སྒྲུབ་ཁང་དགེ་ལེགས་རྒྱ་མཚོའི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-12-01 12:04:53     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།     ཀློག་ཐེངས།  

01300000496856125966377567013.jpg

པར་བོད། ཤོག་གྲངས།

588

1དྲང་བ་དང་ངེས་པའི་དོན་རྣམ་པར་འབྱེད་པའི་བསྟན་བཅོས་ལེགས་པར་བཤད་པའི་སྙིང་པོའི་དགོངས་པའི་དོན་གསལ་བར་བྱེད་པའི་མེ་ལོང་ཞེས་བྱ་བ་ལ། 311

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅། །སྒྲུབ་ཁང་དགེ་ལེགས་རྒྱ་མཚོ་ནི་སྟོད་མངའ་རིས་ཟངས་དཀར་གྱི་སའི་ཆར་ཡབ་གུ་རུ་དཀོན་མཆོག་དང༌། ཡུམ་བུ་མོ་མཆོག་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ལྕགས་སྦྲུལ་1641ལ་འཁྲུངས། དགུང་ལོ་དྲུག་ལ་ཕེབས་དུས་ཡབ་འདས། ཡུམ་ལ་བད་ཀན་སྨུག་པོའི་བསྙུན་གཞི་ཕོག་ནས་རྗེ་ཉིད་ཀྱིས་བསྙུན་གཡོག་དང༌། ཞོར་དུ་དཔེ་ཆ་ཀློག་འདོན་མཛད། དགུང་ལོ་བཅུ་བདུན་ལ་ཡུམ་གཤེགས་པའི་སྐུ་ཕུང་བསྣམས་ནས་དུར་འཇུག་གི་མཛད་སྒོ་དམས་བསྐྱངས། དེ་ནས་དགོན་སྡེ་ཆེན་པོ་བྱམས་པ་གླིང་གི་སློབ་དཔོན་བློ་བཟང་ལེགས་པའི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་བཞེས། དེར་ལོ་གཉིས་ཙམ་བཞུགས། དགུང་ལོ་བཅུ་དགུ་ལ་དབུས་སུ་སློབ་གཉེར་ལ་ཕེབས་པའི་ལམ་བར་བཀྲ་ཤིས་ལྷུན་པོར་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཞལ་མཇལ། དེ་ནས་ཤངས་རྒྱོད་ཚང་དུ་དྲུང་པ་བརྩོན་འགྲུས་རྒྱལ་མཚན་སར་ཕེབས་ནས་དགེ་ཚུལ་གྱི་སྡོམ་པ་བཞེས། མཚན་དགེ་ལེགས་རྒྱ་མཚོར་གསོལ། དེ་ནས་སེ་རར་ཁྱུག་ཙམ་བཞུགས་ནས་དྭགས་པོ་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་གཞུང་ཆེན་བཀའ་པོད་ལྔར་གསན་བསམ་མཛད་ནས་ལོ་བཅུ་དྲུག་རིང་བཞུགས། སྐབས་དེར་དགོན་དེའི་དགེ་བསྐོས་དང༌། གྲྭ་སྐོར་འཁེལ་བའི་དགེ་བསྐོས་མཛད་འདོད་མེད་རྐྱེན་གསང་སྟབས་ངང་བྱོལ་ནས་ཤངས་རྒྱོད་ཚང་དུ་དྲུང་པ་རིན་པོ་ཆེའི་སར་བསྙེན་རྫོགས་བསྒྲུབས། བླ་མའི་བཀའ་བཞིན་དྭགས་པོ་གྲྭ་ཚང་དུ་ལུགས་མཐུན་དགོངས་པ་ཞུ་བར་སླར་ཡང་ཕེབས་ནས་དགེ་འདུན་གྱི་སྡེར་དྲང་ངེས་དམ་འབྱེད་ཀྱི་བཤད་པ་གནང༌། དེ་རྗེས་གཙང་དུ་ཕེབས་སྐབས་དྲུང་པ་བརྩོན་འགྲུས་རྒྱལ་མཚན་སྐུ་གཤེགས་ནས་ཁོང་གི་བུ་ཆེན་དྲུང་པ་རྟ་ཕུག་པ་བློ་བཟང་རྒྱལ་མཚན་དང༌། ཧོར་དཀའ་ཆེན་བློ་བཟང་དོན་གྲུབ་སོགས་མཇལ་ཏེ་ཆོས་བཀའ་མང་དུ་གསན་ནས་བཀྲ་ཤིས་ལྷུན་པོར་བཞུགས། དེ་རྗེས་དབུས་སུ་ཕེབས་ནས་སེ་ར་བྱེས་མཁན་པོ་ཇོ་སྟན་བསོད་ནམས་རྒྱལ་མཚན་དང་མཇལ་བས་རྗེའི་སྒྲུབ་ཁང་བསྟན་ནས་དེར་བཞུགས་དགོས་པའི་སློབ་སྟོན་མཛད། སྒྲུབ་ཁང་དེར་འཚོ་བ་ངན་ངོན་ལ་བརྟེན་ནས་དགུང་ལོ་ལྔ་བཅུ་ལྷག་ཙམ་པར་བཞུགས། དེ་ནས་འོལ་ཁ། རྒྱལ། དྭགས་པོ། ཙ་རིའི་རྩེ་སྐོར་སོགས་ལ་ཕེབས། དགུང་ལོ་རེ་བཞི་ལ་ཕུར་བུ་ལྕོག་རིགས་གསུམ་རྗེ་ཁང་བཞེངས་པར་ཞལ་བཀོད་མཛད། རྗེ་ཉིད་སེ་ར་རྩེ་སྒྲུབ་ཁང་རི་ཁྲོད་ལ་དགེ་སློང་བཅུ་བདུན་དང་ཕུར་བུ་ལྕོག་ཏུ་དགེ་སློང་བརྒྱ་གྲ་གཅིག་ར་ཁ་བྲག་ཏུ་དགེ་སློང་བཅུ་གཉིས་བཅས་ཀྱི་སྒྲུབ་སྡེ་གསར་དུ་བཙུགས་མཐར་དགུང་ལོ་དོན་གསུམ་ཆུ་སྦྲུལ་1713ལ་སྐུ་གཤེགས། འདིར་གསུང་འབུམ་པོད་གཅིག་བཞུགས།

 

                                                    རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 
གསལ་འདེབས། 
                  
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                    
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།