རྟ་ཕུག་པ་བློ་བཟང་དམ་ཆོས་རྒྱལ་མཚན་གྱི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-12 23:46:49     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།     ཀློག་ཐེངས།  

 

032.JPG

 

 

བྲིས་པོད།ཤོག་གྲངས།

580

1 བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཡིག་ཆེན་མོ་དབེན་ས་བཀའ་བརྒྱུད་ཀྱི་ཞལ་ཤེས་མན་ངག་དང་བཅས་དྲུང་ཚབ་པའི་ཟིན་བྲིས་ལ། 112

2 བྱང་ཆུབ་ལམ་གྱི་རིམ་པའི་སྔོན་འགྲོའི་ཆོས་གསལ་བར་བྱེད་པ་ལས་ལས་དང་པོའི་སྐོར་ལ། 31

3 བློ་བཟང་དམ་ཆོས་རྒྱལ་མཚན་གྱིས་སྒོ་གསུམ་ལེགས་པར་སྤྱད་པའི་ཕྱོགས་རྣམ་པར་ཐར་པ་དད་པའི་ལྗོན་ཤིང་ཞེས་བྱ་བར།196

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅། །རྟ་ཕུག་པ་བློ་བཟང་དམ་ཆོས་རྒྱལ་མཚན་ནི་སྟོད་མངའ་རིས་ཟངས་དཀར་དུ་ཡབ་ཆོས་རྒྱལ་གྱི་གདུང་བརྒྱུད་དཔལ་ལྡན་དང༌།ཡུམ་སྐྱིད་འཛོམས་ཀྱི་སྲས་སུ་རབ་བྱུང་བཅུ་པ་མེ་ལུག་1607 ལོ་ལ་འཁྲུངས།དགུང་ལོ་བཅུ་གཅིག་ལ་ཡི་གེ་འབྲི་ཀློག་བསླབས།དྲུང་པ་བློ་བཟང་རྣམ་རྒྱལ་དང་རང་གི་ཡབ་གཉིས་སྟོད་གུ་གེར་པཎ་ཆེན་བློ་བཟང་ཆོས་རྒྱན་མཇལ་བར་ཕེབས།དགུང་ལོ་བཅུ་གསུམ་ལ་དྲུང་པའི་སྐུ་མདུན་དུ་དབུ་སྐྲ་གཙུག་ཕུད་ཕུལ།མཚན་བློ་བཟང་རྒྱལ་མཚན་ཞེས་སྩལ།དུས་ཕྱིས་ཁོང་བཀྲ་ཤིས་ལྷུན་པོར་ཕེབས་ནས་པཎ་ཆེན་རིན་པོ་ཆེ་དང་མཇལ་ནས་བློ་བཟང་དམ་ཆོས་རྒྱལ་མཚན་ཞེས་པའི་མཚན་གནང༌།དེ་ནས་བལ་ཡུལ་དུ་ཕེབས་ནས་དྲུང་པ་དང༌།སློབ་དཔོན་དཀོན་མཆོག་དཔལ་སོགས་ཀྱི་དྲུང་དུ་དབང་དང་རྗེས་གནང་སོགས་གསན་སྦྱོང་མཛད།དགུང་ལོ་བཅོ་བརྒྱད་ལ་གར་ཞྭ་མཁའ་འགྲོའི་གླིང་བསྐོར་ནས་འཕགས་པ་འཇམ་དཔལ་མཇལ་བར་ཕེབས།དགུང་ལོ་ཉེར་ལྔ་ལ་དབུས་སུ་ཕེབས་ནས་དྭགས་ཁུལ་བརྒྱུད་གངས་དཀར་ཏི་སི་སོགས་ལ་གནས་མཇལ་དུ་ཕེབས།ངམ་རིང་བརྒྱུད་བསམ་གྲུབ་དགའ་ལྡན་དགོན་དུ་ཕེབས།ཆོས་གྲྭར་ཁྱུག་ཙམ་ཕེབས།བོད་དུ་སློབ་གཉེར་གྱི་མགོ་དེ་ནས་ཚུགས།དེ་ནས་རིམ་བཞིན་རང་གི་བླ་མའི་གདན་ས་བཀྲ་ཤིས་ལྷུན་པོར་ཕེབས།དེའི་སྐབས་པཎ་ཆེན་རིན་པོ་ཆེ་སྡེ་སྲིད་གཙང་པའི་བཀའ་བཞིན་སོག་པོའི་ཁྲོད་དུ་འདམ་ཁུལ་དུ་ཕེབས་ནས་མ་བཞུགས།རྗེ་ཉིད་བཀྲ་ཤིས་ལྷུན་པོའི་སྒྲིགས་ལ་བཞུགས།དཀྱིལ་ཁང་སློབ་དཔོན་སྨན་བླའི་དྲུང་དུ་དགེ་ཚུལ་བསྒྲུབས།དཀའ་བཅུ་རྒྱལ་ཚབ་པ་དགེ་རྒྱན་དུ་བསྟེན་ནས་གཞུང་ཆེན་ལ་གསན་བསམ་གྱི་དབུ་ཚུགས།དེའི་ལོ་སྨད་དུ་པཎ་ཆེན་རིན་པོ་ཆེ་དབུས་ནས་ཕེབས་ཏེ་མཇལ་ཁ་ཞུས།སྔོན་གྱི་ལོ་རྒྱུས་དམས་ཞུས་པས་བཀྲས་ལྷུན་རང་དུ་སློབ་གཉེར་བྱེད་དགོས་པའི་བཀའ ་ཕེབས་པ་ལྟར་དེར་བཞུགས་ནས་གཞུང་ཆེན་ལ་གསན་བསམ་མཛད།དགུང་ལོ་ཉེར་བདུན་ལ་དབུས་ཁུལ་གནས་མཇལ་དུ་ཕེབས་སྐབས་རྗེ་ས་སྨོན་ལམ་ཆེན་མོ་ཚུགས་པ་དང་སྟབས་འཁེལ་གྱིས་ཚོགས་གྲལ་དུ་ཕེབས།དེ་སྐབས་རྒྱལ་བ་ལྔ་པ་དང་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གཉིས་ཀྱང་མཇལ།དེ་ནས་རྭ་སྒྲེང་དང་དགའ་ལྡན་སོགས་མཇལ་ནས་གཙང་དུ་ཕེབས།མུ་མཐུད་གཞུང་ཆེན་ལ་གསན་སྦྱོང་མཛད།དགུང་ལོ་སོ་གསུམ་སྐབས་པཎ་ཆེན་བློ་བཟང་ཆོས་རྒྱན་དྲུང་དུ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས།པཎ་ཆེན་ཐམས་ཅད་མཁྱེན་པའི་བཀའ་བཞིན་དབུ་མའི་འཛིན་གྲྭར་ཕེབས་ནས་རིགས་ཆེན་པའི་ཚོགས་ལངས་མཛད།ལོ་མང་རིང་མདོ་སྔགས་ཀྱི་ཆོས་མཐའ་ཡས་པ་གསན།དེ་ནས་བླ་བྲང་གསར་བཞེངས་ཀྱི་ལས་གྲྭར་ངོ་ཕེབས་ཀྱིས་ཕྱི་རྒྱ་མ་གྲུབ་པར་ཨར་ལས་ལ་ཞུགས།དེ་ནས་བླ་མའི་བཀའ་བཞིན་རྟ་ནག་ཁུལ་རི་ཁྲོད་དུ་བྱ་བྲལ་གྱི་སྤྱོད་པ་ལ་གཤེགས།དགུང་ལོ་སོ་དྲུག་ལ་རྟ་ནག་ཁུལ་དུ་སོག་པོའི་དམག་འབྱོར།དེའི་ལོར་སྡེ་སྲིད་གཙང་པ་གཏོར་ཕམ་བཏང༌།དེའི་རྐྱེན་གྱིས་གཙང་ཁུལ་སྐྱ་སག་ལ་མུ་གེ་ཆེ་བ་བྱུང༌།དེ་ནས་དབུས་ཕྱོགས་སུ་ལྷོ་དྭགས་ཁུལ་ལ་གནས་མཇལ་མཛད།དགུང་ལོ་ང་ལྔ་ལ་བཀྲ་ཤིས་ལྷུན་པོར་ཕེབས།དགུང་ལོ་ང་དྲུག་ལ་པཎ་ཆེན་བློ་བཟང་ཆོས་རྒྱན་དགོངས་པ་རྫོགས།དེའི་སྐུ་གདུང་གི་ཕྱག་ལས་མཛད།དགུང་ལོ་ང་བདུན་ལ་རྟ་ནག་ཤུད་ཁུད་པ་དང༌།རྗེ་དྲུང་ཡུམ་སྲས་ནས་རྗེ་ཉིད་རྟ་ཕུག་རི་ཁྲོད་དུ་བཞུགས་པའི་གསོལ་འདེབས་ཀྱིས་དེར་བཞུགས།དགུང་ལོ་རེ་གཉིས་ལ་བཀྲ་ཤིས་ལྷུན་པོར་ལམ་རིམ་སོགས་ཀྱི་བཀའ་ཆོས་མཛད།དགུང་ལོ་རེ་བཞི་ལ་བཀྲ་ཤིས་ལྷུན་པོར་ཕེབས་ནས་པཎ་ཆེན་མཆོག་སྤྲུལ་རིན་པོ་ཆེ་མཇལ་ནས་རྟ་ཕུག་ཏུ་ཕྱིར་ཕེབས།དགུང་ལོ་རེ་བརྒྱད་ལ་རང་གི་བླ་མ་དྲུང་པ་རྒྱལ་ཚབ་པ་ཞིང་དུ་གཤེགས།དགུང་ལོ་རེ་དགུ་ལ་ཁྲོ་ཕུའི་སྨོན་ལམ་ལ་ཕེབས།དེའི་ལོར་ལྷོ་བྲག་ཟབ་ཕུ་ལུང་དུ་ཕེབས།ཨོ་རྒྱན་རིན་པོ་ཆེའི་སྐུ་བརྙན་སོགས་ཟབ་ཕུའི་རྟེན་གསུམ་དམས་དང༌།གཏེར་སྟོན་ལས་བརྒྱུད་པའི་ནང་རྟེན་དང༌།རྡོ་ཀ་ཧ་ར་པ་ལས་གྲུབ་པའི་སློབ་དཔོན་རིན་པོ་ཆེའི་སྐུ་བརྙན་མཇལ།ཟངས་མདོག་དཔལ་རི་ལ་གནས་བསྟོད་བརྩམས།དེ་ནས་མཁས་གྲུབ་ཁྱུང་པོའི་གནས་ཆེན་ཞོང་གཞོང་ལ་ཕེབས།ཁྱུང་པོའི་སྐུ་བརྙན་དང་ཁོང་གི་ཐུགས་དམ་རྟེན་མགོན་པོའི་སྐུ་ཐང་མཇལ།དགུང་ལོ་རེ་དགུ་ལ་བཀྲ་ཤིས་ལྷུན་པོར་ཕེབས་ནས་པཎ་ཆེན་རྒྱལ་བ་བསམ་གྲུབ་ཀྱི་ཐུགས་དམ་རྟེན་རྗེ་ཙོང་ཁ་པ་ཆེན་པོའི་སྐུ་བརྙན་གསེར་སྐུ་རྒྱབ་ཡོལ་དང་དེ་མིན་ལི་སྐུ་སོགས་འབུལ་གནང་མཛད།རྟ་ཕུག་རི་ཁྲོད་དུ་སྔ་ཕྱིར་ལོ་སུམ་ཅུ་ཙམ་བཞུགས་ཏེ།མཐར་དགུང་ལོ་བརྒྱད་ཅུ་ལྷག་ཙམ་ལ་སྐུ་གཤེགས།འདིར་གསུང་འབུམ་བྲིས་མ་པོད་གཅིག་བཞུགས།

                                                  རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 
གསལ་འདེབས། 
                 
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                   
དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

 

བརྒྱུད་འགོད།