ཀླུ་འབུམ་དགེ་བཤེས་ཤེས་རབ་རྒྱ་མཚོའི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-12-15 17:47:06     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།     ཀློག་ཐེངས།  

པར་པོད།ཤོག་གྲངས།

01105དང་པོ།

1 དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་རྗེ་བཙུན་ངག་དབང་ཐུབ་བསྟན་སྐལ་བཟང་བསྟན་པའི་སྒྲོན་མེ་དཔལ་བཟང་པོའི་རྣམ་ཐར་བསམ་འཕེལ་བང་མཛོད་ལ། 111

2 ཡོན་ཏན་གཞི་གྱུར་མའི་བསྡུས་འགྲེལ་འཇམ་མགོན་བླ་མ་དགྱེས་པའི་མཆོད་སྤྲིན་ལ། 54

3 རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་རྗེ་བཙུན་བློ་གྲོས་རྒྱ་མཚོའི་རྟོགས་བརྗོད་ཉི་མའི་འོད་ཟེར་ལ། 16

4 དོགས་པ་སློང་བའི་གཏམ་ལ་ལན་གྱི་རྣམ་པར་གཞག་པ་དོགས་དོན་རབ་ཏུ་གསལ་བའི་མེ་ལོང་ལ། 21

5 ཆོས་ཀྱི་བློ་གྲོས་ལ་གདམས་པ་ཟབ་དོན་རབ་གསལ་ལ། 13

6 དབུ་མའི་ལྟ་བའི་སྐོར་ལ། 5

7 ཐོག་མའི་བསྐུར་ཡིག་ལ། 40

8 རྩོད་ཡིག་རིགས་པའི་གད་རྒྱངས་ལ་རྣམ་པར་དཔྱད་པ་བསྐལ་པའི་མེ་དཔུང་ཞེས་བྱ་བ་ལ། 140

01106གཉིས་པ།

1 ལུས་ལ་ཉི་སྣང་འབོད་པའི་འཕྲིན།།ངག་རིག་འདོད་པ་འཇོ་བའི་བ།།ཡིད་འཕྲོག་ཚངས་པའི་སྲས་མོའི་སྲིད།།བདུད་རྩིའི་རྫིང་བུ་འདི་ན་འཁྱིལ་བའི་གསུང་ཐོར་བུ་ལ། 428

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅།།ཀླུ་འབུམ་དགེ་བཤེས་ཤེས་རབ་རྒྱ་མཚོ་ནི་མཚོ་སྔོན་རྡོ་སྦིས་གསེར་མུག་ལྗོངས་ཀྱི་སའི་ཆར་གཏོགས་པ་རྡོར་གྲོང་པ་ཞེས་པའི་གྲོང་སྡེ་དེར་ཡབ་ལྷ་ལུང་སྐྱབས་དང༌།ཡུམ་ལྷ་ལུང་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པ་པའི་ཤིང་ཕོ་སྤྲེལ་1884 ལོ་ལ་སྐུ་འཁྲུངས།དགུང་ལོ་ལྔ་པ་པའི་ཚེ་བླ་བྲང་སྒོ་མང་དགེ་བཤེས་ལྷ་རམས་པ་ནོར་བུ་རིན་པོ་ཆེའི་དྲུང་ནས་རབ་བྱུང་དགེ་ཚུལ་གྱི་སྡོམ་པ་བཞེས།དགེ་ལྡན་འཕེལ་རྒྱས་གླིང་གི་ཆོས་སྒོར་ཞུགས་ནས་ཡི་གེ་སྦྱོར་

ཀློག་ལ་སྦྱངས་པ་ལེགས་པར་མཛད།དགུང་ལོ་བཅུ་དྲུག་པའི་སྟོན་ཁར་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས་ཏེ་སློབ་གཉེར་ལ་བརྩོན་པ་ཆེན་པོ་མཛད།ཨ་ཁུ་གུང་ཐང་བློ་གྲོས་དང་འཇམ་དབྱངས་བཞད་པ་སྐུ་ཕྲེང་བཞི་པ་སྐལ་བཟང་ཐུབ་བསྟན་དབང་ཕྱུག་སོགས་མཁས་པ་མང་པོ་བསྟེན།ཨ་ཁུ་གུང་ཐང་བློ་གྲོས་ཚང་གི་བདུན་ནས་དགེ་སློང་གི་སྡོམ་པ་མནོས།དགུང་ལོ་ཉེར་གཅིག་པར་ཁོང་དབུས་སུ་ཕེབས་ཏེ་བླ་བྲང་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས་ཤིང༌།མདོ་སྔགས་རིག་གནས་ཡོངས་སུ་རྫོགས་པའི་མཁས་པའི་དབང་པོ་མཆོག་གྲུབ་དཀར་པོ་དང་བླ་མ་འབུལ་སྡུད་རིན་པོ་ཆེ་བློ་བཟང་ཡེ་ཤེས་བསྟན་པའི་རྒྱལ་མཚན་སོགས་དགེ་བའི་བཤེས་གཉེན་བཅུ་ཕྲག་གསུམ་ལྷག་སྤྱི་བོའི་ཅོད་པན་དུ་བསྟེན་ཏེ་རིག་པའི་གནས་མཐའ་དག་ལ་ཐོས་བསམ་མཐར་ཕྱིན་པར་མཛད་ནས་འཆད་རྩོད་རྩོམ་གསུམ་གྱི་མཛད་པ་རྒྱ་ཆེར་སྤེལ།དགུང་ལོ་སོ་གསུམ་གྱི་སྟེང་དམིགས་བསལ་གྱི་ལྷ་རམས་འཕར་མའི་མིང་བཏགས་བླངས།ནོར་བུ་གླིང་གའི་རྩོད་རྒྱུགས་སྐབས་ཨང་དང་པོ་ཐོབ།རྩེའི་གཟིམ་ཆུང་དུ་ཚོགས་ལངས་དམིགས་བསལ་ཅན་གནང་བ་སོགས་མཁས་གྲགས་ཀྱི་རྩལ་ཐོན།ལོ་དེར་སྨོན་ལམ་གྱི་གྲྭ་སྐོར་བ་རྣམས་དམ་བཅའ་ཨང་རིམ་སྒྲིག་སྐབས།རྒྱལ་བ་བཅུ་གསུམ་པའི་བཀའ་དོན་ལྟར་རིག་པའི་གནས་ལྔ་ལ་མཁས་པ་དང་པོ་བླ་བྲང་སྒོ་མང་ཀླུ་འབུམ་དགེ་བཤེས་ཤེས་རབ་རྒྱ་མཚོ་ཞེས་མཚན་སྙན་གྱི་མེ་ཏོག་དགུང་དུ་འཐོར།དགུང་ལོ་སུམ་ཅུ་སོ་བཞི་བར་རྒྱལ་

བ་ཐུབ་བསྟན་རྒྱ་མཚོའི་བཀའ་ལྟར་བུ་སྟོན་རིན་ཆེན་གྲུབ་ཀྱི་གསུང་འབུམ་པོད་ཉེར་དྲུག་སྐོར་ཡོད་པ་པར་གཞི་གསར་བཞེངས་དང༌།བཀའ་འགྱུར་ལྷ་ས་བར་གསར་གྱི་ཞུ་དག་གི་ཕྱུག་ལས་མཛད།ཁོང་ལ་སློབ་མ་ཡང་ཧ་ཅང་མང་པོ་ཡོད།གྲགས་ཆེ་བ་དགེ་བཤེས་ལྷ་རམས་པ་སྐལ་བཟང་རྒྱ་མཚོ་དང༌།དགེ་བཤེས་གཞུང་པ་ཚུལ་ཁྲིམས་རྒྱ་མཚོ་སོགས་དང་དེ་མིན་སློབ་གཉེར་ལ་དོན་གཉེར་བྱེད་མཁན་མང་པོ་ལ་སྒྲ་སྙན་ངགསུམ་རྟགས་སོགས་ཁྲིད་ནས་བསྐྱེད་བསྲིང་མཛད་དེ་བོད་ཀྱི་རིམ་གནས་མི་ཉམས་གོང་སྤེལ་གྱི་བྱ་བ་མང་པོ་ཞིག་མཛད།དགུང་ལོ་ང་ལྔར་ཕེབས་ཚེ་མེས་རྒྱལ་ནང་ཁུལ་དུ་ཕེབས།དེ་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས།བོད་ཞི་བའི་བཅིངས་བཀྲོལ་ཆེད་དུ་འབད་པ་ལྷོད་མེད་མཛད།ནང་པའི་ཆོས་ཚོགས་ཀྱི་ཚོགས་གཙོའི་གོ་གནས་བཞེས།དགུང་ལོ་དོན་གསུམ་པར་རྒྱ་གར་དང་བལ་བོ་རྒྱལ་ཁབ་གཉིས་ཀྱི་གདན་ཞུས་ལྟར་ཤྰཀྱ་ཐུབ་པ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱའི་རྗེས་དྲན་ཚོགས་ཆེན་ལ་ཞུགས།གཞན་ཡང་དེའི་སྔོན་དུ་འབར་མ་དང༌།ཅན་པུའུ་ཀྲེ།སིང་ག་ལ་སོགས་ལ་ཕེབས་ནས་ཆོས་ལུགས་ཀྱི་འཚམས་འདྲི་གནང༌།དགུང་ལོ་གྱ་ལྔ་སྟེ་ས་སྤྲེ་1968 ལོ་ལ་སྐུ་གཤེགས།འདིར་གསུང་འབུམ་པོད་གཉིས་བཞུགས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།