ཁྲི་ཆེན་ངག་དབང་བཀྲ་ཤིས་དཔལ་བཟང་བོའི་ཕྱག་རྩོམ་དང་ཟིན་བྲིས་གང་ཡོད་ཀྱི་དཀར་ཆག་མུ་ཏིག་ཕྲེང་མཛེས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-16 08:15:07     རྩོམ་པ་པོ།   འབོ་རའི་ཡོན་ཏན།     ཀློག་ཐེངས།  

    648087751353160422.jpg


        ༄༅། ཀུན་མཁྱེན་བླ་མ་འཇམ་དབྱངས་པའི་རྡོ་རྗེས་མདོ་སྨད་ཀྱི་ལྗོངས་སུ་བསྟན་པའི་རྒྱལ་མཚན་བསྒྲེངས་པའི་ཚེ་ཐུགས་ཀྱི་བཞེད་དགོངས་མཐའ་དག་ཡོངས་སུ་རྫོགས་པར་མཛད་པའི་བྱེད་པོ།ཁྲི་ཆེན་ངག་དབང་བཀྲ་ཤིས་དཔལ་བཟང་ཁོང་གིས་ཐུགས་བསྐྱེད་སྨོན་ལམ་དང་གོ་ཆ་བརྟན་པས་དཔལ་ལྡན་བཀྲ་ཤིས་འཁྱིལ་བ་ལུགས་གཉིས་ཀྱིས་བསྐྱངས་པར་མ་ཟད། ཆོས་ཐོག་དང་ཆོས་མཚམས་རྣམས་སུ་ཆོས་ཀྱི་བདུད་རྩི་ཕངས་མེད་དུ་སྩོལ་བའི་ཞོར་དུ་རྩོམ་པ་ལ་འཇུག་པའི་བྱ་བ་མང་དུ་འགྱིས་པ་རང་གི་དངོས་སློབ་ཐར་མི་ཆིས་མཛད་པའི་རྣམ་ཐར་དད་པའི་སྙེ་མ་ངོ་མཚར་ལས།  དེ་འཕྲལ་དཔེ་གཟིགས་དང་ལྗགས་རྩོམ་སོགས་གནང་། ཞེས་ལྗགས་རྩོམ་གནང་བའི་ཕྱག་དཔེ་ད་སྔར་བསེ་ཚང་གི་གསུམ་འབུམ་ཞེས་ཆ་ཚང་ཞིང་མགོ་རྔ་འགྲིག་པ་ཞིག་བསྒྲིག་མེད་པ་འདྲ།   ལྷག་ཏུ་ཁོང་གི་ཆོས་ཀྱི་བདུད་རྩིས་འཚོ་བའི་དངོས་སློབ་མང་བས་ཟིན་བྲིས་སུ་བཏབ་པ་གང་ཡོད་འཚོལ་བསྡུ་བྱེད་ཀྱིན་མེད་པར་མ་ཟད་སྣང་མེད་དུ་བཞག་འུ་ཡོད་བསམ་བྱུང་།  ཟིན་བྲིས་ཡིན་ནའང་ཁོང་གི་ཕྱག་རྩོམ་དང་འདྲ་བར་ཐོས་བསམ་གྱི་ཡུལ་དུ་འཛིན་རིགས།  དཔེར་ན།  རྟགས་རིགས་རིང་ལུགས།  བློ་རིགས་མགུལ་རྒྱན་དང་ཟུར་རྒྱན།  དེ་མིན་བསེ་བསྡུས།  གཞན་རྔ་བ་ཆོས་སྐྱོང་རྒྱ་མཚོས་ཟིན་བྲིས་སུ་བཏབ་པའི་ཟིན་བྲིས་བཅུ་གསུམ་ལྟ་བུ་འདི་གས་མཚོན། འོན་ཏེ་ཟིན་བྲིས་ལེགས་མིན་གྱི་ཆ་ཙམ་ལས་དོན་གྱིས་ཁོང་གི་ཞལ་སྔ་ནས་ཐོན་པ་ཡིན་པས་རང་ཅག་ལ་མཚོན་ན་རྟེན་འབྲལ་གྱི་གནད་ཆེ་བར་མ་ཟད།  མ་མཐའ་བླ་མའི་སྐུ་ཡོན་དང་བཀའ་དྲིན་བསམ་ནས་མཆོད་པའི་ཞིང་དུ་བཞག་ན་ཅི་མི་འགྲིག     དེའི་ཕྱིར་ཁོང་གི་ཡིག་ཆ་དང་གསུང་གི་བདུད་རྩི་རོལ་བའི་བདག་གིས་ནི་ཕྱག་དཔེ་རེ་རེ་ལག་ཟུང་མ་བྱོན་ཡང་འདི་ག་བཞུགས་ཞེས་བླ་བྲང་དཔར་ཁང་ཆེན་མོ་དང་དཔེ་མཛོད་ཁང་།དེ་མིན་ཕྱོགས་ཡས་མས་ཀྱི་དོན་གཉེར་ཅན་ཚོར་སྤྱན་གཟིགས་སུ་བསྟར་ན་འདོད་བྱུང་། 


ད་སྔར་༼གསུང་འབུམདཀར་ཆག༽ཏུ་བཀོད་པའི་རིགས།

(1)ཟབ་མོ་རྟེན་ཅིང་འབྲེལ་བར་འབྱུང་བ་མཐའ་དཔྱོད་ལེགས་བཤད་རྒྱ་མཚོ།
(2)ཞུགས་པ་དང་གནས་པའི་དགེ་འདུན་གྱི་རྣམ་གཞག་མཐའ་དཔྱོད་སྐལ་བཟང་འཇུག་ངོགས།
(3)རེག་གཟིག
(4)བསམ་གཟུགས་ཀྱི་རང་ལུགས་མཐའ་དཔྱོད་ལེགས་བཤད་མཛོད་ཀྱི་སྒོ་འབྱེད།
(5)རྟགས་རིགས་ཀྱི་རང་ལུགས་མཐའ་དཔྱོད་བློ་གསལ་མཁས་པའི་མགུལ་རྒྱན་འགྲོ་བའི་སྙིང་གི་མུན་སེལ་ཀུ་མུ་དའི་ཁ་འབྱེད།
(6)འཕྲིན་ལས་ཀྱི་རྣམ་གཞག
(7)རྟེན་འབྲེལ་གྱི་མཐའ་དཔྱོད་ལེགས་བཤད་རྒྱ་མཚོ།   
འདི་ག་གསུམ་འབུམ་དཀར་ཆག་ཟེར་བའི་དེབ་དེའི་ནང་འཁོད་ཡོད་པ་དག་ཡིན།  དེར་མ་ཐེ་བའི་ཕྱག་རྩོམ་དང་ཟིན་བྲིས་མང་པོ་གཤམ་གསལ་ལྟར་ལགས།

བསེ་ཚང་གི་ཕྱག་རྩོམ་གྱི་སྐོར། 

རྗེ་བཞད་པའི་རྣམ་ཐར་ཀེེ་ཏ་ཀའི་འཕྲེང་བ། 
ཀུན་མཁྱེན་བླ་མའི་གསང་རྣམ་གསོལ་འདེབས་འོག་མིན་མ།
རྗེ་བཞད་པའི་གསང་བའི་རྣམ་ཐར་གྱི་ཟིན་བྲིས།
ཞུགས་པ་དང་གནས་པའི་འཕགས་པའི་དགེ་འདུན་གྱི་རྣམ་བཞག་མཐའ་དཔྱོད་སྐལ་བཟང་འཐུགས་ངོགས།
དབུ་མའི་དྲིས་ལན་ཅུང་ཟད་རྒྱས་པ་ཞིག 
ལམ་རིམ་བསྡུས་དོན་གྱི་ཊིཀྐ་རྩོམ་འཕྲོ་ཅན།
དགེ་ཚུལ་གྱི་བསླབ་བྱ་བསྡུས་པ།              
རྟེན་འབྲེལ་བསྟོད་པའི་ཊིཀྐ
དབལ་མང་སྐུ་ཕྲེང་དང་པོར་གནང་བའི་ཀུན་མཁྱེན་མཆོག་ལ་བརྟེན་པའི་བླ་མའི་རྣལ་འབྱོར།
རྟེན་འབྲེལ་བསྟོད་པའི་ཊིཀྐ་ས་བཅད་དང་རིགས་ཚོགས།
ལམ་རིམ་ཆེན་མོའི་སྐྱེས་བུ་ཆུང་ངུའི་སྐབས་ཀྱི་ཚིག་དོན་གོ་དཀའ་བ་རྣམས་ལ་མཆན་བུ་བཏབ་པ།
ཁྲི་ངག་དབང་བཀྲ་ཤིས་ཀྱི་འཕོ་ཁྲིད་ལེ་ཚན།
ཁྲི་ཆེན་ངག་དབང་བཀྲ་ཤིས་པའི་ཐལ་བཟློག་དྲིས་ལན། 
བསྡུས་གྲྭའི་རྩོ མ་འཕྲོ།    
སེམས་བསྐྱེད་མཆོད་པའི་འཛིན་གྲྭར་གནང་བའི་ལྟ་མགུར།
གསེར་ཁ་བ་རྗེ་བསོད་ནམས་རྒྱ་མཚོར་གནང ་བའི་མགོན་པོའི་ལིངྐ་འབྲི་ཚུལ་གྱི་ཤོག་དྲིལ། 
གཏེར་ལུང་དགོན་པའི་བཅའ་ཡིག

བསེ་ཚང་གི་ཟིན་བྲིས་ཀྱི་སྐོར།

ཟིན་བྲིས་བཅུ་གསུམ། 
ཁྲི་རྒན་ཚང་གི་འགྲེལ་བ་བཞི་སྦྲགས་ཀྱི་ཟིན་བྲིས།
ཁྲི་ངག་དབང་བཀྲ་ཤིས་པའི་བཤེས་སྤྲིངས་གསུང་བཤད་ཟིན་བྲིས། 
ཁྲི་ངག་དབང་བཀྲ་ཤིས་པའི་དབུ་མའི་གསུང་བཤད་ཟིན་བྲིས་ནོར་བུའི་ཕྲེང་མཛེས་ཆོས་སྐྱོང་རྒྱ་མཚོས་བཀོད་པ།
བློ་རིག་གི་ཟུར་རྒྱན།
རྗེ་བཞད་པའི་རྡོ་རྗེ་མཆོག་གི་རྣམ་ཐར་ཐང་ག་ལྔར་ཤོང་བའི་དཀར་ཆག
བློ་རིག་གི་མཐའ་དཔྱོད་ལེགས་བཤད་མཁས་པའི་མགུལ་རྒྱན།
དབུ་མའི་ཟིན་བྲིས་རྒྱས་པ་ཤོག་གྲངས་ལྔ་བརྒྱ་ཅན། 
སྐྱོར་དཔོན་བེ་རིའི་ཟིན་བྲིས་ལ་བསྡུས་གྲྭ་ཤོག་གྲངས་ལྔ་བརྒྱ་ཅན།
རྗེ་ཤེས་རབ་རྒྱ་མཚོའི་གསུམ་འབུམ་དུ་བཞུགས་པའི་བྱང་ཆུབ་ལམ་གྱི་རིམ་པའི་གསུང་ཟིན་བརྗེད་བྱང་དུ་བཀོད་པ། 
ཟུར་བཀོལ་བཞིའི་ཟིན་བྲིན་ཤིན་ཏུ་ལེགས་པ་རེ།  
  མདོར་ན་མདོ་སྡེ་རྒྱུན།  དབུས་མཐའ་རྣམ་འབྱེད།  ཆོས་ཉིད་རྣམ་འབྱེད།   མདོན་པ་ཀུན་བཏུས།  སྤྱོད་འཇུག  བཤེས་སྦྲིངས།  བཞི་བརྒྱ་པ།  སློབ་སྤྲིངས།  བསླབ་བཏུས།  རྣམ་འགྲེལ་རྩ་བ།   འགྲེལ་བ་དོན་གསལ།  བརྒྱད་སྟོང་འགྲེལ་ཆེད།  འབུམ་ཊྰིཀ།   རྣམ་བཤད་སྙིང་བོ་རྒྱན།  རྣམ་བཤད་དགོངས་པ་རབ་གསལ།  ལེགས་བཤད་སྙིང་བོ། ལམ་རིམ་ཆེ་ཆུང་།  ཀུན་གཞིའི་དཀའ་འགྲེལ།  བྱང་ཆུབ་ལམ་སྒྲོན།  བྱང་ཆུབ་གཞུང་ལམ།  ཐུབ་བསྟན་བྱི་དོར།   འགྲེལ་བ་བཞི་སྦྲགས།   བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ།   སྦས་དོན་ཀུན་གསལ།  རིམ་ལྔ་གདན་རྫོགས།  རིམ་ལྔ་གསལ་སྒྲོན།  སྔགས་རིམ་ཆེན་མོ།  རྣམ་བཞག་རིམ་པའི་རྣམ་བཤད།  འཇིགས་བྱེད་བསྐྱེད་རིམ་ཆེན་མོ།  ཀུན་རིགས་ཊྰིཀ་ཆེན་སོགས་འདི་གའི་ཕལ་ཆེར་བར་ཟིན་བྲིས་ཡོད་པར་གདན་རབས་སུ་གསུངས། 

ཁོང་གི་གསུང་ལས་ལུང་བརྒྱུད་ཡོད་པའི་སྐོར།

         གསང་བའི་རྣམ་ཐར་འབིགས་བྱེད་སྐྱོང་གཏད་མའི་མཆན་བུ། 

དཔལ་མང་བློ་བཟང་དོན་གྲུབ་ལ་གནང་བའི་ཀུན་མཁྱེན་བླ་མ་དང་འཇམ་དབྱངས་དབྱེར་མེད་ལ་བརྟེན་པའི་བླ་མའི་རྣམ་འབྱོར།

ལྟ་མགུར་ལྷ་མཐུ་ལྡན་གཤིན་རྗེ་གཤེད་པོ་དང་། །(མགུར་འདི་ནི་སེམས་བསྐྱེད་མཆོད་པའི་འཛིན་གྲྭར་གནང་བ་ཞིག་ཡིན་པར་མ་ཟད་གདན་རབས་ལྷའི་རྔ་ཆེན་དུ་ཆ་ཚང་བཀོད་བཞག་འདུག) འདི་གའི་ལུང་བརྒྱུད་རྗེ་གསེར་ཁང་བསོད་ནམས་རྒྱ་མཚོ།  བྲག་དཀར་དཀའ་བཅུ་བ་ངག་དབང་གྲགས་པ།  དཔལ་མང་དཀོན་མཆོག་རྒྱལ་མཚན།  རྗེ་ཤེས་རབ་རྒྱ་མཚོ། 
ད་ལྟའི་བརྩི་བཞག་གི་བསྡུས་གྲྭའི་ལུང་བརྒྱུད་ནི།  མཛད་པ་བོ་ཁྲི་ཆེན་ངག་དབང་བཀྲ་ཤིས།  ཐར་མི་ཆི་རྗེ་བློ་བཟང་དོན་གྲུབ།   རྗེ་འཕྲིན་ལས་བསམ་གྲུབ།   ཐར་མི་ཆི་སྐུ་ཕྲེང་གཉིས་པ་བློ་བཟང་རབ་བརྟན།   རྒྱས་ཚང་པ་དཀོན་མཆོག་དགེ་འདུན།  རི་ཁྲོད་དབང་ཕྱུག་དཀོན་མཆོག་ཕུན་ཚོགས།  རྗེ་ཤེས་རབ་རྒྱ་མཚོ། 
ཁྲི་ཆེན་ངག་དབང་བཀྲ་ཤིས་ཀྱིས་མཛད་པའི་རྟེན་འབྲེལ་བསྟོད་པའི་འགྲེལ་བ་ཐར་འདོད་འཇུག་ངོགས་ཀྱི་ལུང་བརྒྱུད་ནི།  ཁོང་གི་ཞལ་ནས་སྔ་ནས་ཐར་མི་ཆི་རྗེ་བློ་བཟང་དོན་གྲུབ།  སྤོག་ཚ་འཕྲིན་ལས་བསམ་འགྲུབ།  དུང་ཕྲུག་རི་ཁྲོད་པ་བསྟན་འཛིན་དབང་ཕྱུག  ཞབས་དྲུང་འཇིགས་མེད་རྒྱ་མཚོ།   གྱི་ལིང་རི་ཁྲོད་པ་རྗེ་བཀའ་དྲིན་ཟླ་མེད་དཀོན་མཆོག་ཕུན་ཚོགས།  དེ་ལས་དགེ་ལྡན་སྙན་བརྒྱུད་ཀྱི་གདམས་པའི་གཏེར་མཛོད་རྗེ་་ཤེས་རབ་རྒྱ་མཚོ།    ལུང་རྒྱུད་འདི་ག་རྗེ་ཤེས་རབ་རྒྱ་མཚོའི་གསན་ཡིག་ཏུ་ཡོད།  

ཁོང་གི་རྣམ་ཐར་ལ།

ཐར་མི་ཆིས་མཛད་པའི་རྣམ་ཐར་དད་པའི་སྙེ་མ་ངོ་མཚར།   
བསྟན་འཛིན་རྒྱ་མཚོས་མཛད་པའི་རྣམ་ཐར་བདུད་རྩིའི་ཆར་འབེབས། 
སྡེ་ཁྲི་རིན་པོ་ཆེས་མཛད་པའི་ཁ་བྱང་མེད་པའི་རྣམ་ཐར་རྩོམ་འཕྲོ་ཅན་ཞིག

རྗེ་ཁོང་གི་འཁྲུངས་རབས་གསོལ་འདེབས་ཀྱི་སྐོར།

ཐར་མི་ཆིས་མཛད་པའི་ཆོས་རྗེ་ངག་དབང་བཀྲ་ཤིས་ཀྱི་རྣམ་ཐར་འཁྲུངས་རབས་གསོལ་འདེབས།
ཆོས་རྗེ་ངག་དབང་བཀྲ་ཤིས་རང་གིས་གནང་བའི་གསོལ་འདེབས་ལ་ཤོ་ལོ་ཀ་གཅིག་ཅན།
 ཉོན་མོངས་སྐྱོན་རྣམས་མ་ལུས་འཇིགས་ཚོགས་ལ།  །

ལྷ་ལས་བྱུང་བར་བློ་ཡིས་མཐོང་གྱུར་ནས།  །

ཀླུ་སྒྲུབ་ཟླ་བའི་ཞབས་ཀྱི་རིང་ལུགས་ལ། །

རྒྱུན་དུ་འདྲིས་པར་མཛད་ལ་གསོལ་བ་འདེབས།  །

        ཞེས་པའི་ཤོ་ཀ་འདི་དེང་མ་རྗེ་རང་གི་རྨི་ལམ་དུ་བྱུང་བ་ཞིག་ཡིན་མོད། ཕྱིས་སུ་ཁོང་ལ་མི་ཕྱེད་པའི་དད་པ་དང་ལྡན་པ་ཐུབ་བསྟན་དར་རྒྱས་ཟེར་བས་གསོལ་འདེབས་ཀྱི་ཤོ་ལོ་ཀ་གཅིག་དགོས་ཞེས་ནན་གྱིས་སྐུལ་བར།  སྔར་གྱི་ཚིག་རྐང་འདིའི་རྔ་མ་ཕྱག་འཚལ་ལོ་ཞེས་པ་བཅོས་ནས་གསོལ་འདེབས་སུ་བསྒྲུར་བར་རྣམ་ཐར་དུ་གསུངས།       

ཟུར་ཞུ།

        ཁོང་གི་གསུང་གི་འཕྲིན་ལས་ཀྱིས་འཚོ་བའི་གཞུང་སྒེར་གཉིས་ཀ་ནས་གོང་དུ་བྲིས་པའི་དཔེ་ཐོ་འདི་ག་རིགས་ན་ཅི་ཞིག་ཡིད་ལ་འཁོར་བའི་ངེས་པ་མེད་པར་མ་ཟད། འདི་ལྟ་བུ་འུ་ཡོད་བསམ་པའི་ཡིད་གཉིས་ཟ་བར་གདོན་མི་ཟ།   འོན་ཏེ་མདོ་སྨད་ལྷོ་རྒྱུད་ཀྱི་བསྟན་པའི་འབྱུང་གནས་མ་དགོན་བཀྲ་ཤིས་འཁྱིལ་བའི་འདོན་རྟ་དབྱངས་དང་ཆོས་འཆད་ཉན་སོགས་བསྟན་པའི་རྩ་ལག་ཡོད་ཚད་ཁོང་ལ་ཐུགས་པར་བསམ་ན་ཤུལ་དུ་ལུས་པའི་གསུང་གི་གདམས་པ་འདི་ག་བྱས་ཀྱང་འཚོལ་རིགས།    

 

                                                   རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 
གསལ་འདེབས། 
                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།