ལྷ་མོ་གསེར་ཁྲི་སྐུ་ཕྲེང་དང་བོ་༧རྗེ་བཙུན་རྒྱལ་མཚན་སེང་གེའི་གསུང་འབུམ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2021-02-13 07:53:58     རྩོམ་པ་པོ།   འཇིགས་མེད་གྲགས་པ།     ཀློག་ཐེངས།  

༡    དགེ་ལྡན་བཤད་སྒྲུབ་གླིང་གི་བཅའ་ཡིག་བླང་དོར་གསལ་བའི་མེ་ལོང་།

༢   གཙོས་དགའ་ལྡན་ཆོས་གླིང་གི་བཅའ་ཡིག་བླང་དོར་ཀུན་གསལ།

༣   གསོལ་འདེབས་རིན་ཆེན་འཕྲེང་མཛེས།

བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་ལྷ་དགུ་མའི་ཞི་བའི་སྦྱིན་སྲེག་ལག་ཏུ་བླངས་པའི་རིམ་པ།

༥   མགོན་པོ་དང་ཆོས་རྒྱལ་གཉིས་ཀྱི་གཏོར་འབུལ།

ཁོང་གི་གསུང་འབུམ་ལས་བོར་བརླག་བྱུང་བ་དག

༡    རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་དཀར་ཆག

༢  བྱང་ཆུབ་ལམ་རིམ་དམ་པའི་གསུང་རྒྱུན་གཞན་ལས་ཁྱད་ཞུགས་པ་མང་བོས་བརྒྱན་པ་ཞིག

༣    གསང་འདུས་རྒྱུད་འགྲེལ་ལེའུ་ལྔ་བ་ཡན།

༤   ཀླུ་ཤོད་རྫོང་ལྷ་བཅུ་གསུམ་གྱི་བསང་ཡིག

༥    དམེ་རྒྱ་དགོན་པའི་བཅའ་ཡིག

ལྷ་མོ་གསེར་ཁྲི་སྐུ་ཕྲེང་དང་བོ་༧རྗེ་བཙུན་རྒྱལ་མཚན་སེང་གེ་དཔལ་བཟང་བོ་མཆོག་གི་མཛད་རྣམ་མདོར་བསྡུས།

མཁས་གྲུབ་བྱེ་བའི་གཙུག་རྒྱན་༧རྗེ་རྒྱལ་མཚན་སེང་གེ་གང་ཉིད་ནི་རབ་བྱུང་བཅུ་གཅིག་པའི་ས་རྟ༼ 1678 ༽ལོར་ཟམ་ཚའི་༼ཀླུ་ཆུ་རྫོང་ཁོངས༽ཆོས་འཁོར་སྒང་སྟེ་ཀ་སྡོང་མགོར་ཡབ་ཚེ་རིང་བཀྲ་ཤིས་དང་། ཡུམ་སྙིང་མོ་ལྕགས་གཉིས་ཀྱི་སྲས་སུ་གཟའ་སྐར་དུས་ཚོད་དགེ་བར་ངོ་མཚར་བའི་དགེ་མཚན་གྱི་ལྟས་དུ་མ་དང་བཅས་སྐུ་འཁྲུངས།

དམ་པ་འདི་ཉིད་སྐུ་ན་ཕྲ་མོའི་དུས་ནས་བྱིས་པ་ཐ་མལ་བའི་སྤྱོད་པ་དང་བྲལ་ཏེ་ཡི་གེ་འབྲི་ཀློག་སོགས་ཚེགས་མེད་དུ་མཁྱེན། དགུང་ལོ་བཅུ་གཅིག་པར་ཏཱ་དབོན་པ་བླ་མ་ཚུལ་ཁྲིམས་སེང་གེ་ལས་རབ་ཏུ་བྱུང་བར་མཚན་ལ་རྒྱལ་མཚན་སེང་གེ་ཞེས་གསོལ།

དགུང་ལོ་ཉེར་བདུན་པར་དབུས་སུ་ཕེབས་ཏེ་ཀུན་གཟིགས་པཎ་ཆེན་ཆོས་ཀྱི་རྒྱལ་བོ་བློ་བཟང་ཡེ་ཤེས་མཆོག་གི་ལུང་བསྟན་བཞིན་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས། པཎ་ཆེན་བློ་བཟང་ཡེ་ཤེས་དང་། རྗེ་འཇམ་དབྱངས་བཞད་པའི་རྡོ་རྗེ། ཁྲི་ཆེན་དཔལ་ལྡན་གྲགས་པ། ཁྲི་ཆེན་བློ་བཟང་དར་རྒྱས། རྗེ་ཕུན་ཚོགས་རྒྱ་མཚོ་སོགས་མཁས་ཤིང་གྲུབ་པའི་དགེ་བའི་བཤེས་གཉེན་ཆེན་པོ་བཅུ་ཕྲག་དུ་མ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་གསན་སྦྱོང་མཛད་པས་མཁས་པའི་ཡང་རྩེར་སོན། ཁོང་ཆོས་གྲྭར་ཕེབས་བཞུགས་ཐམས་ཅད་ཀྱི་དུས་སུ་དམ་ཅན་ཆོས་རྒྱལ་ཕྱི་བཞིན་འབྲང་བས་འདི་གཞན་དང་མི་འདྲ་བར་འདུག་ཅེས་རྗེ་འཇམ་དབྱངས་བཞད་པས་སྐུ་འཁོར་ལ་གསུངས།

དགུང་ལོ་སོ་དགུ་བ་ལ་ལྷ་ལྡན་སྨོན་ལམ་ཆེན་མོའི་རབ་འབྱམས་པའི་གྲྭ་སྐོར་མཛད་པས་མཁས་པའི་གྲགས་པ་སྲིད་རྩེར་བསྒྲེངས་པ་དང་། དབང་ལུང་མན་ངག་དང་མདོ་རྒྱུད་རིག་གནས་ལ་སོགས་པའི་གཏེར་དུ་གྱུར།

དེ་ནས་ཀོང་པོ་འབྲུག་ལྷའི་༼མདོ་སྨད་ཆོས་འབྱུང་དུ་འབྲུ་ལ་ཞེས་བྲིས་འདུག༽མཁན་ཁྲིར་ལོ་གསུམ་དང་དགུང་ལོ་ཞེ་དགུ་བ་ལ་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་བླ་མ་དབུ་མཛད་ལ་བཞུགས། དགུང་ལོ་ང་གཉིས་པ་ས་བྱ་ལོ་ནས་རྒྱུད་པའི་ཁྲི་བ་དང་དགའ་ལྡན་བྱང་རྩེའི་ཆོས་རྗེ་ཟུང་འབྲེལ་མཛད།

དགུང་ལོ་ང་ལྔ་བ་ཆུ་ཕོ་བྱི་བའི༼1732༽ལོ་ནས་དགའ་ལྡན་གསེར་ཁྲི་རིན་པོ་ཆེར་ལོ་བརྒྱད་ཀྱི་རིང་ཞབས་པད་བཀོད། སྔོན་རྗེ་རིན་པོ་ཆེས་དགའ་ལྡན་ཆོས་རྒྱལ་རང་བྱོན་ལ་རབ་གནས་གནང་སྐབས་ཆོས་སྐྱོང་དེ་ཉིད་ཤིན་ཏུ་རྔམ་ཟིལ་དང་བཅས་རྟེན་ལ་ཞུགས་ཏེ་ལྗགས་གས་པ་ན། རྗེ་ཞལ་ནས། མ་འོངས་པ་ན་ངའི་སྤྲུལ་བ་དུད་འགྲོའི་མིང་ཅན་ཞིག་གིས་ཞིག་གསོ་མཛད་ཡོང་ཞེས་ལུང་བསྟན་པ་བཞིན་རྗེ་བླ་མའི་རྗེས་འཇུག་བུ་སློབ་སུས་ཀྱང་ཞིག་གསོ་བྱེད་མ་སྤོབས་ལ། སྐབས་འདིར་གཞུང་བསྟེན་སྲུང་མའི་གཙོ་གྲས་ལ་མོ་ཚངས་པ་ཆེན་པོས་རྗེའི་སྤྲུལ་བ་དུད་འགྲོའི་མིང་ཅན་ཁྲི་ཆེན་འདི་ཉིད་ཡིན། ཁོང་ནས་དགའ་ལྡན་ཆོས་རྒྱལ་རང་བྱོན་གྱི་ལྗགས་ལ་ཞིག་གསོ་གནང་ན་བསྟན་སྲིད་ཀྱི་བྱ་བ་ལ་ཕན་རླབས་ཆེ་བར་ལུང་བསྟན་པ་བཞིན། དམ་ཅན་ཆོས་ཀྱི་རྒྱལ་བོའི་ལྗགས་ལ་ཞིག་གསོ་མཛད། སྟོབས་ཆེན་གཤིན་རྗེ་རྒྱལ་བོ་སོགས་ཀྱི་འཕྲིན་བཅོལ་ཡང་དེའི་དུས་བརྩམས་པར་གསུངས་པ་སོགས་ཁྱད་པར་དུ་འཕགས་པའི་མཛད་པ་ཕུལ་དུ་བྱུང་།

དགུང་ལོ་རེ་གསུམ་པ་ནས་གཞོན་ནུ་བྱང་ཆུབ་འོད་ཀྱི་གདན་ས་བྱ་ཡུལ་མང་རིའི་མཁན་ཁྲིར་ལོ་བརྒྱད་ལ་བཞུགས་པ་སོགས་དབུས་གཙང་གི་ཕྱོགས་སུ་བསྟན་པ་དང་འགྲོ་བའི་དོན་རླབས་པོ་ཆེ་ཁུར་དུ་བཞེས་ཤིང་། འཆད་པ་དང་རྩོད་པ་དང་རྩོམ་པ་ལ་སོགས་པའི་མཛད་འཕྲིན་གྱི་སྒོ་ནས་རྗེ་རྒྱལ་བ་གཉིས་པའི་རིང་ལུགས་དྲི་མ་མེད་པ་འཛིན་སྐྱོང་སྤེལ་གསུམ་མཛད་དོ། །

དགུང་ལོ་བདུན་ཅུ་བའི༼1747༽ལོར་ས་སྐྱོང་མི་དབང་ཆེན་པོ་ཆིན་ཝང་བསྟན་འཛིན་དབང་ཕྱུག་གིས་རྒྱལ་མཆོག་བདུན་པ་རྗེ་བསྐལ་བཟང་རྒྱ་མཚོར་གསོལ་བ་རྩེ་གཅིག་ཏུ་བཏབ་ནས། མཚུངས་མེད་ཁྲི་ཆེན་སྤྲུལ་བའི་སྐུ་རྒྱལ་མཚན་སེང་གེ་འདི་ཉིད་ཁོ་བོ་ཅག་གི་རིགས་ཀྱི་ཅོད་པཎ་དུ་གནང་དགོས་ཞེས་ཞུ་བ་ནན་ཆེར་ཕུལ་བར་བརྟེན། ༧གོང་ས་མཆོག་གིས་སྔར་དགའ་ལྡན་ཁྲི་བ་ས་མཐར་ཕེབས་པའི་སྲོལ་ཆེར་མེད་ཀྱང་། ཁྱེད་བསྟན་པའི་སྦྱིན་བདག་གཞན་དང་མི་འདྲ་བས་ཁྲི་ཆེན་རིན་པོ་ཆེ་ཉིད་ཀྱི་ཐུགས་དགོངས་དང་བསྟུན་ཆོག་ཅེས་བཀའ་གནང་། རྗེ་རང་ལ་གསོལ་བ་བཏབ་པ་ན། ལྷ་དང་བླ་མའི་ལུང་བསྟན་དུས་ལ་བབས་པར་མཁྱེན་ནས་ཐུགས་དགྱེས་བཞིན་འབྱོན་པར་ཞལ་གྱིས་བཞེས་ཏེ་མདོ་སྨད་ཕྱོགས་སུ་ཆིབས་ཀྱི་ཁ་ལོ་མངོན་པར་བསྒྱུར་བ་ལ་ཕྱོགས་ཚེ། རྒྱལ་མཆོག་བདུན་པ་ཆེན་པོས་ཐམ་ག་གྲུ་སྒོར་མ་དང་བཀའ་ཤོག    །ཐུགས་དམ་གྱི་རྟེན་བྱིན་ཅན་མང་བོ། དངོས་རྫས་སྤུས་ལེགས་གྱ་ནོམ་པ་རྣམ་གྲངས་སྟོང་ལྷག་གི་ཕེབས་རྫོངས་གནང་བར་མ་ཟད། གཞུང་ས་ནས་ཀྱང་ཕེབས་རྫོངས་རྒྱ་ཆེར་སྒྲུབ་དགོས་པའི་བཀའ་བསྩལ་བ་ལྟར་བསྒྲུབས། དེ་ནས་ལོ་དེའི་བོད་ཟླ་ལྔ་བའི་ཚེས་བཞིའི་ཉིན་མདོ་སྨད་དུ་ཆིབས་ཁ་བསྒྱུར་ཏེ། ཟླ་བརྒྱད་པའི་ཚེས་གཅིག་ཉིན་ཆིན་ཝང་ཨུརྒེར་མཆོད་ཡོན་ཞལ་མཛོམས། བླ་བྲང་བཀྲ་ཤིས་འཁྱིལ་དུ་གདན་འདྲེན་ཞུས་པ་ལྟར་ཚོགས་ཆེན་འདུ་ཁང་དུ་ཕེབས་ཏེ། ཀུན་མཁྱེན་སྐུ་ཕྲེང་གཉིས་པ་རྗེ་འཇིགས་མེད་དབང་བོར་སྐུ་ཆོས་སོགས་ཕུལ། ལུགས་གཉིས་དང་འབྲེལ་བའི་གསུང་གནང་ཞིང་དགེ་འདུན་འདུས་པའི་སྡེ་དང་དཔོན་ཚང་བཅས་ལ་ཕྱག་དབང་དང་དངོས་ཆས་བསྩལ། ཚོགས་སུ་དངུལ་ཊམ་རེའི་འགྱེད་བཏང་།

རབ་བྱུང་བཅུ་གསུམ་པའི་ས་འབྲུག༼1748༽ལོར་སྟག་ཚང་ལྷ་མོའི་བླ་བྲང་གི་གཞི་བཟུང་སྟེ། ཆུ་སྤྲེལ༼1752༽ལོའི་བཅུ་བའི་ཚེས་བདུན་ལ་བཤད་གྲྭ་བཙུགས་ཤིང་གཙོས་དགོན་པར་གདན་དྲངས་པ་བཞིན་དེར་ལན་དུ་མར་ཕེབས་ཏེ། གཙོས་དགེ་ལེགས་རྒྱ་མཚོ་དང་རྩེ་ཐོག་སྐུ་སྐྱེ་གཉིས་ཀྱིས་གཙོས་སེར་སྐྱ་དྲག་ཞན་ཀུན་གྱིས་འདུན་པ་གཅིག་དྲིལ་གྱི་སྒོ་ནས་དགོན་པ་ཕུལ་ཏེ་འཆད་ཉན་གྱི་བཤད་གྲྭ་འཛུགས་དགོས་ཞེས་ཞུ་བ་ནན་ཆེར་ཕུལ་བ་བདག་གིར་བཞེས།

ས་སྦྲུལ༼1749༽ལོར་རྗེ་རང་གིས་བརྩི་བཞག་གནང་སྟེ་འཆད་ཉན་གྱི་དབུ་བཙུགས། དེ་ནས་རིམ་བཞིན་མདོ་སྨད་ཕྱོགས་ཀྱི་དགོན་སྡེ་དང་ཡུལ་གྲུ་མང་བོས་གདན་འདྲེན་ཞུས་པ་ལའང་གང་ལ་གང་འཚམ་གྱི་ཆོས་ཀྱི་སྦྱིན་པས་ཚིམས་པར་མཛད།

     ཐུགས་སྲས་བུ་སློབ་ཀྱི་གྲས་ལ། ཁྲི་ཆེན་ངག་དབང་ཆོས་གྲགས་དང་། ཁྲི་ཆེན་ངག་དབང་ཚུལ་ཁྲིམས། རྒྱལ་བ་འཕགས་པ་ལྷ། བྲག་གཡབ་སྤྲུལ་སྐུ་བློ་བཟང་བསྟན་པ། བ་སོ་ཆོས་ཀྱི་རྒྱལ་མཚན། ཚ་རྡོར་ནོ་མོན་ཧན། སྟོབས་ལྡན་སྔགས་རམས་པ། མེརྒེན་རྗེ་ནམ་སེང་བ། བྲག་དགོན་པ་བློ་བཟང་ཤེས་རབ། ཁང་ལུང་བ་དགེ་འདུན་རྒྱ་མཚོ། གཉན་རྩེ་དཔོན་སློབ་ངག་དབང་ཆོས་འཕེལ། ཏཱ་དབོན་པ་བློ་བཟང་སེང་གེ་སོགས་བཤད་སྒྲུབ་ཟུང་གི་སྒོ་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་མཐར་སྤེལ་བའི་ངེས་པ་དོན་གྱི་པཎྜི་ཏ་མང་བོ་བྱོན།

དེ་ལྟར་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེར་མཛད་ནས་དགུང་ལོ་དོན་དགུ་བཞེས་པ་རབ་བྱུང་བཅུ་གསུམ་པའི་མེ་བྱི༼1756༽ལོའི་ཧོར་ཟླ་དགུ་བའི་ཚེས་བཅོ་ལྔའི་ཉིན་ལ་ཞབས་རྡོ་རྗེ་དཀྱིལ་ཀྲུང་དང་ཕྱག་གཉིས་མཉམ་བཞག་ངང་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏོ། ། 

སྐུ་གདུང་རིན་པོ་ཆེ་རིལ་བོར་བཞུགས་པ་སྲིད་ཇུས་གཡོ་སྐྱོམ་གྱི་སྐབས་སུ༼1965ལོར་༽ཞུགས་ཕུལ་བའི་བར་གཉེར་མ་དང་ཁམ་ཁུམ་མེད་ཅིང་དབུ་སྐྲ་དང་སྨ་ར། ཕྱག་སེན་སོགས་གསར་དུ་འཁྲུངས་བཞིན་པ་ལོ་ཁ་ཤས་མཚམས་སུ་གསིལ་རྒྱུ་ཡོད་པ་མདོ་དབུས་ཀུན་ལ་གྲགས་སོ། །

འཇམ་དབྱངས་གྲགས་པས་གཏག་ནས་གནང་།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།