དཔའ་རིས་བློ་བཟང་རབ་གསལ་ཚང་གི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-06-25 08:10:37     རྩོམ་པ་པོ།   མི་གསལ།    ཀློག་ཐེངས།  

 

微信图片_20170625075718.jpg

ཆོ་འཕྲུལ་ཆེན་མོའི་རྟོགས་བརྗོད་པད་དཀར་ཕྲེང་བ། 1

སྲད་རྒྱུད་ལུགས་ཀྱི་བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མ་དང་འབྲེལ་བར་དམིགས་བརྩེ་མའི་ལས་རིམ་ཆོ་ག 5

རྗེ་བླ་མ་རྒྱན་དྲུག་མཆོག་གཉིས་དང་བཅས་པ་ལ་ཕྱག་མཆོད་འབུལ་བའི་ཆོ་ག་བྱིན་རླབས་ཉིན་བྱེད་འདྲེན་པའི་ཤིང་རྟ། 13

དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རིམ་གཉིས་བསྒོམ་ཚུལ་མུ་ཏིག་ཕྲེང་མཛེས། 33

ལེགས་བཤད་གསེར་ཕྲེང་གི་མཆན་འགྲེལ་ནོར་བུའི་དོ་ཤལ། 44

རྣམ་བཤད་སྙིང་པོའི་རྒྱན་གྱི་མཆན་འགྲེལ་རིན་ཆེན་སྒྲོན་མེ། 61

བསྡུས་དོན་ཟུར་ཕུད་མཛེས་པའི་པད་དཀར་ཕྲེང་བ། 144

པད་དཀར་ཕྲེང་བ་མཛེས་བྱེད་བན་ཛི་ཀའི་དོ་ཤལ། 179

དྲང་བ་དང་ངེས་པའི་དོན་ལས་བརྩམས་པ་བློ་གསལ་རོལ་བའི་དགའ་སྟོན། 188

གནས་སྐབས་པའི་རྟེན་འབྲེལ་གྱི་རང་བཞིན་རབ་གསལ་ཤེལ་དཀར་མེ་ལོང་། 202

སྲིད་པའི་ཡན་ལག་བཅུ་གཉིས་ཀྱི་ཁྱད་པར་མདོ་ཙམ་གསལ་བར་བྱེད་པའི་རིན་ཆེན་སྒྲོན་མེ། 223

མཁྱེན་གཏེར་ངག་དབང་བཀྲ་ཤིས་པའི་དགེ་འདུན་ཉི་ཤུའི་ཟུར་རྒྱན་ཉི་མའི་འོད་ཟེར། 227

དབུ་མ་ཆེན་མོའི་སྟོང་ཐུན་ཟབ་དོན་ལྟ་བའི་བློ་གྲོས་མིག་སྨན། 241

དབུ་མའི་སྡོམ་གྱི་མཆན་འགྲེལ་བློ་གྲོས་པདྨོ་བཞད་པའི་ཉིན་བྱེད། 326

རིགས་འཕྲུལ་དཔྱིད་ཀྱི་ཕོ་ཉ། 350

འཇམ་དཔལ་དབྱངས་ཀྱི་དགོངས་རྒྱན་རིགས་པའི་གཟི་འབར་གདོང་ལྔའི་སྒྲ་དབྱངས། 354

ཤེས་ལྡན་ཡིད་ཀྱི་གདུང་སེལ་རིགས་ལམ་ག་བུར་ཆུ་རྒྱུན། 413

གཞི་གསུམ་གྱི་ཚུལ་ལ་རྩོད་པ་སྤོང་བ་འཁྲུལ་བྲལ་འཇམ་དབྱངས་དགོངས་རྒྱན། 462

འདུལ་བ་ལས་བརྩམས་པའི་དྲིས་ལན་བརྒལ་བརྟག་རིང་མོ། 501

རྟགས་རིགས་ཀྱི་ཟུར་རྒྱན་ཀུ་མུ་དའི་ཕྲེང་མཛེས། 515

རྟགས་རིགས་མཐའ་དཔྱོད་ཀྱི་ཁ་སྐོང་རིན་ཆེན་མཛེས་པའི་དོ་ཤལ། 562

བློ་རིག་མཐའ་དཔྱོད་ཀྱི་ཟུར་རྒྱན་ཨུཏྤ་ལའི་ཕྲེང་བ། 609

མངོན་པ་གོང་མའི་ལུགས་བཞིན་སེམས་སེམས་བྱུང་གི་རྣམ་བཞག་བློ་གྲོས་པདྨོ་བཞད་པའི་ཉིན་བྱེད། 645

བསྡུས་གྲྭའི་རྩ་ཚིག་དྭངས་གསལ་མེ་ལོང་། 653

དྲིས་ལན་མཆོད་སྦྱིན་བརྒྱ་བའི་གླུ་དབྱངས། 692

དྲིས་ལན་འཁོར་ལོའི་རྩིབས་ཀྱི་བགྲོད་པ། 703

དྲིས་པའི་ཚིག་གི་འདབ་མ་གྲོལ་བའི་མན་ངག་ཉིན་བྱེད་དབང་པོ། 708

དྲིས་ལན་ལེགས་པར་བཤད་པ་རིགས་པའི་རྨ་བྱ་མྱོས་པའི་ཟློས་གར། 721

དོན་ཟབ་དགོངས་པ་གསལ་བའི་སྒྲོན་མེ། 739

དྲིས་ལན་མུ་ཏིག་ཕྲེང་མཛེས། 745

སྣ་ཚོགས་རིགས་པའི་འོད་ལྡན་དྭངས་བྱེད་ནོར་བུའི་ཕྲེང་མཛེས། 768

འཇམ་དཔལ་རྩ་རྒྱུད་ལས་བྱུང་བའི་རྐང་བ་བདུན་གྱི་དོན་རྣམ་པར་ཕྱེ་བ་ལུང་བསྟན་གསལ་བའི་སྒྲོན་མེ། 788

བཀའ་པོད་ལྔའི་འཆད་ཉན་གྱི་གཡང་འབོད། 800

དཔའ་རིས་བློ་བཟང་རབ་གསལ། ཡོངས་གྲགས་ཡར་ལུང་དགེ་བཤེས་ཆེན་མོར་འབོད་པ་འདི་ཉིད། རབ་བྱུང་བཅུ་བཞི་བའི་ལྕགས་བྱི་སྤྱི་ལོ༡༨༤༠བར་དཔའ་རིས་རྫོང་གི་ཡར་ལུང་ཐོས་བསམ་དར་རྒྱས་གླིང་གི་ལྟག་ཀའི་དགོན་པ་ལུང་བའི་མཛོ་བུར་གོང་མའི་བྷུ་ཚང་དུ་འཁྲུངས། སྐུ་ཆུང་དུས་ཡར་ལུང་དགོན་པའི་ཚོགས་སུ་ཞུགས། སྐུ་གཞོན་དུས་ཤ་བོ་ལུང་དགེ་བཤེས་ཆོས་གྲགས་ཚང་དང་ལྷན་དུ་བླ་བྲང་ཆོས་སྡེ་ཆེན་མོ་དགའ་ལྡན་བཤད་སྒྲུབ་དར་རྒྱས་བཀྲ་ཤིས་འཁྱིལ་ལ་བྱོན་ནས་ཐུགས་གཉེར་གནང་། སྐུ་ཆས་ཤིན་ཏུ་བཀྲེན་ཡང་། དཀའ་སྤྱད་བཟོད་པའི་གོ་ཆ་བརྟན་པོར་བགོས་ཏེ། ལོ་བཅོ་བརྒྱད་ཀྱི་རིང་ལ། མདོ་ཕྱོགས་བཀའ་པོད་ལྔ་དང་སྔགས་ཕྱོགས་རྒྱུད་སྡེ་བཞི། ཐུན་མོང་བའི་རིག་གནས་སོགས་སྦྱངས་པ་ཕུལ་དུ་ཕྱིན་ཅིང་། རྡོ་རམས་པའི་དམ་བཅའ་བཞེས། དེ་ནས་སྔ་ཕྱིར་མཚོ་སྔོན་ཕྱོགས་ཀྱི་རོང་བོའི་དགོན་ཆེན། བྱ་ཁྱུང་ཐེག་ཆེན་བཤད་སྒྲུབ་གླིང་། ཨ་རིག་དགོན་ཆེན། སྐུ་འབུམ་བྱམས་པ་གླིང་། དགོན་ལུང་བྱམས་པ་གླིང་། ཆུ་བཟང་གསེར་ཁོག་དགོན་པ་སོགས་དང་། དཔའ་རིས་ཏེས་ཐུང་དགོན་ཆེན། མཆོད་རྟེན་ཐང་གི་བཀྲ་ཤིས་གླིང་སོགས་མདོ་སྨད་ཀྱི་མཚན་ཉིད་ཀྱི་བཤད་གྲྭ་མང་པོར་ཕེབས་ནས། གཞུང་ཆེན་པོའི་གྲྭ་སྐོར་མཛད་ཅིང་སློབ་གཉེར་ལ་རྟིང་སྐུལ་བྱས། ཁམས་ཀྱི་མཁས་ཆེན་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་དང་རྗེ་ཙོང་ཁ་བའི་དབུ་མའི་འདོད་ཚུལ་ཐད་ལུང་རིགས་ཀྱིས་བརྒལ་ལན་གནང་རེས་མཛད་པས་མཁས་པའི་གྲགས་པ་ཡོངས་སུ་ཁྱབ། མཛེས་བྱེད་ཆུ་ཡོས་སྤྱི་ལོ༡༩༠༣པར། ཨ་ལག་ཤའི་དགའ་ལྡན་ཕུན་ཚོགས་གླིང་དུ་གདན་དྲངས་ནས་མཁན་ཁྲི་མཛད། མེ་ཕོ་རྟ་ལོ་སྟེ་སྤྱི་ལོ༡༩༠༦པའི་ཟླ་དགུ་བར། རྒྱལ་དབང་བཅུ་གསུམ་པ་རྒྱལ་ས་པེ་ཅིན་དུ་ཕེབས་པའི་ལམ་བར། སྐུ་འབུམ་དུ་ལོ་གཅིག་བཞུགས་རིང་། དཔའ་རིས་རབ་གསལ་འདི་བ་དང་གསུང་གླེང་ཞིབ་རྒྱས་མང་དུ་མཛད་ཅིང་། ཁོང་གི་གཞུང་བརྒྱ་སྨྲ་བའི་རྣམ་དཔྱོད་ལ་ཐུགས་ཧ་ཅང་དགྱེས་པར་མ་ཟད། ཁོང་གི་ཡིག་རིགས་སྣ་ཚོགས་པའི་འབྲི་རྩལ་ལ་ཡང་བསྔགས་བརྗོད་བླ་ན་མེད་པ་མཛད་ཅིང་། རིག་གནས་ཀྱི་ཡོངས་འཛིན་དུ་བཀུར། རྒྱལ་དབང་བཅུ་གསུམ་པའི་སྐུ་རྗེས་འབྲངས་ནས་ནང་སོག་དང་། རྒྱ་ནག་རི་བོ་རྩེ་ལྔ་དང་། པེ་ཅིན་སོགས་སུ་ཕེབས་གྲོགས་མཛད། སྔ་ཕྱིར་ཨ་རིག་དགོན་ཆེན་དང་། ཏེས་ཐུང་སོགས་སུ་དུས་འཁོར་དབང་ཆེན་གནང་བས་མཚོན། མདོ་སྨད་ཡུལ་དུ་དམ་པའི་ཆོས་ཀྱི་ཆར་ཆེན་ཕབ་ཅིང་། སློབ་མས་ས་སྟེང་གང་། ཡོངས་འཛིན་ཆུ་བྱི་སྤྱི་ལོ༡༩༡༢པར། གཟུགས་སྐུ་རགས་པའི་བཀོད་པ་ཆོས་དབྱིངས་སུ་བསྡུ་བར་མཛད་དོ། །

འདི་བ་ཚང་གི་ཕྱག་རྩོམ་ད་མཚམས་མཇལ་རྒྱ་ཡོད་པ་གསུང་འབུམ་འདི་དང་། ཁོང་གིས་སྐྱོང་ཁུར་བསྣམས་པའི་ཡར་ལུང་དགོན་དུ་ཕྱག་བྲིས་གཉིས་དང་། སྐུ་འབུམ་ན་ཁོང་གི་ལན་ཛའི་ཕྱག་བྲིས་ཡོད་སྐད། གཞན་དག་དུས་འགྱུར་དབང་གིས་ཡིག་ཚང་སོགས་ཉམས་ཆེ་བས། འོལ་ཚོད་བྱེད་དཀའ་ཞིང་། རྗེས་སོར་ཡིག་ཚང་སོགས་ལག་རྩེར་སོན་ཚེ། རིམ་པས་བསྣན་ཆོག མཁྱེན་སྤྱན་ཡངས་པའི་མཁས་དབང་རྣམ་པས་དཔའ་རིས་དགེ་བཤེས་འདི་བའི་མཛད་རྗེས་སོགས་ཐུགས་རྒྱུས་མངའ་བ་ཡོད་ཚེ། ངོ་སྤྲོད་དང་ཡིག་ཚང་སྩོལ་གནང་མཛད་པའི་རེ་ལྟོས་སྙིང་ཁོང་རུས་པའི་གཏིང་ནས་ཞུའོ། །ཞེས་རབ་གནས་ས་འབྲུག་ལོའི་དབྱུ་གུ་ཟླ་བའི་ཚེས༡༥ལ་དཔའ་རིས་སངས་རྒྱས་ནས་བྲིས།

                                              རིག་གནས་ཡར་སྤེལ་དྲ་བ་ལས་བཤུས་ཏེ་བསྒྲིགས།

                                    རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

 དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།