང་ལྷ་མོར་གཤེགས་གཏོར་ཕུལ་བས་འཕྲོ་ཆད། ཏཱ་དབོན་ཁམས་ཚན་ལ་དགའ་ལྡན་ལྷ་བརྒྱ་མའི་ཁྲིད་གནང་བ་སོགས་དོན་གཉེར་ཅན་མང་བོ་འདོད་ཆོས་ཀྱིས་ཚིམ་པར་མཛད། ང་ལྔ་བར་ཆུ་བཟང་། གསེར་ཁོག་སོགས་བརྒྱུད་དེ་དཀར་མོའི་དགོན་དུ་བྱོན། མདོ་སྔགས་རིག་གནས་ཀྱི་དཀའ་གནས་ལས་བརྩམས་པའི་དྲི་བ་ཞུ་མཁན་རྣམས་ལ་སྐབས་སུ་བབ་པའི་ལན་གྱིས་སྒྲོ་འདོགས་བཅད། གང་དུ་ཕེབས་པ་དེ་དང་དེར་སེར་སྐྱ་སྟོང་ཕྲག་དུ་མ་སྨིན་གྲོལ་གྱི་ལམ་ལ་བཀོད།

     དགུང་ལོ་ང་དགུ་བ་ཤིང་ཁྱི་ལོའི་ཟླ་བཅུ་བའི་ཚེས་ཉེར་ལྔ་ནས་ཉིན་བཅོ་བརྒྱད་ཀྱི་བར་བཞག་སྡོམ་པར་དབང་རྡོ་རྗེ་འཕྲེང་བ་གནང་དུས་མེ་ཏོག་གི་ཆར་བབས་པ་དང་། ས་ལ་དྲོད་རྒྱས་ཏེ་མེ་ཏོག་བཞད་པ། ནམ་མཁའ་ལ་འཇའ་ཚོན་གྱི་གུར་ཕུབ་པ་སོགས་དང་། ཡང་གཙོས་དགའ་ལྡན་ཆོས་གླིང་དུ་རྡོར་འཕྲེང་གནང་སྐབས་ཡེ་ཤེས་པ་བབས་པའི་རྟགས་སུ་འགའ་ཞིག་བར་སྣང་ལ་གར་སྟབས་དང་སྐྱིལ་ཀྲུང་བྱེད་པ། ལྷའི་སྐད་སྨྲ་བ་སོགས་ངོ་མཚར་བའི་རྣམ་ཐར་མང་། གྲུབ་ཆེན་སྐལ་ལྡན་རྒྱ་མཚོའི་གདན་ས་རོང་བོ་ཐོས་བསམ་རྣམ་པར་རྒྱལ་བའི་གླིང་གི་ཁྲིར་ལོ་གསུམ་བཞུགས།

     བྱང་རྩེ་སྤྲུལ་སྐུ་དགེ་འདུན་བསྟན་འཛིན་དང་ཨ་རོལ་ལུང་རིགས་རྒྱ་མཚོ་སོགས་བླ་སྤྲུལ་སུམ་ཅུ། དགེ་འདུན་སུམ་སྟོང་བརྒལ་བ་ལ་མི་ཏྲ་བརྒྱ་རྩ་སོགས་ཆོས་ཀྱི་ཆར་ཕབས། ཨ་ལག་ཤ་དྭགས་པོ་ནོ་མོན་ཧན་སོགས་ཀྱིས་གདན་ཞུས་བཞིན་དགུང་ལོ་རེ་དྲུག་པར་སོག་ཡུལ་དུ་ཕེབས། སྤྲུལ་བའི་སྐུ་དེ་ཉིད་དང་གཞན་ཡང་སུ་ཉིད། ཆ་དཀར། ཨོར་ཏུ་སུ་སོགས་ཞབས་ཀྱིས་བཅགས་ཏེ་སྡེ་དགོན་ཆེ་ཕྲ་དང་བླ་ཆེན། ཝང་ཙ་ལང་སོགས་སེར་སྐྱ་ཁྲི་ཕྲག་དུ་མར་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། བསྒྲུབ་བྱ་སྟོང་ལ་ཉེ་བར་རབ་བྱུང་དང་དགེ་ཚུལ་སློང་གི་སྡོམ་པ་ཕོག     །དངུལ་སྲང་ཁྲི་ལྷག་བཏང་སྟེ་གསེར་ཟངས་ཀྱི་འོད་དཔག་མེད་སྐུ་ཆག་ཚད་བཅྭོ་ལྔ་ལོངས་པས་གཙོས་སྐུ་གསུང་ཐུགས་ཀྱི་རྟེན་དང་མཆོད་རྫས་ཕོན་ཆེ་བ་བཞེངས། དེས་མཚོན་དད་རྫས་ཕལ་ཆེར་ཉེ་དུ་དང་དགོས་མེད་ཀྱི་ངོ་འཛིན་ལ་མ་བཏང་བར་སྐུ་གསུང་ཐུགས་རྟེན་བཞེངས་མཆོད་དང་དགེ་འདུན་གྱི་བསྙེན་བཀུར་ཁོ་ནའི་ཆེད་དུ་བཏང་བ་ཡིན་གསུངས། དགའ་ལྡན་ཆོས་གླིང་དུ་ཆོ་འཕྲུལ་སྨོན་ལམ་ཆེན་མོ་གསར་ཚུགས་ཀྱི་འཆམ་དང་མེ་ཏོག་མཆོད་པ་ཚུན་ཆེད་ལྷ་ལྡན་སྨོན་ལམ་ཆེན་མོའི་ཕྱག་བཞིས་ཇི་བཞིན་ཞིབ་ཚགས་སུ་མཛད་པ་སོགས་མདོར་ན། ཉིད་ཀྱི་རྩ་བའི་གདན་ས་སྟག་ཚང་ལྷ་མོ་དང་། གཙོས་དགའ་ལྡན་ཆོས་གླིང་། བྱམས་མེ་དགོན་གོང་འོག་གིས་མཚོན་རོང་བོ་དགོན་ཆེན། ཆུ་བཟང་། གསེར་ཁོག    །ལྷ་མོ་ཀིརྟི་དགོན། རྭ་རྒྱ་བཀྲ་ཤིས་འབྱུང་གནས་སོགས་དགོན་སྡེ་ཆེ་ཆུང་། རྒྱལ་རོང་། རྔ་བ། དབལ་ཤུལ་ཁག་གསུམ། ཐེ་བོ་སྟོད་སྨད། ཅོ་ནེ། མཛོད་དགེ་ཕྱོགས་བཅུ་གཉིས། རོང་བོ། མགོ་ལོག   །དཔའ་རིས། ཆེན་པོ་ཧོར་གྱི་ཡུལ་གྲུ་ཚུན་ཆད་ཞབས་ཀྱིས་བཅགས་ཏེ་བསྟན་འགྲོའི་དོན་རྒྱ་ཆེར་མཛད་ཚུལ་ཉིད་ཀྱི་རང་རྣམ་ཉིན་མོའི་འོད་སོགས་སུ་གསལ་བ་བཞིན་ནོ། །

     དགུང་ལོ་གོ་གསུམ་པར་དགའ་ལྡན་ཆོས་གླིང་དུ་བཞུགས་པའི་སྐབས་ཤིག       །སངས་རྒྱས་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདའ་བར་བཞེད་པས་ཡངས་པ་ཅན་དང་བྲི་རྫི་སོགས་སུ་ལྗོངས་ཞིང་མཐར་གྱིས་རྩྭ་མཆོག་གྲོང་དུ་ཕེབས་ནས་གཟིམ་ཁྲིའི་མཐའ་མ་མངོན་དུ་མཛད་པ་དང་ཆ་འདྲ་བར། སྐུ་ཚེ་འདིའི་བསྟན་འགྲོའི་བྱ་བ་མཐའ་དག་ཐུགས་བཞེད་བཞིན་དུ་གྲུབ་སྟེ། མཛད་པའི་མཐའ་མ་སྟོན་པར་བཞེད་པ་ན། སྐབས་གསུམ་གནས་ཀྱི་དགེ་མཚན་འཕོས་འདྲ་བའི། ། ལྷོ་ཕྱོགས་མཛོད་དགེ་ས་ཡི་ཐིག་ལེ་རུ། ། ཁོ་བོ་བསྟན་འགྲོའི་བྱ་བ་མཐར་ཕྱིན་པའི། ། དགའ་སྟོན་དག་ལ་ལོངས་སུ་སྤྱོད་ཕྱིར་འགྲོ། ། ཞེས་གསུངས་ཏེ། ཉིད་ཀྱི་རྩ་བའི་གདན་ས་སྟག་ཚང་ལྷ་མོ་སོགས་མཛོད་དགེ་ཕྱོགས་སུ་ཆིབས་བསྒྱུར་གནང་། བཞི་བ་རྗེས་མའི་ཚེས་བཅུ་གཅིག་ཉིན་གདན་སར་གཤེགས། ཚེས་བཅྭོ་ལྔ་ཉིན་ཁྲི་ཆེན་གོང་མའི་སྐུ་གདུང་ཡིད་བཞིན་ནོར་བུ་རིལ་བོ་མ་ཉམས་པར་བཞུགས་པ་སྨ་ར་དང་ཨག་ཚོམ་སྐྱེ་བཞིན་པ་དེར་མཆོད་སྤྲིན་རྒྱ་ཆེར་བསྟར། གྲྭ་ཚང་ལ་ལམ་གཙོ་དང་རྟེན་འབྲེལ་བསྟོད་པའི་ཁྲིད། འཇིགས་བྱེད་ཀྱི་དབང་སོགས་གནང་། མཚུངས་མེད་མཆོག་སྤྲུལ་དམ་པ་བློ་བཟང་བསྟན་པའི་སྒྲོན་མེར། དགོན་པ་འདིར་ཁྲི་ཆེན་རིན་པོ་ཆེས་པོ་ཏི་ལྔའི་འཆད་ཉན་གཙོ་བོར་མཛད་འདུག་པ་བཞིན་ཁོ་བོས་ཀྱང་ལོ་ན་གཞོན་དུས་སྒོ་དུ་མ་ནས་དགོན་པ་འདིའི་སྒྲིག་ལམ་སྤྱི་དང་ཁྱད་པར་དུ་འཛིན་སྐྱོར་དང་དཔེ་ཀློག     །ཁས་ལེན་འཛིན་ལུགས། བགྲོ་གླེང་གཏོང་ལུགས། ཐ་ན་འཁོར་གསུམ་རིང་བོ་དང་ཐལ་མོ་རྡེབ་ལུགས། གཟན་སྐེད་པར་དཀྲི་ལུགས། ཚིག་ལྷག་བཞག་མི་ཆོག་པ་སོགས་ཞིབ་ཚགས། ཁས་ལེན་གྱི་རྒྱུན་དང་འཕྲོས་གླེང་དོགས་གཅོད་བྱེད་པ་རྣམས་མི་ཉམས་པར་བྱ་རྒྱུའི་ཐབས་ཚུལ་དང་བཅས་ཆོས་འཆད་ཉན་འདི་ལ་འབད་པ་ཆེན་པོ་བྱས་པའི་ལག་རྗེས་སུ་གྲྭ་ཚང་འགྲན་བྲལ་ཞིག་བྱུང་བ་ཡིན། ད་དུང་ཁོང་གིས་ཀྱང་ཆོས་འཆད་སྤེལ་སྒྲིག་ལམ་སོགས་ལ་ཚུལ་བཞིན་དུ་འབད་བརྩོན་ཅི་ནས་ཀྱང་བྱེད་དགོས་ཞེས་བསྟན་པའི་ཁུར་གཏད།

      དེ་ནས་ལྷ་མོ་ཉིན་སྲིབ། རྐྱང་ཚ། གླིང་བ། བྱམས་ཐང་། དབལ་ཤུལ་སོགས་སུ་ཕེབས་ཏེ་དགོན་གྲོང་སེར་སྐྱ་སོ་སོའི་སྤྱི་སྒེར་གྱི་འདོད་ཆོས་ཀྱི་རེ་བ་ཡོངས་སུ་བསྐངས། བརྒྱད་པའི་ཉེར་གཉིས་ཉིན་བཞག་སྡོམ་ཉི་མ་ལུང་དུ་སྐུ་མྱ་ངན་ལས་འདའ་བའི་ཚུལ་མཛད། གསུང་ལས་སྐྱེས་པའི་སློབ་མ་ཡང་རྒྱ་བོད་ཧོར་གསུམ་གྱི་སྐྱེ་བོ་མཐའ་ཡས་པ་ཞིག་ཡོད་ཀྱང་གཙོ་བོར་གྱུར་པ་ནི། མཚུངས་མེད་མཆོག་སྤྲུལ་རིན་པོ་ཆེ་བློ་བཟང་བསྟན་པའི་སྒྲོན་མེ། ཁྲི་ཆེན་ངག་དབང་ཆོས་འཕེལ། ཤིང་བཟའ་པཎྜི ་ཏ་བློ་བཟང་དར་རྒྱས། རྗེ་གསེར་ཁང་བ་སྐུ་མཆེད། ཨ་རིག་དགེ་བཤེས་རྒྱལ་མཚན་འོད་ཟེར། སྐལ་ལྡན་བློ་བཟང་ཆོས་གྲགས་རྒྱ་མཚོ། ཆུ་བཟང་སྤྲུལ་སྐུ་བློ་བཟང་ཐུབ་བསྟན་རབ་རྒྱས། ཀིརྟི་ཀུན་དགའ་ཆོས་འཕགས་ཐུབ་བསྟན་ཆོས་ཀྱི་ཉི་མ། བསེ་མཆོག་སྤྲུལ་བློ་བཟང་བཀྲ་ཤིས་རབ་རྒྱས། ཨ་མཆོག་འཇམ་དབྱངས་སྤྲིན་རྒྱ་མཚོ་སྐུ་སྔ་ཕྱི། མཚེ་དཔོན་སློབ། སྐ་སར་ལྷ་རིས་པ། ཞབས་དཀར་ཚོགས་དྲུག་རང་གྲོལ། ཨ་ལག་ཤ་བསྟན་དར་ལྷ་རམས་པ། མཛོད་པའི་ཚ་བོ་བསྟན་པའི་རྒྱལ་མཚན། ངག་དབང་བློ་བཟང་བསྟན་འཛིན་འཕྲིན་ལས་རྣམ་རྒྱལ་སོགས་སོ། །

འཇམ་དབྱངས་གྲགས་པས་གཏག་ནས་གནང་།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།