༢༠༢༠བོད་བརྒྱུད་ནང་བསྟན་རིགས་པའི་དོགས་དཔྱོད་ཤེས་རབ་ལོ་དེབ་ཀྱི་རྩོམ་དྲི་གཞི་བློ་གསལ་དགའ་སྟོན།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2021-07-20 10:27:25     རྩོམ་པ་པོ།   ༢༠༢༠བོད་བརྒྱུད་ནང་བསྟན་རིགས་པའ    ཀློག་ཐེངས།  

༄༅། །༢༠༢༠བོད་བརྒྱུད་ནང་བསྟན་རིགས་པའི་དོགས་དཔྱོད་ཤེས་རབ་ལོ་དེབ་ཀྱི་རྩོམ་གཞི་དགེ་འདུན་ཉི་ཤུའི་དྲི་གཞི་བློ་གསལ་དགའ་སྟོན།


                           ཚོགས་རམས་པ་ཟུང་ཆོས་སྐུ།

དྲི་གཞི་དང་བོ། གསེར་ཕྲེང་ལས། ཀུན་བཏུས་ལྟར་ན་ཞུགས་པ་དང་བོ་ལ་སྦྱོར་ལམ་པའང་ཡོད་ལ་གཞན་ཞུགས་པ་རྣམས་མཚུངས་སོ། །ཞེས་གསུངས་པའི་དོན་གང་ཡིན་དང་། ཐོད་རྒལ་བའི་ཞུགས་པ་ལ་སྦྱོར་ལམ་པ་ཡོད་མེད། འབྲས་གནས་དེ་དང་དེའི་ཞུགས་པ་ཡིན་པའི་ཚད་སོགས་ཀྱི་སྟེང་ནས་དཔྱད་པ་གནང་རྒྱུ།

དྲི་གཞི་གཉིས་པ། གསེར་ཕྲེང་ལས། གསུམ་པ་ལ་གསུམ། ཐོད་རྒལ་བ་དང་། རིམ་གྱིས་པ་དང་།ཅིག་ཅར་བ་གང་ལ་བཞག་པའོ།།ཞེས་གསུངས་པ་ལྟར་ཐོད་རྒལ་བ་སོགས་གསུམ་འབྲས་གནས་གང་ལ་བཞག གང་ལ་མ་བཞག་པའི་རྒྱུ་མཚན་དང་བཅས་ཏེ་གསལ་བོར་གནང་རྒྱུ་དང་། སྤང་བྱ་དེ་ལ་ཆགས་བྲལ་བྱེད་ཚུལ་གང་ཡིན་དོགས་དཔྱོད་དང་བཅས་པ་གནང་རྒྱུ། 

དྲི་གཞི་གསུམ་པ། གསེར་ཕྲེང་ལས། བཞི་བ་ལ་གསུམ། འབྲས་བུ་དེ་དག་ལམ་གང་གིས་དང། དུས་ནམ་གྱི་ཚེ་དང། ས་གང་ལ་བརྟེན་ནས་ཐོབ་པའོ། །ཞེས་པའི་དོན་ཚན་དེ་དག་གི་དོན་གང་ཡིན་གསེར་ཕྲེང་ལྟར་དང་། འབྲས་བུ་དེ་དག་ལམ་གང་གིས་ཐོབ་ཚུལ་ལ་མངོན་པ་གོང་འོག་གཉིས་མཐུན་མིན། ས་གང་ལ་བརྟེན་ནས་ཐོབ་ཚུལ་ལ་ཡིག་ཆ་ཁག་གིས་གསུང་ཚུལ་འདྲ་མིན་སྒྲུབ་བྱེད་དང་བཅས་ཏེ་གསལ་བོར་གནང་རྒྱུ།

དྲི་གཞི་བཞི་བ། གསེར་ཕྲེང་ལས། དེས་ན་ཐོད་རྒལ་བ་དང་རིམ་གྱིས་པ་གང་ཡང་མིན་པའི་དགེ་འདུན་ནི་དུ་མ་ཞིག་འོང་བར་སྣང་ངོ་། །ཞེས་གསུངས་པའི་ཐོད་རྒལ་བ་དང་རིམ་གྱིས་པ་གང་ཡང་མིན་པའི་དགེ་འདུན་དེ་ལ་གང་འཇོག་དང་། དེ་དེ་ཡིན་པའི་རྒྱུ་མཚན་སོགས་གསེར་ཕྲེང་ལྟར་དང་། ཆགས་བྲལ་སྔོན་སོང་དང་ཐོད་རྒལ་གཉིས་ལ་ཁྱད་པར་ཡོད་མེད་སོགས་ལ་ཞིབ་དཔྱད་གནང་རྒྱུ།

དྲི་གཞི་ལྔ་བ། གསེར་ཕྲེང་ལས། དང་བོའི་མཚམས་སྦྱོར་ལམ་ནས་འཛིན་པར་ཀུན་ལས་བཏུས་པ་འདོད་དེ། ཇི་སྐད་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་འཇུག་པ་གང་ཞེ་ན། གང་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་མཐོང་བའི་ལམ་གྱི་སེམས་ཀྱི་སྐད་ཅིག་བཅོ་ལྔ་ལ་གནས་པའི་གང་ཟག་གོ། །ཞེས་སོ། །ཞེས་གསུངས་པ་ལྟར་ཀུན་བཏུས་ལུགས་ལ་རྒྱུན་ཞུགས་ཞུགས་པ་མཐོང་ལམ་སྐད་ཅིག་མ་དང་བོ་བཅོ་ལྔ་ལ་གནས་པ་ཡིན་ནམ། དེའི་ལུགས་ལ་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་པོ་སྐྱེ་ཐེབས་དུ་ཡིན་དང་། ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་པོ་གང་རུང་ལ་མཉམ་བཞག་གིས་ཁྱབ་མིན་སོགས་ཀྱི་སྐོར་ལ་དཔྱད་པ་གནང་རྒྱུ།

དྲི་གཞི་དྲུག་པ། གསེར་ཕྲེང་ལས། དེའི་ཁྱད་པར་ལ་རེ་ལྟར་ཐོགས་ན་ལན་བདུན་པ་དང། རིགས་ནས་རིགས་སྐྱེ་གཉིས་སོ། །དང་བོ་ནི། ཁ་ཅིག་འབྲས་གནས་ཙམ་པོའོ། །ཞེས་འདོད་ཀྱང།  ཞེས་གསུངས་པའི་སྲིད་པ་ལན་བདུན་པ་དང་རིགས་སྐྱེ་གཉིས་ཀྱི་རྟོགས་པ་དང། སྤངས་པ་དང། སྐྱེ་བའི་ཁྱད་པར་གསུམ་གྱི་ངོས་འཛིན་ལ་འདོད་ཚུལ་མི་འདྲ་བ་ཡོད་མེད་དང་། དེ་དག་གི་སྐོར་ལ་ཡིག་ཆ་དག་གིས་གསུང་ཚུལ་མཐུན་མིན། འབྲས་གནས་ཁྱད་པར་ཅན་ཡིན་ན་ཙམ་པོ་བའི་རྟོགས་པ་སྔོན་དུ་སོང་བས་ཁྱབ་མིན་སོགས་ལ་དཔྱད་པ་གནང་རྒྱུ།

དྲི་གཞི་བདུན་པ། གསེར་ཕྲེང་ལས། དང་བོ་ལ་བར་དོར་དང། སྐྱེས་ནས་འདའ་བ་དང། གོང་དུ་འཕོ་བ་སྟེ་གསུམ་མོ། །ཞེས་གསུངས་པ་ལྟར་བར་འདའ་བ་གསུམ་དང་། སྐྱེས་འདའ་བ་གསུམ། འཕར་བ་གསུམ་སོགས་ཀྱི་ཁྱད་པར་གང་ཡིན་དང་། ཕྱིར་མི་འོང་ཚངས་ཆེན་དུ་མི་སྐྱེ་བའི་རྒྱུ་མཚན་སོགས་ཀྱི་སྐོར་ལ་དོགས་དཔྱོད་དང་བཅས་པ་དང་། ཟག་མེད་ཀྱི་དངོས་གཞི་ལས་ཉམས་པ་ཡོད་མེད་སོགས་གསལ་བོར་གནང་རོགས།

དྲི་གཞི་བརྒྱད་པ། གསེར་ཕྲེང་ལས། གཉིས་པ་ལ་གསུམ། སྤེལ་བའི་སྦྱོར་བ། གྲུབ་པའི་ཚད། སྤེལ་མ་དངོས་སོ། །ཞེས་ས་བཅད་གསུམ་གྱི་དོན་དང་། ཟག་བཅས་དེ་གནས་གཙང་དུ་སྐྱེ་བའི་རྒྱུ་ཡིན་ཚུལ་གང་ཡིན་སོགས་ལ་དོགས་དཔྱོད་དང་བཅས་པ་གནང་རྒྱུ། 

དྲི་གཞི་དགུ་བ། གསེར་ཕྲེང་ལས། དབྱེ་བ་འདི་དག་མི་རུང་བའི་དམིགས་བསལ་མཛོད་འགྲེལ་ལས། དེ་གཅིག་པུ་གསུངས་པའི་ཕྱིར། ཞེས་གསུངས་པའི་འདོད་པར་ཚེ་ཡོངས་འགྱུར་གྱི་ཕྱིར་མི་འོང་གི་དོན་དང་། དེ་ལ་དབྱེ་བ་དེ་དག་མེད་པའི་རྒྱུ་མཚན་གང་ཡིན། དེ་ཁམས་གོང་དུ་སྐྱེ་བ་ཡོད་མེད་སོགས་ཀྱི་སྐོར་ལ་དཔྱད་པ་གནང་རྒྱུ། 

དྲི་གཞི་བཅུ་བ། གསེར་ཕྲེང་ལས། འདིས་བར་དོར་འདའ་བ་གསུམ། སྐྱེས་འདའ་བ་གསུམ། འཕར་བ་གསུམ་ལ་ལས་དབང་བོ་ཉོན་མོངས་པའི་སྒོ་ནས་ཁྱད་པར་འབྱེད་དེ། ཞེས་གསུངས་པའི་དོན་དང་། དེ་དག་གི་སྐོར་ལ་གདན་ས་དག་གི་ཡིག་ཆ་རྣམས་ཀྱི་གསུང་ཚུལ་འདྲ་མིན། ཀུན་ཏུ་སྦྱོར་བ་སོགས་འདི་དག་ལ་དཔྱད་པ་གནང་རྒྱུ།

དྲི་གཞི་བཅུ་གཅིག་པ། གསེར་ཕྲེང་ལས། འོ་ན་མཛོད་ལས། འགོག་པ་ཐོབ་པ་ཕྱིར་མི་འོང། །ལུས་ཀྱིས་མངོན་སུམ་བྱེད་པར་འདོད། །ཅེས་པ་འདི་དེ་དག་གང་དུ་འདུ་ཞེ་ན། ཞེས་གསུངས་པའི་དྲི་བ་འདི་ལ་ལན་གསུངས་ཚུལ་དང་། སྤྱིར་ལུས་མངོན་བྱེད་ཡིན་ན་འགོག་སྙོམས་ཐོབ་པས་ཁྱབ་མིན། འགོག་སྙོམས་ཀྱི་ངོ་བོ་དང་དགག་བྱ་ལ་གྲུབ་མཐའ་གོང་འོག་དང་ཡིག་ཆ་དག་གིས་གསུང་ཟིན་འདྲ་མིན། དེ་ཉམས་པའི་རྒྱུ་དང་ཚུལ་ཇི་ལྟར་ཉམས་པ་ཡིན་ཚུལ་སོགས་གསལ་བོར་གནང་རྒྱུ།

དྲི་གཞི་བཅུ་གཉིས་པ། གསེར་ཕྲེང་ལས། དེ་ཉིད་ལེགས་པར་མཛད་དོ། །ཞེས་གསུངས་པའི་དེ་ཉིད་ལེགས་བཤད་ཡིན་པའི་རྒྱུ་མཚན་གང་ཡིན་དང་། མཐོང་ཆོས་བདེར་གནས་ཀྱི་ཏིང་ངེ་འཛིན་གྱི་ངོ་བོ་དང་། དེ་ལས་ཉམས་ཚུལ་ཇི་ལྟར་ཡིན། དགྲ་བཅོམ་རིགས་དྲུག་གི་ཁྱད་པར་སོགས་ལ་དཔྱད་པ་གནང་རྒྱུ་དང་།  ཉན་ཐོས་གཅིག་ཅར་བ་རང་རྒྱལ་དུ་དུས་ནམ་གྱི་ཚེ་དང་། ཚུལ་ཇི་ལྟར་ཞུགས་པ་ཡིན་ནམ་ལགས།

དྲི་གཞི་བཅུ་གསུམ་པ། གསེར་ཕྲེང་ལས། དེ་ན་གནོད་འཇོམས་ཆེ་བས་ཡོད་པ་བཞག་ནས་མེད་པ་བཙལ་བ་འདིས་ཀྱང་དབྱིག་གཉེན་གྱི་ཡིན་པ་ལ་ཐེ་ཚོམ་ཟའོ། །ཞེས་པ་འདིས་གནོད་འཇོམས་དབྱིག་གཉེན་གྱི་མིན་པར་སྒྲུབ་ཚུལ་གང་ཡིན་དང་། གཞུང་འདིའི་གོང་འོག་ཏུ་གནོད་འཇོམས་དབྱིག་གཉེན་གྱི་མིན་པའི་སྒྲུབ་བྱེད་དུ་བཀོད། དགེ་འདུན་གྱི་མདོ་འདི་དག་གིས་རྒྱལ་སྲས་ཞེ་བརྒྱད་བསྟན་པར་འཕགས་སེང་གིས་བཞེད་དམ། བཞེད་ན་དེ་དག་གཞུང་ན་མི་གསལ་དོན་གང་ཡིན་ནམ། རྒྱལ་སྲས་དེ་དག་དགེ་འདུན་ཉི་ཤུ་བོ་གང་དང་གང་ལ་སྦྱོར་གསལ་བོར་གསུངས་རོགས།

དྲི་གཞི་བཅུ་བཞི་བ། གསེར་ཕྲེང་ལས། དེ་ལྟར་འདོད་པ་ཐ་དད་པ་དེ་དག་ལས་འདིར་གང་གཟུང་ཞེ་ན། འཕགས་པའི་དགོངས་པ་ཉིད་རིགས་ཏེ། གང་ཡིན་པ་ནི་འཆད་པར་འགྱུར་རོ། །ཞེས་པའི་སྔར་གྱི་འདོད་པ་དེ་དག་ལས་འཕགས་པའི་བཞེད་པ་ཉིད་རིགས་པའི་རྒྱུ་མཚན་དང་། འདོད་པ་གཞན་རྣམས་ངོས་བཟུང་ནས་མི་རིགས་པའི་རྒྱུ་མཚན་གང་ཡིན། འོག་ཏུ་མི་རིགས་ཏེ། ཕྱིར་འོང་དད་ཐོབ་ཁྱད་པར་ཅན་ཕྱིར་མི་འོང་ཞུགས་པ་ཡིན་ཀྱང་དེའི་ཕྱིར་འོང་ཞུགས་པར་འགལ་བས་སོ། །ཞེས་པའི་རྩོད་པ་དང་རྩོད་ལན་དག་གསལ་བོར་གནང་རོགས།

དྲི་གཞི་བཅོ་ལྔ་བ། གསེར་ཕྲེང་ལས། འདི་ཁོ་ན་རྗེ་བཙུན་གྱི་བཞེད་པ་ཡིན་ཏེ། དགེ་འདུན་འདི་དག་མངོན་པ་ནས་བཤད་པ་དང་མིང་མཚུངས་པར་བསྟན་ཅིང་དེ་ཡང་དེ་དག་དང་ཆོས་མཚུངས་པས་ཡིན་ལ། མངོན་པ་ནས་རྐང་བ་དང་བོ་དང་དེ་ནས་ཕྱེད་ཀྱིས་རིམ་པ་ལྟར་སྔར་གྱི་ཞུགས་པ་གསུམ་དང་། དེའི་འབྲས་གནས་གསུམ་བསྟན་ལ་རྒྱུན་ཞུགས་འབྲས་གནས་ནི་འོག་ཏུ་བཤད་པས་སོ། །ཞེས་གསུངས་པའི་གང་ཟག་སུས་དགེ་འདུན་འདི་དག་མངོན་པ་ནས་བཤད་པ་དང་མིང་མཚུངས་པར་བསྟན་པ་ཡིན་ནམ། འདིའི་མངོན་པ་ལ་གང་འཇོག དགེ་འདུན་འདི་དག་མངོན་པ་ནས་བཤད་པའི་དགེ་འདུན་དང་ཆོས་མཚུངས་ཚུལ་གང་ཡིན། འཕགས་པ་སློབ་དཔོན་གཉིས་ཀྱིས་དགེ་འདུན་འདི་དག་མངོན་པ་གོང་འོག་སོ་སོ་དང་མཐུན་པར་འཆད་ཚུལ་དང་། དེ་ལྟར་འཆད་དགོས་པའི་རྒྱུ་མཚན་གང་ཡིན་ལ་དོགས་དཔྱོད། 

དྲི་གཞི་བཅུ་དྲུག་ལ། གསེར་ཕྲེང་ལས། འོ་ན་དེ་དག་དང་ཆོས་མཚུངས་གང་ཞིག་གིས་སྦྱར་ཞེ་ན། སྤངས་རྟོགས་དང་སྐྱེ་བ་ལེན་ཚུལ་ཏེ་གསུམ་གྱིས་སྦྱོར་རོ། །ཞེས་པ་ལྟར་དོན་གྱི་དགེ་འདུན་ཉི་ཤུ་ལས་རང་ཉིད་མཚོན་པའི་དཔེ་ཡི་དགེ་འདུན་དང་། སྤངས་རྟོགས་སྐྱེ་བ་ལེན་ཚུལ་གསུམ་ག་དང་ཆོས་མཚུངས་པ་དུ་ཡོད། གཉིས་ཙམ་མམ་གཅིག་ཙམ་དང་ཆོས་མཚུངས་པ་དུ་ཡོད་མདོ་དང་གསེར་ཕྲེང་གཉིས་བསྡུར་ནས་ངོས་འཛིན་རྒྱུ་དང་། བྱང་འཕགས་ཡིན་ན་མཚོན་བྱ་དོན་གྱི་དགེ་འདུན་ཡིན་པས་ཨེ་ཁྱབ། དཔེ་ཡི་དགེ་འདུན་ལ་དགྲ་བཅོམ་པ་ཡོད་ན་དོན་གྱི་དགེ་འདུན་ལ་སངས་འཕགས་ཡོད་དགོས་པ་ཅི་ཡིན་སོགས་གསལ་བོར་གནང་རྒྱུ།

དྲི་གཞི་བཅུ་བདུན་པ། སྦྱོར་ལམ་པ་ཡང་མིན་ཏེ། དྲོད་ནས་མི་ཁོམ་བརྒྱད་ཟད་པར་བཤད་པས་སོ། །ཚོགས་ལམ་པར་ཡང་མི་རིགས་ཏེ། ཕྱིར་མི་ལྡོག་ཏུ་བཤད་པས་ཤེ་ན། ཞེས་པའི་དོགས་པ་འདི་ལ་མཁས་པ་གསུམ་གྱིས་ལན་འདེབས་ཚུལ་དང་། དེ་དག་རང་ལུགས་ཀྱིས་དགག་ཚུལ་གང་ཡིན་དང་། ཁམས་གོང་གི་སྐྱེ་སྲིད་ཀྱི་རྟེན་ལ་རྒྱུ་འབྲས་ལ་སྐུར་འདེབས་ཀྱི་ལོག་ལྟ་མེད་ན་ཚངས་ཆེན་ལོག་ལྟའི་གནས་ཡིན་ཚུལ་གང་ཡིན། མདོ་ཡི་དཀའ་གནས་ཞེས་པའི་མདོ་ལ་དུ་ཡོད། མདོ་དེ་དག་གི་དགོངས་པ་བཀྲལ་ཚུལ་སོགས་གང་ཡིན་དོགས་པ་གནང་རྒྱུ། 

དྲི་གཞི་བཅོ་བརྒྱད་པ། གསེར་ཕྲེང་ལས། གང་ལྟར་ཡང་འདི་དག་རིམ་པ་ལྟར་ས་རིམ་ཅན་ལ་སྦྱོར་བ་མི་འཐད་པར་གོ་སྟེ། ཆོས་འབྲང་དང་བར་ཆད་གཅིག་པའི་སྐབས་སུ་ཡང་། མདོ་ལས་དེ་དག་སྐྱེ་བ་གཅིག་གིས་ཐོགས་པའི་སེམས་དཔར་བཤད་པས་སོ། །ཞེས་གསུངས་པའི་ས་རིམ་ཅན་འདོད་པའི་ཁ་ཅིག་དག་གིས་ས་རིམ་པ་ལྟར་སྦྱར་ཚུལ་གང་ཡིན་དང་། ཨ་བྷྱའི་ལུགས་ལ་སྒོམ་སྤང་གི་གྲངས་དང་སེམས་བསྐྱེད་ཀྱི་གྲངས། སེམས་བསྐྱེད་དེ་དག་ལ་བཏགས་པའི་ལམ་དེ་དག་དང་སྒོམ་སྤང་རྣམས་སྤང་གཉེན་དུ་སྦྱར་ཚུལ་གང་ཡིན། དགའ་ལྡན་གྱི་ལྷའི་རིས་ནས་ཤི་འཕོས་ནས་འདིར་སྐྱེས་པའི་བྱང་སེམས་དེ། ཉི་ཁྲི་ཀ་བ་ཤོག་གྲངས༨༤ བར་སྐྱེ་བ་གཅིག་ཐོགས་པར་གསུངས་པས་འདིའི་ཆོས་འབྲང་མིང་ཅན་ལ་དེ་འཇོག་མིན། སྐྱེ་བ་གཅིག་ཐོགས་པ་ལ་ས་བཅུ་བ་བ་དགོས་པའི་རྒྱུ་མཚན་གང་ཡིན། ས་བཅུ་བ་བ་ལ་སྐྱེ་འཆི་མཚན་ཉིད་པ་ཡོད་མེད་སོགས་ལ་དཔྱད་པ་གནང་རྒྱུ།

དྲི་གཞི་བཅུ་དགུ་བ། གསེར་ཕྲེང་ལས། འོ་ན་མདོ་དེ་ལས་དགེ་སློང་རྣམས་རྒྱལ་བྱེད་ཚལ་ཆུར་མེད་པ་ལ་ཆུའི་འདུ་ཤེས་བསྐྱེད་པ། དཔེར་བཞག་ནས་རྒྱུན་ཞུགས་སོགས་ཀྱི་འབྲས་བུ་བཞི་དང་རང་རྒྱལ་མིན་པ་ལ་དེ་དག་ཏུ་འདུ་ཤེས་པ་དེ་དག་གི་འདུ་ཤེས་བསལ་བའི་ཕྱིར་དུ། བྱང་སེམས་ལ་བརྒྱད་པ་ལ་སོགས་པར་བཤད་པའི་དགོངས་པ་འདི་དག་གོ། །ཞེས་གསུངས་པ་ཇི་ལྟར་དྲངས་ཤེ་ན། ཉེས་པ་མེད་དེ། ཉན་རང་གི་རིགས་ཅན་རྣམས་འབྲས་བུ་བཞི་དང་རང་རྒྱལ་གྱི་འབྲས་བུ་ཐོབ་པ་ཙམ་གྱིས་ཆོག་ཤེས་ཤིང་། དེ་ལས་གོང་ན་བགྲོད་དུ་མེད་དོ་སྙམ་པ་རྣམས་ཐེག་ཆེན་ལ་དྲང་བའི་ཕྱིར་དུ་བརྒྱད་པ་སོགས་དེ་དག་བྱང་སེམས་ཉིད་ལ་ཡོད་པར་བསྟན་པས་དགོངས་པ་ཅན་ཡིན་ཏེ། གཞན་དུ་ན་གནོད་བྱེད་ཡོད་པས་སོ། །ཞེས་གསུངས་པའི་ཚིག་དོན་དང་། བྱང་སེམས་ལ་རྒྱུན་ཞུགས་སོགས་བཤད་པ་འདི་དག་བཏགས་པ་བ་ཡིན་ན་བཏགས་པའི་ཆོས་གསུམ་སོགས་གང་ཡིན་སོགས་མཁས་གྲུབ་རྟོགས་སྣང་སོགས་ཀྱི་སྟེང་ནས་དཔྱད་པ་གནང་རྒྱུ།

དྲི་གཞི་ཉི་ཤུ་བ། གསེར་ཕྲེང་ལས། དཔེར་ན་རྟ་ཞེས་བྱ་བ་ནི་གླང་བོ་ཆེ་ཡིན་ལ་དེ་དབྱེ་ན་ར་དང་ལུག་གོ། །ཞེས་གསུངས་པ་ལྟར་མ་འབྲེལ་ལོ་བྱས་པ་ལ། ཞེས་ཁ་ཅིག་གིས་རྩོད་ཚུལ་དང་། དེ་རང་ལུགས་ཀྱིས་དགག་ཚུལ། རྒྱུན་ཞུགས་ལ་ལྔ། ཕྱིར་འོང་ལ་གསུམ། ཕྱིར་མི་འོང་ལ་བཅུ། དགྲ་བཅོམ་འབྲས་ཞུགས་རང་རྒྱལ་ཏེ་ཉི་ཤུའི་གྲངས་འདྲེན་ལུགས་འདི་རང་ལུགས་ཡིན་ན་གོང་དུ་འདི་ཁོ་ན་རྗེ་བཙུན་གྱི་བཞེད་པ་ཡིན་ཏེ། ཞེས་སོགས་དང་མི་འགལ་ཚུལ་གང་ཡིན་གསལ་བོར་གནང་རྒྱུ།

            གོང་གསལ་གྱི་དྲི་བ་འདི་དག་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་ཆོས་གྲྭར་ཡོངས་སུ་གྲགས་པའི་དོགས་གནས་ཆེ་ལོང་ཙམ་ཞིག་བཀོད་པ་ཡིན་པས་འདིས་ཀྱང་གཞན་ལ་ཕན་ཐོགས་པར་གྱུར་ཅིག   ཅེས་པ་འདི་ནི་བོད་བརྒྱུད་ནང་བསྟན་རིགས་པའི་དོགས་དཔྱོད་ལོ་དེབ་«ཤེས་རབ»རྩོམ་སྒྲིག་པ་ཆོས་གྲོགས་ཡོབ་ཀུན་དགས་རེ་སྐུལ་གནང་བ་ལྟར་སྒོ་མང་དགེ་བཤེས་ཆོས་སྐུ་རུ་འབོད་པས་སྤྱི་ལོ་༢༠༢༠ ཟླ་༦ ཚེས་༣ ཉིན་བྲིས་པ་དགེའོ། །

དྲིས་ལན་གསལ་རིག་སེམས་ཀྱི་རང་མདངས།

          གསེར་ཐང་སངས་རྒྱས་རྒྱ་མཚོ།  

                འཕགས་པ་དམ་པའི་སྤྱོད་པའི་གར།།

                ཤེར་ཕྱིན་ཟབ་མོའི་སྦས་པའི་དོན།།

                ཟུར་བཀོལ་དགེ་འདུན་ཉི་ཤུའི་ཚུལ།།

                ཅུང་ཙམ་དབྱེ་ལ་སྤྲོ་བས་འཇུག།

དྲི་བ་དང་བོ།  གསེར་ཕྲེང་ལས། ཀུན་བཏུས་ལྟར་ན་ཞུགས་པ་དང་བོ་ལ་སྦྱོར་ལམ་པའང་ཡོད་ལ། གཞན་ཞུགས་པ་རྣམས་མཚུངས་སོ། །ཞེས་གསུངས་པའི་དོན་གང་ཡིན་དང་། ཐོད་རྒལ་བའི་ཞུགས་པ་ལ་སྦྱོར་ལམ་པ་ཡོད་མེད། འབྲས་གནས་དེ་དང་དེའི་ཞུགས་པ་ཡིན་པའི་ཚད་སོགས་ཀྱི་སྟེང་ནས་དཔྱད་པ་གནང་རྒྱུ། 

ལན། དང་བོ་ནི། ཀུན་བཏུས་ལྟར་ན་རྒྱུན་ཞུགས་ཞུགས་པ་ལ་སྦྱོར་ལམ་པའང་ཡོད་ལ། ཞུགས་པ་གཞན་རྣམས་ལ་འཕགས་པ་དགོས་པར་མཛོད་དང་མཚུངས་སོ། །ཞེས་པའོ། །གཉིས་པ་ལ་ཐོད་རྒལ་བའི་ཞུགས་པ་ལ་སྦྱོར་ལམ་པ་ཡོད་པར་འདོད་པའི་མཁས་པ་ངོས་བཟུང་བ་དང་། དེ་དག་གིས་བཀོད་པའི་སྒྲུབ་བྱེད་ངོས་བཟུང་བ་དང་། སྒྲུབ་བྱེད་དེ་དག་གིས་རང་ལུགས་ལ་མི་གནོད་ཚུལ་དང་། ཐོད་རྒལ་བའི་ཞུགས་པ་ལ་སྦྱོར་ལམ་པ་ཡོད་པར་འདོད་པ་ལ་འགལ་བ་བསྟན་པ་དང་བཞི། དང་བོ་ནི། ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་ཀྱི་དགེ་འདུན་ཉི་ཤུའི་རྣམ་བཞག་ལས། འདོད་ཉོན་དྲུག་པ་མན་ཆད་ལ་ཆགས་པ་དང་བྲལ་བ་སྔོན་དུ་སོང་བའི་ཆ་ནས་བཞག་པའི་ཉན་ཐོས་ཀྱི་སྦྱོར་ལམ་སྟནགཅིག་ཡན་ཆད་ལ་གནས་པའི་ཕྱིར་འོང་ཞུགས་པ་དེ་ཆགས་བྲལ་སྔོན་སོང་གི་ཕྱིར་འོང་ཞུགས་པའི་མཚན་ཉིད། ས་མཚམས་ཉན་ཐོས་ཀྱི་སྦྱོར་ལམ་སྟན་གཅིག་པ་ནས་ཉན་ཐོས་ཀྱི་མཐོང་ལམ་བར་ཆད་མེད་ལམ་བར་དུ་ཡོད། ཅེས་དང་། རྗེ་བཙུན་པའི་དགེ་འདུན་དགེ་འདུན་ཉི་ཤུའི་མཐའ་དཔྱོད་ལས།  ཕྱིར་འོང་ཞུགས་པ་གང་ཞིག  སྦྱོརལམ་སྟན་གཅིག་ནས་ལམ་རྗེས་བཟོད་བར་ཀྱི་གང་རུང་ལ་གནས་པ་དེ།  དང་བོའི་མཚན་ཉིད།  ཅེས་གསུངས་པ་ལྟར་མཁས་པ་འདི་དག་གིས་འདོད་པའི་ཕྱིར། གཉིས་པ་ནི།

མཁས་པ་དེ་རྣམས་ཀྱིས་བཀོད་པའི་སྒྲུབ་བྱེད་ནི།  རྣམ་བཤད་ལས། ཐོད་རྒལ་བའི་ཞུགས་པ་རྒྱུན་ཞུགས་ལྟར་ཏེ།  ཞེས་སོ། །

གསུམ་པ་ནི། ལུང་དེས་ཆགས་བྲལ་སྔོན་སོང་ལ་སྦྱོར་ལམ་པ་ཡོད་པར་མི་འགྲུབ་སྟེ། ཚིག་ཟིན་ལྟར་བཟུང་ན་རྒྱུན་ཞུགས་ལྟར་གསུངས་པས་དེ་ལས་ཀྱང་མི་འཐད་གང་ཞིག རྒྱུན་ཞུགས་ཞུགས་པ་ལྟར་སྦྱོར་ལམ་ནས་ཡོད་པའི་དོན་ཡིན་ན་འཆད་འགྱུར་དག་གིས་གནོད་པའི་ཕྱིར་རོ། །བཞི་བ་ནི། གསེར་ཕྲེང་ལས། ཆགས་བྲལ་སྔོན་སོང་གི་ཞུགས་པ་ནི་མིན་ཏེ། དེའི་ཞུགས་པ་མཐོང་ལམ་པར་ངེས་པ་དང་དེས་ཐོབ་པའི་འབྲས་གནས་ཐོད་རྒལ་བར་འགལ་བས་སོ། །ཞེས་དང་། གཞན་ཞུགས་པ་རྣམས་མཚུངས་སོ། །ཞེས་དྲི་གཞི་ལས་འབྱུང་བ་དག་དང་འགལ་བའི་ཕྱིར། དེར་མ་ཟད་གསེར་ཕྲེང་ལས། ཁ་ཅིག་ཀུན་བཏུས་སུ་ཞུགས་པ་དང་བོ་སྦྱོར་ལམ་ནས་གཟུང་བའི་རིགས་པ་འདི་ལ་ཡང་བསྒྲེས་ནས་སྦྱོར་ལམ་ནས་དང་བོའི་མཚམས་འཛིན་པའང་ཡོད་དོ། །ཞེས་ཐོད་རྒལ་བའི་ཞུགས་པ་སྦྱོར་ལམ་ནས་འཇོག་པ་གཞན་ལུགས་སུ་གསུངས་པའི་ཕྱིར་དང་། ཐོད་རྒལ་བའི་མིང་ཅན་གྱི་བྱང་སེམས་ཡིན་ན་བྱང་འཕགས་ཡིན་དགོས་པ་དང། པཎ་ཆེནབསོད་ནམས་གྲགས་པ་མཆོག་གིས་ཀྱང་རྣམ་བཤད་ཀྱི་ལུང་དོན་ཕར་ཕྱིན་རང་ལུགས་སུ་མི་འགྲེལ་བར་ཀུན་བཏུས་ལུགས་བཀོད་ཙམ་དུ་འགྲེལ་བ་དེའི་ཕྱིར་དང་། གསེར་ཕྲེང་རྣམ་བཤད་བློ་གསལ་བགྲོད་པའི་ཐེམ་སྐས་རྣམས་སུ་ཞུགས་པ་དང་བོའི་ས་མཚམས་ཀུན་བཏུས་ལྟར་དང་ཕྱི་མ་གསུམ་གྱི་ས་མཚམས་མཛོད་ལྟར་གསུངས་པ་ཕར་ཕྱིན་རང་ལུགས་ཡིན་པའི་ཕྱིར་དང་། ཀུན་བཏུས་དང་མཛོད་གཉིས་ཀ་ལས་ཐོད་རྒལ་བའི་ཞུགས་པ་ལ་མཐོང་ལམ་པ་ལས་མ་བཤད་པ་གང་ཞིག དེ་ལྟར་ན་ཁས་ལེན་མི་རིགས་པའི་ཕྱིར། དང་བོ་གྲུབ་སྟེ། ཀུན་བཏུས་ལས། ཕལ་ཆེར་ལ་འདོད་ཆགས་དང་བྲལ་བ་ནི་ཡང་དག་པ་ཉིད་དུ་ངེས་པར་འགྱུར་བ་ལ་ཞུགས་ནས་ལན་ཅིག་ཕྱིར་འོང་བར་འགྱུར་རོ། །ཞེས་སོགས་དང་།

མཛོད་ལས། གཉིས་པ་ལ། དགུ་བ་ཚུན་ཆད་ཟད་པ་ཡིན། །འདོད་པའམ་ཡང་ན་གོང་མ་ལས། །ཆགས་བྲལ་གསུམ་པ་ལ་ཞུགས་པ། །ཞེས་སོ། །གཉིས་པ་གྲུབ་སྟེ། གསེར་ཕྲེང་སྐབས་བཞི་བ་ལས། ཤིང་རྟ་ཆེན་པོའི་བཤད་སྲོལ་གང་ལ་མ་བརྟེན་པར་རང་ཉིད་ཀྱིས་མདོ་དང་བྱམས་པའི་དགོངས་པ་ཡང་འཆད་མི་ནུས་ཏེ། ཞེས་སོ། །གསུམ་པ་ནི། འབྲས་གནས་དེ་དང་དེ་ཐོབ་པ་ལ་གེགས་བྱེད་གཙོ་བོའི་སྒྲིབ་པ་སྤངས་པའི་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཐོབ་ཕྱིར་དུ་གཙོ་བོར་བརྩོན་པའི་གང་ཟག་དེ་འབྲས་གནས་དེ་དང་དེའི་ཞུགས་པའི་མཚན་ཉིད། ཐོད་རྒལ་བའི་ཕྱིར་འོང་ཞུགས་པ་དང་རྒྱུད་གཅིག་པའི་སྦྱོར་ལམ་སྟན་གཅིག་པ་ཕྱིར་འོང་ཞུགས་པ་ཡིན་པར་ཐལ། འབྲས་བུ་རིམ་གྱིས་པའི་སྦྱོར་ལམ་སྟན་གཅིག་པ་རྒྱུན་ཞུགས་ཞུགས་པ་ཡིན་པ་དེའི་ཕྱིར་ཟེར་ན། མ་ཁྱབ། འདོད་མི་ནུས་ཏེ། དེས་ཕྱིར་འོང་གི་འབྲས་བུ་ཐོབ་པ་ལ་བར་དུ་གཅོད་པའི་ཉོན་མོངས་སྤང་བྱའི་གཙོ་བོར་བཟུང་བའི་ཆ་ནས་ཕྱིར་འོང་གི་འབྲས་བུ་ཐོབ་པར་རེ་བ་མིན་པའི་ཕྱིར་ཟེར་མཁན་ཡོད་ཀྱང་འགྲུབ་དཀའ་འམ་སྙམ་སྟེ་དཔྱད་གཞི་ཅུང་ཟད་ཡོད་དོ། །

                        སྨྲས་པ།

རྣམ་དཔྱོད་ཟུར་ཙམ་གཡོ་བའི་མཐུས།།

ལུང་རིགས་རླབས་ཕྲེང་འཕྱུར་བའི་གནས།།

སྐྱེས་མཆོག་དམ་པའི་ཤེས་རབ་མདངས།། 

འགྲོ་ཀུན་ཡིད་ཀྱི་དཔལ་གྱུར་ཅིག།

      རབ་གནས་ལྕགས་བྱི་ལོའི་ཆུ་གླང་ཟླ་བའི་མེ་བྱིའི་ཉིན་གྱི་མེ་ལུག་གི་དུས་ཚོད་ལ་བྲིས།

དྲིས་ལན་བུང་པའི་གཤོག་འགྱུར།

ལྷ་རམས་པ་བཟོད་པ་རྒྱ་མཚོ།

དུས་གསུམ་ལྷ་ཡིས་སྤྱི་བོའི་གཙུག་ཏུ་བཀུར།།

རྐང་གཉིས་མི་རྣམས་རེ་བ་ཁྱོད་ལ་བཅོལ།།

ཉམ་ཐག་འགྲོ་བའི་སྐྱབས་གནས་དམ་པ་མཆོག །

མཉམ་མེད་ཐུབ་པའི་དབང་པོར་གུས་པས་འདུད།།

རང་གཞན་གྲུབ་མཐའ་རྒྱ་མཚོའི་ཕ་མཐར་སོན།།

མཐའ་བྲལ་དབུ་མ་ཐལ་རང་ལ་སོགས་པའི།།

ཤིང་རྟའི་སྲོལ་འབྱེད་ཆེན་མོ་ཞེས་གྲགས་པ། །

འཕགས་པ་ཡབ་སྲས་ལ་སོགས་གཙུག་གི་མཆོད།།

སྟོང་ཉིད་སྙིང་རྗེ་ས་ཆེན་གསལ་མཛད་པའི།།

རྣམ་འདྲེན་སྟོང་གི་ཐུགས་ཀྱི་ཕོ་ཉ་སྟེ།།

ཞབས་པད་ས་ལ་རེག་པའི་རྡུལ་ཕྲན་ཡང་།།

མཆོད་པར་འོས་པའི་གངས་ཅན་མགོན་ལ་འདུད།།

ཅེས་མཆོད་པར་བརྗོད་པས་སྔུན་བསུས་ཏེ། འདིར་བརྩམ་གཞི་ལེགས་བཤད་རིན་པོ་ཆེ་གསེར་གྱི་ཕྲེང་བ་ལས་དགེ་འདུན་ཉི་ཤུའི་དྲི་གཞི་གསུམ་པའི་སྐོར་ལ་ཅུང་ཟད་དཔྱད་ན། སྐབས་འདིར་མཚོད་བྱེད་དཔེའི་དགེ་འདུན་དང་མཚོན་བྱ་དོན་གྱི་དགེ་འདུན་གཉིས་གསུངས་པའི། དང་པོ་ལ་གསུམ། སྤྱིའི་རྣམ་པར་བཞག་པ་དང་། སོ་སོའི་རང་བཞིན་བཤད་པ་དང་།  འབྲས་བུ་བཞིར་འཇོག་པའི་རྒྱུ་མཚན་ནོ། དང་པོ་ལ་བཞི། དགེ་འདུན་གྱི་གྲངས། བརྡ་སྦྱོར་པའི་ཚུལ། ཞུགས་གནས་གང་ལ་བཞག  འབྲས་བུ་རྣམས་འཐོབ་པའི་ཚུལ་ལོ། །ཞེས་བཞི་གསུང་པའི་སྐབས་སུ་བབས་པ་བཞི་བ་འབྲས་བུ་རྣམས་འཐོབ་པའི་ཚུལ་ལ་གསུམ་ལས། འབྲས་བུ་དེ་དག་ལམ་གང་གིས་དང་། དུས་ནམ་གྱི་ཚེ་དང་། ས་གང་ལ་བརྟེན་ནས་ཐོབ་པའོ། །དང་པོ་འབྲས་བུ་དེ་དག་ལམ་གང་ལ་བརྟེན་ནས་ཐོབ་ཚུལ་བཤད་པ་ནི། འབྲས་བུ་བཞི་པོ་དེ་དག་ལམ་ཟག་མེད་དང་འཇིག་རྟེན་པའི་ལམ་གང་ལ་རྟེན་པའི་ཚུལ་ཡོད་དེ། རྒྱུན་ཞུགས་ཀྱི་འབྲས་བུ་དང་དགྲ་བཅོམ་པའི་འབྲས་བུ་གཉིས་དངོས་སུ་ཐོབ་བྱེད་ཀྱི་ལམ་ལ་འདས་ལམ་གྱི་ཁྱབ་པའི་རྒྱུ་མཚན་དུ། རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་པའི་ལམ་ཟག་མེད་ལ་བཅོ་ལྔ་བ་ལམ་ལ་རྗེས་བཟོད་དང་། དགྲ་བཅོམ་པའི་འབྲས་བུ་དངོས་སུ་ཐོབ་བྱེད་ཀྱི་འདས་ལམ་ལ་བཅུ་དྲུག་པ་ལམ་རྗེས་ཤེས་སྒོམ་ལམ་རྡོ་རྗེ་ལྟ་བའི་ཏིང་ངེ་འཛིན་ནམ་སྲིད་རྩེའི་སྒོམ་སྤང་ཆུང་ངུའི་ཆུང་ངུའི་གཉེན་པོ་ཡིན་པའི་རྒྱུ་མཚན་དུ་གསུངས་དེ། གསེར་ཕྲེང་ལས། རིམ་པ་ལྟར་ལམ་ལ་རྗེས་བཟོད་དང་སྲིད་རྩེའི་སྒོམ་སྤང་ཆུང་ངུའི་ཆུང་ངུའི་གཉེན་པོ་ཡིན་པས་སོ། །ཞེས་གསུངས་པའི་ཕྱིར། རིམ་གྱིས་པའི་འབྲས་བུ་བར་པ་གཉིས་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་གཉིས་ཀ་ལ་རྟེན་ནས་འབྲས་བུ་ཐོབ་པ་ཡོད་ལ། ཐོད་རྒལ་པའི་སྐབས་ཡིན་ན་དེ་གཉིས་དངོས་སུ་ཐོབ་བྱེད་ལ་འདས་ལམ་གྱི་ཁྱབ་པའི་ཕྱིར། དང་པོ་གྲུབ་དེ། གསེར་ཕྲེང་ལས། རིམ་གྱིས་པ་གཉིས་ཡིན་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་གཉིས་ཀས་འཐོབ་པ་སྲིད་དེ།  ཞེས་དང་། གཉིས་པ་གྲུབ་དེ། ཐོད་རྒལ་བའི་དེ་གཉིས་དངོས་སུ་ཐོབ་བྱེད་ཀྱི་ལམ་ལ་འདས་ལམ་གྱིའི་ཁྱབ་དེ། ཡང་དེ་ཉིད་ལས།  འབྲས་བུ་བར་པ་གཉིས་ལ་ཐོད་རྒལ་པའི་སྐབས་ཡིན་ན་དེ་གཉིས་དངོས་སུ་ཐོབ་བྱེད་འདས་ལམ་ཡིན་ཏེ། ལམ་ལ་རྗེས་བཟོད་ཡིན་པས་སོ། །ཞེས་གསུངས་པའི་ཕྱིར། དེ་ལྟར་འབྲས་བུ་བར་པ་གཉིས་ཐོད་རྒལ་པའི་སྐབས་ཡིན་ན་འདས་ལམ་ལ་རྟེན་ནས་འབྲས་བུ་མངོན་དུ་བྱེད་པ་དང་། རིམ་གྱིས་པ་གཉིས་ཡིན་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་གཉིས་ཀ་ལ་རྟེན་ནས་འབྲས་བུ་མངོན་དུ་བྱེད་པར་གསུངས་སོ། །

འདི་ལ་ཅུང་ཟད་དཔྱད་ན། ཁ་ཅིག་རིམ་གྱིས་པའི་འབྲས་བུ་བར་པ་གཉིས་ཡིན་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་གཉིས་གྱིས་འབྲས་བུ་མངོན་དུ་བྱེད་ནུས་པའི་ཁྱབ་ཟེར་ན། དེ་གཉིས་ཀྱི་འབྲས་བུ་མངོན་དུ་བྱེད་པ་ལ་འདས་ལམ་ལ་རྟེན་ནས་འབྲས་བུ་མངོན་དུ་བྱེད་པའི་མ་ཁྱབ་པར་ཐལ་འདོད་པའི་ཕྱིར། འདོད་མི་ནུས་དེ། འབྲས་བུ་བཞི་པོ་གང་ཡིན་ཀྱང་དེ་མངོན་དུ་བྱེད་པ་ལ་འཇིག་རྟེན་ལས་འདས་པའི་ལམ་ཁོ་ན་ལ་རྟེན་ནས་འབྲས་བུ་མངོན་དུ་བྱེད་དགོས་པའི་ཁྱབ་པའི་ཕྱིར། དེ་ཐལ། ཀུན་མཁྱེན་ཆོས་འབྱུང་གི་དགེ་འདུན་ཉི་ཤུའི་ཡིག་ཆ་ལས། གསུམ་པ་འབྲས་བུ་བཞི་པོ་དེ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་གང་ལ་རྟེན་ནས་ཐོབ་ཚུལ་ཡོད་དེ། འཇིག་རྟེན་ལས་འདས་པའི་ལམ་ཁོ་ན་ལ་བརྟེན་ནས་གསར་དུ་ཐོབ་པའི་ཕྱིར་ཏེ། རང་ཐོབ་བྱེད་ཀྱི་བར་ཆད་མེད་ལམ་ལ་བརྟེན་ནས་གསར་དུ་ཐོབ་པ་གང་ཞིག བར་ཆད་མེད་ལམ་ཡིན་ན། འདས་ལམ་ཡིན་དགོས་པའི་ཕྱིར། ཞེས་གསུངས་པའི་ཕྱིར། དེ་ཡང་མ་ཟད་སྲས་དགེ་འདུན་ཉི་ཤུའི་ཡིག་ཆ་ལས། དེ་ཐམས་ཅད་འཇིག་རྟེན་པའི་ལམ་དང་སོ་སྐྱེའི་ལམ་གྱིས་དངོས་སུ་ཐོབ་པ་མེད་དེ། འཇིག་རྟེན་ལས་འདས་པའི་ལམ་དང་འཕགས་ལམ་གྱིས་དངོས་སུ་ཐོབ་དགོས་པའི་ཕྱིར།  ཞེས་གསུངས་པའི་ཕྱིར། དེ་ལྟར་ན་འཇིག་རྟེན་པའི་ལམ་གྱི་དེ་གཉིས་ཀྱི་འབྲས་བུ་མངོན་དུ་བྱེད་མི་ནུས་པར་འདོད་དགོས་ལ། འདོད་ན། འབྲས་བུ་དེ་གཉིས་ཀྱི་འཇིག་རྟེན་པའི་ལམ་གྱིས་ཐོབ་ན་དབང་པོ་ཉེར་གཉིས་ཀྱི་ནང་ནས་ཡིད་ཀྱི་དབང་པོའི་པར་བདུན་གྱི་འཐོབ་པ་དང་། འཇིག་རྟེན་ལས་འདས་པའི་ལམ་གྱིས་འཐོབ་ན་ཀུན་ཤེས་པའི་དབང་པོའི་པར་བརྒྱད་ཀྱི་ཐོབ་པ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་དེ་མཛོད་རང་འགྲེལ་ལས། ལན་ཅིག་ཕྱིར་འོང་བའི་འབྲས་བུ་མཐར་གྱིས་འཐོབ་ལ།  དེ་ཡང་འཇིག་རྟེན་པའི་ལམ་གྱིས་འཐོབ་ན་ནི།  དེ་དད་པ་ལ་སོགས་པ་ལྔ་དང་བཏང་སྙོམས་དང་ཡིད་ཀྱི་དབང་པོ་དང་དབང་པོ་བདུན་དག་གིས་འཐོབ་པོ།  །འོན་ཏེ་འཇིག་རྟེན་ལས་འདས་པའི་ལམ་གྱིས་འཐོབ་ན་ནི་དེ་དབང་བོ་བརྒྱད་དག་གིས་འཐོབ་སྟེ། བརྒྱད་པ་ནི་ཀུན་ཤེས་པའི་དབང་བོ་ཡིན་ནོ།  །ཞེས་སོ། །དེ་མ་ཟད་གསེར་ཕྲེང་ལས། །དེའི་ཕྱིར་རིམ་གྱིས་པ་ཡིན་ན་ལམ་ཟག་མེད་ཀྱིས་སྤང་བྱ་སྤོང་བ་དགོས་ཞེས་པ་ནི་ཞིབ་ཏུ་མ་བརྟགས་པའོ། །ཞེས་སོགས་གསུངས་ལ། གཞུང་འདི་དག་གི་དགོངས་པ་འགྲེལ་ཚུལ་མི་འདྲ་བ་གཉིས་འདུག་ན་མཛོད་མགྲེལ་སོགས་ཀྱི་དགོངས་པ་མཛོད་ལུགས་སམ་མངོན་པ་འོག་མའི་གཞུང་དོན་འགྲེལ་ཚུལ་ཡིན་ཟེར་དགོས་སམ་དཔྱོད་ལྡན་རྣམས་ཀྱི་དཔྱད་པར་འཚལ།

 ཡང་ཕྱིར་འོང་གི་སྐབས་སུ་ཆགས་བྲལ་སྔོན་སོང་གི་ཕྱིར་འོང་ཡོད་མེད་ལ་ཅུང་ཟད་དཔྱད་ན་མཆིམས་མཛོད་ལས།  དེ་འཆད་པ་ན་བརྒྱད་དུ་དབྱེ་བ་དང་།  བདུན་དུ་དབྱེ་བ་དང་།  གཉིས་སུ་དབྱེ་བ་གསུམ་ལས་དང་པོ་ལའང་འདོད་ཆགས་དང་བྲལ་བ་སྔོན་དུ་འགྲོ་བ་དང་།  མཐར་གྱིས་པ་དང་།  ཁྱད་པར་བཤད་པ་གསུམ་གྱི་དང་པོ་ནི་འཇིག་རྟེན་པའི་སྒོམ་ལམ་གྱིས་སྲིད་རྩེ་མ་གཏོགས་པའི་ས་བརྒྱད་པོ་ལས་ཅི་རིགས་པར་འདོད་ཆགས་དང་བྲལ་བ་སྔོན་དུ་སོང་ནས་མཐོང་ལམ་ཐོབ་པར་བྱེད་པ་སྟེ། དེ་ཡང་འགྲེལ་བ་ལས་ཕལ་ཆེར་ལས་འདོད་ཆགས་དང་བྲལ་བ་དང་འདོད་པ་ལས་འདོད་ཆགས་དང་བྲལ་བ་གཉིས་བཤད་པ་ལས་དང་པོ་ནི་འདོད་པའི་རྣམ་པ་དྲུག་པ་ནས་བརྒྱད་པའི་བར་སྤངས་པ་དང་། གཉིས་པ་ནི་འདོད་པའི་རྣམ་པ་དགུ་པ་སྤངས་པ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་དགུ་པ་སྤངས་པའི་བར་ལ་ཊཱིཀས་བཤད་ཀྱི་རྣམ་པ་ལྔ་བ་སྤངས་ནས་མཐོང་ལམ་ཐོབ་པ་ནི་ཆགས་བྲལ་སྔོན་འགྲོར་མ་བཤད་ལ། འཇིག་རྟེན་པ་ཡིས་ཐོབ་འབྲས་ནི་ཞེས་པའི་འགྲེལ་པར་ཡང་འཇིག་རྟེན་པའི་ལམ་གྱིས་ཐོབ་པའི་འབྲས་བུ་གཉིས་ཞེས་འབྱུང་བའི་ཕྱིར་འབྲས་བུ་བར་བ་གཉིས་ལ་ཡོད་ཀྱི་སྔ་ཕྱི་གཉིས་ལ་ནི་ཆགས་བྲལ་སྔོན་འགྲོ་མེད་དོ། ཞེས་དང་། མཛོད་ཊཱིཀ་ཐར་ལམ་གསལ་བྱེད་ལས། དེ་དབང་པོ་དགུས་ཐོབ་པ་ཡོད་དེ། ཆགས་བྲལ་སྔོན་སོང་གི་ཕྱིར་འོང་གི་འབྲས་བུ་དེ་དབང་པོ་དགུས་ཐོབ་པའི་ཕྱིར། ཞེས་ཆགས་བྲལ་སྔོན་སོང་གི་ཕྱིར་འོང་ཡོད་པར་བཤད་ལ་དེ་བཞིན་དུ་ལེགས་བཤད་གསེར་ཕྲེང་ལས། གཞན་ཡང་དེ་གཉིས་ཆགས་བྲལ་སྔོན་སོང་གི་ཕྱིར་འོང་དང་ཕྱིར་མི་འོང་ཞུགས་པ་དང་། ཕྱིར་མི་འོང་དང་དགྲ་བཅོམ་ཞུགས་པ་གཞི་མཐུན་པ་ཡིན་ཀྱང་ཆགས་བྲལ་སྔོན་སོང་གི་ཞུགས་པ་ནི་མིན་ཏེ། ཞེས་དང་། དེ་བཞིན་དུ་གུང་ཐང་བློ་གྲོས་རྒྱ་མཚོས་མཛད་པའི་འགྲེལ་བ་དོན་གསལ་གྱི་མཆན་འགྲེལ་དང་། དགེ་བཤེས་དཔལ་ལྡན་བཟང་པོས་མཛད་པའི་གསེར་ཕྲེང་གི་མཆན་འགྲེལ་དང་། དགེ་བཤེས་སུ་ཉིད་ཡེ་ཤེས་རྒྱ་མཚོས་མཛད་པའི་གསེར་ཕྲེང་གི་ཚིག་སྡོམ་སོགས་ལས་ཆགས་བྲལ་སྔོན་སོང་གི་ཕྱིར་འོང་ཡོད་པར་གསུངས་པའི་ཕྱོགས་སོ། །ཀུན་བཏུས་དར་ཊཱིཀ་ལས། དེ་ཉིད་ལ་ཡང་མཐོང་ལམ་གྱི་སྔ་རོལ་ཏུ་ཕལ་ཆེར་ལ་འདོད་ཆགས་དང་བྲལ་བ་དང་། 

སྒོམ་ལམ་གྱིས་ཐོབ་པ་གཉིས་ཡོད་ལ། སྔ་མ་ལ་ཆགས་བྲལ་སྔོན་སོང་དུ་འདོད་པ་ནི་ཧ་ཅང་ཐལ་བའོ། ཞེས་གསུངས་པ་ལ་བརྟེན་ནས་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའི་དགེ་འདུན་ཉི་ཤུའི་སྤྱི་དོན་ལས། དེ་འདྲའི་ཕྱིར་འོང་མེད་དེ། ཆགས་བྲལ་སྔོན་སོང་ཞེས་པའི་ཆགས་པ་དེ་སྤྱིར་འདོད་ཉོན་དང་ཁྱད་པར་དུ་འཇིག་རྟེན་པའི་སྒོམ་སྤང་དུ་གྱུར་པའི་འདོད་པའི་འདོད་ཆགས་ལ་བྱེད་རིགས་པ་གང་ཞིག  མཐོང་ལམ་གྱི་སྔ་རོལ་ཏུ་དེ་ལ་ཆགས་བྲལ་བྱས་པའི་ཕྱིར་འོང་མེད་པའི་ཕྱིར་ཏེ།  དེའི་སྔ་རོལ་ཏུ་བསམ་གཏན་གྱི་དངོས་གཞི་ཐོབ་པའི་ཕྱིར་འོང་མེད་པའི་ཕྱིར།  ཞེས་ཆགས་བྲལ་སྔོན་སོང་གི་རྣམ་པ་ཅན་གྱིས་རང་གི་ཞུགས་པའི་སྤང་བྱའི་གཙོ་བོ་ལ་ཆགས་པ་མངོན་གྱུར་བ་དང་བྲལ་བར་བྱས་པ་ཅིག་ལ་འཇོག་རིགས་པ་གང་ཞིག ཊཱིཀ་ཆེན་གྱིས་གསུང་དེས། ཕྱིར་འོང་མེད་པར་གསུངས་ལ། དེ་དང་མཐུན་པར་མདོ་སྔགས་རབ་འབྱམས་པ་པཎ་ཆེན་བསོད་ནམས་གྲགས་པའི་ཕར་ཕྱིན་མཐའ་དཔྱོད་དང་། བྱང་རྩེའི་མཁས་དབང་སྦྱིན་པ་དར་རྒྱས་སོགས་ཡིག་ཆའི་བདག་པོ་མང་པོས་ཆགས་བྲལ་སྔོན་སོང་གི་ཕྱིར་འོང་མེད་པར་གསུངས་སོ། དེ་ལྟར་ཕྱོགས་གཉིས་ཡོད་ཀྱང་དགོངས་པར་འགལ་བ་མེད་དེ།  རང་གི་ཞུགས་པའི་སྤངས་བྱའི་གཙོ་བོ་ལ་མཐོང་ལམ་གྱི་སྔོན་དུ་ཆགས་བྲལ་བྱས་པ་ལ་ཆགས་བྲལ་སྔོན་སོང་གི་བརྡ་སྦྱོར་མི་སྦྱོར་གྱི་ཁྱད་པར་ཙམ་མོ། །

འོ་ན་ཁྱོད་རང་ཕྱོགས་གཉིས་པོ་དེའི་གང་གི་རྗེས་སུ་འཛིན་ཞེ་ན། རེ་ཞིག་ལེགས་བཤད་གསེར་ཕྲེང་ལྟར་ཆགས་བྲལ་སྔོན་སོང་གི་ཕྱིར་འོང་ཡོད་ཅེས་སྨྲ་བར་བྱ་ལ། རང་རེའི་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེའི་ཡིག་ཆའི་རྗེས་འབྲང་དང་བཅས་པའི་དེ་ལྟར་དུ་འདོད་དོ། །ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་ཀྱིའི་དགེ་འདུན་ཉི་ཤུའི་ཡིག་ཆ་ལས། ཡང་ཁ་ཅིག ཕྱིར་འོང་ལ་ཆགས་བྲལ་སྔོན་སོང་གི་བརྡ་སྦྱར་བ་མི་འཐད་པར་ཐལ། མཐོང་ལམ་གྱི་སྔ་རོལ་ཏུ་འདོད་ཉོན་ཕལ་ཆེར་ལ་ཆགས་པ་དང་བྲལ་བ་དང་མ་ལུས་པ་ལ་ཆགས་པ་དང་བྲལ་བ་གཉིས་ཡོད་པ་ལས། སྔ་མ་ཆགས་བྲལ་སྔོན་སོང་དུ་ཁས་བླངས་ན་ཧ་ཅང་ཐལ་ཆེ་བའི་སྐྱོན་ཡོད་པའི་ཕྱིར་ཏེ། ཀུན་བཏུས་ཀྱི་དར་ཊཱིཀ་ལས། འདི་ལ་འདོད་པའི་ཉོན་མོངས་ཕལ་ཆེར་ལ་ཆགས་པ་དང་བྲལ་བ་དང་མ་ལུས་པ་ལ་ཆགས་པ་དང་བྲལ་བ་གཉིས་ཡོད་ལ། སྔ་མ་ཆགས་བྲལ་སྔོན་སོང་དུ་འདོད་པ་ནི་ཧ་ཅང་ཐལ་བའོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ།

དེའི་དོན་ནི༑ མཐོང་ལམ་གྱི་སྔ་རོལ་ཏུ་འདོད་ཉོན་ཕལ་ཆེར་ལ་ཆགས་པ་དང་བྲལ་བ་དང་མ་ལུས་པ་ལ་ཆགས་པ་དང་བྲལ་བ་གཉིས་ཡོད་པ་ལས། ཕལ་ཆེར་ལ་ཆགས་པ་དང་བྲལ་བ་དེ་མ་ལུས་པ་ལ་ཆགས་པ་དང་བྲལ་བར་ཁས་བླངས་ན་ཧ་ཅང་ཐལ་བའི་སྐྱོན་དུ་འགྱུར་ཞེས་པའི་དོན་ཡིན་པའི་ཕྱིར།  ཞེས་སོགས་གསུངས་སོ། །གཉིས་པ་དུས་ནམ་གྱི་ཚེ་འབྲས་བུ་མངོན་དུ་བྱེད་ཚུལ་བཤད་པ་ལ། རྒྱུན་ཞུགས་དང་ཐོད་རྒལ་བ་གཉིས་ནི་བཅུ་དྲུག་པ་ཐོབ་པ་དང་དུས་མཉམ་ཉིད་དུ་ཐོབ་ལ། དེ་ཡང་མཐོང་ལམ་གྱི་སྔོན་དུ་འདོད་པའི་སྒོམ་སྤང་དྲུག་པའམ་དགུ་པ་ངེས་པར་སྤངས་པ་གཅིག་གིས་བཅུ་དྲུག་པ་ཐོབ་པ་དང་མཉམ་དུ་ཕྱིར་འོང་དང་ཕྱིར་མི་འོང་འབྲས་བུ་ཐོབ་པར་གསུངས་སོ། །འདོད་ཉོན་དྲུག་པ་མ་སྤངས་ན་ལྔ་བ་མན་ཆད་སྤངས་ཀྱང་བཅུ་དྲུག་པ་ལ་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་པར་གསུང་ལ།  རིམ་གྱིས་པའི་འབྲས་བུ་བར་བ་གཉིས་ནི་བཅུ་དྲུག་པ་ཐོབ་རྗེས་སུ་འདོད་པའི་སྒོམ་སྤང་དྲུག་པ་དང་དགུ་པ་སྤངས་པ་དང་དུས་མཉམ་དུ་འཐོབ་པའི་ཁྱབ་པར་གསུངས་སོ། །དྲོད་ནས་ལམ་ལ་རྗེས་བཟོད་ཀྱི་བར་ལ་གནས་པའི་ཉན་ཐོས་གང་འདོད་ཉོན་དྲུག་པ་མ་སྤངས་པ་དེ་རྒྱུན་ཞུགས་ཀྱི་དོན་དང་། དེ་ལ་དབྱེ་ན་མཐོང་ལམ་གྱི་སྔོན་དུ་སྒོམ་སྤང་གཅིག་ཀྱང་མ་སྤངས་པ་དང༌། གཅིག་ནས་ལྔའི་བར་གང་རུང་སྤངས་པ་གཉིས་སོ། དང་པོའི་ས་མཚམས་སྦྱོར་ལམ་ནས་འཛིན་པར་ཀུན་ལས་བཏུས་པ་འདོད་དེ། ཇི་སྐད་དུ། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་འཇུག་པ་གང་ཞེ་ན།  གང་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་མཐོང་བའི་ལམ་གྱི་སེམས་ཀྱི་སྐད་ཅིག་བཅོ་ལྔ་ལ་གནས་པའི་གང་ཟག་གོ ཞེས་དང་། ལེགས་བཤད་གསེར་ཕྲེང་ལས། ཀུན་བཏུས་ལྟར་ན་ཞུགས་པ་དང་པོ་ལ་སྦྱོར་ལམ་པའང་ཡོད་ལ་གཞན་ཞུགས་པ་རྣམས་མཚུངས་སོ། །

འབྲས་གནས་ལ་ཐོད་རྒལ་བའི་འབྲས་གནས་གཉིས་དང་རྒྱུན་ཞུགས་ལ་མཐོང་ལམ་པའང་ཡོད་དེ། བཅུ་དྲུག་པ་མཐོང་ལམ་ཡིན་པས་སོ། །འབྲས་གནས་གཞན་འདྲའོ། །གསེར་ཕྲེང་གཞིར་བཞག་ན་འདིའི་སྐབས་སུ་འགའ་ཞིག་འདི་ལྟར་དོགས་ཏེ་ཐོད་རྒལ་བའི་ཕྱིར་འོང་ཞུགས་པ་དེ་ཡང་རྒྱུན་ཞུགས་ཞུགས་པར་ཅིའི་ཕྱིར་མི་འགྱུར་ཏེ་འདོད་ཉོན་དྲུག་པ་མ་སྤངས་ཤིང་སྦྱོར་ལམ་སྟན་གཅིག་པ་ནས་ལམ་རྗེས་བཟོད་ཀྱི་བར་གང་རུང་ལ་གནས་པའི་ཉན་ཐོས་ཡིན་པའི་ཕྱིར། མ་ཁྱབ་ན། རྒྱུན་ཞུགས་ཞུགས་པའི་ངོ་བོར་བཤད་པའི་སྐབས་སུ་ལེགས་བཤད་གསེར་ཕྲེང་ལས། དྲོད་ནས་ལམ་ལ་རྗེས་བཟོད་ཀྱི་བར་ལ་གནས་པའི་ཉན་ཐོས་གང་འདོད་ཉོན་དྲུག་པ་མ་སྤངས་པའོ། །ཞེས་དང་རྗེས་མཛད་པའི་དགེ་འདུན་ཉི་ཤུ་བསྡུས་པ་ལས། འདོད་ཉོན་དྲུག་པ་མ་སྤངས་པར། །སྦྱོར་ལམ་སྟན་གཅིག་ནས་བཟུང་སྟེ། །ལམ་ལ་རྗེས་བཟོད་བར་དག་ལ། །གནས་པ་དེ་ནི་རྒྱུན་ཞུགས་ཞུགས། །ཞེས་གསུངས་པ་དང་འགལ་ལ་དེས་འདོད་ཉོན་དྲུག་པ་སྤངས་ན་འདོད་པའི་སས་བསྡུས་ཀྱི་བདག་འཛིན་སྐོར་དགུ་ཡོད་པ་ལས་དྲུག་པའི་བར་ཡང་སྤངས་པར་འགྱུར་ལ་དེ་ཡང་འདོད་ན། སོ་སྐྱེས་བསམ་གཏན་དང་པོའི་དངོས་གཞི་ཐོབ་པ་ན་འདོད་པའི་སས་བསྡུས་ཀྱི་བདག་འཛིན་ཀྱང་སྤངས་དགོས་པས་དེ་ལྟར་ན། ལེགས་བཤད་གསེར་ཕྲེང་ལས། འོན་ཀྱང་ཞིབ་ཏུ་དཔྱད་ན་བྱིས་པས་ཞི་རགས་སུ་སྒོམ་པའི་ལམ་གྱིས་འདོད་པའི་སྒོམ་སྤང་གི་ཉོན་མོངས་མངོན་གྱུར་ཀྱང་མ་ལུས་པར་སྤོང་མི་ནུས་ཏེ། འདོད་པའི་རྟེན་ཅན་ཀྱི་ཉོན་ཡིད་འཕགས་ལམ་མ་ཐོབ་བར་དུ་ལྡོག་པ་མི་སྲིད་ལ། དེ་འདོད་པའི་སར་གཏོགས་པའི་སྒོམ་སྤང་ཉོན་མོངས་ཡིན་པས་སོ། །ཞེས་དང་སའི་ཚོགས་སྒྲུབ་ཀྱི་སྐབས་སུ་གསེར་ཕྲེང་ལས། དེས་ན་ངེས་པའི་དོན་དུ་ན་གོང་མའི་སེམས་ཐོབ་ཀྱང་འོག་སའི་ཉོན་མོངས་མངོན་གྱུར་བ་ཀུན་ལྡོག་མི་དགོས་ཏེ། འོག་མའི་རྟེན་ལ་གོང་མའི་སེམས་ཐོབ་པའི་ཚུར་མཐོང་གི་ཉོན་ཡིད་བཞིན་ནོ། །ཞེས་གསུངས་པ་རྣམས་དང་འགལ་བར་དོགས་སོ། །

ཡང་དེང་སང་གི་རྩོད་པ་སྨྲ་བ་ཕལ་ཆེ་བས་རྒྱུན་ཞུགས་ཞུགས་པའི་མ་མཐའི་ས་མཚམས་སྦྱོར་ལམ་སྟན་གཅིག་པ་ཆོས་མཆོག་ནས་འཛིན་ཏེ་དེ་ནི་མཐོང་ལམ་དང་མཉམ་བཞག་ཐུན་གཅིག་ལ་སྐྱེ་དགོས་པས་དྲོད་རྩེ་སོགས་ལ་དེ་ལྟར་སྐྱེ་བ་མེད་པའི་ཕྱིར་ཞེས་སྨྲ་བར་བྱེད་དོ། འོ་ན་ལེགས་བཤད་རིན་པོ་ཆེ་གསེར་གྱི་ཕྲེང་བ་ལས། དང་པོ་ནི། དྲོད་ནས་ལམ་ལ་རྗེས་བཟོད་ཀྱི་བར་ལ་གནས་པའི་ཉན་ཐོས་གང་འདོད་ཉོན་དྲུག་པ་མ་སྤངས་པའོ། །ཞེས་དང་།  ཀུན་བཏུས་དར་ཊཱིཀ་ལས། སྦྱོར་ལམ་དྲོད་ནས་མཐོང་ལམ་གྱི་བར་སྟན་དེ་ཉིད་ལ་བར་མ་ཆད་དུ་སྐྱེ་ནུས་པ་མ་མཐའ་དྲོད་ནས་སྟན་གཅིག་པ་གཟུང་གི །ཆོས་མཆོག་ཁོ་ན་ནས་མི་བཟུང་སྟེ།  དོགས་པ་མེད་པའི་ཕྱིར་རོ། །ཞེས་པའི་ལུང་ཚན་འདི་གཉིས་ལ་སྤྱན་གཟིགས་ཙམ་མཛོད་ཅིག འོན་ཀྱང་ཉན་ཐོས་སྦྱོར་ལམ་དྲོད་ནས་དེས་མཐོང་ལམ་གྱི་བར་མཉམ་བཞག་ཐུན་གཅིག་ལ་སྐྱེ་བའི་ཁྱབ་ན་རྗེས་མཛད་པའི་བློ་གསལ་བགྲོད་པའི་ཐེམ་སྐས་ལས།  དེ་ཡང་སྟན་གཅིག་ལ་སྦྱོར་ལམ་དང་མཐོང་ལམ་གཉིས་བར་མ་ཆད་དུ་བསྐྱེད་པའི་སྦྱོར་ལམ་ཡིན་ལ། ཚེ་བརྗེས་ནས་མཐོང་ལམ་སྐྱེད་པའི་སྦྱོར་ལམ་པ་དང་། ཚེ་འདི་ཉིད་ལ་མཐོང་ལམ་སྐྱེད་ཀྱང་སྟན་གཅིག་ལ་མི་སྐྱེད་པའི་སྦྱོར་ལམ་པ་རྣམས་ཀྱི་སྦྱོར་ལམ་ལ་མི་བཞེད་པར་མངོན་ཏེ། ཞེས་གསུངས་པ་དང་འགལ་ལ།

དེའི་སྦྱོར་ལམ་དྲོད་ནས་མཐོང་ལམ་གྱི་བར་མཉམ་བཞག་ཐུན་གཅིག་ལ་སྐྱེ་བ་མེད་ན་སྟན་གཅིག་པའི་དོན་ཇི་ཡིན་དང། མཛོད་ལས། དང་པོར་མ་ཡིན་སྐད་ཅིག་མ། །སུམ་བཅུ་རྩ་བཞིས་ཐོབ་ཕྱིར་རོ། །ཞེས་པའི་སྐབས་སུ་མཆིམས་མཛོད་ལས། ཁ་ཆེ་བ་ན་རེ་ཟད་པ་དང་མི་སྐྱེ་བ་ཤེས་པའི་དང་པོར་ཏེ་སྔོན་དུ་ནི་འགོག་པ་མངོན་དུ་བྱས་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན།  བྱང་ཆུབ་སེམས་དཔའ་ནི་སྟན་གཅིག་ཁོ་ན་ལ་བར་ཆད་མེད་པ་དང་རྣམ་གྲོལ་གྱི་ལམ་གྱི་ཡེ་ཤེས་སྐད་ཅིག་མ་སུམ་བཅུ་རྩ་བཞི་རྒྱུན་ཆགས་སུ་བསྐྱེད་ནས་བྱང་ཆུབ་འཐོབ་པའི་ཕྱིར་རོ། །ཞེས་དང་། ཁ་ཆེ་བ་རྣམས་ན་རེ།  འགོག་པས་བར་ཆོད་ན་བྱང་ཆུབ་སེམས་དཔའ་བསམ་པ་ལྡང་བ་ཅན་དུ་འགྱུར་རོ་ཞེས་ཟེར་རོ། །ནུབ་ཕྱོགས་པ་ནི་མི་འགྱུར་ཏེ།  ལུང་གཞི་ལས་ཇི་སྲིད་ཟག་པ་ཟད་པ་མ་ཐོབ་ཀྱི་བར་དུ་སྐྱིལ་མོ་ཀྲུང་གཞིག་པར་མི་བྱའོ་ཞེས་དམ་བཅས་པར་གསུངས་ཀྱི་ཟག་མེད་ཀྱི་ལམ་ལས་མི་ལྡང་བར་ནི་མ་ཡིན་པའི་ཕྱིར་སྐྱོན་མེད་དོ་ཞེས་ལན་འདེབས་པར་བྱེད་དོ། འགྲེལ་བ་ལས་ནི། སྔ་མ་ཁོ་ན་ཡིན་ནོ་ཞེས་བརྗོད་དེ་ཞེས་འབྱུང་བས་བར་དུ་འགོག་པ་མ་བསྐྱེད་ཀྱི་ཟད་པ་མཁྱེན་པ་དང་དུས་མཉམ་དུ་བརྙེས་པ་ཉིད་རིགས་སོ་ཞེས་བྱ་བའོ། །ཞེས་སློབ་དཔོན་གྱིས་ནུབ་ཕྱོགས་པ་རྣམས་བཀག་ནས་སྟན་གཅིག་པའི་དོན་མཉམ་བཞག་ཐུན་གཅིག་ལ་གསུངས་པ་དང་། ཡང་ཉན་ཐོས་ལ་ཉན་ཐོས་ཀྱི་སྦྱོར་ལམ་དྲོད་ནས་ལམ་རྗེས་ཤེས་ཀྱི་བར་མཉམ་བཞག་ཐུན་གཅིག་ལ་སྐྱེ་བ་དང་མི་སྐྱེད་པའི་ཕྱོགས་གཉིས་ཡོད་ན་དེ་དག་དབང་པོ་རྣོ་རྟུལ་ལམ་ཚོགས་སོགས་གང་གི་སྒོ་ནས་དེ་ལྟར་འགྱུར་བ་སོགས་དཔྱད་པར་བྱའོ། །

གསུམ་པ་ས་གང་ལ་རྟེན་ནས་ཐོབ་ཚུལ་བཤད་པ་ལ། གསེར་ཕྲེང་ལས། རྒྱུན་ཞུགས་དང་ཕྱིར་འོང་ཐོབ་བྱེད་ཀྱི་ལམ་ཡིན་ན་བསམ་གཏན་དང་པོའི་ཉེར་བསྡོགས་ལ་བརྟེན་པས་ཁྱབ་སྟེ། དེ་གཉིས་འདོད་པ་ལ་ཆགས་པ་དང་མ་བྲལ་བའི་འཕགས་པ་ཆགས་བཅས་ཡིན་པས་སོ། །དེ་བཞིན་དུ་མཐར་གྱིས་པའི་ཕྱིར་མི་འོང་ཐོབ་པའི་ལམ་ཡང་རིག་པར་བྱའོ། །ཐོད་རྒལ་བའི་ཕྱིར་མི་འོང་འཐོབ་པའི་ལམ་ནི་བསམ་གཏན་ས་དྲུག་གང་རུང་ལ་བརྟེན་པ་སྲིད་དེ། ཐོད་རྒལ་བའི་ཕྱིར་མི་འོང་ཐོབ་པར་བྱེད་པ་ལ་མཐོང་ལམ་གྱི་སྔོན་དུ་སྲིད་རྩེའི་ཉེར་བསྡོགས་ཐོབ་ནས་ཅི་ཡང་མེད་པ་མན་ཆད་ལ་ཆགས་པ་དང་བྲལ་བ་སྲིད་པས་དེ་ས་དྲུག་གང་ལ་བརྟེན་ཡང་དབང་དང་ལྡན་པའི་ཕྱིར་རོ། །འོན་ཀྱང་གཟུགས་མེད་ལ་བརྟེན་པ་མི་སྲིད་དེ།འདིའི་སྐབས་སུ་ཕྱིར་མི་འོང་ཐོབ་པའི་ལམ་དང་མཐོང་ལམ་གཉིས་ས་གཅིག་པའི་ཕྱིར་རོ། །དགྲ་བཅོམ་པའི་འབྲས་བུ་ནི་ཟག་མེད་ཀྱི་ས་དགུ་གང་རུང་ལ་བརྟེན་ནས་མངོན་དུ་བྱེད་པ་སྲིད་དོ། །ཞེས་པའི་གཞུང་དོན་ལ་ཡིག་ཆ་ཆེན་པོ་དག་གི་དགོངས་པ་འགྲེལ་ཚུལ་ལ་ཅུང་ཟད་དཔྱད་ན། །པན་ཆེན་བསོད་ནམས་གྲགས་པའི་ཕར་ཕྱིན་སྤྱི་དོན་ལས།  གསུམ་པ་ས་གང་ལ་བརྟེན་ནས་ཐོབ་པ་ནི། འབྲས་བུ་དང་པོ་གཉིས་དང་འབྲས་བུ་རིམ་གྱིས་པའི་ཕྱིར་མི་འོང་ནི་བསམ་གཏན་དང་པོའི་ཉེར་བསྡོགས་ཁོ་ན་ལ་བརྟེན་ནས་ཐོབ་སྟེ། འདོད་སེམས་ཀྱིས་མི་ཐོབ་ཅིང་དེ་གསུམ་ཐོབ་དགོས་ཀྱི་གང་ཟག་དེས་བསམ་གཏན་གྱི་དངོས་གཞི་མ་ཐོབ་པའི་ཕྱིར།ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་གི་འབྲས་བུ་ནི་བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་ཐོབ་སྟེ། མཐོང་ལམ་གྱི་སྔ་རོལ་ཏུ་འཇིག་རྟེན་པའི་སྒོམ་སྤངས་སུ་གྱུར་པའི་འདོད་ཉོན་དགུ་པ་ལ་ཆགས་པ་དང་བྲལ་བའི་སྟོབས་ཀྱིས་ཐོབ་པའི་ཕྱིར། ཞེས་དང་།

རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་རྒྱན་འགྲེལ་སྤྱི་དོན་རོལ་མཚོ་ལས། ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་གི་འབྲས་བུ་ནི་བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་ཐོབ་སྟེ། དེ་དངོས་སུ་གསར་དུ་ཐོབ་པའི་སེམས་རྟེན་ཡོད། དེའི་སེམས་རྟེན་དུ་གྱུར་པའི་བསམ་གཏན་གྱི་ཉེར་བསྡོགས་དང་གཟུགས་མེད་ཀྱི་སེམས་གང་རུང་ཡང་མེད། དེའི་སེམས་རྟེན་དུ་གྱུར་པའི་འདོད་སེམས་ཀྱང་མེད་པའི་ཕྱིར། ཞེས་དང་། ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་ཐུགས་སྲས་ངག་དབང་བཀྲིས་ཀྱི་དགེ་འདུན་ཉི་ཤུའི་མཐའ་དཔྱོད་ལས། ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་གི་འབྲས་བུ་དེ་བསམ་གཏན་ས་དྲུག་ལ་བརྟེན་ནས་དངོས་སུ་ཐོབ་པ་ཡོད་དེ། ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་ཞུགས་པ་དེ་ལ་བསམ་གཟུགས་བརྒྱད་ཀ་ཐོབ་པ་ཡོད་པས་དེས་ཕྱིར་མི་འོང་གི་འབྲས་བུ་དེ་བསམ་གཏན་ས་དྲུག་པོ་གང་ལ་བརྟེན་ཡང་དབང་དང་ལྡན་པའི་ཕྱིར། ཞེས་གསུངས་པའི་ཕྱིར།

ཆེན་པོ་རྣམས་ཀྱིའི་དགོངས་པ་ཟབ་པའི་དཔྱད་དཀའ་ཡང་ཆོས་གྲྭའི་རིགས་པའི་འགྲོས་དང་བསྟུན་ནས་ཅུང་ཟད་དཔྱད་ན། གཞན་དག་གིས་ཐོད་རྒལ་པའི་ཕྱིར་མི་འོང་གི་འབྲས་བུ་ཐོབ་བྱེད་དང་མངོན་ཤེས་དང་པོ་ལྔའི་སེམས་བརྟེན་ལ་བསམ་གཏན་གྱི་དངོས་གཞིའི་ཁྱབ་ཟེར། དེ་ལྟར་ན། ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་གི་འབྲས་བུ་དངོས་སུ་ཐོབ་བྱེད་ལ་བསམ་གཏན་དང་པོའི་ཉེར་བསྡོགས་མེད་པར་འགྱུར་ལ། དེ་ནི་རིགས་པ་མ་ཡིན་དེ།  གསེར་ཕྲེང་ལས། ས་དྲུག་གང་ལ་བརྟེན་ཡང་དབང་དང་ལྡན་པའི་ཕྱིར། ཞེས་གསུང་པའི་ཕྱིར། གཞུང་འདིའི་དོན་ལ་ཁ་ཅིག་གིས། དབང་དང་ལྡན་པ་ཙམ་ཡིན་གྱི་ཐོད་རྒལ་བའི་ཕྱིར་མི་འོང་གི་འབྲས་བུ་འཐོབ་བྱེད་ལ་བསམ་གཏན་ས་དྲུག་ཡོད་པའི་དོན་མིན་ཟེར།  འོ་ན་བསམ་གཏན་གྱི་དངོས་གཞི་ཐོབ་པའི་ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་གི་ཉེར་བསྡོགས་ལ་བརྟེན་ནས་ཆགས་བྲལ་སྔོན་སོང་གི་འབྲས་བུ་ཐོབ་པ་མེད་ན་བསམ་གཏན་གྱི་དངོས་གཞི་ཐོབ་པའི་དགྲ་བཅོམ་ཞུགས་པས་ཉེར་བསྡོགས་ལ་བརྟེན་ནས་ཟག་པ་ཀུན་ཟད་ཀྱི་ཡོངས་ཤེས་ཐོབ་པ་མེད་དེ། དེའི་བསམ་གཏན་གྱི་དངོས་གཞི་ཐོབ་ཟིན་པའི་ཕྱིར།  འདོད་ན། བསམ་གཏན་དང་པོའི་ཉེར་བསྡོགས་ལ་བརྟེན་ནས་ཡོངས་ཤེས་དགུ་ཐོབ་པ་མེད་པར་འགྱུར་རོ། །འདོད་ན། མཛོད་ལས། མི་ལྕོག་མེད་འབྲས་ཐམས་ཅད་དོ། ཞེས་དང་། བསམ་གཏན་དག་གི་ལམ་རྣམས་སླ། །ས་གཞན་དག་གིས་དཀའ་བ་ཡིན། །ཞེས་གསུངས་པའི་ཕྱིར། ཐོད་རྒལ་པའི་ཕྱིར་མི་འོང་གི་འབྲས་བུ་ཐོབ་བྱེད་དང་མངོན་ཤེས་དང་པོ་ལྔ་རྣམས་ནི་བསམ་གཏན་གྱི་ཉེར་བསྡོགས་ལ་བརྟེན་ནས་ཐོབ་པ་ཡོད་དེ།  གུང་ཐང་བསྟན་པའི་སྒྲོན་མེའི་ཕར་ཕྱིན་མཆན་ལས། མཛོད་ལུང་འདི་མཐོང་བཞིན་དུ་ད་དུང་འདི་ལམ་སྤྱིའི་དབང་དུ་བྱས་པ་ཡིན་གྱི། མངོན་ཤེས་ཉེར་བསྡོགས་ལ་བརྟེན་པ་མི་སྲིད་ཅེས་ཡིག་འཇོག་མཁན་མང་པོས་བྲིས་སྣང་བ་མི་འཐད་དེ། ཞེས་དང་། ཆོས་མངོན་པའི་མདོ་ལས། དགེ་སློང་དག་ལམ་ནི་རྣམ་པ་བཞི་སྟེ། མངོན་པར་ཤེས་པ་བུལ་ལ་དཀའ་བའི་ལམ་དང༌། མངོན་པར་ཤེས་པ་མྱུར་ལ་དཀའ་བའི་ལམ་དང་། མངོན་པར་ཤེས་པ་བུལ་ལ་སླ་བའི་ལམ་དང་། མངོན་པར་ཤེས་པ་མྱུར་ལ་སླ་བའི་ལམ་མོ་ཞེས་གསུངས་པའི་ཕྱིར། དེ་ལྟར་མིན་ན་ལམ་མྱུར་བུལ་སོགས་ཀྱི་ལམ་བཞི་མེད་པའི་སྐྱོན་ཟློག་དུ་མེད་པའི་ཕྱིར་རོ། །

འོ་ན་རྣམ་བཤད་སྙིང་པོ་རྒྱན་ལས། ལམ་སླ་བ་བསམ་གཏན་གྱི་དངོས་གཞི་ལ་ཡོད་བཞིན་དུ་དཀའ་པའི་ས་གཞན་བརྟེན་པ་ལ་དགོས་པ་མེད་པའི་ཕྱིར། ཞེས་དང་། ཀུན་བཏུས་ལས། ཕྱི་རོལ་པའམ། ཉན་ཐོས་སམ། བྱང་ཆུབ་སེམས་དཔའ་འམ། དེ་བཞིན་གཤེགས་པ་ཡང་རུང་སྟེ་དག་པའི་བསམ་གཏན་བཞི་ལ་བརྟེན་ནས་ཚད་མེད་པ་རྣམས་མངོན་པར་སྒྲུབ་བོ། །ཚད་མེད་པ་རྣམས་ཇི་ལྟ་བར་མངོན་པར་ཤེས་པ་ལྔ་ཡང་དེ་བཞིན་ནོ། །ཞེས་སོགས་ཀྱི་དོན་ཅི་ལྟར་ཡིན་ཞེ་ན། རྣམ་བཤད་དང་ཀུན་བཏུས་ཀྱི་གསུང་ཟིན་ཐོད་རྒལ་པའི་ཕྱིར་མི་འོང་གི་འབྲས་བུ་དང་མངོན་ཤེས་དང་པོ་ལྔ་རྣམས་བསམ་གཏན་གྱི་དངོས་གཞི་ལ་བརྟེན་པར་གསུང་བ་ནི་སྐྱེ་སླ་བའི་དབང་དུ་བྱས་ནས་གསུང་བ་ཡིན་ནམ་སྙམ་དེ།  ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེའི་ཕར་ཕྱིན་སྐབས་དང་པོའི་མཐའ་དཔྱོད་ལས། སྐྱེ་སླ་བའི་དབང་དུ་བྱས་ན་བསམ་གཏན་གྱི་དངོས་གཞི་དང་། རྟེན་ཙམ་གྱི་དབང་དུ་བྱས་ན་དང་པོའི་ཉེར་བསྡོགས་མི་ལྕོགས་མེད་ལ་བརྟེན་དགོས་པའི་ཕྱིར།  ཞེས་གསུངས་པའི་ཕྱིར།               

འདིར་བྱས་དགེ་བའི་མཚན་མ་གང་མཆིས་པ། །

རྒྱལ་བའི་དབང་པོ་གཙུག་གི་ནོར་བུ་དང་། །

ཡབ་རྗེ་བླ་མ་དགྱེས་པའི་མཆོད་པ་དང་། །

མ་ལུས་འགྲོ་བ་བདེ་བའི་རྒྱུ་རུ་བསྔོ། །

        ཞེས་སྒོ་མང་དགེ་བཤེས་ལྷ་རམས་པ་ཟུང་བཟོད་པ་རྒྱ་མཚོས་སྤྱི་ལོ་ཟླ་ཚེས་བཟང་བོ་ལ་རང་དགོན་གྱི་བོད་བརྒྱུད་ནང་བསྟན་པའི་རིགས་པའི་དོགས་དཔྱོད་ཤེས་རབ་ལོ་དེབ་ཀྱི་རྩོམ་སྒྲིག་པ་ཆོས་གྲོགས་ཡོབ་ཤུལ་ཀུན་དགའ་རུ་འབོད་པའི་སྐུལ་ངོར་བྲིས་པ་དགེའོ། །2020/8/15

དྲིས་ལན་རྨོངས་བློར་འཆར་ཚོད།

                                   ཆོས་སྐལ་བ་བཟང་པོ།  

བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །འདིར་དགེ་འདུན་ཉི་ཤུ་ལས་འཕྲོས་པའི་རྩོམ་གཞི་བཅུ་གཅིག་པ་ལ་དྲིས་ལན་ཕྲན་གྱི་རྨོངས་བློར་འཆར་ཚོད་ཙམ་ཞིག་འགོད་པ་ལ། དྲི་གཞི་འགོད་པ་དང་། ལན་འགོད་པ་གཉིས། དང་པོ་ནི།

གསེར་ཕྲེང་ལས། འོ་ན་མཛོད་ལས། འགོག་པ་ཐོབ་པ་ཕྱིར་མི་འོང་། །ལུས་ཀྱི་མངོན་སུམ་བྱེད་པར་འདོད། །ཅེས་པ་འདི་དེ་དག་གང་དུ་འདུ་ཞེ་ན། ཞེས་གསུངས་པའི་དྲི་བ་ལ་ལན་གསུང་ཚུལ་དང་། སྤྱིར་ལུས་མངོན་བྱེད་ཡིན་ན་འགོག་སྙོམས་ཐོབ་པས་ཁྱབ་མིན། འགོག་སྙོམས་ཀྱི་ངོ་བོ་དང་དགག་བྱ་ལ་གྲུབ་མཐའ་གོང་འོག་དང་ཡིག་ཆ་དག་གིས་གསུང་ཟིན་འདྲ་མིན། དེ་ཉམས་པའི་རྒྱུ་དང་ཚུལ་ཇི་ལྟར་ཉམས་པ་ཡིན་ཚུལ་སོགས་གསལ་བོ་གནང་རྒྱུ།

གཉིས་པ་ལན་ནི། འགོག་པའི་སྙོམས་འཇུག་ཐོབ་པའི་ཕྱིར་མི་འོང་ནི། ལུས་ཀྱི་མངོན་སུམ་དུ་བྱེད་པ་སྟེ་ལུས་མངོན་བྱེད་ཀྱི་དོན་ཡིན་པར་འདོད། ཅེས་པ་འདི་དེ་དག་གང་དུ་འདུ་ཞེ་ན། ཞེས་པའི་ལན་གསུངས་ཚུལ་ནི། གསེར་ཕྲེང་ལས། སྤྱིར་འགོག་ཐོབ་ཀྱི་ཕྱིར་མི་འོང་ལ་ནི་འགོག་སྙོམས་ལས་མ་ཉམས་པར་ཚེ་དེར་མྱ་ངན་ལས་འདའ་བ་གཅིག་དང་། འགོག་སྙོམས་ལས་ཉམས་ནས་གཟུགས་ཁམས་སུ་སྐྱེ་སྟེ་དེར་མྱ་ངན་ལས་འདའ་བ་གཅིག་དང་། དེར་སྐྱེས་ནས་འགོག་སྙོམས་བསྐྱེད་དེ་ཤི་འཕོས་ནས་སྲིད་རྩེར་མྱ་ངན་ལས་འདའ་བ་གཅིག་དང་གསུམ་བཤད་པ་ལས། དང་བོ་ནི། མཐོང་ཆོས་ཞི་ལུས་མངོན་བྱེད་དང་། ཕྱི་མ་གཉིས་ལས་ནི། ཉམས་ནས་སོར་མ་ཆུད་པའི་ཕྱིར་མི་འོང་ནི་འདོད་པའི་རྟེན་ལ་གནས་པ་ན་གཟུགས་སུ་ཉེར་འགྲོ་ཡིན་ལ་ལུས་མངོན་བྱེད་མིན་པ་དང་། གཟུགས་ཁམས་སུ་སྐྱེས་པའི་རྟེན་ལ་འགོག་སྙོམས་སྐྱེད་ནས་ཚེ་དེར་མྱ་ངན་ལས་འདའ་བ་དང་ཡང་འགོག་སྙོམས་ལས་མ་ཉམས་པར་ཤི་ནས་གཟུགས་མེད་དུ་མྱ་ངན་ལས་འདའ་བ་གཉིས་ནི་ལུས་མངོན་བྱེད་ཡིན་པར་སེམས་སོ། །ཞེས་གསུངས་པ་ལྟར་རོ། །ལུས་མངོན་བྱེད་ཡིན་ན་འགོག་སྙོམས་ཐོབ་པས་ཁྱབ་མིན་ནི། གོང་དུ་དྲངས་པའི་མཛོད་ལུང་ལྟར་ཁྱབ་བར་སེམས་ཏེ། ཕྱིར་མི་འོང་ལུས་མངོན་བྱེད་ཡིན་པའི་ཚད་ནི་འགོག་སྙོམས་ཐོབ་མ་ཐོབ་ཀྱི་མ་བཞག་ན་གཞན་དུ་འཇོག་དཀའ་བར་སེམས་སོ། །འོན་ཀྱང་འདི་ལ་དཔྱད་པར་བྱ་བ་ཅུང་ཟད་ཡོད་དེ། སྐབས་བཞི་བར་སྤྲུལ་བའི་ལམ་གསུམ་གྱི་ས་འཚམས་འཆད་ཚེ། རྣམ་ཐར་བརྒྱད་ཡོད་པ་ལས་དང་བོ་གསུམ་ནི་སྤྲུལ་བའི་ལམ་གསུམ་སྟེ། དེ་དག་གི་རྟེན་གྱི་གང་ཟག་ནི་ཐེག་ཆེན་གྱི་དབང་དུ་བྱས་ན་ཚོགས་ལམ་ཆེན་པོ་བ་ཡན་ཆད་དང་། ཐེག་དམན་སློབ་པའི་དབང་དུ་བྱས་ན་ལུས་མངོན་བྱེད་དང་མི་སློབ་པའི་དབང་དུ་བྱས་ན་དགྲ་བཅོམ་རྒྱན་བཅས་ཏེ་སྙོམས་འཇུག་གི་སྒྲིབ་བ་དང་ཉོན་སྒྲིབ་གཉིས་ཀ་ལས་གྲོལ་བའམ་འགོག་སྙོམས་ཀྱི་རྒྱན་དང་བཅས་པས་ན་རྒྱན་བཅས་སོ། །ཞེས་གསུངས་པ་ལྟར་ཐེག་དམན་སློབ་པ་ལ་སྤྲུལ་བའི་ལམ་གསུམ་ཐོབ་པའི་གང་ཟག་ཡིན་ན་ལུས་མངོན་བྱེད་ཡིན་དགོས་པས། འགོག་སྙོམས་ཐོབ་དགོས་ལ། དེ་ལྟར་ན་རྣམ་ཐར་བརྒྱད་ཀ་སྔ་མ་སྔ་མ་ཐོབ་ནས་ཕྱི་མ་ཕྱི་མ་ཐོབ་དགོས་པར་གསུངས་པ་དང་དཔྱད་དགོས་ཏེ། སྐབས་སྡོམ་ལས། རྣམ་ཐར་སྔ་མ་ཕྱི་མའི་སྔོན་འགྲོ་དགོས་བར། །མཐའ་དཔྱོད་སོགས་ལས་གསུངས་པའི་ཕྱིར་ན་དང་བོ་གསར་ཐོབ་ཀྱི་རྟེན་ལ་ལུས་མངོན་བྱེད། །བཞག་པར་དཀའ་ཕྱིར་རྟེན་གྱི་ས་འཚམས་དཔྱད། ཅེས་གསུངས་པའི་ཕྱིར་རོ། །དེ་ལ་གུང་ཐང་བློ་གྲོས་རྒྱ་མཚོས། ཧལ་ཧའི་མཆན་དུ། ལུས་མངོན་བྱེད་དང་རྟེན་གཅིག་དགོས་པའི་དོན་ཡིན་གསུངས་པ་བཀག་ནས། གསུམ་པ་ལ་ཤེས་རབ་ཀྱི་ལུས་ཀྱི་མངོན་སུམ་དུ་བྱས་ནས་གཟུགས་ཅན་གྱི་རྣམ་ཐར་ལ་སྒྲིབ་པའི་སྙོམས་འཇུག་གི་སྒྲིབ་པ་ལས་གྲོལ་ནས་རྫོགས་པར་གནས་ཞེས་གསུངས་པས། དེ་ཐོབ་པའི་ཕྱིར་མི་འོང་ལ་ལུས་མངོན་བྱེད་དང་། དགྲ་བཅོམ་པ་སྒྲིབ་བ་དེ་ལས་གྲོལ་བས་གཉིས་ཀའི་ཆ་ལས་གྲོལ་བའི་ཐ་སྙད་ཙམ་བྱས་པས་དེའི་དབང་དུ་བྱས་པའི་དང་བོ་གསུམ་གའི་ས་འཚམས་ཡིན་ཞེས་པའམ། ཡང་ན་གཙོ་ཆེ་བ་ལ་དགོངས་ཟེར་བ་ལས་འོས་མེད་སྙམ་སྟེ་དཔྱད། ཞེས་གསུངས་པ་དང་། དམུ་དགེ་ཐུབ་བསྟན་རྒྱ་མཚོས། རྣམ་ཐར་དང་པོ་གསུམ་གྱི་ལུས་རྟེན་གསེར་ཕྲེང་ལས་ཐེག་ཆེན་ཚོགས་ལམ་ཆེན་པོ་བ་ཡན་ཆད་དང་ཕྱིར་མི་འོང་ལུས་མངོན་བྱེད་དང་དགྲ་བཅོམ་རྒྱན་བཅས་གསུངས་པ་ནི། དེ་གསུམ་ལས་ཕྱི་མ་གཉིས་ཐོབ་པས་ཁྱབ་པའི་ལུས་རྟེན་གསུངས་པ་ཡིན་ཏེ། ཞེས་གསུངས་པ་གཉིས་ལས་ཁོ་བོས་ནི་ཕྱི་མ་འདི་ལེགས་པར་སེམས་སོ། །ཡང་འགའ་ཞིག་གིས། ཤེས་རབ་ཀྱི་ལུས་ཀྱིས་མངོན་སུམ་དུ་བྱས་ནས་རྣམ་པར་ཐར་བ་དང་བོ་གསུམ་གྱི་སྒྲིབ་བ་ལས་གྲོལ་བར་བྱས་ནས་རྫོགས་པར་བྱས་ཏེ་གནས་སོ། །ཞེས་པའི་མདོ་ཚིག་སོགས་ལ་བརྟེན་ནས་ལུས་མངོན་བྱེད་ཡིན་ན་འགོག་སྙོམས་ཐོབ་པས་མ་ཁྱབ་བར་བཞེད་མོད་དཔྱད་པར་བྱའོ། །

འགོག་སྙོམས་ཀྱི་ངོ་བོ་དང་དགག་བྱ་ལ་གྲུབ་མཐའ་གོང་འོག་དང་ཡིག་ཆ་དག་གི་གསུང་ཟིན་འདྲ་མིན་བཤད་པ་ལ། གྲུབ་མཐའ་སོ་སོའི་ངོ་བོ་འདོད་ཚུལ་ནི། སྐབས་བཞི་བའི་སྡོམ་ལས། འགོག་སྙོམས་ཀྱི་ངོ་བོ་ཟླ་གྲགས་སོགས་ཐལ་འགྱུར་བ་རྣམས་ཀྱིས་ས་བཅུ་བའི་མདོར་བརྟེན་ནས། །གཙོ་བོ་ཆོས་ཉིད་ཀྱི་སྟེང་དུ་ཚོར་འདུ་རགས་པ་སོགས། །བཀག་པའི་དེ་བཞིན་ཉིད་རྟོགས་པའི་ཟག་མེད་ཡེ་ཤེས་ཤིག་ལ་ལ་འདོད་ཅིང་། །འཕགས་སེང་ལུགས་ལ་ཚོར་འདུ་རགས་པ་བཀག་ཆ་ཡུལ་འགོག་སྙོམས་དང་དང་ལྡན་མིན་འདུ་བྱེད་དུ་འདོད། །ཡུལ་འགོག་སྙོམས་དེ་ལ་མཉམ་པར་བཞག་པའི་ཡུལ་ཅན་ཤེས་བ་ཞིག་ཡུལ་ཅན་འགོག་སྙོམས་ལ་འདོད་པའི་ཕྱིར་ན། འགོག་སྙོམས་ལ་ཤེས་བ་དང་ལྡན་མིན་འདུ་བྱེད་གཉིས་ཆར་ཡོད་པར་བཞེད། །མདོ་སེམས་གཉིས་ཀྱིས་ཚོར་འདུ་རགས་པ་བཀག་ཙམ་གྱི། །ལྡན་མིན་ལ་འདོད། ཅེས་དང་།

བྱེ་སྨྲའི་ལུགས་ལ་ནི། སེམས་དང་སེམས་བྱུང་མཐའ་དག་འགོག་པའི་འཕགས་རྒྱུད་ཀྱི་མཐར་གནས་སྙོམས་འཇུག་ལྟ་བུར་གྱུར་བའི་དགེ་བ་ཁོ་ན་ཞིག་ལ་འདོད་པ་དང་། ལྡན་མིན་འདུ་བྱེད་དུ་འདོད་ཀྱང་འདོད་ཚུལ་མི་འདྲའོ། །འཕགས་སེང་ལུགས་ལ་པཎ་ཆེན་དང་རྗེ་བཙུན་ཡིག་ཆ་གཉིས་ཀར་ལྡན་མིན་དུ་བཞེད་པར་འདོད་ལ། ཀུན་མཁྱེན་བླ་མས། དེ་གཉིས་བཀག་ནས་དེའི་ལུགས་ལ་ཤེས་བ་ཞིག་དགོས་པར་རིགས་པ་ལྔ་སོགས་ཀྱིས་སྒྲུབ་པ་ཡིན་ཏེ། སྐབས་སྡོམ་ལས། མཛོད་ལས་ཕྲ་བ་ཕྲ་བའི་མཇུག་ཐོགས་སུ། །ཞེས་གསུངས་པའི་ཕྱིར་ན་འགོག་སྙོམས་པའི་རྒྱུད་ན་སེམས་ཕྲ་མོ་ཡོད་དེ་གཞན་དུ་གལ་ཏེ་མེད་ཟེར་ན། །འགོག་སྙོམས་པ་དེ་སེམས་ལྡན་གྱི་གྲངས་སུ་མི་འགྲོ་བར་ཐལ་བ་དང་། དེའི་ལུས་ཀྱང་། །ཚོར་བས་མ་ཟིན་པས་རུལ་བར་འགྱུར་ཞིང་། ལུང་ལ་ཡང་འགལ་ཏེ་མཆོད་སྦྱིན་མས། །ཞུས་པར་དགེ་སློང་འགོག་པ་ལ་སྙོམས་པར་འཇུག་དེའི་རྣམ་ཤེས་ལུས་ལས་འདས་ལགས་སམ་ལུས་དང་མ་བྲལ་བ་ལགས། ཞེས་ཞུས་པའི་ལན་དུ། མདོ་ལས། དེའི་རྣམ་པར་ཤེས་པ་ལུས་དང་མ་བྲལ་བའོ། །ཞེས་གསུངས་པར་འགལ། རང་སྡེ་དག་གི་གྲུབ་མཐའི་གང་ཟག་ངོས་འཛིན་མདོ། །གྲུབ་མཐའ་བཞི་ག་ལ་མཐུན་པར་གྲུབ་པ་དེ་ལས་ཀྱང་། །ཇི་ལྟར་ཡན་ལག་ཚོགས་རྣམས་ལ་ཞེས་སོགས་ཀྱིས་ཀྱང་། །གང་ཟག་ལ་ཕུང་བོ་བཞི་ཚོགས་དགོས་པས་རྣམ་ཤེས་ལུས་དང་མ་བྲལ་བར་གསུངས་པ་དང་འགལ་ལོ། །དེའི་སྟེང་དུ་ཤི་ལུས་སུ་ཐལ་བ་བསྣན་ན་རིགས་པ་ལྔའོ། །ཞེས་སོགས་དང་། ཤེར་མདོ་དང་ཐེག་པ་ཆེ་ཆུང་གི་མདོ་དུ་མས་སྒྲུབ་བས་སོ། །འོ་ན་ཀུན་མཁྱེན་རང་ལུགས་ལ་ལུགས་འདིར་འགོག་སྙོམས་ལ་ཤེས་པས་ཁྱབ་བར་བཞེད་དམ་ཞེ་ན། མཐའ་དཔྱོད་དུ། རྣམ་བཤད་ལ་ཞིབ་ཆ་གནང་ཚེ། དེ་ཡུལ་ཚོར་འདུ་རགས་པ་འགོག་པའམ། ཡུལ་དེ་རགས་པ་བཀག་པའི་འགོག་སྙོམས་བཏགས་པ་ཙམ་ལ་དགོངས་པའི་ཕྱིར་ཏེ། ཞེས་གསུངས་པ་ལ་དཔག་ན་ཡུལ་འགོག་སྙོམས་འགོག་སྙོམས་བཏགས་པ་བ་ཙམ་ལས་འགོག་སྙོམས་དངོས་མིན་པར་བཞེད་པ་ལྟ་བུར་སྣང་བས། དེ་ལྟར་ན་དེ་ལ་ཤེས་བས་ཁྱབ་བར་བཞེད་དམ་སྙམ་མོ། འོན་ཀྱང་གོང་དུ་དྲངས་མ་ཐག་པའི་སྐབས་སྡོམ་ལ་བསམ་ན་ལྡན་མིན་དང་ཤེས་བ་གཉིས་ཆར་བཞེད་པ་ལྟ་བུ་ཞིག་གསུངས་འདུག་པ་འདི་ལ་དཔྱད་དགོས་སོ།། དགག་བྱ་ནི། བྱེ་སྨྲས་སེམས་དང་སེམས་བྱུང་ཐམས་ཅད་དང་། མདོ་སྡེ་བ་ཡན་གྱིས་ཚོར་འདུ་རགས་པ་ལ་འདོད་དོ། །འགོག་སྙོམས་ལས་ཉམས་ཚུལ་གསལ་བོ་ཞིག་བཤད་མི་ཤེས་པས་འདིར་ཡིག་ཚོགས་མང་དུ་མ་བརྟེན་ནོ། །བཀྲ་ཤིས་པར་གྱུར་ཅིག

   དྲིས་ལན་འདི་ནི་བོད་བརྒྱུད་ནང་བསྟན་རིག་པའི་དོགས་དཔྱོད་ལོ་དེབ་ཀྱི་རྩོམ་སྒྲིག་པ་གྲོགས་ཡོབ་ཤུལ་གཤོག་སྒྲ་ལགས་ཀྱི་ཁ་ངོ་མ་ཟློག་པ་ཙམ་ཞིག་བྲིས་པ་ལས་གཞུང་དོན་གཏིང་དཔོག་ནས་བྲིས་པ་ནི་མིན་ནོ། །ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས ༤

དྲིས་ལན་བློ་གསལ་དགའ་སྐྱེད།

                              འཇམ་དབྱངས་རྣམ་མཁྱེན།

དྲི་བ་དང་བོའི་ལན། ཀུན་བཏུས་སམ་སེམས་ཙམ་པའི་ལུགས་ལ་ཞུགས་པ་དང་བོ་རྒྱུན་ཞུགས་ཞུགས་པ་ལ་མཐོང་ལམ་པ་ཡོད་པར་མ་ཟད་སྦྱོར་ལམ་སྟན་གཅིག་པའང་ཡོད་ལ་ཞུགས་པ་གཞན་རྣམས་ལ་སྦྱོར་ལམ་པ་མེད་པ་བྱེ་སྨྲ་རྣམས་དང་མཚུངས་སོ། །ཞེས་པའི་དོན་ནོ། །ཐོད་རྒལ་བའི་ཞུགས་པ་ལ་སྦྱོར་ལམ་པ་མེད་དེ། ཆགས་བྲལ་སྔོན་སོང་གི་ཞུགས་པ་ལ་སྦྱོར་ལམ་པ་མེད་པ་གང་ཞིག  དེ་དང་ཆགས་བྲལ་སྔོན་སོང་གཉིས་བརྡ་ཐ་དད་པ་ཙམ་ལས་དོན་གཅིག་ཡིན་པའི་ཕྱིར། དང་བོ་གྲུབ་སྟེ། གསེར་ཕྲེང་ལས། དེ་དང་ཆགས་བྲལ་སྔོན་སོང་གི་ཞུགས་པ་གཉིས་མཐོང་ལམ་པ་དང་། ཞེས་གསུངས། གཉིས་པ་གྲུབ་སྟེ། གསེར་ཕྲེང་ལས། སྔ་མ་ལ་མངོན་པ་གོང་འོག་ལས་ཕལ་ཆེར་ལས་འདོད་ཆགས་དང་བྲལ་བ་སྔོན་དུ་སོང་བ་དང་། འདོད་པ་ལ་ཆགས་པ་དང་བྲལ་བ་སྔོན་དུ་སོང་བ་ཞེས་བརྡ་མཛད་པ་ལས་འདིར་ཐོད་རྒལ་བ་ཞེས་བརྟགས་པ་ནི་བརྡ་དངོས་སུ་སྦྱར་བ་མེད་ཀྱང་དོན་གྱིས་འཐོབ་སྟེ། ཞེས་གསུངས་སོ། །འབྲས་གནས་དེ་དང་དེའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཐོབ་ཕྱིར་དུ་གཙོ་བོར་དངོས་སུ་བརྩོན་བཞིན་པའི་སྦྱོར་བ་རྒྱུན་ཆགས་ལ་ཞུགས་པ་ནི་འབྲས་གནས་དེ་དང་དེའི་ཞུགས་པའི་ཚད་དོ། །

དྲི་བ་གཉིས་པའི་ལན། དང་བོ་ཐོད་རྒལ་བ་ལ་འབྲས་གནས་བར་བ་གཉིས་འཇོག་པའི་རྒྱུ་མཚན་དང་། འཕགས་པ་བརྒྱད་པ་དང་དགྲ་བཅོམ་གཉིས་ལ་ཐོད་རྒལ་བ་མི་འཇོག་པ་དང་མི་འཇོག་པའི་རྒྱུ་མཚན་རྣམས་ཡོད་དེ། དང་བོ་འཇོག་པའི་རྒྱུ་མཚན་ནི། འབྲས་གནས་བར་བ་གཉིས་ལ་ཐོད་རྒལ་བ་ཡོད་དེ། དེ་གཉིས་ཀྱི་སྔོན་དུ་ཐོབ་རྒྱུའི་འབྲས་བུ་ཡོད་པ་གང་ཞིག་སྔོན་གྱི་འབྲས་གནས་དེ་མ་ཐོབ་པར་ཕྱིར་འོང་དང་ཕྱིར་མི་འོང་གི་འབྲས་བུ་ཐོབ་པ་ཡོད་པས་སོ། །ཡང་དེ་གཉིས་ལ་ཆགས་བྲལ་སྔོན་སོང་ཡང་བཞག་ཏུ་ཡོད་དེ། དེ་གཉིས་ཀྱི་སྤང་བྱའི་གཙོ་བོ་ལ་འདོད་པ་དང་སྲིད་རྩེའི་སྒོམ་སྤང་རྫོགས་པར་མི་འཇོག་པ་གང་ཞིག  སྤང་བྱའི་གཙོ་བོ་ལ་འདོད་ཉོན་རགས་པ་དྲུག་པ་དང་དགུ་བ་གཉིས་འཇོག་ལ་མཐོང་ལམ་གྱི་སྔོན་དུ་དེ་གཉིས་ཆགས་བྲལ་གྱི་ཚུལ་གྱིས་སྤངས་པ་ཡོད་པས་སོ། །གཉིས་པ་འབྲས་བུ་ཐོག་མཐའ་གཉིས་ལ་ཐོད་རྒལ་བ་བཞག་ཏུ་མེད་པའི་ཕྱིར། རྒྱུན་ཞུགས་ལ་ཐོད་རྒལ་བ་མེད་དེ། དེའི་སྔོན་དུ་ཐོབ་རྒྱུའི་འབྲས་གནས་གང་ཡང་མེད་པས་སོ། །རྒྱུན་ཞུགས་ལ་ཆགས་བྲལ་སྔོན་སོང་མེད་དེ། རྒྱུན་ཞུགས་ཀྱི་སྤང་བྱའི་གཙོ་བོ་ལ་ཁམས་གསུམ་གྱི་མཐོང་སྤང་ཉོན་མོངས་རྫོགས་པར་འཇོག་པ་གང་ཞིག  ཆགས་བྲལ་སྔོན་སོང་ཡོད་ན་མཐོང་ལམ་གྱི་སྔོན་དུ་དེ་རྣམས་ཆགས་བྲལ་གྱི་ཚུལ་གྱིས་སྤངས་དགོས་པ་ལས་མཐོང་ལམ་སྔོན་དུ་སྲིད་རྩེའི་མཐོང་སྤང་ཉོན་མོངས་ལ་ཆགས་བྲལ་བྱས་པ་མེད་དོ།། གཉིས་པ་རིམ་གྱིས་པ་ལ་ཞུགས་འབྲས་བརྒྱད་ཀ་འཇོག་སྟེ། གསེར་ཕྲེང་ལས། གཉིས་པ་ནི། ཞུགས་གནས་བརྒྱད་ཀ་ལ་བཞག་གོ། །ཞེས་གསུངས། 

གསུམ་པ་གཅིག་ཅར་བ་ལ་འབྲས་བུ་ཐོག་མཐའ་གཉིས་འཇོག་ལ་འཇོག་པའི་རྒྱུ་མཚན་དང་། བར་བ་གཉིས་ལ་གཅིག་ཅར་བ་མི་འཇོག་པ་དང་མི་འཇོག་པའི་རྒྱུ་མཚན་རྣམས་ནི། དང་བོ་འབྲས་བུ་ཐོག་མཐའ་གཉིས་ལ་གཅིག་ཅར་བ་འཇོག་པའི་ཕྱིར། རྒྱུན་ཞུགས་ལ་འཇོག་སྟེ་དེ་ལ་ཁམས་གསུམ་ས་དགུས་བསྡུས་པའི་སྒོམ་སྤང་ཉོན་མོངས་ཆེན་པོའི་ཆེན་པོ་དགུ་གཅིག་ཅར་དུ་སྤོང་བ་ནས་ཆུང་ངུའི་ཆུང་ངུ་རྣམས་གཅིག་ཅར་དུ་སྤོང་བ་ཡོད་པས་སོ། །དགྲ་བཅོམ་ལའང་དེ་ལྟར་རོ། །གཉིས་པ་འབྲས་བུ་བར་བ་གཉིས་ལ་གཅིག་ཅར་བ་མེད་པའི་ཕྱིར། ཕྱིར་འོང་ལ་གཅིག་ཅར་བ་མེད་དེ། ཕྱིར་འོང་ལ་གཅིག་ཅར་བ་ཡོད་ན་ཕྱིར་འོང་གི་སྤང་བྱའི་གཙོ་བོ་ལ་འདོད་པའི་སྒོམ་སྤང་ཉོན་མོངས་རགས་པ་དྲུག་པ་འཇོག་ལ། གཅིག་ཅར་བ་ཡོད་ན་དེས་ཁམས་གསུམ་གྱི་སྒོམ་སྤང་ཉོན་མོངས་དྲུག་པ་རྣམས་གཅིག་ཅར་དུ་སྤོང་དགོས་པ་ལས་དེ་སྤངས་པའི་ཕྱིར་འོང་མེད་པའི་ཕྱིར་ཏེ། སྲིད་རྩེའི་སྒོམ་སྤང་སྤངས་པའི་ཕྱིར་འོང་མེད་པས་སོ། །ཕྱིར་མི་འོང་ལའང་གཅིག་ཅར་བ་ཡོད་ན་དེའི་སྤང་བྱའི་གཙོ་བོ་ལ་འདོད་པའི་སྒོམ་སྤང་ཉོན་མོངས་རགས་པ་དགུ་བ་འཇོག་ལ་གཅིག་ཅར་བ་ཡོད་ན་ཁམས་གསུམ་གྱི་སྒོམ་སྤང་ཉོན་མོངས་དགུ་བ་རྣམས་གཅིག་ཅར་དུ་སྤོང་དགོས་པ་ལས་དེ་སྤངས་པ་མེད་དེ། དེ་རྣམས་སྤངས་ན་སྲིད་ཉོན་དགུ་བའང་སྤངས་དགོས་པས་སྲིད་ཉོན་དགུ་བ་སྤངས་ན་དགྲ་བཅོམ་དུ་འགྱུར་བས་སོ། །དེར་ཐལ། གསེར་ཕྲེང་ལས། འབྲས་བུ་བར་བ་གཉིས་ལ་མི་འཇོག་པའི་རྒྱུ་མཚན་ནི། ཁམས་གོང་མའི་སྒོམ་སྤང་སྤངས་པའི་ཕྱིར་འོང་མི་སྲིད་ལ་འདིས་ཁམས་གསུམ་གའི་སྒོམ་སྤང་རྣམས་དུས་ཅིག་ཅར་སྤོང་བའི་ཕྱིར་རོ། །

དེ་བཞིན་དུ་ཕྱིར་མི་འོང་ཡང་མི་སྲིད་དེ། འདོད་པའི་སྒོམ་སྤང་དགུ་བ་སྤངས་ན་སྲིད་རྩེའི་དགུ་བ་ཡང་སྤངས་ནས་དགྲ་བཅོམ་དུ་འགྱུར་བས་སོ། །ཞེས་གསུངས། སྤང་བྱ་དེར་ཆགས་བྲལ་བྱེད་ཚུལ་ནི། འཇིག་རྟེན་པའི་ཞི་རགས་རྣམ་ཅན་གྱི་ལམ་བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་གང་རུང་ལ་བརྟེན་ནས་སྤང་བྱ་དེ་དང་དེའི་ཉམས་སྨོད་པའམ་དེའི་ཤུགས་ཇེ་ཆུང་དུ་བཏང་བ་ལ་བྱའོ། །སྤང་བྱ་དེར་ཆགས་བྲལ་བྱས་ན་དེ་སྤང་མི་དགོས་ཏེ། ཐོད་རྒལ་བའི་ཕྱིར་འོང་ལྟ་བུས་མཐོང་ལམ་གྱི་སྔོན་དུ་འདོད་ཉོན་རགས་པ་དྲུག་པ་ལ་ཆགས་བྲལ་བྱས་ཀྱང་སྤངས་མི་ནུས་ཏེ། མཐོང་ལམ་རྣམ་གྲོལ་ལམ་ཐོབ་པ་དང་ལམ་རྗེས་ཤེས་ཐོབ་དུས་སུ་སྤངས་དགོས་སོ། །

དྲི་བ་གསུམ་པའི་ལན། འབྲས་བུ་དེ་དག་ལམ་གང་གིས་ཐོབ་ཚུལ་ནི། གསེར་ཕྲེང་ལས། དང་བོ་ནི། འབྲས་བུ་ཐོག་མཐའ་གཉིས་དངོས་སུ་ཐོབ་བྱེད་ཀྱི་ལམ་ཡིན་ན་འདས་ལམ་གྱིས་ཁྱབ་སྟེ།རིམ་པ་ལྟར་ལམ་ལ་རྗེས་བཟོད་དང་སྲིད་རྩེའི་སྒོམ་སྤང་ཆུང་ངུ་ཆུང་ངུའི་གཉེན་པོ་ཡིན་པས་སོ། །འབྲས་བུ་བར་བ་གཉིས་ལ་ཡང་ཐོད་རྒལ་བའི་སྐབས་ཡིན་ན་དེ་གཉིས་དངོས་སུ་ཐོབ་བྱེད་འདས་ལམ་ཡིན་ཏེ། ལམ་ལ་རྗེས་བཟོད་ཡིན་པས་སོ། །རིམ་གྱིས་པ་གཉིས་ཡིན་ན་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལམ་གཉིས་ཀས་འཐོབ་པ་སྲིད་དེ། བཅུ་དྲུག་པ་ཐོབ་རྗེས་སུ་ལམ་ཟག་མེད་ཀྱིས་དྲུག་པ་དང་དགུ་བ་སྤངས་ན་དེ་གཉིས་དངོས་སུ་འཐོབ་བྱེད་འདས་ལམ་དང་། ཞི་རགས་ཀྱི་རྣམ་ཅན་གྱིས་དེ་གཉིས་སྤངས་ན་འཇིག་རྟེན་པའི་ལམ་གྱིས་འབྲས་བུ་དེ་གཉིས་དངོས་སུ་འཐོབ་སྟེ། འདོད་པའི་སྒོམ་སྤང་ནི་ལམ་གཉིས་ཀས་ཀྱང་སྤང་ནུས་པའི་ཕྱིར་རོ།། ཞེས་གསུངས། གཉིས་པ་དུས་ནམ་གྱི་ཚེ་ཐོབ་ཚུལ་ནི། གསེར་ཕྲེང་ལས། གཉིས་པ་ནི། རྒྱུན་ཞུགས་དང་ཐོད་རྒལ་བའི་འབྲས་བུ་གཉིས་ནི་བཅུ་དྲུག་པ་ཐོབ་པ་དང་དུས་མཉམ་དུ་ཐོབ་པས་ཁྱབ་བོ། །ཞེས་པ་ནས། མཐར་གྱིས་པའི་འབྲས་བུ་བར་བ་གཉིས་ནི་བཅུ་དྲུག་པ་ཐོབ་རྗེས་སུ་མངོན་དུ་བྱེད་པས་ཁྱབ་ལ་དེ་ཡང་རིམ་པ་ལྟར་འདོད་པའི་སྒོམ་སྤང་དྲུག་པ་དང་དགུ་བ་སྤངས་པ་དང་དུས་མཉམ་དུ་འཐོབ་པོ། །ཞེས་གསུངས། 

གསུམ་པ་ས་གང་ལ་བརྟེན་ནས་ཐོབ་ཚུལ་ནི། གསེར་ཕྲེང་ལས། གསུམ་པ་ནི། རྒྱུན་ཞུགས་དང་ཕྱིར་འོང་ཐོབ་བྱེད་ཀྱི་ལམ་ཡིན་ན་བསམ་གཏན་དང་བོའི་ཉེར་བསྡོགས་ལ་བརྟེན་པས་ཁྱབ་སྟེ། དེ་གཉིས་འདོད་པ་ལ་ཆགས་པ་དང་མ་བྲལ་བའི་འཕགས་པ་ཆགས་བཅས་ཡིན་པས་སོ། །དེ་བཞིན་དུ་མཐར་གྱིས་པའི་ཕྱིར་མི་འོང་ཐོབ་པའི་ལམ་ཡང་རིག་པར་བྱའོ། །ཐོད་རྒལ་བའི་ཕྱིར་མི་འོང་འཐོབ་པའི་ལམ་ནི་བསམ་གཏན་ས་དྲུག་གང་རུང་ལ་བརྟེན་པ་སྲིད་དེ། ཐོད་རྒལ་བའི་ཕྱིར་མི་འོང་ཐོབ་པར་བྱེད་པ་ལ་མཐོང་ལམ་གྱི་སྔོན་དུ་སྲིད་རྩེའི་ཉེར་བསྡོགས་ཐོབ་ནས་ཅི་ཡང་མེད་པ་མན་ཆད་ལ་ཆགས་པ་དང་བྲལ་བ་སྲིད་པས་དེ་ས་དྲུག་གང་ལ་བརྟེན་ཡང་དབང་དང་ལྡན་པའི་ཕྱིར་རོ། །འོན་ཀྱང་གཟུགས་མེད་ལ་བརྟེན་པ་མི་སྲིད་དེ། འདིའི་སྐབས་སུ་ཕྱིར་མི་འོང་ཐོབ་པའི་ལམ་དང་མཐོང་ལམ་གཉིས་ས་གཅིག་པའི་ཕྱིར་རོ། །དགྲ་བཅོམ་པའི་འབྲས་བུ་ནི་ཟག་མེད་ཀྱི་ས་དགུ་གང་རུང་ལ་བརྟེན་ནས་མངོན་དུ་བྱེད་པ་སྲིད་དོ། །ཞེས་གསུངས། ལམ་གང་གིས་འཐོབ་ཚུལ་ལ་མངོན་པ་གོང་འོག་གཉིས་མི་མཐུན་ཏེ། གོང་མ་ལྟར་འཆད་ཚུལ་ནི་གོང་དུ་གསུངས་པ་དེ་བཞིན་ཡིན་ལ། འོག་མ་ལྟར་འཆད་ཚུལ་ནི། གསེར་ཕྲེང་ལས། དེ་ལ་མཛོད་ལྟར་ན། ཞེས་པ་ནས། འབྲས་གནས་གང་ཡིན་ལ་སྒོམ་ལམ་ཐོབ་པས་ཁྱབ་སྟེ། བཅུ་དྲུག་པ་སྒོམ་ལམ་ཡིན་པས་སོ། །ཞེས་གསུངས། ས་གང་ལ་བརྟེན་ནས་ཐོབ་ཚུལ་ལ་ཡིག་ཆ་ཁག་གིས་གསུང་ཚུལ་མི་འདྲ་སྟེ། གསེར་ཕྲེང་དང་སྒོ་མང་ཡིག་ཆ་ལྟར་ན་མཐར་གྱིས་པའི་ཕྱིར་མི་འོང་གི་འབྲས་བུ་དེ་བསམ་གཏན་ས་དྲུག་གང་རུང་ལ་བརྟེན་ནས་འཐོབ་དགོས་པ་དགོངས་པ་ཡིན་ལ། བླ་མ་རྗེ་བཙུན་པ་དང་པན་ཆེན་བསོད་གྲགས་པས་རིམ་གྱིས་པའི་ཕྱིར་མི་འོང་གི་འབྲས་བུ་དེ་དངོས་གཞི་ལ་བརྟེན་ནས་འཐོབ་དགོས་པར་འདོད་དེ། རྗེ་གུང་ཐང་བློ་གྲོས་རྒྱ་མཚོའི་འགྲེལ་མཆན་ལས། རྗེ་བཙུན་པ་དང་བསོད་གྲགས་པས། རྣམ་བཤད་ཀྱི་ཚིག་ཟིན་ལ་བརྟེན་ནས་དངོས་གཞིས་ཁྱབ་པར་བཤད་པ་འདི་དང་འགལ་ལ། རྣམ་བཤད་ཀྱི་དེ་ལམ་སླ་བ་ལ་དགོངས་སོ། །སྒོ་མང་ཡིག་ཆར། དེ་ལ་ཟག་མེད་དངོས་གཞི་ཐོབ་པས་མ་ཁྱབ་ལ། ཐོབ་ཀྱང་ཉེར་བསྡོགས་ནན་གྱིས་བསྐྱེད་པ་ཡོད་གསུངས་པ། དབང་དང་ལྡན་ཞེས་པ་དང་འགྲིག་གོ། །ཞེས་གསུངས། 

དྲི་བ་བཞི་བའི་ལན། དགེ་འདུན་དེ་ལ། ཆགས་བྲལ་སྔོན་སོང་གི་ཕྱིར་འོང་འབྲས་གནས་ཁྱད་པར་ཅན་སྔོན་དུ་སོང་བའི་ཕྱིར་མི་འོང་དང་། ཐོད་རྒལ་བའི་ཕྱིར་མི་འོང་རྟོགས་པ་སྔོན་སོང་གི་དགྲ་བཅོམ་ལྟ་བུའོ། །དེ་གཉིས་ཐོད་རྒལ་བ་དང་རིམ་གྱིས་པ་གང་ཡང་མིན་ཏེ། གསེར་ཕྲེང་ལས། གཞན་ཡང་དེ་གཉིས་ཆགས་བྲལ་སྔོན་སོང་གི་ཕྱིར་འོང་དང་ཕྱིར་མི་འོང་ཞུགས་པ་དང་ཕྱིར་མི་འོང་དང་དགྲ་བཅོམ་ཞུགས་པ་གཞི་མཐུན་པ་ཡིན་ཀྱང་ཆགས་བྲལ་སྔོན་སོང་གི་ཞུགས་པ་ནི་མིན་ཏེ། དེའི་ཞུགས་པ་མཐོང་ལམ་པར་ངེས་པ་དང་དེས་ཐོབ་པའི་འབྲས་གནས་ཐོད་རྒལ་བར་འགལ་བས་སོ། །འོ་ན་དེ་དག་མཐར་གྱིས་པ་ཡིན་ནམ་ཞེ་ན། མིན་ཏེ། འབྲས་བུ་སྔ་མ་རྣམས་སྔོན་དུ་མ་བཏང་བ་དང་འདོད་ཉོན་དྲུག་པ་དང་དགུ་བ་མཐོང་ལམ་གྱི་སྔར་སྤངས་པ་དང་། འབྲས་བུ་དེ་གཉིས་བཅུ་དྲུག་པ་དང་དུས་མཉམ་དུ་མངོན་དུ་བྱས་པའི་ཕྱིར་རོ། །ཞེས་གསུངས། ཆགས་བྲལ་སྔོན་སོང་དང་ཐོད་རྒལ་བ་གཉིས་དོན་གཅིག་སྟེ། གསེར་ཕྲེང་ལས། སྔ་མ་ལ་མངོན་པ་གོང་འོག་ལས་ཕལ་ཆེར་ལས་འདོད་ཆགས་དང་བྲལ་བ་སྔོན་དུ་སོང་བ་དང་། འདོད་པ་ལ་ཆགས་པ་དང་བྲལ་བ་སྔོན་དུ་སོང་བ་ཞེས་བརྡ་མཛད་པ་ལས་འདིར་ཐོད་རྒལ་བ་ཞེས་བཏགས་པ་ནི་བརྡ་དངོས་སུ་མེད་ཀྱང་དོན་གྱིས་འཐོབ་སྟེ། ཞེས་གསུངས། 

དྲི་བ་ལྔ་བའི་ལན། ཀུན་བཏུས་ལུགས་ལ་རྒྱུན་ཞུགས་ཞུགས་པ་མཐོང་ལམ་སྐད་ཅིག་མ་བཅོ་ལྔ་ལ་གནས་པ་ཡིན་ཏེ། གསེར་ཕྲེང་ལས། དང་བོ་ནི་བདེན་དང་བདེན་ལ་བཟོད་པ་དང་། ཞེས་སོགས་ཀྱི་སྐབས་ནས་འཆད་པར་འགྱུར་བའི་ལམ་ཤེས་པ་ཉིད་ཀྱིས་བསྡུས་པའི་མཐོང་བའི་ལམ་སྐད་ཅིག་མ་བཅུ་དྲུག་སྟེ་བཅོ་ལྔ་ལ་བརྟེན་ནས་རྒྱུན་ཞུགས་ཀྱི་སྤང་རྟོགས་སྒྲུབ་ཕྱིར་དུ་བརྩོན་པའི་དབང་རྟུལ་དད་པ་དང་དབང་རྣོན་ཆོས་ཀྱི་རྗེས་འབྲང་གཉིས་ཡོད་པའི་བྱེ་བྲག་གིས་འབྲས་བུ་དང་བོ་རྒྱུན་ཞུགས་ལ་ཞུགས་པའི་མིང་ཅན་རྣམ་པ་གཉིས་སོ། །ཞེས་གསུངས། 

དེའི་ལུགས་ལ་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་པོ་སྐྱེ་ཐེབས་གཉིས་སོ། །ཀུན་བཏུས་ལུགས་ལ་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་པོ་གང་རུང་ལ་མཉམ་བཞག་གིས་ཁྱབ་ཏེ།དེའི་ལུགས་ལ་རྗེས་བཟོད་རྗེས་ཤེས་ལྟ་བུ་བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་གང་དུ་ཁས་ལེན་མི་རིག་ཀྱང་མཉམ་བཞག་ཡེ་ཤེས་ཡིན་ཏེ། རྗེ་གུང་ཐང་བློ་གྲོས་རྒྱ་མཚོའི་འགྲེལ་མཆན་ལས་ཀྱང་། ཀུན་བཏུས་པས། རྗེས་བཟོད་བཞི་བར་ཆད་མེད་ལམ་དང་། རྗེས་ཤེས་བཞི་རྣམ་གྲོལ་ལམ་དུ་མི་འདོད་པས། དགེ་སྦྱོང་ཚུལ་དང་རྣམ་གྲོལ་ལམ་གྱ་ལྔ་ལས་མི་འདོད་ལ། འོན་ཀྱང་རྗེས་བཟོད་རྗེས་ཤེས་དེ་མཉམ་བཞག་ཡེ་ཤེས་སུ་བཤད་པས། ཞེས་གསུངས། 

དྲི་བ་དྲུག་པའི་ལན། ངེས་པའི་རྒྱུན་ཞུགས་ལན་བདུན་པ་དང་རིགས་སྐྱེའི་ཁྱད་པར་ལ་རང་ལུགས་དང་མཐུན་ཚབ་ཆེ་བའི་གཞུང་རྣམས་དང་མི་མཐུན་པ་མེད། དེའི་སྐོར་ལ་ཡིག་ཆ་ཁག་གིས་གསུངས་ཚུལ་མི་མཐུན་པ་ཡོད་དེ། དཔེར་ན། སྒོ་མང་ཡིག་ཆར། ངེས་པའི་རྒྱུན་ཞུགས་སྲིད་པ་ལན་བདུན་པ་ཡིན་ན་སྐྱེ་སྲིད་བཅུ་བཞི་དང་བར་སྲིད་བཅུ་བཞི་སྟེ་སྲིད་པ་ཉེར་བརྒྱད་ལེན་ངེས་ཀྱིས་ཁྱབ་པར་བཞེད་དེ། བསེའི་དགེ་འདུན་ཉི་ཤུའི་མཐའ་དཔྱོད་ལས། ངེས་པའི་རྒྱུན་ཞུགས་སྲིད་པ་ལན་བདུན་པ་ཡིན་པས་རྒྱུན་ཞུགས་ཀྱི་འབྲས་བུ་ལ་གནས་པ་དང་སྒོམ་སྤང་ཉོན་མོངས་གཅིག་ཀྱང་མ་སྤངས་བ་དང་། སྐྱེ་སྲིད་བཅུ་བཞི་དང་བར་སྲིད་བཅུ་བཞི་སྟེ་སྲིད་པ་ཉེར་བརྒྱད་ལེན་ངེས་ཏེ་ཁྱད་པར་གསུམ་ལྡན་དགོས་པའི་ཕྱིར། ཞེས་གསུངས་ལ། བླ་མ་རྗེ་བཙུན་པའི་དགེ་འདུན་ཉི་ཤུའི་མཐའ་དཔྱོད་ལས། མཚན་ཉིད་དང་བོ་མི་འཐད་པར་ཐལ། ངེས་པའི་རྒྱུན་ཞུགས་སྲིད་པ་ལན་བདུན་པ་བ་ཡིན་ན། རྒྱུན་ཞུགས་ཀྱི་རྟེན་ལ་སྲིད་པ་ལན་ཉི་ཤུ་རྩ་བརྒྱད་ལེན་པས་མ་ཁྱབ་པའི་ཕྱིར་ཏེ། སྐྱེ་སྲིད་བཅུ་གསུམ་པའི་རྟེན་ལ་ཕྱིར་འོང་གི་འབྲས་བུ་མངོན་དུ་བྱེད་པར་ངེས་པའི་རྒྱུན་ཞུགས་སྲིད་པ་ལན་བདུན་པ་བ་ཡོད་པའི་ཕྱིར། ཞེས་གསུངས། འབྲས་གནས་ཁྱད་པར་ཅན་ཡིན་ན་ཙམ་པོ་བའི་རྟོགས་པ་སྔོན་དུ་སོང་བས་ཁྱབ་སྟེ། འབྲས་གནས་གང་དང་གང་གི་དང་བོར་ཐོབ་པའི་འབྲས་གནས་ནི་ཙམ་པོ་བ་ཡིན་ལ་དེ་ལྟ་ན་ཁྱད་པར་ཅན་ནི་དང་བོར་ཐོབ་པ་དེའི་ཕྱིས་སུ་ཐོབ་པ་ཞིག་དགོས། 

དྲི་བ་བདུན་པའི་ལན། བར་འདའ་བ་གསུམ་དང་།སྐྱེ་འདའ་བ་གསུམ། གོང་འཕོ་གསུམ་གྱི་དོན་རྣམས་ནི། བསེའི་དགེ་འདུན་ཉི་ཤུ་ཆེན་མོ་ལས། གཟུགས་སུ་ཉེར་འགྲོའི་བར་འདའ་བ་གསུམ། སྐྱེ་འདའ་བ་གསུམ། གོང་འཕོ་གསུམ་སྟེ་དགུའི་ཁྱད་པར་ནི་ལས་དང་། ཉོན་མོངས་པ་དང་། དབང་བོའི་བྱེ་བྲག་གིས་འབྱེད་པ་ཡིན་ཏེ། མཛོད་ལས། གསུམ་ལ་ཡང་རྣམ་གསུམ་ཕྱེ་ནས། །གཟུགས་སུ་ཉེར་འགྲོ་དགུར་བཤད་དོ། །དེ་དག་གི་ནི་ཁྱད་པར་རྣམས། །ལས་དང་ཉོན་མོངས་བྱེ་བྲག་ལས། །ཞེས་གསུངས།ལས་ནི་རིམ་པ་བཞིན་དུ་མངོན་པར་འགྲུབ་པ་དང་སྐྱེས་ནས་དང་། ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ཅན་དང་། ཉོན་མོངས་པ་ནི་ཀུན་དུ་སྦྱོར་བ་ཆུང་འབྲང་ཆེ་བ་དང་། དབང་བོ་ཡང་ཆེ་འབྲིང་ཆུང་གསུམ་མོ། །ཞེས་གསུངས། ཕྱིར་མི་འོང་ཚངས་ཆེན་དུ་མི་སྐྱེ་བའི་རྒྱུ་མཚན་ནི་འཕགས་པ་ཚངས་ཆེན་དུ་མི་སྐྱེ་བས་ཡིན་ཏེ། གསེར་ཕྲེང་ལས། ལོག་ལྟའི་གནས་ཡིན་པའི་ཕྱིར་ཚངས་ཆེན་དུ་འཕགས་པ་མི་སྐྱེའོ། །ཞེས་དང་། མཁས་གྲུབ་དགེ་འདུན་བསྟན་པ་དར་རྒྱས་ཀྱི་དགེ་འདུན་ཉི་ཤུའི་སྤྱི་དོན་ལས་ཀྱང་། ཕྱིར་མི་འོང་ཚངས་ཆེན་དུ་མི་སྐྱེ་སྟེ། ཚངས་ཆེན་ལོག་ལྟའི་གནས་ཡིན་པས་ལམ་གྱི་ནུས་པས་དེར་སྐྱེ་སྒོ་གཅོད་ནུས་པ་དང་། ཚངས་པ་ཆེན་པོས་འགྲན་ཟླ་མེད་པའི་ལས་བསགས་པས་འདིར་གཙོ་བོ་གཅིག་ཏུ་ཟད་པའི་ཕྱིར། ཞེས་གསུངས། ཟག་མེད་ཀྱི་དངོས་གཞི་ལས་ཉམས་པ་མེད། འོན་ཀྱང་ཟག་མེད་ཀྱི་དངོས་གཞི་གང་རུང་ཞིག་ལས་ཉམས་པ་ནི་ཡོད་དེ། བསམ་གཏན་གྱི་དངོས་གཞིའི་སྙོམས་འཇུག་དང་འགོག་སྙོམས་ལས་ཉམས་པ་ཡོད་དོ། །

དྲི་བ་བརྒྱད་པའི་ལན། དེ་གསུམ་གྱི་དོན་ནི། གསེར་ཕྲེང་ལས། གཉིས་པ་ལ་གསུམ། སྤེལ་བའི་སྦྱོར་བ། གྲུབ་པའི་ཚད། སྤེལ་མ་དངོས་སོ།། དང་བོ་ནི། ཟག་མེད་ཀྱི་བསམ་གཏན་བཞི་བ་རྒྱུན་ལྡན་དང་། དེ་ནས་དེ་ཉིད་ཟག་བཅས་རྒྱུན་ལྡན་དང་དེ་ནས་ཟག་མེད་རྒྱུན་ལྡན་ལ་འཇུག་ལ། དེ་བཞིན་དུ་རྒྱུན་ཕྲི་ནས་སྐད་ཅིག་མ་གཉིས་ཟག་མེད་དང་། སྐད་ཅིག་མ་གཉིས་ཟག་བཅས་དང་། ཡང་ཟག་མེད་ལ་འཇུག་གོ ། དེ་ལྟར་དང་བོར་བཞི་བ་སྤེལ་བ་ཡང་དེ་སྐྱོན་བརྒྱད་ལས་གྲོལ་བས་ལས་སུ་རུང་ཞིང་ཏིང་ངེ་འཛིན་གསལ་བའི་ཕྱིར་ཏེ། ཞེས་དང་། ཡང་དེ་ཉིད་ལས། གཉིས་པ་ནི། བཞི་བ་ཟག་མེད་སྐད་ཅིག་གི་མཇུག་ཏུ་དེ་ཟག་བཅས་དང་། དེའི་མཇུག་ཏུ་དེ་ཟག་མེད་དུ་བསྲེ་ཐུབ་པ་ན་གྲུབ་སྟེ། ཞེས་དང་། ཡང་དེ་ཉིད་ལས། གསུམ་པ་ནི། འབྲས་བུ་གནས་གཙང་ལྔར་སྐྱེ་བའི་རྒྱུ་སྤེལ་མ་སྒོམ་པ་ཡང་ལྔ་ཡོད་དེ། དེ་གང་ན། གསུམ་སྤེལ་ནས་བཅོ་ལྔ་སྤེལ་གྱི་བར་རོ། །ཞེས་གསུངས། འདི་དག་བྱེ་སྨྲའི་ལུགས་ཡིན། སྤེལ་སྒོམ་གྱི་ནང་ཚན་དུ་གྱུར་བའི་ཟག་བཅས་དེ་གནས་གཙང་དུ་སྐྱེ་བའི་རྒྱུ་ཡིན་ཏེ། གསེར་ཕྲེང་ལས། དེ་ལ་གནས་གཙང་དུ་སྐྱེ་བའི་རྒྱུ་ནི་ཟག་བཅས་ཡིན་ཏེ། ཟག་མེད་ནི་སྲིད་པ་གཅོད་པས་སོ། །ཞེས་དང་། བསེའི་དགེ་འདུན་ཉི་ཤུ་ཆེན་མོ་ལས། ཟག་བཅས་ནི་འཇིག་རྟེན་པའི་དགེ་བ་དག་པ་བའི་བསམ་གཏན་ཡིན་གྱི་གནས་གཙང་དུ་སྐྱེ་བའི་འཕེན་བྱེད་ཀྱི་ལས་མ་ཡིན་ནོ། །ཞེས་གསུངས། 

དྲི་བ་དགུ་བའི་ལན། དེའི་དོན་ནི། གསེར་ཕྲེང་ལས། འདོད་པར་ཚེ་ཡོངས་འགྱུར་གྱི་ཕྱིར་མི་འོང་གི་དོན་ནི་ཚེ་དང་བོ་ལ་འབྲས་བུ་དང་བོ་གཉིས་གང་རུང་ཐོབ་ནས་ཚེ་གཉིས་པ་ལ་ཕྱིར་མི་འོང་དུ་གྱུར་བར་རྒྱལ་བོ་སྲས་ཀྱིས་བཤད་དོ། །ཞེས་གསུངས། 

སྐྱེས་ཙམ་ནས་འདའ་བ་དང་། བྱེད་བཅས་དང་། བྱེད་མེད་དང་། གོང་འཕོ་སོགས་དབྱེ་བ་དེ་དག་ཕྱིར་མི་འོང་འདོད་པར་ཚེ་ཡོངས་འགྱུར་ལ་མི་འཐད་པའི་རྒྱུ་མཚན་ཡོད་དེ། འདོད་པར་ཚེ་ཡོངས་འགྱུར་གྱི་ཕྱིར་མི་འོང་དེ་ནི་སྐྱེས་འདའ་བ་དང་བར་འདའ་བ་གོང་འཕོ་སོགས་ཁམས་གཞན་དུ་སྐྱེ་བ་མེད་པར་ཕྱིར་མི་འོང་ཐོབ་པའི་ཚེ་དེ་ལའམ་འདོད་པའི་རྟེན་ལ་དགྲ་བཅོམ་ཐོབ་པས་ཁྱབ་པས་སོ། །བྱེ་སྨྲའི་ལུགས་ལ་འདོད་པར་ཚེ་གྱུར་དེ་ཁམས་གོང་དུ་སྐྱེ་བ་མེད་དེ། མཛོད་ལས། འདོད་པར་ཚེ་ཡོངས་གྱུར་བའི་འཕགས། །ཁམས་གཞན་དུ་ནི་འགྲོ་བ་མེད། །ཅེས་གསུངས་སོ། །རེ་ཟུང་གིས་ལུང་དེར་ཁྱབ་པ་མེད་དེ། འདོད་པར་ཚེ་གྱུར་དེ་ལ་ཁམས་གོང་དུ་སྐྱེ་བ་ཡོད་དེ། འདོད་པར་ཚེ་ཡོངས་འགྱུར་གྱི་བརྒྱ་བྱིན་འོག་མིན་དུ་སྐྱེ་བ་ཡོད་པའི་ཕྱིར། དེར་ཐལ། བརྒྱ་བྱིན་གྱི་མདོ་ལས། འདི་ནས་ཤི་འཕོས་མིར་གྱུར་རྟེན་ལ་མི་འདའ་ཡིས། །བདག་ནི་ཐ་མར་ཉམས་ན་ལྷ་གང་འོག་མིན་ཞེས། །རྣམ་པར་གྲགས་པ་དེར་ནི་སྐྱེ་བར་འགྱུར་བར་ཤོག །ཅེས་གསུངས་པའི་ཕྱིར་ན་བྱེ་སྨྲས་མ་ཁྱབ་ཅེས་ཟེར་ཏེ། དེའི་ལུང་དོན་ནི་དགོས་དབང་ལ་དགོངས་པ་ཡིན་ཟེར་ཏེ། བསེའི་དགེ་འདུན་ཉི་ཤུ་ཆེན་མོ་ལས། གོང་དུ་འདོད་མི་ནུས་ཏེ། དེ་ལ་བྱེ་སྨྲ་རྣམས། བརྒྱ་བྱིན་དེས་ཆོས་མངོན་པར་མི་ཤེས་པ་དང་། བཅོམ་ལྡན་འདས་ཀྱིས་མ་བཀག་པ་ནི་དེ་ཡང་དག་པར་དགའ་བར་བྱ་བའི་ཕྱིར་ཡིན་ཟེར། ཞེས་གསུངས། 

འོན་ཀྱང་མདོ་སྡེ་བ་ཡན་ཆད་ཀྱི་གྲུབ་མཐའ་སྨྲ་བ་དག་གི་ལུགས་ལ་འདོད་པར་ཚེ་ཡོངས་འགྱུར་གྱི་ཕྱིར་མི་འོང་དེ་ཁམས་གོང་དུ་སྐྱེ་བ་ཡོད་པར་འདོད་དམ་སྟེ། བློ་གསལ་བགྲོད་པའི་ཐེམ་སྐས་ལས། འདོད་པར་ཚེ་གྱུར་ཁམས་གཞན་དུ་མི་འགྲོ་བར་གསུངས་པ་ཕལ་ཆེར་ལ་དགོངས་སམ་དཔྱད། ཅེས་གསུངས། ཡང་རྗེ་གུང་ཐང་བློ་གྲོས་རྒྱ་མཚོའི་འགྲེལ་མཆན་ལས། མདོ་སྡེ་བ་ཡན་ཆད་ཀྱི་ལུགས་ལ། འདོད་པར་ཚེ་ཡོངས་གྱུར་ཁམས་གོང་དུ་སྐྱེ་བ་ཡོད་དེ། རྣམ་བཤད་ལས། གཟུགས་གཟུགས་མེད་ཉེར་འགྲོ་གཉིས་ཀྱི་མཚན་ཉིད་ལ། མཐོང་ལམ་ཐོབ་པའི་ཚེ་དེ་ལ་ཕྱིར་མི་འོང་ཐོབ་པའི་གང་ཟག་གང་ཞིག  ཅེས་གསུངས་པ་གང་ཞིག  ཚེ་ཡོངས་གྱུར་གོང་མར་སྐྱེ་བ་མེད་ན་གཟུགས་དང་གཟུགས་མེད་དུ་སྐྱེ་ངེས་ཀྱི་འདོད་རྟེན་ཅན་གྱི་ཕྱིར་མི་འོང་ཞེས་སྦྱར་ཆོག་པའི་ཕྱིར། དེས་མཐོང་ལམ་ཐོབ་པའི་རྟེན་དེའི་དེ་མ་ཐག་གོང་མར་མི་འགྲོ་བས་ཉེར་འགྲོ་མི་ཟེར་རོ། །ཞེས་གསུངས། 

དྲི་བ་བཅུ་བའི་ལན། བར་འདའ་བ་གསུམ་དང་། སྐྱེ་འདའ་བ་གསུམ། འཕར་བ་གསུམ་གྱི་ཁྱད་པར་ནི་ལས་དང་དབང་བོ་དང་ཉོན་མོངས་ཀྱི་སྒོ་ནས་འབྱེད་དེ། བར་འདའ་བ་གསུམ་ནི་སྐྱེ་སྲིད་མ་བླངས་པར་བར་སྲིད་ཀྱི་རྟེན་ལ་དགྲ་བཅོམ་ཐོབ་པས་ན་ལས་དང་དབང་བོ་རྣོན་པོ་དང་སྤང་བྱ་ཆུང་ངུ་སྤངས་པའི་ཁྱད་པར་དེ་གསུམ་ལྡན་དང་། སྐྱེས་འདའ་བ་གསུམ་ནི་སྐྱེ་སྲིད་གཅིག་ཙམ་ལེན་དགོས་པས་ལས་དང་དེ་ཙམ་བླངས་པས་དགྲ་བཅོམ་འཐོབ་ནུས་པས་དབང་བོ་འབྲིང་དང་སྤང་བྱ་འབྲིང་ཙམ་སྤང་ནུས་པས་ཁྱད་པར་གསུམ་ལྡན་དང་། འཕར་གསུམ་ནི་དགྲ་བཅོམ་འཐོབ་པ་ལ་མ་མཐའ་གཟུགས་ཀྱི་སྐྱེ་སྲིད་གཉིས་ལེན་དགོས་པས་ལས་དང་སྐྱེ་བ་དེ་ཙམ་མ་བླངས་པར་དགྲ་བཅོམ་འཐོབ་མི་ནུས་པས་དབང་བོ་རྟུལ་བོ་དང་སྤང་བྱ་ཆེན་པོ་སྤངས་པའི་ཁྱད་པར་དེ་གསུམ་དང་ལྡན་པའི་ཕྱིར་རོ། །དེ་དག་གི་སྐོར་ལ་གདན་ས་ཁག་གི་ཡིག་ཆ་རྣམས་ཀྱི་གསུངས་ཚུལ་མི་འདྲ་སྟེ། རྗེ་གུང་ཐང་བློ་གྲོས་རྒྱ་མཚོའི་འགྲེལ་མཆན་ལས། རིན་ཆེན་བང་མཛོད་དུ། སྲིད་རྩེར་འགྲོ་ནི་སྲིད་རྩེར་མ་ངེས་ཀྱང་གཟུགས་མེད་ཀྱི་རྟེན་ལ་འདའ་དགོས་པར་སེམས་སོ། །ཞེས་གསུངས་པས་འོག་མིན་དང་སྲིད་རྩེར་མ་ངེས་ལ། རྗེ་བཙུན་པ་དང་བསོད་གྲགས་པས་ཚངས་རིས་ཀྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའི་འཕར་བ་ཡོད་པར་བཤད་པ་མི་འཐད་དེ། དེ་འདྲ་ཡོད་ན་ཚངས་རིས་ནས་ཚངས་རིས་སུ་སྐྱེ་དགོས་པ་གང་ཞིག མཛོད་ལས། སོན་པ་ཕྱིར་མི་འོང་ཕྱིར་ཏེ། །ཞེས་དམ་པའི་འགྲོ་བ་ཞེས་པ་ཚེ་འཕོས་ནས་གནས་གོང་མར་འགྲོ་བ་ལས་སྔར་སྐྱེ་བའི་གནས་དེར་ཕྱིར་མི་སྐྱེ་བའི་དོན་ཡིན་པའི་ཕྱིར་རོ། །ཞེས་གསུངས། བར་འདའ་བ་གསུམ་གྱིས་སྐྱེ་སྲིད་མངོན་པར་འགྲུབ་པའི་ཀུན་སྦྱོར་རགས་པ་ཆགས་བྲལ་གྱི་ཚུལ་གྱིས་སྤངས་ལ་བར་སྲིད་མངོན་པར་འགྲུབ་པའི་ཀུན་སྦྱོར་ཆགས་བྲལ་གྱི་ཚུལ་གྱིས་མ་སྤང་ངོ་། །གཟུགས་སུ་ཉེར་འགྲོ་ཕྱིར་མི་འོང་སྐྱེས་ནས་མྱ་ངན་ལས་འདའ་བ་དེས་སྐྱེ་སྲིད་དང་བར་སྲིད་མངོན་པར་འགྲུབ་པའི་ཀུན་སྦྱོར་གང་ཡང་མ་སྤང་ངོ་། །

དྲི་བ་བཅུ་གཅིག་པའི་ལན། ཅེས་པ་འདི་དེ་དག་གང་དུ་འདུ་ཞེ་ན། ཞེས་པའི་ལན་ནི། གསེར་ཕྲེང་ལས། སྤྱིར་འགོག་ཐོབ་ཀྱི་ཕྱིར་མི་འོང་ལ་ནི་འགོག་སྙོམས་ལས་མ་ཉམས་པར་ཚེ་དེ་དང་། ཉམས་ནས་གཟུགས་ཁམས་སུ་སྐྱེ་སྟེ་དེར་འདའ་བ་དང་། དེར་སྐྱེས་ནས་འགོག་སྙོམས་བསྐྱེད་དེ་ཤི་འཕོས་ནས་སྲིད་རྩེར་འདའ་བ་གཅིག་དང་གསུམ་བཤད་ལ། དང་བོ་ནི། མཐོང་ཆོས་ཞི་ལུས་མངོན་བྱེད་དང་ཕྱི་མ་གཉིས་ནི་ཉམས་ནས་སོར་མ་ཆུད་པའི་ཕྱིར་མི་འོང་ནི་འདོད་པའི་རྟེན་ལ་གནས་པ་ན་གཟུགས་སུ་ཉེར་འགྲོ་ཡིན་པའམ་ཉེར་འགྲོ་ཡོད་པ་ཡིན་ལ་ལུས་མངོན་བྱེད་མིན་པ་དང་། གཟུགས་ཁམས་སུ་སྐྱེས་པའི་རྟེན་ལ་འགོག་སྙོམས་སྐྱེད་ནས་ཚེ་དེ་དང་ཤི་ནས་གཟུགས་མེད་དུ་འདའ་བ་གཉིས་ནི་ལུས་མངོན་བྱེད་ཡིན་པར་སེམས་སོ།། ཞེས་གསུངས།  ཕྱིར་མི་འོང་ལུས་མངོན་བྱེད་ལ་འགོག་སྙོམས་ཐོབ་པས་ཁྱབ་བོ། །  འགོག་སྙོམས་ཀྱི་ངོ་བོ་དང་དགག་བྱ་ལ་གྲུབ་མཐའ་སོ་སོས་གསུངས་ཚུལ་མི་འདྲ་སྟེ། ཀུན་མཁྱེན་ཕར་ཕྱིན་སྐབས་བཞི་བའི་མཐའ་དཔྱོད་ལས། ཐལ་འགྱུར་བ་དག་གིས་མདོ་སྡེ་ས་བཅུ་བར་བརྟེན་ནས་ཆོས་ཉིད་ལ་ཚོར་འདུ་རགས་པ་བཀག་པའི་ཟག་མེད་ཀྱི་ཡེ་ཤེས་གཅིག་ལ་འདོད།  ཞེས་པ་ནས། མདོ་སེམས་གཉིས་དེ་དུས་སེམས་ཡོད་ཀྱང་འགོག་སྙོམས་ནི་འཇུག་ཤེས་ཀྱི་ཚོར་འདུ་རགས་པའི་ལྡན་མིན་དུ་ས་སྡེ་དང་སྡོམ་གཉིས་སུ་བཤད་པ་ཡིན་པའི་ཕྱིར་ཏེ། ཞེས་གསུངས། 

ཡིག་ཆ་ཁག་གིས་གསུངས་ཚུལ་མི་མཐུན་ཏེ། སྒོ་མང་ཡིག་ཆར། རང་རྒྱུད་པའི་ལུགས་ལ་འགོག་སྙོམས་ཤེས་པར་འདོད་དེ། ཀུན་མཁྱེན་ཕར་ཕྱིན་སྐབས་བཞི་བའི་མཐའ་དཔྱོད་ལས། གཉིས་པ་གྲུབ་སྟེ། སྒྲུབ་བྱེད་སྔ་ཕྱི་བསྡོམས་པས་རྣམ་ཐར་ཡིན་པས་ལམ་ཡིན་པའི་ཕྱིར། ལྡན་མིན་ཡང་ཁེགས་པས་ལོག་རྟོག་སྔ་མ་གཉིས་བསལ་བའི་ཕྱིར། ཞེས་གསུངས། རང་རྒྱུད་པའི་འདོད་པ་འཆད་པའི་སྐབས་ཀྱི་བླ་མ་རྗེ་བཙུན་པའི་སྐབས་བཞི་བའི་མཐའ་དཔྱོད་ལས། དང་བོ་ནི། དགག་གཞི་ཡིད་ཀྱི་རྣམ་ཤེས་ཕྲ་མོའི་སྟེང་དུ་དགག་བྱ་མཚུངས་ལྡན་རགས་པ་བཀག་པས་རབ་ཏུ་ཕྱེ་བའི་རིགས་སུ་གནས་པའི་འཕགས་རྒྱུད་ཀྱི་སྙོམས་འཇུག་ཏུ་གྱུར་བའི་ལྡན་མིན་འདུ་བྱེད། ཅེས་གསུངས། སྙོམས་འཇུག་གི་སྒྲིབ་པ་ལྟ་བུ་ཉམས་པའི་རྒྱུ་དང་། གང་ཟག་དེའི་རྒྱུད་ལ་སྙོམས་འཇུག་གི་སྒྲིབ་པ་མངོན་གྱུར་དུ་འབྱུང་ན་ཉམས་ཚུལ་ལོ། །

དྲི་བ་བཅུ་གཉིས་པའི་ལན། སློབ་དཔོན་ཐོགས་མེད་སྐུ་མཆེད་གཉིས་ཀྱིས་ཀྱང་མདོ་སྡེ་བའི་འདོད་པ་དེ་ཉིད་ལེགས་པར་མཛད་དེ། བློ་གསལ་བགྲོད་པའི་ཐེམ་སྐས་ལས། གལ་ཏེ་དགྲ་བཅོམ་པ་དེ་ལ་ཉོན་མོངས་གཏན་མི་སྐྱེ་བའི་གཉེན་པོ་སྐྱེས་ན་ཇི་ལྟར་ཉམས་པ་ཡིན། འོན་ཏེ་མ་སྐྱེས་ན་ཉོན་མོངས་ཀྱི་ས་བོན་རྩད་ནས་མ་བཏོན་ན་ཅི་ལྟར་ཟག་ཟད་ཡིན། ཟག་ཟད་མིན་ཡང་དགྲ་བཅོམ་པར་ཇི་ལྟར་འགྱུར། དེས་ན་དགྲ་བཅོམ་པ་ལས་ཉམས་པ་ནི་མེད་པ་ཡིན་ནོ། །ཡང་དེ་ཉིད་ལས། དགྲ་བཅོམ་སྤངས་པ་ཟློག་ཅེས་པའི། །བྱེ་བྲག་སྨྲ་བའི་ངན་རྟོག་རྣམས། །སངས་རྒྱས་གཉིས་པས་ལུང་རིགས་ཀྱིས། །ལེགས་པར་བཀག་རྣམས་རྒྱས་པར་བཀྲལ། །ཞེས་གསུངས། མཐོང་ཆོས་བདེར་གནས་ཀྱི་ཏིང་ངེ་འཛིན་གྱི་ངོ་བོ་ནི། གང་ཟག་དེ་རྣམས་ཆེད་དུ་བྱ་བ་གཞན་གྱི་དོན་དུ་མཐོང་བའི་ཆོས་ཚེ་འདི་ལ་ལུས་སེམས་བདེ་བར་གནས་པའི་ཏིང་ངེ་འཛིན་ཞིག་ལ་འདོད་ལ། དེ་ལས་ཉམས་ཚུལ་ནི། གང་ཟག་དེའི་རྒྱུད་ནས་དེའི་ཤུགས་ཉམས་པའམ་དེ་མངོན་གྱུར་བ་ལྡོག་ན་ཉམས་ཚུལ་ལོ། །

བྱེ་སྨྲས་དགྲ་བཅོམ་རིགས་དྲུག་ལས་དང་བོ་ལྔ་དགྲ་བཅོམ་ལས་ཉམས་པ་ཡོད་པར་འདོད་ལ་ཐ་མ་མི་གཡོ་བའི་ཆོས་ཅན་གྱི་དགྲ་བཅོམ་དེ་དགྲ་བཅོམ་ལས་ཉམས་པ་མེད་པར་འདོད་དེ། དང་བོ་ལྔ་དུས་སྦྱོར་དང་ཐ་མ་དུས་སྦྱོར་མིན་པའམ་མི་གཡོ་བར་འདོད་དོ། །བྱེ་སྨྲ་ཡན་ཆད་ཀྱི་ནང་བའི་གྲུབ་མཐའ་སྨྲ་བ་གང་གིས་ཀྱང་དགྲ་བཅོམ་པ་དགྲ་བཅོམ་ལས་ཉམས་པ་མེད་པར་འདོད་དོ། །འོན་ཀྱང་མདོ་སྡེ་བས་དགྲ་བཅོམ་པ་མཐོང་ཆོས་བདེར་གནས་ཙམ་ལས་ཉམས་པ་ཡོད་པར་འདོད་དོ། །ཉན་ཐོས་གཅིག་ཅར་བ་ཕྱིས་རང་རྒྱལ་དུ་སོང་བ་དེ་བཅུ་དྲུག་པ་ཐོབ་པ་དང་མཉམ་དུ་རང་རྒྱལ་གྱི་དགྲ་བཅོམ་མངོན་དུ་བྱེད་དོ། །དཔེར་ན། རྟོགས་རིགས་འདྲ་བའི་ལུགས་ལ་ཉན་ཐོས་གང་རུང་ཞིག་སྲིད་པ་ཐ་མའི་གནས་སྐབས་སུ་སློབ་དཔོན་གཞན་གྱི་མན་ངག་སོགས་ལ་མ་བརྟེན་པར་རང་སྟོབས་ཀྱིས་དགྲ་བཅོམ་པའི་གོ་འཕང་མངོན་དུ་བྱེད་པ་དེའི་ཚེ་དགྲ་བཅོམ་མ་ཐོབ་སྔོན་ལ་ཉན་ཐོས་གཅིག་ཅར་བ་དང་ཐོབ་ཚེ་རང་རྒྱལ་དགྲ་བཅོམ་དུ་གྱུར་བ་ལྟ་བུའོ། །

དྲི་བ་བཅུ་གསུམ་པའི་ལན། ཐེ་ཚོམ་ཟའོ། །ཞེས་པ་འདིས་གནོད་འཇོམས་དབྱིག་གཉེན་གྱི་མིན་པར་བསྒྲུབ་ཚུལ་ནི། གནོད་འཇོམས་གསུངས་མཁན་དབྱིག་གཉེན་མིན་ཏེ། ཡུམ་གསུམ་གནོད་འཇོམས་ཀྱིས་མདོ་ན་ཡོད་པའི་དགེ་བཅུའི་ལམ་མི་གཏོང་བ་རྒྱལ་སྲས་ཞེ་བརྒྱད་ཀྱི་ནང་དུ་མ་བགྲངས་པར་མདོར་གསུངས་མེད་པའི་ཕྱོགས་བཅུ་བོ་རེ་རེ་དང་བཅུ་བསྡོམས་པ་ལ་གཅིག་ཏུ་བྱས་ནས་ཞེ་བརྒྱད་ཀྱི་ནང་དུ་བགྲངས་པ་འདིས་ཀྱང་གནོད་འཇོམས་རྩོམ་མཁན་དབྱིག་གཉེན་ཡིན་པ་ལ་ཐེ་ཚོམ་ཟའོ། །ཞེས་པའོ། །གཞུང་འདིའི་གོང་འོག་ཏུ་གནོད་འཇོམ་དབྱིག་གཉེན་གྱི་མིན་པའི་སྒྲུབ་བྱེད་ལྔ་སོགས་བཀོད་ཡོད། མདོ་དེ་དག་གིས་རྒྱལ་སྲས་ཞེ་བརྒྱད་བསྟན་པར་འཕགས་སེང་གཉིས་ཀྱིས་བཞེད་མོད། ཁོང་གཉིས་ཀྱི་གཞུང་ན་མི་གསལ་བ་ནི་སྔར་འབུམ། ཉི་ཁྲི། ཁྲི་བརྒྱད་སྟོང་བ་གསུམ་གྱི་སྐབས་ཞེ་བརྒྱད་པོ་དེ་བསྟན་པས་སླར་ཡང་གསུངས་ཚུལ་ཟུར་དུ་མེད་པས་མ་ཕྱེ་བ་ཡིན་ནམ་སྙམ། མདོ་དེ་དག་གིས་རྒྱལ་སྲས་ཞེ་བརྒྱད་བསྟན་ཏེ། གསེར་ཕྲེང་ལས། དང་བོ་ནི། འབུམ་ཉི་ཁྲི། ཁྲི་བརྒྱད་སྟོང་བ་གསུམ་དུ། སངས་རྒྱས་ཀྱི་ཞིང་གཞན་དང་། དགའ་ལྡན་དང་མིའི་ནང་ནས་ཚེ་འཕོས་ནས་འདིར་སྐྱེས་པར་རིག་པར་བྱ། ཞེས་གསུམ་གསུངས་ལ་དེའི་རྗེས་སུ་ལྷ་ཚེ་རིང་བོར་སྐྱེས་པའི་མདོ་ནས་སངས་རྒྱས་ཀྱི་ཆོས་ཀྱི་སྣང་བ་དང་འབྲལ་བར་མི་བྱེད་པ་དག་ཀྱང་ཡོད་དོའི་བར་རྣམས་གསུངས་ཏེ། འདི་ལ་ཞེ་ལྔའོ། །ཞེས་གསུངས།

 འཕགས་སེང་གཉིས་ཀྱིས་རྒྱལ་སྲས་ཞེ་བརྒྱད་ཅེས་གཞུང་ན་མི་གསལ་ཚུལ་ནི། གསེར་ཕྲེང་སྡོམ་ལས། ཞེ་བརྒྱད་གསུངས་ལ་དེ་བཞིན་ཁས་བླངས་ན། །རང་ལུགས་ཞེ་བརྒྱད་ཙམ་གྱིས་མ་ཚར་ཏེ། །དེང་སང་ཉི་ཁྲི་འབུམ་སོགས་ན་མེད་པའི།།ལེའུ་བརྒྱད་མ་ལས་དྲངས་པའི་མདོ་བརྒྱད་ཀྱི། །དངོས་བསྟན་སེམས་དཔའ་བརྒྱད་ཀྱང་བསྣན་དགོས་པས། །རྒྱལ་སྲས་ཞེ་བརྒྱད་ཟེར་བའི་གྲངས་ངེས་འཇིག །གསེར་ཕྲེང་ལས་ཀྱང་ཞེ་བརྒྱད་གནོད་འཇོམས་གཉིས། །བཤད་པ་ཙམ་བཀོད་རང་ལུགས་ལ་མི་གསལ། །དེ་གཉིས་ལས་གཞན་རྒྱ་འགྲེལ་གཞན་རྣམས་དང་། །འཕགས་སེང་གཉིས་ཀྱིས་ཞེ་བརྒྱད་ཅེས་མ་གསུངས། །སྲས་མཆོག་གཉིས་ཀྱང་ཞེ་བརྒྱད་ཅེས་མ་བཤད། །ཅེས་དང་། རྒྱལ་སྲས་དེ་དག་དགེ་འདུན་ཉི་ཤུ་བོ་གང་དང་གང་དུ་སྦྱོར་ཚུལ་ནི། གསེར་ཕྲེང་སྡོམ་ལས། འོན་ཀྱང་དེང་སང་རླུང་ལྟར་གྲགས་ཆེ་བས། །ཞེ་བརྒྱད་བགྲང་ཚུལ་བརྒྱད་པ་རྗེས་འབྲང་གཉིས། །རྗེས་འབྲང་མདོ་གཉིས་རྒྱུན་ཞུགས་ཞུགས་པའི་ཡིན། །དེ་གསུམ་རྒྱུན་ཞུགས་ཞུགས་པའི་མིང་ཅན་ནོ། །རྒྱུན་ཞུགས་འབྲས་གནས་ཙམ་པོའི་མིང་ཅན་དང་། །བཞི་ཡོད་དད་མོས་གཉིས་དང་མཐོང་ཐོབ་གཅིག །ཕྱིར་འོང་འབྲས་གནས་ཙམ་པོའི་མིང་ཅན་གཅིག །ཕྱིར་མི་འོང་འབྲས་ཙམ་པོའི་མིང་ཅན་བཞི། །འབྲས་གནས་འདི་གཉིས་མདོ་གཉིས་ཉི་སྣང་ལས། །ཐོད་རྒལ་འབྲས་གནས་གཉིས་ཀྱི་མདོ་ལ་སྦྱར། །མི་ཡི་རིགས་སྐྱེ་གཅིག་ཡོད་ལྷའི་རིགས་གཉིས། །བར་ཆད་གཅིག་དང་བར་འདའ་སྐྱེས་འདའ་བ། །འདུ་བྱེད་འདའ་བ་བཞི་ཡི་མིང་ཅན་བཞི། །འདུ་བྱེད་མེད་པའི་གཉིས་དང་འོག་མིན་འགྲོ། བའཕར་བ་དང་བོ་གཉིས་དང་གསུམ་གྱི་གསུམ། །ཐམས་ཅད་འཆི་འཕོའི་མིང་ཅན་བཅུ་གཅིག་ཡོད། །སྲིད་རྩེ་འགྲོ་དང་གཟུགས་ཀྱི་ཆགས་བཅོམ་གཉིས། །མིང་ཅན་གཉིས་དང་མཐོང་ཆོས་ཞི་ཡི་བདུན། །ལུས་མངོན་བྱེད་ཀྱི་གཉིས་དང་དགྲ་བཅོམ་ཞུགས། །རང་སངས་རྒྱས་དང་གཉིས་ཀྱི་མིང་ཅན་གཉིས། །མཐའ་གཅིག་ཞེ་བརྒྱད་ཡིན་ཞེས་བསྡོམས་པ་མིན། །ཞེས་གསུངས་སོ། །

དྲི་བ་བཅུ་བཞི་བའི་ལན། སྔར་གྱི་འདོད་པ་དེ་དག་ལས་འཕགས་པས་བཞེད་པ་ཉིད་རིགས་ཏེ། འཕགས་པས་མངོན་པ་མཛོད་ལྟར་འཆད་ཀྱིན་ཡོད་ལ་མངོན་པ་མཛོད་ལྟར་ན་དབང་བོ་རྟུལ་དང་རྣོན་པོ་དག །ཅེས་པའི་དངོས་བསྟན་ལ་འཕགས་པ་བརྒྱད་པ་དང་ཆགས་བྲལ་སྔོན་སོང་གི་ཞུགས་པ་དབང་བོ་རྣོ་རྟུལ་སོགས་འཇོག་གིན་ཡོད་པས་འཕགས་པས་ཀྱང་དེ་ལྟར་འཆད་པས་ན་འདོད་པ་དེ་དག་ལས་འཕགས་པའི་དགོངས་པ་ཉིད་རིགས་པའི་ཕྱིར་རོ། །དེར་ལྟར་འཆད་དེ། གསེར་ཕྲེང་ལས། གང་དཔེར་བྱེད་ཅེ་ན། འཕགས་པས་ནི་ཐོད་རྒལ་བ་དང་རིམ་གྱིས་པ་གཉིས་དང་མཚུངས་པར་བཤད་དེ། དེ་ཡང་དབང་བོ་རྣོ་རྟུལ་གཉིས་དང་དད་ཐོབ་གཉིས་ནི་ཐོད་རྒལ་བའི་ཞུགས་གནས་བཞི་དང་། ལྷག་མ་རྣམས་མཐར་གྱིས་པ་དང་སྦྱར་ཞིང་དེ་དག་ཀྱང་མཛོད་དང་མཐུན་པར་འཆད་དོ། །ཞེས་གསུངས། འདོད་པ་གཞན་རྣམས་ལ། བོད་སྔ་མ་ཁ་ཅིག་དང་། རྒྱན་སྣང་། གྲགས་ཆ། ཐུབ་དགོངས་དང་ཟླ་འོད། འབུམ་འགྲེལ་སོགས་ལྔ་འཇོག་ལ། འདོད་པ་དེ་དག་མི་རིགས་ཏེ། བོད་སྔ་མ་ཁ་ཅིག་གིས་འཕགས་པའི་ལུགས་ལ་འོག་མིན་འགྲོ་དང་སྲིད་རྩེར་འགྲོ་འཕར་གསུམ་སོགས་ལྔ་བོ་གོང་འཕོ་ཞེས་གཅིག་ཏུ་བགྲངས་ནས་དགེ་འདུན་ཉི་ཤུའི་ལྔ་བར་འཇོག་ཅེས་བཤད་པ་དེ་མི་འཐད་པ་དང་། ཨ་བྷའི་འདོད་པའང་མི་འཐད་དེ། གསེར་ཕྲེང་ལས། སྤྱིར་ཨ་བྷྱ་ཀ་ར་རང་ལ་ཡིད་བརྟན་ཐུབ་པ་མི་སྣང་སྟེ། ཟླ་འོད་ལས། ཞེས་པ་ནས། སྲིད་རྩེར་འགྲོ་ལ་གཟུགས་ཀྱི་ཆགས་བཅོམ་དང་མཐོང་ཆོས་ཞི་དང་ལུས་མངོན་བྱེད་གཉིས་གཅིག་ཏུ་བགྲངས་ནས་གཉིས་བྱེད་པར་མངོན་ལ་གཞན་རྣམས་སློབ་དཔོན་གྱི་འགྲེལ་ཆུང་འདི་ཇི་བཞིན་དུ་བཤད་པའི་ཕྱིར་རོ། །ཞེས་གསུངས། 

རྒྱན་སྣང་དང་འགྲེལ་ཆུང་གཉིས་ཀྱིས་དགོངས་པའང་མངོན་པ་མཛོད་ལྟར་ན་མི་རིགས་ཏེ། རྒྱན་སྣང་དང་འགྲེལ་ཆུང་དུ། དབང་བོ་རྟུལ་དང་རྣོན་པོ་དག་ཅེས་པས་དངོས་བསྟན་ལ་འཕགས་པ་བརྒྱད་པ་དབང་བོ་རྣོ་རྟུལ་གཉིས་སུ་དང་རྒྱུན་ཞུགས་འབྲས་གནས་སོགས་བསྟན་པར་བཞེད་པ་ལས་དེའི་དངོས་བསྟན་ལ་ཐོད་རྒལ་བ་ཡོད་པར་མི་བཞེད་དོ། །མི་བཞེད་དེ། གསེར་ཕྲེང་ལས། སློབ་དཔོན་གྱིས་ནི་རྒྱན་སྣང་དུ་ཐམས་ཅད་ཀྱང་མཐར་གྱིས་པ་དང་མཚུངས་པར་བཤད་ཅིང་གཙོ་བོར་ཀུན་ལས་བཏུས་དང་མཐུན་པར་འཆད་དོ། །ཞེས་གསུངས། གསེར་ཕྲེང་ལས། མི་རིགས་ཏེ། ཕྱིར་འོང་དད་ཐོབ་ཁྱད་པར་ཅན་ཕྱིར་མི་འོང་ཞུགས་པ་ཡིན་ཀྱང་དེའི་ཕྱིར་འོང་ཞུགས་པར་འགལ་བས་སོ། །ཞེས་པའི་རྩོད་པ་ནི། གསེར་ཕྲེང་ལས། གལ་ཏེ་དད་ཐོབ་འབྲས་བུ་བར་བ་གཉིས་ལ་ཞུགས་པ་དེ་ཆགས་བྲལ་སྔོན་སོང་དུ་འགལ་ཡང་མཐར་གྱིས་པའི་ཞུགས་པའོ།། ཞེ་ན། ཞེས་པ་དེ་ཡིན་ལ། རྩོད་པ་དེའི་དོན་ནི། དད་ཐོབ་ཅེས་པའི་བརྡ་དེ་ཆགས་བྲལ་སྔོན་སོང་གི་ཞུགས་པ་བར་བ་གཉིས་ལ་སྦྱར་ན་འགལ་ཡང་། དད་ཐོབ་ཅེས་པའི་བརྡ་དེ་འབྲས་བུ་རིམ་གྱིས་པའི་ཞུགས་པ་བར་ལ་གཉིས་ལ་སྦྱར་ན་མི་འགལ་ཞེ་ན། 

རྩོད་ལན་ནི།  མི་རིགས་ཏེ། འདོད་པའི་ཉོན་མོངས་བརྒྱད་པ་དང་དགུ་བ་ཆགས་བྲལ་གྱིས་སྤངས་པའི་འབྲས་བུ་རིམ་གྱིས་པའི་ཕྱིར་འོང་དད་ཐོབ་ཁྱད་པར་ཅན་དེ་འབྲས་བུ་རིམ་གྱིས་པའི་ཕྱིར་མི་འོང་ཞུགས་པ་ཡིན་ཀྱང་འབྲས་བུ་རིམ་གྱིས་པའི་ཕྱིར་འོང་ཞུགས་པ་མིན་པའམ་དེ་ཡིན་པར་འགལ་བས་སོ། །ཞེས་པའི་དོན་ནོ། །འགལ་བར་ཐལ། འབྲས་བུ་རིམ་གྱིས་པའི་ཕྱིར་འོང་ཞུགས་པ་ཡིན་ན་འདོད་པའི་ཉོན་མོངས་བདུན་པ་དང་བརྒྱད་པ་ཕར་ཞོག་དྲུག་པ་ཆགས་བྲལ་གྱིས་མ་སྤངས་པས་ཁྱབ་པའི་ཕྱིར། ཁྱབ་སྟེ། གསེར་ཕྲེང་གི་རྩོད་པ་འདིའི་གོང་དུ། རང་ལུགས་ལ་འདོད་པའི་ཉོན་མོངས་བདུན་པ་དང་བརྒྱད་པ་དགུ་བར་ཆགས་བྲལ་བྱས་ན་འབྲས་གནས་ཐོབ་པའི་ཚེ་དད་ཐོབ་ཅེས་པའི་མིང་ངམ་བརྡ་འཐོབ་བོ། །ཞེས་གསུངས་སོ། །ཡང་ན་ཆགས་བྲལ་སྔོན་སོང་གི་ཕྱིར་འོང་ཞུགས་པ་ལ་མཐོང་ལམ་གྱི་སྔོན་དུ་འདོད་ཉོན་དྲུག་པ་ནས་བརྒྱད་པའི་བར་ཆགས་བྲལ་བྱས་པ་ཡོད་ཀྱང་འབྲས་བུ་རིམ་གྱིས་པའི་ཕྱིར་འོང་ཞུགས་པ་ལ་མཐོང་ལམ་གྱི་སྔོན་དུ་དེ་དག་ལ་ཆགས་བྲལ་བྱས་པ་མེད་དོ། །

དྲི་བ་བཅོ་ལྔ་བའི་ལན། རྗེ་བཙུན་བྱམས་མགོན་གྱིས་དགེ་འདུན་འདི་དག་མངོན་པ་ནས་བཤད་པ་དང་མིང་མཚུངས་པར་བསྟན་པ་ཡིན། འདིའི་མངོན་པ་ལ་མངོན་པ་མཛོད་འཇོག དགེ་འདུན་འདི་དག་མངོན་པ་ནས་བཤད་པའི་དགེ་འདུན་དག་དང་ཆོས་མཚུངས་ཚུལ་ནི། མཚོན་བྱ་དོན་གྱི་དགེ་འདུན་དག་མཚོན་བྱེད་དཔེའི་དགེ་འདུན་དག་དང་ཆོས་མཚུངས་སྦྱར་རྒྱུ་ཡོད་པས་ཡིན་ལ། ཆོས་མཚུངས་སྦྱོར་ཚུལ་ལ་གསུམ་ལས། སྤངས་པའི་ཁྱད་པར་མཐོང་སྤང་སྤངས་པའི་སྦྱོར་བ་ལ་བརྩོན་པ་དང་། རྟོགས་པའི་ཁྱད་པར་དེའི་གཉེན་པོ་ཟག་མེད་ཀྱི་དབང་བོ་ཐོབ་པ་དང་། དབང་བོའི་ཁྱད་པར་དད་པའི་རྗེས་འབྲང་དང་ཆོས་ཀྱི་རྗེས་འབྲང་གི་དབང་བོ་དེ་དང་མཚུངས་པ་སྟེ་སྤངས་རྟོགས་དབང་བོ་གསུམ་གྱི་སྒོ་ནས་ཆོས་མཐུན་སྦྱོར་རོ། །འཕགས་སེང་གཉིས་ཀྱིས་དགེ་འདུན་འདི་དག་མངོན་པ་གོང་འོག་སོ་སོ་དང་མཐུན་པར་འཆད་ཚུལ་དང་འཆད་པའི་རྒྱུ་མཚན་ནི། གསེར་ཕྲེང་ལས། གང་དཔེར་བྱེད་ཅེ་ན། འཕགས་པས་ནི་ཐོད་རྒལ་བ་དང་རིམ་གྱིས་པ་གཉིས་དང་མཚུངས་པར་བཤད་དེ། དེ་ཡང་དབང་བོ་རྣོ་རྟུལ་གཉིས་དང་དད་ཐོབ་གཉིས་ནི་ཐོད་རྒལ་བའི་ཞུགས་གནས་བཞི་དང་། ལྷག་མ་རྣམས་མཐར་གྱིས་པ་དང་སྦྱར་ཞིང་དེ་དག་ཀྱང་མཛོད་དང་མཐུན་པར་འཆད་དོ། །ཞེས་གསུངས། 

གསེར་ཕྲེང་ལས། སློབ་དཔོན་གྱིས་ནི་རྒྱན་སྣང་དུ་ཐམས་ཅད་ཀྱང་མཐར་གྱིས་པ་དང་མཚུངས་པར་བཤད་ཅིང་གཙོ་བོར་ཀུན་ལས་བཏུས་དང་མཐུན་པར་འཆད་དོ། །ཞེས་གསུངས།  

དྲི་བ་བཅུ་དྲུག་པའི་ལན། དགེ་འདུན་དེ་དག་དང་སྤངས་རྟོགས་སྐྱེ་བ་ལེན་ཚུལ་གསུམ་གྱི་ཆོས་མཚུངས་པ་ལྔ་དང་། སྤངས་རྟོགས་གཉིས་ཀྱི་ཆོས་མཚུངས་པ་བཞི། ལས་ཉོན་གྱིས་སྐྱེ་བ་ཟད་པ་སོགས་ཀྱིས་ཆོས་མཐུན་སྦྱོར་ཚུལ་གཅིག ཆོས་སྟོན་ཚུལ་གྱིས་ཆོས་མཐུན་སྦྱོར་ཚུལ་གཅིག་གོ །འདི་དག་རྗེ་གུང་ཐང་བློ་གྲོས་ཚང་གི་འགྲེལ་མཆན་དུ་གསལ། བྱང་འཕགས་ཡིན་ན་མཚོན་བྱ་དོན་གྱི་དགེ་འདུན་ཡིན་པས་མ་ཁྱབ་སྟེ། རང་རྒྱལ་མིང་ཅན་གྱི་རྒྱལ་སྲས་ཞེ་བརྒྱད་པ་དང་དབང་བོ་རྟུལ་དང་རྣོན་པོ་དག་ཅེས་པའི་དངོས་བསྟན་གྱི་ཆགས་བྲལ་སྔོན་སོང་གི་ཞུགས་པ་དབང་རྣོན་མིང་ཅན་གྱི་རྒྱལ་སྲས་དང་བོ་གཉིས་སོགས་ཆོས་ཅན། 

དཔེ་ཡི་དགེ་འདུན་ལ་དགྲ་བཅོམ་པ་ཡོད་ན་དོན་གྱི་དགེ་འདུན་ལ་སངས་འཕགས་ཡོད་དགོས་ཏེ། བསེའི་དགེ་འདུན་ཉི་ཤུ་ཆེན་མོ་ལས། སྐབས་འདིར་མཚོན་བྱེད་དཔེའི་དགེ་འདུན་ཉི་ཤུའི་ནང་དུ་ཐེག་དམན་མི་སློབ་པ་མ་བསྡུས་པ་ལ་རྒྱུ་མཚན་ཡང་དག་ཡོད་པར་ཐལ། འདིར་བསྟན་མཚོན་བྱེད་དཔེའི་དགེ་འདུན་ཉི་ཤུའི་ནི་འདིར་བསྟན་མཚོན་བྱ་དོན་གྱི་དགེ་འདུན་ཉི་ཤུ་མཚོན་དགོས་པ་གང་ཞིག འདིར་བསྟན་མཚོན་བྱ་དོན་གྱི་དགེ་འདུན་ཉི་ཤུའི་ནང་དུ་ཐེག་ཆེན་དགྲ་བཅོམ་མ་འདུས་པའི་ཕྱིར། དང་བོ་གྲུབ་སྟེ། མཚོན་བྱེད་དཔེའི་དགེ་འདུན་དང་མཚོན་བྱ་དོན་གྱི་དགེ་འདུན་ཞེས་པའི་མིང་དོན་གྱིས་གྲུབ་ལ། 

དཔེ་དོན་སྦྱོར་ཚུལ་ནི་སྤངས་བ་དང་རྟོགས་པ་དང་སྐྱེ་བ་ལེན་ཚུལ་གསུམ་གྱིས་སྦྱོར་བའི་ཕྱིར་ཏེ། གསེར་ཕྲེང་ལས། འོ་ན་དེ་དག་དང་ཆོས་མཚུངས་གང་ཞིག་གིས་སྦྱར་ཞེ་ན། སྤང་རྟོགས་དང་སྐྱེ་བ་ལེན་ཚུལ་དེ་གསུམ་གྱིས་སྦྱོར། ཞེེས་གསུངས་པའི་ཕྱིར། རྟགས་གཉིས་པ་འདིར་བསྟན་མཚོན་བྱ་དོན་གྱི་དགེ་ཉི་ཤུའི་ནང་དུ་ཐེག་ཆེན་དགྲ་བཅོམ་མི་འདུ་བར་ཐལ། འདིར་བསྟན་མཚོན་བྱ་དོན་གྱི་དགེ་འདུན་ཉི་ཤུ་བོ་བྱང་སེམས་འཕགས་པ་ཕྱིར་མི་ལྡོག་པ་ལ་ཕྱེ་བ་གང་ཞིག བྱང་འཕགས་ཕྱིར་མི་ལྡོག་གི་ནང་དུ་ཐེག་ཆེན་དགྲ་བཅོམ་མི་འདུ་བའི་ཕྱིར། ཞེས་གསུངས་སོ། །ཡང་ན་འགྲེལ་བ་ལས། དགེ་འདུན་ལ་སངས་རྒྱས་དཀོན་མཆོག་གི་ཁོངས་སུ་གཏོགས་པ་ཉིད་ཀྱིས་དགྲ་བཅོམ་པ་མ་གཏོགས་པ་འབྲས་བུ་དང་བོ་ལ་ཞུགས་པ་རྣམ་པ་གཉིས་སོ། །ཞེས་གསུངས་སོ། །གསེར་ཕྲེང་ལས། མི་རིགས་ཏེ། དགྲ་བཅོམ་འབྲས་གནས་ཀྱི་མིང་ཅན་འདྲེན་ན་ཐེག་ཆེན་གྱི་མི་སློབ་པ་བགྲང་དགོས་པས་དེ་ནི་སངས་རྒྱས་དཀོན་མཆོག་གི་ཁོངས་སུ་གཏོགས་པ་ཉིད་ཀྱིས་ཐེག་ཆེན་གྱི་དགྲ་བཅོམ་པ་ནི་སློབ་པའི་དགེ་འདུན་དུ་མ་གཏོགས་པས་སོ། །ཞེས་གསུངས། མདོ་ལས། གང་གིས་སེམས་ཅན་སྡུག་བསྔལ་བ། །ཉོན་མོངས་ཐམས་ཅད་དེ་ཡིས་བཅོམས། །ཉོན་མོངས་པ་ལས་སེམས་ཅན་གྲོལ། །དེས་དེ་དགྲ་བཅོམ་ཞེས་བརྗོད་དོ། །ཞེས་མདོ་ལས་ཀྱང་དགྲ་བཅོམ་དང་ཆོས་མཐུན་སྦྱོར་ཚུལ་གསུངས་སོ། །

དྲི་བ་བཅུ་བདུན་པའི་ལན། མཁས་པ་གསུམ་གྱི་འདོད་པ་ལས་བྷ་ག་ལ་བའི་འདོད་པ་ནི། གསེར་ཕྲེང་ལས། ཡུལ་བྷ་ག་ལ་བའི་མཁས་པའི་ལུགས་ཀྱིས་ངན་འགྲོ་ལ་སོགས་པའི་མི་ཁོམ་པ་མ་ལུས་པར་ཟད་པ་ནི་བཟོད་པ་ནས་ཡིན་ཏེ། ངན་འགྲོར་མེད་པས་ཆོས་ཆེན་པོ་ལ་བཟོད་པའི་ཕྱིར། ཞེས་པས་སོ། །དེས་ན་དྲོད་རྩེར་མི་ཁོམ་པ་ཕལ་ཆེར་ཟད་ཀྱི་མ་ལུས་པ་མིན་པས་འདུ་ཤེས་མེད་པ་བར་སྐྱེས་པ་དེ་དྲོད་རྩེ་བ་ཡིན་ལ། དེ་ཡང་སྨད་པའི་གནས་དེར་ཡུན་ཐུང་ལ་སྡུག་བསྔལ་ཡང་ཆུང་བ་མྱོང་ཞེས་ཟེར་ཏེ་དེའི་ལུགས་ཀྱིས་ཀྱང་འདིའི་དགེ་འདུན་ལ་སོ་སྐྱེ་འདོད་དོ། །ཞེས་གསུངས་ལ། ཡང་གསེར་ཕྲེང་ལས། ཡུལ་ཨོ་དེ་ཤ་བའི་མཁས་པ་རྣམས་ནི། ཞེས་པ་ནས། འདིའི་ལྟར་ན་དེ་ཚོགས་ལམ་པར་གསལ་ལོ། །ཞེས་དང་། ཡང་དེ་ཉིད་ལས། ཀོང་ཀ་ན་བ་དག་ནི་ལྷ་ཚེ་རིང་བོ་ལ་མི་ཁོམ་པ་ཡིན་མིན་གཉིས་ལས། ཞེས་པ་ནས། མདོར་ན་ཆོས་འདི་ལས་ཕྱི་རོལ་དུ་གྱུར་བ་དེར་སྐྱེས་པ་དེ་ལོག་ལྟ་སྐྱེ་བས་མི་ཁོམ་པ་ཡིན་ཀྱང་། བྱང་སེམས་སོ་སྐྱེ་ནི་དེར་ཡང་ཤེས་རབ་ཀྱི་སྟོབས་ཀྱིས་ལོག་ལྟ་མི་སྐྱེ་ཞེས་པའི་དོན་ནོ། །ཞེས་གསུངས་ལ་དེ་གསུམ་ནི་མཁས་པ་གསུམ་གྱི་འདོད་པའོ། །དེ་གསུམ་པོ་དགག་ཚུལ་ནི། གསེར་ཕྲེང་ལས། འདི་དག་ཀུན་ཀྱང་དད་མོས་ཀྱི་དགེ་འདུན་འདི་བདེན་པ་མ་མཐོང་བར་འདོད་པ་ཡིན་ལ། དེ་དགག་པ་ནི་བསྙད་ཟིན་ཏོ། །ཞེས་གསུངས་ལ། 

བསྙད་ས་ནི། གོང་དུ་གསེར་ཕྲེང་ལས། ཞེས་པའི་དགེ་འདུན་དུ་རང་ཉིད་ཀྱང་བཞེད་ལ་སྐྱབས་གསུམ་ཡ་གྱལ་གྱི་དགེ་འདུན་ནི་སར་ཞུགས་ཡིན་པར་འཕགས་པ་ཐོགས་མེད་ཀྱིས་བཤད་པས་སོ།། དེས་ན་ངེས་འབྱེད་ལ་གནས་པ་ཕྱིར་མི་ལྡོག་གི་དགེ་འདུན་ཙམ་དུ་རུང་ཡང་དགེ་འདུན་དཀོན་མཆོག་ཏུ་མི་རུང་ངོ་། །ཞེས་གསུངས། ཁམས་གོང་གི་སྐྱེ་སྲིད་ཀྱི་རྟེན་ལ་རྒྱུ་འབྲས་ལ་སྐུར་འདེབས་ཀྱི་ལོག་ལྟ་མེད་ཅེས་པ་ནི། ཁམས་གོང་གི་སྐྱེ་སྲིད་ཀྱི་སར་ཞུགས་རྟེན་ལ་རྒྱུ་འབྲས་ལ་སྐུར་འདེབས་ཀྱི་ལོག་ལྟ་མེད་པའི་དོན་ནོ། །མདོ་ཡི་དཀའ་གནས་ཞེས་པའི་མདོ་ལ་གསུམ་ཡོད་དེ། ལྷ་ཚེ་རིང་བོར་རྣམས་སུ་སྐྱེ་བར་སྟོན་པའི་མདོ་དང་། གཟུགས་ཀྱི་ཆགས་བཅོམ་མམ་སྲིད་རྩེར་འགྲོ་སྟོན་བྱེད་ཀྱི་མདོ། འཕར་གསུམ་སྟོན་བྱེད་ཀྱི་མདོ་གསུམ་མོ། །མདོ་དེ་དག་གི་དགོངས་པ་ནི། གསེར་ཕྲེང་ལས། ཞེས་པ་ལྟར། ཚེ་སྔ་མ་ཞིག་ལ་དེར་སྐྱེས་ཕྱིས་མིའི་ནང་དུ་འཕགས་ལམ་ཐོབ་པ་དེ་དབང་རྟུལ་དུ་བཞག་གོ ། ཞེེས་གསུངས་སོ། །

དེའི་དོན་ནི། བྱང་སེམས་སོ་སྐྱེ་གང་རུང་ཞིག་ཚེ་སྔ་མ་ཞིག་ལ་ལྷ་ཚེ་རིང་བོར་སྐྱེས་ཏེ་ཕྱིས་མིར་སྐྱེས་ནས་རྟེན་དེ་ལ་འཕགས་ལམ་ཐོབ་པ་དེ་ལྟ་བུ་ལྷ་ཚེ་རིང་བོར་སྐྱེ་བ་རྣམས་སུ་ཞེས་པའི་ལྷ་ཚེ་རིང་བོར་སྐྱེ་བ་དེར་འཇོག 

མདོ་གཉིས་པ་སྲིད་རྩེར་འགྲོ་སྟོན་པའི་མདོའི་དགོངས་པ་བཀྲལ་ཚུལ་ནི། གསེར་ཕྲེང་ལས། ཉེས་པ་མེད་དེ། སྐྱེ་བར་གསུངས་པ་དེར་སྐྱེ་བའི་རྒྱུ་གཟུགས་མེད་ཀྱི་སྙོམས་འཇུག་ཐོབ་པ་ཙམ་ལ་དགོངས་པའོ། །དེས་ན་སྐྱེ་བ་ལ་དབང་མ་ཐོབ་ན་སྐྱེ་བ་སྲིད་ཀྱང་ཐོབ་ན་མི་སྐྱེ་སྟེ། ཞེས་པ་ནས། མཐུའི་ཁྱད་པར་ཐོབ་པ་དག་དེར་མི་སྐྱེའོ། །ཞེས་གསུངས། མདོ་གསུམ་པ་འཕར་གསུམ་སྟོན་བྱེད་ཀྱི་མདོའི་དགོངས་པ་བཀྲལ་ཚུལ་ནི།གསེར་ཕྲེང་ལས། ཉེས་པ་མེད་དེ། དང་བོ་བྱང་འཕགས་དབང་རྟུལ་ཐབས་མི་མཁས་པ་འགའ་ཞིག་ལ་བསམ་པའམ། ཡང་ན། སོ་སྐྱེའི་དུས་སུ་རོ་མྱངས་པ་ལ་དགོངས་ལ། གཉིས་པ་ནི་འདོད་བཞིན་དུ་སྙོམས་འཇུག་དེ་དག་ལ་བརྟེན་ནས་སྐྱེ་བས་སོ། །ཞེས་གསུངས་སོ། །

དྲི་བ་བཅོ་བརྒྱད་པའི་ལན། ཐུབ་དགོངས་ཀྱིས་ས་རིམ་ཅན་དུ་སྦྱོར་ཚུལ་ནི། གསེར་ཕྲེང་ལས། རྗེས་འབྲང་གཉིས་སྐད་ཅིག་བཅོ་ལྔ་ལ། རིགས་ནས་རིགས་སྐྱེ་གཉིས་ས་གཉིས་པ་ནས་ལྔ་བའི་བར་བཞི་ལ། ཕྱིར་འོང་ཞུགས་པ་ས་དྲུག་པ་ལ། ཕྱིར་འོང་དང་བར་ཆད་གཅིག་པ་ས་བདུན་པ་ལ། ཕྱིར་མི་འོང་ཞུགས་པ་ས་བརྒྱད་པ་དང་དགུ་བ་ལ། བར་དོར་འདའ་བ་ནས་ལུས་མངོན་བྱེད་ཀྱི་བར་དག་ནི་ས་བཅུ་བ་ལ་གནས་པར་ཐུབ་དགོངས་ལས་བཤད་དོ། །ཞེས་གསུངས། དེ་ཉིད་ལས། ཟླ་འོད་དུ། ཕྱིར་མི་འོང་མཐར་ཐུག་པའི་བར་ཆད་གཅིག་པ་ས་བརྒྱད་པ་དང་དགུ་བ་ལ་དང་། བར་དོར་འདའ་བ་ནས་གོང་འཕོའི་བར་ཕྱིར་མི་འོང་ལྔས་ཁྱད་པར་གྱི་ལམ་དུ་སྒོམ་སྤང་དོན་གཅིག་སྤངས་པ་དགྲ་བཅོམ་ཞུགས་པར་བཤད་ཅིང་། གཞན་རྣམ་འདྲ་ལ་རང་རྒྱལ་གཉིས་ཀར་ས་མཚམས་མི་སྣང་ངོ་། །དེས་ན་ཨ་བྷྱའི་དགོངས་པ་ལ་བར་ཆད་གཅིག་པ་ས་བདུན་པ་གཅིག་བུ་དང་། བསེ་རུ་ལྟ་བུ་དགྲ་བཅོམ་ཞུགས་པ་དང་ས་མཚམས་གཅིག་ཏུ་བྱེད་པ་ལ་ཤེས་བྱེད་མི་སྣང་སྟེ། འགྲེལ་བ་དེ་གཉིས་ཞིབ་པར་བལྟས་པས་ཤེས་སོ། །ཞེས་གསུངས། 

ཨ་བྷྱའི་ལུགས་ལ། སྒོམ་སྤང་ལ་གྱ་གཅིག་དང་། སེམས་བསྐྱེད་ལ་བདུན་ཅུ་ཡོད་པར་བཞེད། སེམས་བསྐྱེད་ལ་བཏགས་པའི་ལམ་དེ་དག་སྒོམ་སྤང་གི་སྤང་གཉེན་དུ་སྦྱོར་ཚུལ་ནི། གསེར་ཕྲེང་ལས། དེ་རེ་རེ་ལ་ཆུང་སོགས་གསུམ་གསུམ་སྟེ་བཅུ་གཉིས་དང་སྦྱོར་མཇུག་གཉིས་དང་བཅུ་བཞི་སྟེ་བསྡོམས་པས་བདུན་ཅུའོ། །དེ་ལ་བསམ་གཏན་དང་བོ་ནས་བཞི་བའི་སྒོམ་སྤང་དང་བོ་གསུམ་ཡན་ཆད་ཀྱི་གཉེན་པོར་གྱུར་བའི་སེམས་བསྐྱེད་དང་བོ་གཉིས་ཀྱི་ཉེར་བརྒྱད་དང་གསུམ་པའི་གཉིས་བསྣན་པའི་སུམ་ཅུ་བ་ལ་ནི། རྩེ་མོའི་སྐབས་སུ་བསྟན་པའི་ཐར་ཆ་ཆུང་འབྲིང་གསུམ་པ་སྦྱོར་ལམ་བཅུ་གཉིས། མཐོང་ལམ་གྱི་སྦྱོར་བ་གཟུང་རྟོག་གི་གཉེན་པོ་གཉིས་དང་དངོས་གཞི་འཛིན་རྟོག་གི་གཉེན་པོ་གཉིས་སྟེ་བཞི། སྒོམ་ལམ་གྱི་སྦྱོར་བ་གཟུང་རྟོག་གི་གཉེན་པོ་གཉིས་དང་། དངོས་གཞི་འཛིན་རྟོག་གི་གཉེན་པོ་ཆེ་འབྲིང་དགུ་སྟེ་སུམ་ཅུས་བཏགས་ལ། བསམ་གཏན་བཞི་བའི་སྒོམ་སྤང་བཞི་བ་ནས་སྲིད་རྩེའི་དྲུག་པའི་བར་གྱི་གཉེན་པོར་གྱུར་བ་སེམས་བསྐྱེད་ལྷག་མ་བཞི་བཅུ་ལ་ནི་མཐར་གྱིས་པའི་སྐབས་སུ་བསྟན་པའི་ཚོགས་སྦྱོར་སྔར་ལྟར་དང་། མཐོང་ལམ་བཅུ་དྲུག་སྒོམ་ལམ་དགུ་སྟེ་བཞི་བཅུ་བོ་དེས་བཏགས་ཤིང་གཉིས་ཀའི་དགོངས་པ་ནི་ཅིག་ཅར་སྐྱེ་བ་དགག་པའི་ཕྱིར་རོ། །སྲིད་རྩེའི་གཉིས་ཀྱི་གཉེན་པོ་ནི་ཉི་ཤུ་བ་དང་སངས་རྒྱས་ཀྱི་སའི་ཐ་མ་གཉིས་ཡིན་ཏེ། དེས་ན་སྒོམ་སྤང་གྱ་གཅིག་པའི་གཉེན་པོ་དངོས་སངས་རྒྱས་ས་ལ་འདོད་དོ། །ཞེས་གསུངས། 

ཆོས་འབྲང་མིང་ཅན་དེ་ལ་རྒྱུན་ཞུགས་ཞུགས་པ་དབང་རྣོན་མིང་ཅན་གྱི་བྱང་སེམས་དེ་འཇོག དེ་ལ་ས་བཅུ་བ་བའང་ཡོད། སྐྱེ་བ་གཅིག་ཐོགས་པའི་རྒྱལ་སྲས་དང་བྱང་སེམས་ལ་ས་བཅུ་བ་བ་དགོས་ཏེ། སངས་རྒྱ་བ་ལ་སྐྱེ་བ་གཅིག་གིས་ཐོགས་པའི་རྒྱལ་སྲས་ཡིན་པའི་ཕྱིར་དང་། ས་བརྒྱད་པ་བ་དང་དགུ་བ་བ་ཡིན་ན་སངས་རྒྱ་བ་ལ་སྐྱེ་བ་གཅིག་ལས་མི་ཐོགས་པའམ་དག་ས་གསུམ་གྱི་གནས་སྐབས་སུ་བསྐལ་ཆེན་གྲངས་མེད་གསུམ་པའི་ཚོགས་དེ་བསགས་ཚར་དགོས་ལ་ས་བརྒྱད་པ་དང་དགུ་བར་གསུམ་པའི་ཚོགས་དེ་རྫོགས་པར་བསགས་མི་ནུས་པས་ན་སྐྱེ་བ་གཅིག་ཐོགས་པའི་བྱང་སེམས་ལ་ས་བརྒྱད་པ་དང་དགུ་བ་བ་མེད་པ་ཡིན་ལ། དེ་ལྟ་ན་སྐྱེ་བ་གཅིག་ཐོགས་པའི་བྱང་སེམས་སམ་རྒྱལ་སྲས་ལ་ས་བཅུ་བ་བ་ཡིན་དགོས་པ་ཡིན་ནོ། །ས་བཅུ་བ་བ་ལ་སྐྱེ་འཆི་མཚན་ཉིད་པ་ཡོད་མོད་ལས་ཉོན་ཀྱི་དབང་གིས་བླངས་པའི་སྐྱེ་འཆི་མཚན་ཉིད་པ་མེད། རྡོ་རྗེ་སྐུ་ལ་སྐྱེ་འཆི་མི་མངའ་ཡང་། ཞེས་སོ། །

དྲི་བ་བཅུ་དགུ་བའི་ལན། འོ་ན་མདོ་དེ་ལས་དགེ་སློང་རྣམས། ཞེས་པ་ནས། གཞན་དུ་ན་གནོད་བྱེད་ཡོད་པས་སོ། །ཞེས་པའི་དོན་ནི། རྗེ་གུང་ཐང་བློ་གྲོས་ཚང་གི་འགྲེལ་མཆན་ལས། ཕྱིར་མི་ལྡོག་པའི་འཁོར་ལོའི་མདོར། རྒྱལ་བྱེད་ཚལ་ཆུར་མེད་པ་ལ་ཆུའི་འདུ་ཤེས་སྐྱེས་པ་བཞིན་དུ། བྱང་སེམས་རྣམས་རྒྱུན་ཞུགས་སོགས་མིན་པ་ལ་ཡུམ་གྱི་མདོར། དེ་དག་གི་མིང་གིས་བསྟན་སྙམ་པའི་འདུ་ཤེས་བསལ་བའི་ཕྱིར་དུ། དེ་ལྟར་བསྟན་པའི་དགོས་པ། དགེ་འདུན་ནི་ཉན་ཐོས་ཁོ་ན་ལས་བྱང་སེམས་ལ་མེད་སྙམ་སྟེ། ཉན་རང་གི་བྱང་ཆུབ་ཙམ་གྱིས་ཆོག་ཤེས་པ་རྣམས་ཐེག་ཆེན་ལ་དྲང་པའི་ཕྱིར་དང་། ཞེས་གསུངས། 

དགོངས་གཞི། དགོས་པ། དངོས་ལ་གནོད་བྱེད་དག་ནི། མཁས་གྲུབ་རྟོགས་སྣང་ལས། རྗེ་བཙུན་གྱིས་དེ་དག་ཐམས་ཅད་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་ཞུགས་འབྲས་ཀྱི་ཐ་སྙད་ཀྱིས་ཉི་ཤུར་བསྡུས་ཏེ་བསྟན་ཅིང་དེ་དག་ཀྱང་གཞན་དག་ན་རེ་བཏགས་པ་བའི་དབང་དུ་བྱས་པ་ཡིན་ཅིང་། འདོགས་པའི་རྒྱུ་མཚན་སྤང་རྟོགས་འགའ་ཞིག་ཆ་འདྲ་བ་ཙམ་དང་། དགོས་པ་ཐེག་ཆེན་གྱི་གང་ཟག་མ་ངེས་པའི་རིགས་ཅན་རྣམས་བྱང་སེམས་འཕགས་པ་ལ་དགེ་འདུན་དཀོན་མཆོག་ཏུ་ཡིད་ཆེས་སུ། ཞུགས་པའི་སྒོ་ནས་ཐེག་ཆེན་དུ་དྲང་བའི་ཕྱིར་དང་། དངོས་ལ་གནོད་བྱེད་བྱང་སེམས་ཡིན་པར་བཤད་པའི་ཕྱིར། ཞེས་ཟེར་རོ། །ཞེས་གསུངས།  འདིར་དགོངས་གཞི་སོགས་བཞག་པ་འདི་རང་ལུགས་དང་མཁས་གྲུབ་རང་གིས་འདོད་པ་ཡིན་ནོ། །འོན་ཀྱང་ཚིག་ཟིན་ལ་བཏགས་པ་བར་མི་འཐད་པ་དང་དངོས་ལ་འདོད་པར་གསུངས་པ་སོགས་ནི་སྔ་མའི་མཁས་པ་རྗེ་རེད་འདའ་བ་སོགས་ཀྱི་འདོད་པ་བཀོད་པའམ་དེ་ལྟར་འདོད་མཁན་དག་དང་མཐུན་ཚུལ་ཙམ་གསུངས་པ་ཡིན་ནོ། །

དྲི་བ་ཉི་ཤུ་བའི་ལན། དཔེར་ན་རྟ་ཞེས་བྱ་བ་ནི་གླང་བོ་ཆེ་ཡིན་ལ་དེ་དབྱེ་ན་ར་དང་ལུག་གོ། །ཞེས་གསུངས་པ་ལྟར་མ་འབྲེལ་ལོ་བྱས་པ་ལ། ཞེས་ཁ་ཅིག་གིས་རང་ལུགས་ལ་རྩོད་ཚུལ་ནི། དཔེར་ན། སྲིད་པའི་རྩེ་མོའི་མཐར་ཐུག་པར་འགྲོ་བ་ནི། གཟུགས་སུ་སྐྱེས་ནས་དེ་ནས་མཐར་གཟུགས་མེད་དུ་སྐྱེས་ཏེ་དགྲ་བཅོམ་ཐོབ་ངེས་ཀྱི་ཕྱིར་མི་འོང་དེ་ལྟ་བུ་ཞིག་ཡིན་དགོས་ལ། གཟུགས་ཀྱི་ཆགས་བཅོམ་དང་གཟུགས་མེད་ཉེར་འགྲོ་ཕྱིར་མི་འོང་ཞེས་པ་གཉིས་ནི། ཚེ་འཕོས་ནས་གཟུགས་སུ་མ་སྐྱེས་པར་གཟུགས་མེད་ཀྱི་སྐྱེ་བ་བླངས་ནས་གཟུགས་མེད་ཀྱི་རྟེན་ལ་དགྲ་བཅོམ་མངོན་དུ་བྱེད་པ་དེ་ལྟ་བུ་ཞིག་ཡིན་དགོས། དེ་ལྟ་ན་སྲིད་པའི་རྩེ་མོའི་མཐར་ཐུག་པར་འགྲོ་བ་དང་གཟུགས་ཀྱི་ཆགས་བཅོམ་གཉིས་ནི་འགལ་བ་ཡིན་ལ། འགལ་བ་ཡིན་པ་དེ་ལྟ་ན། འགྲེལ་ཆུང་ལས། སྲིད་པའི་རྩེ་མོའི་མཐར་ཐུག་པར་འགྲོ་བ་ནི་གཟུགས་ཀྱི་འདོད་ཆགས་དང་བྲལ་བ་ཡིན་ལ་མཐོང་བའི་ཆོས་ལ་ཞི་བ་དང་ལུས་ཀྱི་མངོན་སུམ་དུ་བྱེད་པ་གཞན་རྣམ་པ་གཉིས་སོ། །ཞེས་གསུངས་པ་དེ་གོང་འོག་དབྱེ་བ་དང་དབྱེ་གཞི་བཞག་པ་རྣམས་མ་འབྲེལ་བར་འགྱུར་ཏེ། སྲིད་རྩེ་མཐར་ཐུག་འགྲོ་དང་གཟུགས་ཀྱི་ཆགས་བཅོམ་གཉིས་འགལ་བ་ཡིན་བཞིན་དུ་སྲིད་པའི་རྩེ་མོའི་མཐར་ཐུག་པར་འགྲོ་བ་ནི་གཟུགས་ཀྱི་འདོད་ཆགས་དང་བྲལ་བ་ཡིན་ཞེས་དེ་གཉིས་དབྱེ་གཞིར་བཞག་ནས། དེ་གཉིས་ལ་དབྱེ་ན་མཐོང་ཆོས་ཞི་དང་ལུས་མངོན་བྱེད་གཉིས་ཞེས་བཞག་ན་འབྲེལ་མེད་ཡིན་ཏེ། 

དཔེར་ན། རྟ་ཞེས་བྱ་བ་ནི་གླང་བོ་ཆེ་ཡིན་ལ་དེ་ལ་དབྱེ་ན་ར་དང་ལུག་གོ། །ཞེས་པ་ལྟར་མ་འབྲེལ་འགྱུར་རོ། །ཞེ་ན། རང་ལུགས་ཀྱིས་དེར་སྐྱོན་མེད་དེ། མཚོན་བྱེད་དཔེའི་ནང་ཚན་གྱི་སྲིད་རྩེར་འགྲོ་དང་གཟུགས་ཀྱི་ཆགས་བཅོམ་གཉིས་འགལ་བས་དེ་ལ་དབྱེ་ན་མཐོང་ཆོས་ཞི་དང་ལུས་མངོན་བྱེད་གཉིས་ཞེས་སོགས་བྱས་ན་མ་འབྲེལ་བར་འགྱུར་ཞེས་ཁ་ཅིག་ཁྱེད་ཀྱིས་བཤད་པ་བདེན་མོད། འོན་ཀྱང་འདིར་མཚོན་བྱ་དོན་གྱི་དགེ་འདུན་འཆད་པའི་སྐབས་ཡིན་པས་མ་འབྲེལ་བར་མི་འགྱུར་ཏེ། བསམ་གཟུགས་བརྒྱད་ཐོབ་པའི་སྲིད་རྩེ་མཐར་ཐུག་འགྲོའི་མིང་ཅན་གྱི་རྒྱལ་སྲས་དེ། གཟུགས་ཀྱི་འདོད་ཆགས་དང་བྲལ་བ་ཡིན་ལ་དེ་ལྟ་ན་གཟུགས་ཀྱི་འདོད་ཆགས་དང་བྲལ་བའི་བསམ་གཟུགས་བརྒྱད་ཐོབ་པའི་སྲིད་རྩེ་མཐར་ཐུག་འགྲོའི་མིང་ཅན་གྱི་རྒྱལ་སྲས་དེ་ལ་དབྱེ་ན་མཐོང་ཆོས་ཞི་དང་ལུས་མངོན་བྱེད་གཉིས་ཞེས་བཞག་ན་སློབ་དཔོན་གྱིས་འགྲེལ་ཆུང་དུ་གསུངས་པ་དེའང་མ་འབྲེལ་བར་མི་འགྱུར་ཏེ་མི་འགྱུར་རོ། །གསེར་ཕྲེང་ལས། དེ་ལྟར་ན་རྒྱུན་ཞུགས་ལ་ལྔ། ཕྱིར་འོང་ལ་གསུམ། ཕྱིར་མི་འོང་ལ་བཅུ། དགྲ་བཅོམ་འབྲས་ཞུགས་རང་རྒྱལ་ཏེ་ཉི་ཤུའོ། །ཞེས་པའི་འདོད་པ་དེ་རང་ལུགས་ཡིན་ཏེ། དེ་རང་ལུགས་སུ་བཞེད་ཀྱང་གོང་དུ་གསེར་ཕྲེང་ལས། འདི་ཁོ་ན་རྗེ་བཙུན་གྱི་བཞེད་པ་ཡིན་ཏེ། ཞེས་པ་དང་མི་འགལ་ཏེ། མངོན་པ་མཛོད་ལྟར་བྱས་ན་འཕགས་པས་གསུངས་པ་དེ་ཁོ་ན་རྗེ་བཙུན་གྱི་བཞེད་པ་ཡིན་པའི་དོན་དང་། འོག་གི་འདི་ཀུན་བཏུས་ལྟར་སློབ་དཔོན་གྱིས་དེ་ལྟར་བཞེད་པར་གསུངས་པ་ཡིན་ནོ། ། 

   དྲིས་ལན་འདི་རྣམས་སྤྱི་ལོ་ཉིས་སྟོང་༢༠༢༠-ལོའི་ཧོར་ཟླ་བདུན་པའི་ཚེས་ཉེར་ལྔ་ཉིན་འཇམ་དབྱངས་རྣམ་མཁྱེན་གྱིས་རྫོགས་པར་བྲིས་པ་དགེའོ། །འདིས་ཀྱང་རང་གཞན་གྱི་མཐར་ཐུག་གི་ས་ལམ་གྱི་བགྲོད་པ་ཡངས་པར་སྨོན་ཤོག །

རྣམ་བཞག་དཔྱོད་པའི་ལུང་རིགས་སྒྲ་སྒྲོག་སེམས་ཀྱི་

སྣང་བ།

(མཛོད་གནས་དགེ་འདུན་ཉི་ཤུའི་དོགས་དཔྱོད།)

                             རྡོ་རམས་པ་ཡར་འཕེལ་རྒྱ་མཚོ།

སོ་སོའི་རྣམ་བཞག་སོ་སོ་མཐའ་ཡས་དང་། །

སོ་སོའི་རྣམ་རྟོག་སོ་སོ་མཐའ་ཡས་ནའང་། །

ནད་བརྒྱ་ཀུན་འཇོམས་སྨན་གཅིག་རྟེན་འབྱུང་ལམ། །

འཇིག་རྟེན་གསལ་མཛད་རྩ་བརྒྱུད་བཤེས་རྣམས་འདུད། །

    བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །རྩ་བ་ལས། དེ་ནི་བར་སྐྱེས་འདུ་བྱེད་དང་། །འདུ་བྱེད་མེད་ཡོངས་མྱ་ངན་འདའ། །གོང་དུ་འཕོ་བ་རྣམས་དེ་ནི། །ཞེས་པ་ལྟར་གྱི་ཕྱིར་མི་འོང་གཟུགས་སུ་ཉེ་འགྲོ་ལྔ་ལ་ཚངས་ཆེན་མ་གཏོགས་པའི་གཟུགས་ཀྱི་གནས་བཅུ་དྲུག་གི་རྟེན་ལ་མྱང་འདས་ཐོབ་ངེས་རེ་ཡོད་པའི་ཕྱིར། མ་གྲུབ་ན། ཡོད་པར་ཐལ། གཟུགས་སུ་ཉེར་འགྲོ་ཕྱིར་མི་འོང་ཁྲི་ཉིས་སྟོང་དགུ་བརྒྱ་དྲུག་ཅུ་བརྩི་ཚུལ་ཡོད་པའི་ཕྱིར། རྟགས་དེར་ཐལ། མཛོད་སྡོམ་ལས། ཕྱིར་མི་འོང་ལྔར་སྤངས་པ་རིགས་དབང་བོས། །ཁྲི་དང་ཉིས་སྟོང་དགུ་བརྒྱ་དྲུག་ཅུར་དབྱེ། །ཞེས་གསུངས་པའི་ཕྱིར། དབྱེ་ཚུལ་ནི་རིགས་ཀྱིས་དྲུག་ལ་སྤངས་པས་དགུ་རེ་དེ་རེ་རེ་ལ་གནས་ཀྱིས་བཅུ་དྲུག་རེ་དེ་ལའང་དབང་བོས་གསུམ་རེ་དེ་ལའང་ཉེར་འགྲོ་ལྔ་རེ་བྱས་ན་འགྲིག་གོ །རྩ་བར་འདོད་ན་དེ་མི་འཐད་པར་ཐལ། གཟུགས་སུ་ཉེར་འགྲོ་གོང་འཕོ་ལ་འོག་མིན་འགྲོ་དང་སྲིད་རྩེ་འགྲོ་གཉིས་ལས་མེད་པའི་ཕྱིར་ཏེ། རྩ་བ་ལས། བསམ་གཏན་སྤེལ་ན་འོག་མིན་འགྲོ། །དེ་འཕར་ཕྱེད་འཕར་ཐམས་ཅན་དུ། །འཆི་འཕོ་གཞན་སྲིད་རྩེ་མོར་འགྲོ། །ཞེས་དང་མངོན་རྟོགས་རྒྱན་ལས། བར་སྐྱེས་ནས་དང་བྱེད་དང་བྱེད་མིན་འོག་མིན་འགྲོ། །འཕར་གསུམ་སྲིད་རྩེ་མཐར་ཐུག་འགྲོ། །གཟུགས་ཀྱི་ཆགས་བཅོམ། ཞེས་གསུངས་པའི་ཕྱིར། ཞེས་དཔྱད་ལ།  

     གཞན་ཡང་། གོང་འཕོ་འོག་མིན་འགྲོ་ལ་ཚངས་རིས་རྟེན་ལ་མྱང་འདས་ཐོབ་ངེས་ཞིག་མི་འཐད་པར་ཐལ་གོང་འཕོ་འོག་མིན་འགྲོ་ཡིན་ན་འཕར་བ་གསུམ་བོ་གང་རུང་ཡིན་དགོས་པ་གང་ཞིག  དེ་ལྟར་ན་ཚངས་རིས་སུ་ལན་གཉིས་སྐྱེ་བ་ལེན་དགོས་ལ་དེ་མི་འཐད་པའི་ཕྱིར། རྟགས་དང་བོ་གྲུབ་སྟེ། རྗེའི་བློ་གསལ་འགྲོད་པའི་ཐེམ་སྐས་ལས། འཕར་གསུམ་འགྲོ་ལས་གཞན་པའི་འོག་མིན་འགྲོ་ནི་མཁས་པའི་གཞུང་གང་ལས་ཀྱང་མི་འབྱུང་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ཟེར་མི་རུང་སྟེ་གོང་འཕོའི་མཚན་ཉིད་ཉེར་འགྲོ་གང་ཚེ་འཕོས་ནས་གཟུགས་ཀྱི་སྐྱེ་སྲིད་གཉིས་ཕན་ཆད་བླངས་ནས་འདའ་བ་བཞག་པའི་ཕྱིར། དེ་མིན་ན་སྐྱེ་འདའ་བ་དང་ཁྱད་པར་འབྱེད་ཚུལ་དཀའ་པའི་ཕྱིར་དང་འཕར་བ་གསུམ་གྱི་མཚན་ཉིད་ཟུར་དུ་གཟུགས་ཀྱི་སྐྱེ་སྲིད་གཉིས་ཙམ་བླངས་པ་གསུམ་ཙམ་བླངས་པ་བཞི་ཕན་ཆད་བླངས་པ་སྨོས་ནས་གནས་གཙང་གི་རྟེན་ལ་འདའ་ངེས་ཞེས་གསུངས་འདུག་པའི་ཕྱིར། ཚངས་རིས་སུ་ལན་གཉིས་སྐྱེ་བའི་དེ་འདྲའི་གོང་འཕོ་མི་འཐད་པར་ཐལ། དེ་འདྲའི་གོང་འཕོ་ཡིན་ན་སྐྱེས་བུ་དམ་པའི་འགྲོ་བ་བདུན་པོ་གང་རུང་ཡིན་དགོས་པ་གང་ཞིག་སྐྱེས་བུ་དམ་པའི་འགྲོ་བ་ཡིན་ན་གནས་གཅིག་ཏུ་ལན་གཉིས་མི་སྐྱེ་བས་ཁྱབ་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། རྩ་བ་ལས། གོང་དུ་འཕོ་བ་མ་ཕྱེ་བར། །དམ་པའི་འགྲོ་བ་བདུན་དུ་འདོད། །ཅེས་གསུངས་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། དམ་པ་དམ་མིན་འཇུག་མི་འཇུག །སོན་པ་ཕྱིར་མི་འོང་ཕྱིར་ཏེ། །ཞེས་གསུངས་པའི་ཕྱིར་ཞེས་དཔྱད།

      ཡང་སྡོམ་ལས། རྡོར་ཏིང་དམིགས་པའི་སྡུག་ཀུན་སྲིད་རྩེའི་ཏེ། །ཁྱད་ཆོས་བརྒྱད་ལས་ཅི་རིགས་ཡིན་ཕྱིར་བརྒྱད། །ས་དགུ་འགོག་ལ་རྣམ་པ་སོ་དྲུག་སྟེ། །འདོད་པའི་ལམ་བཞི་གོང་ལམ་སྤྱིར་དམིགས་པའི། །བཞི་སྟེ་ཉེར་བསྡོགས་བརྟེན་པ་ང་གཉིས་སོ། །བསམ་གཏན་ལྔ་ལ་ང་གཉིས་ང་གཉིས་སོ། །ནམ་མཁར་བརྟེན་ན་འདོད་པའི་འགོག་ལམ་བརྒྱད། །གཟུགས་འགོག་བཅུ་དྲུག་བོར་པས་ཉེར་བརྒྱད་སྟེང། །རྣམ་ཤེས་ལ་ནི་ནམ་མཁའི་འགོག་བཞི་བོར། །ཅི་ཡང་མེད་ལ་དེའི་བཞི་བོར་བ་ཡིན། །གཟུགས་ཀྱི་སུམ་བརྒྱ་བཅུ་གཉིས་ལྷག་དོན་གཉིས། །བསྡོམས་པའི་རྡོར་ཏིང་སུམ་བརྒྱ་གྱ་བཞིའོ། །ཞེས་རྡོར་ཏིང་སུ་བརྒྱ་གྱ་བཞིའམ་ཁྲི་གཅིག་སུམ་བརྒྱ་རེ་བརྒྱད་བརྩི་ཚུལ་ནི། སྲིད་རྩེའི་སྡུག་ཀུན་གཉིས་ཁམས་གསུམ་གྱི་འགོག་བདེན་དགུ་ཁམས་གོང་འོག་གི་ལམ་བདེན་གཉིས་བཅས་བཅུ་གསུམ་ལ་རྣམ་པ་ང་གཉིས་ཡོད་ལ་དེ་ཡུལ་དུ་བྱེད་པའི་རྡོར་ཏིང་ས་དྲུག་གིས་ང་གཉིས་བསྒྱུར་ན་སུམ་བརྒྱ་བཅུ་གཉིས་དང་གཟུགས་མེད་དང་བོ་གསུམ་གྱི་རྡོར་ཏིང་ལ་རིམ་བཞིན་ཉེར་བརྒྱད་ཉེར་བཞི་ཉི་ཤུ་བྱས་ན་བདུན་ཅུ་དོན་གཉིས་ཡིན། དེ་གཉིས་བསྡོམ་ན་སུམ་བརྒྱ་གྱ་བཞིའོ། །

        ལམ་བདེན་ཡང་འགོག་བདེན་ལྟར་དགུ་བྱས་ནས་སྔར་ལྟར་བརྩིས་ན་ལྔ་བརྒྱ་དོན་དྲུག་ཡིན། དེ་རིགས་དྲུག་གིས་བསྒྱུར་ན་སྟོང་གསུམ་བཞི་བརྒྱ་དང་དྲུག་ཡིན། དེ་དབང་བོ་གསུམ་གྱིས་བསྒྱུར་ན་ཁྲི་གཅིག་སུམ་བརྒྱ་དང་བརྒྱད་ཡིན་ནོ། །དེ་ལྟར་དུ་འདོད་ན། ནམ་མཁར་བརྟེན་ན། །གཟུགས་ལམ་བཅུ་དྲུག་བོར་བར་བྱས་བ་དང་། །རྣམ་ཤེས་ལ་ནི་ནམ་མཁའི་ལམ་བཞི་བོར། །ཅི་ཡང་མེད་ལ་དེའི་བཞི་བོར་བ་ཡིན། །ཞེས་པ་འདོད་དགོས་མོད། །དེ་མི་འཐད་དེ་གཟུགས་མེད་རྡོར་ཏིང་ཡུལ་ལ་གཟུགས་ཀྱི་ལམ་བདེན་ཡོད་དགོས་པའི་ཕྱིར་དེ། གཟུགས་མེད་དངོས་གཞིའི་ཡུལ་ལ་གཟུགས་ཡོད་པའི་ཕྱིར། དེར་ཐལ། སྡོམ་ལས། གཟུགས་མེད་པ། །གསུམ་གྱི་དངོས་གཞི་ཟག་བཅས་ཟག་མེད་ཀྱིས། །ས་དྲུག་ཟག་མེད་སྡོམ་དམིགས་སྲིད་རྩེ་ཡི། །ཟག་བཅས་ཀྱིས་ཀྱང་ཟག་མེད་སྡོམ་ལ་དམིགས། དེའི་ཕྱིར་གཟུགས་མེད་ནའང་ལུས་དྲན་ཉེ། །ཡོད་དེ་སྡེ་ཚན་མཐའ་གཉིས་མ་གཏོགས་སོ། །ཞེས་གསུངས་པའི་ཕྱིར་ཞེས་དཔྱད། རྩ་བ་ལས། བཞི་ནི་རིགས་ལས་ལྔ་འབྲས་ལས། །ཉམས་འགྱུར་དང་བོ་ལས་མ་ཡིན། །ཞེས་པའི་སྐབས་ནས་བསྟན་པའི་རིགས་ལས་ཉམས་པ་དང་འབྲས་བུ་ལས་ཉམས་པ་ལ་མུ་བཞི་ཡོད་མེད་སོགས་དཔྱད་དགོས་ཏེ། རིགས་ཙམ་ལས་ཉམས་པའི་རིགས་ཅན་དྲུག་གི་བར་བ་བཞི་ནི་དང་པོ་དང་། འབྲས་བུ་ཙམ་ལས་ཉམས་པའི་རིགས་ཅན་དང་པོ་ནི་གཉིས་པ་དང་། རིགས་འབྲས་གཉིས་ལས་ཉམས་པའི་རིགས་ཅན་བར་བ་བཞི་གསུམ་པ་དང་། དང་པོ་ཉིད་ནས་མི་གཡོ་བའི་རིགས་ཅན་དེ་བཞི་བ་ཡིན་ནོ་ཟེར་བ་ལ། འོ་ན་རིགས་འབྲས་གཉིས་ལས་ཉམས་པ་དང་འབྲས་བུ་ཙམ་ལས་ཉམས་པའི་རིགས་ཅན་དང་བོ་ཡོད་པར་ཐལ་འདོད་པའི་ཕྱིར། འདོད་ན། དེ་མེད་པར་ཐལ། སྐབས་འདིའི་འབྲས་བུ་ཙམ་ལས་ཉམས་པའི་རིགས་ཅན་དང་བོ་གཞི་མ་གྲུབ་པའི་ཕྱིར། རྟགས་དེར་ཐལ། སྐབས་འདིའི་འབྲས་བུ་ལས་ཉམས་ན་རིགས་ལས་ཀྱང་ཉམས་དགོས་ཏེ། སྐབས་འདིའི་འབྲས་བུ་འདུས་བྱས་འདུས་མ་བྱས་གཉིས་ཉམས་ན་དེ་འདྲའི་འདུས་བྱས་ཉམས་དགོས་ལ། དེ་ཉམས་ན་རིགས་ཉམས་དགོས་ཏེ་གྲོལ་ལམ་དེ་རིགས་ཡིན་པ་གང་ཞིག་དེ་ཉམས་དགོས་པའི་རྒྱུ་མཚན་འཐད་པའི་ཕྱིར་ཟེར་ནས་བྱེ་སྨྲའི་ལུགས་ལ་དཔྱད།

འདིར་སྨྲས་པ།  

འཇིག་རྟེན་འགྱུར་བཟློག་སྒྱུ་མའི་རྫུ་འཕྲུལ་བཞིན།།

ཡིད་བརྟན་མ་མཆིས་ངང་ཚུལ་འདི་བསམ་ན།།

ཅི་བྱ་ཅི་བྱ་བསླུ་མེད་རྣམ་གསུམ་མཁྱེན།།

ཁྱེད་བསྟན་འདི་ལས་རེ་ས་གཞན་ན་མེད །།

རང་བརླག་ཡོ་བྱད་ལག་ཏུ་འཕྱར་བཞིན་དུ །།

རང་གི་ཁྱད་འཕགས་ཡིན་རློམ་རྨོངས་པ་དག།

བྱིས་པའི་རྣམ་འགྱུར་འུར་སྒྲོག་ཙམ་ཞིག་ལས།།

གཞན་དུ་མི་སེམས་མི་ཚེ་སྐྱེལ་འདོད་འཁྲུལ།།

རླབས་ཆེ་བླང་དོར་ཤེས་བྱའི་མཐའ་མཉམ་པའི།།

ཡངས་པའི་མཁྱེན་དཔྱོད་བདེ་ལེགས་ཡོངས་ཀྱི་རྩེ།།

ཅི་འདོད་དབང་བའི་ཚད་མ་སྐྱེས་མཆོག་རྣམས།།

ལེགས་བྱའི་ངོ་མཚར་རྫོགས་མཐའ་བྲལ་འདི་ལྟོས།།

ཡིད་འོང་འབྲས་འབྱིན་འཕྲིན་ལས་ས་ཁྱབ་ཅིང་།།

འཕྲལ་ཕུགས་བདེ་དགའི་དཔལ་རྫོགས་བླ་ན་རྒྱས།།

ཉི་ཟླའི་གཟི་ལས་བརྒྱ་སྟོང་ཆེས་བརྒལ་བའི།།

ཡང་དག་ལྟ་སྤྱོད་སྤེལ་རྣམས་རྒྱལ་གྱུར་ཅིག།

       འདི་ནི་བླང་དོར་རྣམ་འབྱེད་ལུང་རིགས་ཆོས་སྒྲ་སྒྲོག་པའི་གནས་མཆོག་རྔ་ཡུལ་དཔལ་ལྡན་བཀྲ་ཤིས་སྒོ་མང་དུ་རྡོ་རམས་པ་ཡར་འཕེལ་རྒྱ་མཚོས་བྲིས་པའོ། །

ལེགས་བཤད་གསེར་གྱི་ཕྲེང་བའི་མཆན་འགྲེལ་འཇམ་མགོན་དགྱེས་པའི་མཆོད་སྤྲིན།

                                ཚོགས་རམས་པ་ཨཱརྱ་དེ་ཝ།

                        སེམས་བསྐྱེད་སྐོར།

༼ཀ༽གསེར་ཕྲེང་ལས། གཉིས་པ་ལ་བཞི། ལམ་གྱི་རང་བཞིན་སེམས་བསྐྱེད་པ། སེམས་བསྐྱེད་དེ་དག་བྱེད་གདམས་ངག་ནོད་པ། གདམས་པའི་འབྲས་བུ་ངེས་འབྱེད་ཡན་ལག གདམས་པའི་དོན་ཕྱིན་ཅི་མ་ལོག་པར་སྒྲུབ་པའོ། །དང་པོ་ལ་གཉིས། སྤྱི་དང་ཡན་ལག་གི་དོན་ནོ། །ཞེས་གསུངས་ལ། སྤྱིར་དང་པོར་གདམས་ངག་ཉན། དེ་ནས་རིགས་སད། དེ་ནས་སེམས་བསྐྱེད་དགོས་ལ། འདིར་སེམས་བསྐྱེད་ཐོག་མར་བསྟན་པ་ནི། དཔེར་ན་ལྷ་རིས་མཁན་གྱིས་ལྷ་སྐུ་ལ་ཡ་ཡོ་སོགས་ཀྱི་སྐྱོན་མི་འབྱུང་བའི་ཆེད་དུ་ཚངས་ཐིག་འདེབས་པ་ལྟར། མི་རྟག་པ་སྒོམ་པ་སོགས་ཆོས་ལྡན་གྱི་བྱ་བ་གང་བྱས་པ་གོལ་ས་གཞན་དུ་མི་འགྲོ་བར་སངས་རྒྱས་ཁོ་ནའི་རྒྱུར་འགྲོ་བ་ལ་ཐོག་མར་ཀུན་སློང་མ་མཐའ་སེམས་བསྐྱེད་བཅོས་མ་རེ་ཚུན་ཆད་གསལ་འདེབས་དགོས་པར་ཤེས་པའི་ཆེད་དུ་ཡིན་ནོ། །

                         སེམས་བསྐྱེད་སྐྱེ་བའི་རྟེན།

༼ཀ༽གསེར་ཕྲེང་ལས། ལུས་རྟེན་ནི། ལམ་ཤེས་ཀྱི་མདོ་ལས་ལྷའི་བུ་དུ་མས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ལས། ཀླུ་ཉི་ཁྲི་ཆིག་སྟོང་གིས་སེམས་བསྐྱེད་པར་གསུངས་པ་ལྟར་(ལྷ་དང་ཀླུ་དུད་འགྲོ་ཡིན་ལ་ཀླུའི་རྟེན་ལ་ཡང་ཡོད་པ)ཡིན་པས་(རྟེན་ཁྱད་པར་ཅན་ལ་སོ་ཐར་གྱི་རྟེན་དགོས་ཀྱང་སྤྱིར)སོ་ཐར་རྟེན་དུ་དང༌། ཞེས་སོ། །དེའི་རྟེན་ཁྱད་པར་ཅན་དང་བྱང་སེམས་ཀྱི་སྡོམ་ལྡན་ལ་སྲོག་གཅོད་སྤོང་བ་ངེས་ཅན་དུ་དགོས་ན། དེ་གནང་ཡུལ་དེ་ཡང་དེ་ལས་ལྡོག་དགོས་སམ་སྙམ་པའི་རྩོད་ཚུལ་དང་ལན་བྱང་ཆུབ་གཞུང་ལམ་ལས། བྱང་སེམས་ཀྱི་སྡོམ་ལྡན་ལ་འོག་ནས་འབྱུང་བ་ལྟར་སྲོག་གཅོད་སོགས་ལུས་ངག་གི་བདུན་གནང་བའི་སྐབས་སྲིད་ཀྱང༌། སྲོག་གཅོད་སྤོང་བ་སོགས་སོ་ཐར་དང་ཐུན་མོང་མ་ཡིན་པའི་སྐྱོན་མེད་དེ།

དཔེར་ན། ཆང་མ་གཏོགས་པའི་བཅས་རྐྱང་ནད་པ་ལ་གནང་ཡང༌། སྤྱིར་དགེ་སློང་སྡོམ་ལྡན་གྱིས་དེ་ལས་བཟློག་དགོས་པ་དང༌། དགེ་སློང་གི་སྡོམ་པ་ལེན་པ་ན་ཡང༌། ཡན་ལག་ཡན་ལག་ཐམས་ཅད་སྤོང་བར་འདོད་པས་བླང་དགོས་པ་བཞིན་ཏེ། ལུས་ངག་གི་བདུན་དམིགས་བསལ་གྱི་སྐབས་མ་གཏོགས་པར་སོ་ཐར་བཞིན་དུ་སྲོག་ལ་བབས་ཀྱང་མི་འཇུག་པར་བསྲུང་བར་གསུངས་པའི་ཕྱིར་རོ། །ཞེས་གསུངས་ཏེ། སྲོག་གཅོད་སོགས་ལུས་ངག་གི་བདུན་གནང་བའི་སྐབས་སྲིད་ན་དེ་རྟེན་གང་ལ་གནང་བ་ཡིན། སྲོག་གཅོད་སོགས་ལུས་ངག་གི་བདུན་གནང་ཡུལ་གྱི་རྟེན་ལ་ཁྱད་པར་ཡོད་དམ་མེད་ཞེ་ན། དང་པོ་ནི། བྱང་ཆུབ་གཞུང་ལམ་ལས། བསླབ་བཏུས་སུ། ས་མ་ཐོབ་པ་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་པ་ལ་འདི་བསམ་པར་བྱའི་གཞན་ལ་ནི་མ་ཡིན་ནོ། །ཞེས་འགྱུར་རྙིང་ལས་འབྱུང་ལ་འགྱུར་གསར་ལས་ས་ཐོབ་པ་ཞེས་འབྱུང་བ་ལ་ཁ་ཅིག་ས་ཐོབ་པ་ཡིན་ན་ཕྱིན་དྲུག་ལ་སྤྱོད་པ་དགོས་པར་སྟོན་པའི་ཚིག་དོན་མེད་པས་འགྱུར་རྙིང་པ་ལྟར་ལེགས་པར་འདོད་པ་འཐད་དམ་སྙམ་མོ། །ཞེས་གསུངས་སོ། །

༡ འོན་ཀྱང་སྐབས་བཞི་བའི་ཡིག་ཆ་ལས། འདི་ཡང་བྱང་སེམས་སྒོམ་ལམ་པ་ལ་ཡིན་གྱི་བྱང་ཆུབ་ཀྱི་སེམས་བསྐྱེད་མ་ཐག་ནས་རུང་བར་བཤད་ན་མི་དགེ་བའི་བཤེས་གཉེན་ཡིན་ལ། ཞེས་འདོད་སྲེད་གཞན་དོན་སྒྲུབ་པའི་ཡན་ལག་དུ་བྱེད་པའི་བྱང་སེམས་ལ་སྒོམ་ལམ་པ་གསུངས་པས་བྱང་སེམས་སྒོམ་ལམ་པ་ལ་མི་ཚངས་སྤྱོད་གནང་བར་ཐལ། དེས་འདོད་སྲེད་གཞན་དོན་སྒྲུབ་པའི་ཡན་ལག་ཏུ་བྱེད་པ་གང་ཞིག འདོད་སྲེད་གཞན་དོན་སྒྲུབ་པའི་ཡན་ལག་ཏུ་བྱེད་ཚུལ། སྙིང་རྗེ་དང་སྨོན་ལམ་གྱི་དབང་གིས་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སོགས་ཀྱི་ལུས་བཟུང་ནས་བུ་སྟོང་བསྐྱེད་པ་སོགས་ཀྱི་ཡན་ལག་ཏུ་བྱེད་པ་དེ་ཡིན་པའི་ཕྱིར། ཁྱབ་སྟེ། ཡིག་ཆ་ལས། བྱང་ཆུབ་ཀྱི་སེམས་བསྐྱེད་མ་ཐག་ནས་རུང་བར་བཤད་ན་མི་དགེ་བའི་བཤེས་གཉེན་ཡིན་ལ། ཞེས་མི་དགེ་བའི་བཤེས་གཉེན་དུ་འགྱུར་ཚུལ་ཡོད་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། རྣམ་བཤད་ལས། སྔར་བཤད་པའི་ལུང་དེའི་དོན་སྐྱེ་བ་ལེན་པའི་རྒྱུར་སྟོན་པ་མ་ཡིན་གྱི། སྙིང་རྗེ་དང་སྨོན་ལམ་གྱི་དབང་གིས་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སོགས་ཀྱི་ལུས་བཟུང་ནས་བུ་སྟོང་བསྐྱེད་པ་སོགས་ཀྱི་ཡན་ལག་ཏུ་དགོས་པར་ཤེས་པར་བྱ་ལ། ཞེས་གསུངས་པའི་ཕྱིར།

རྩ་བར་འདོད་ན། མི་ཚངས་སྤྱོད་དེ་བྱང་སེམས་རབ་བྱུང་དང་ཁྱིམ་པ་གཉིས་ལས་ཁྱིམ་པ་ཁོ་ནར་གནང་པ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། གཞུང་ལམ་ལས། རྟེན་ནི། གཞུང་ལས་ལོག་གཡེམ་ལ་བྱང་སེམས་རབ་ཏུ་བྱུང་བ་ཉན་ཐོས་ཀྱི་བསྟན་པ་མི་འཇིག་པར་རྗེས་སུ་སྲུང་བས་ནི་མི་ཚངས་པར་སྤྱོད་པ་བསྟེན་པ་རྣམ་པ་ཐམས་ཅད་དུ་མི་བྱའོ་ཞེས་རབ་བྱུང་ལ་བཀག་ཅིང་བྱང་སེམས་ཁྱིམ་པ་རྟེན་དུ་བཞག་ལ་མ་བྱིན་ལེན་ལ་སོགས་པ་གཞན་དྲུག་ལ་བྱང་སེམས་ཀྱི་རྟེན་དུ་གསུངས་སོ། །ཞེས་གསུངས་པའི་ཕྱིར་དང་། བྱང་སེམས་བཅས་པའི་རྟེན་ཅན་གཞན་དོན་དུ་མི་ཚངས་སྤྱོད་གཞི་ལ་ཞུགས་ན་བསླབ་པ་འབུལ་དགོས་པར་གསུངས་པས་མི་ཚངས་པར་སྤྱོད་པ་རབ་བྱུང་ལ་བཀག་ཅིང་བྱང་སེམས་ཁྱིམ་པ་རྟེན་དུ་བཞག་ལ་མ་བྱིན་ལེན་ལ་སོགས་པ་གཞན་དྲུག་རབ་བྱུང་ལ་མ་བཀག་པར་བྱང་སེམས་ཀྱི་རྟེན་ཅན་དུ་གསུངས་པའི་རྒྱུ་མཚན་ནི། བྱང་ཆུབ་གཞུང་ལམ་ལས། བསླབ་བཏུས་སུ། ཅི་སྟེ་དེ་ལས་སེམས་ཅན་གྱི་དོན་དུ་འགྱུར་བ་ལྷག་པ་མཐོང་ན་བསླབ་པ་དབུལ་ལོ། །འོ་ན་མི་ཚངས་སྤྱོད་ཁོ་ན་ལ་ཁྱིམ་པ་དང་རབ་བྱུང་གི་ཁྱད་པར་འབྱེད་པ་ཅི་ཞེ་ན། བྱང་སེམས་བཅས་པའི་རྟེན་ཅན་ལ་སྲོག་གཅོད་དང་མ་བྱིན་ལེན་དང་རྫུན་ལ་ལས་ལམ་བྱུང་ཡང་ཕམ་པར་འགྱུར་བར་མ་ངེས་ལ་བཅས་པའི་རྟེན་ཅན་ལ་མི་ཚངས་སྤྱོད་ཀྱི་ལས་ལམ་བྱུང་ན་རྩ་ལྟུང་དུ་འགྲོ་བར་ངེས་པས་དེ་ལ་དགོངས་ནས་ཁྱད་པར་མཛད་དོ། །ཞེས་གསུངས་པའི་ཕྱིར།

༢ བྱང་སེམས་བཅས་པའི་རྟེན་ཅན་ལ་སྙིང་རྗེ་ཁོ་ནས་ཀུན་ནས་བསླངས་པའི་མི་ཚངས་སྤྱོད་ཀྱི་ལས་ལམ་བྱུང་ན་དེ་རྩ་ལྟུང་དུ་འགྲོ་བའི་རྒྱུ་མཚན་གང་ཡིན་དང་། དེ་འདྲའི་ལས་ལམ་དེ་མི་དགེ་བའི་ལས་ལམ་ཡིན་མིན་དང་བྱང་སེམས་སོ་སྐྱེས་ལ་སྲོག་གཅོད་སོགས་ལུས་ངག་གི་བདུན་གནང་བའི་སྐབས་སྲིད་ལ་བྱང་འཕགས་ལ་མི་སྲིད་པའི་རྒྱུ་མཚན་གང་ཡིན་སོགས་ལ་དཔྱད་དགོས་སོ། །ཁོ་ན་རེ། བྱང་སེམས་ལ་སྲོག་གཅོད་སོགས་ལུས་ངག་གི་བདུན་གནང་བ་མེད་པར་ཐལ། དེ་དག་གི་གཟུགས་བརྙན་ཙམ་ལས་དེ་དག་དངོས་གནང་བ་མེད་པའི་ཕྱིར། དབུ་མ་ཆེན་མོ་ལས། ཁྱོད་ཀྱིས་རྗེ་བླ་མའི་བྱང་ཆུབ་གཞུང་ལམ་དུ་བྱང་སེམས་ལ་ལུས་ངག་གི་བདུན་གནང་བའི་སྐབས་ཡོད་ཀྱི་ཡིད་ཀྱི་གསུམ་མ་གནང་བར་བཤད་པ་མི་འཐད་པར་ཐལ། བྱང་སེམས་ལ་སྲོག་གཅོད་སོགས་ལས་ལམ་བཅུ་ག་གནང་བར་ཐེག་བསྡུས་ལས་བཤད་པའི་ཕྱིར་ན་མ་ཁྱབ་སྟེ། དེ་དེ་དག་གི་གཟུགས་བརྙན་ཙམ་གནང་བ་ལ་དགོངས་ནས་ཡིན་པའི་ཕྱིར་ཏེ། ཞེས་གསུངས་པའི་ཕྱིར་རོ། །

༼ཁ༽མི་ཁོམ་པ་ཐམས་ཅད་བྲལ་བ་དགོས་པ་མིན་ནོ། །ཞེས་གསུངས་སོ། །ལྷ་མ་ཡིན་དང་དམྱལ་བ་དང་ཡི་དྭགས་སོགས་གསུམ་གྱི་ལུས་རྟེན་ལ་ཡང་སེམས་བསྐྱེད་གསར་སྐྱེ་ཡོད་དེ། དང་བོ་ནི། རྒྱ་ཆེར་རོལ་བ་ལས། དེའི་ཚེ་ལྷ་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་ལྟོ་འཕྱེ་ཆེན་པོའི་ཚོགས་གྲངས་ལས་འདས་པ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དུ་སེམས་བསྐྱེད་དོ། །ཞེས་དང་། གཉིས་པ་ནི། དྲིན་ལན་བསབ་པའི་མདོ་ལས་གསུངས་ལ། གསུམ་པ་ནི། ཟ་མ་ཏོག་བཀོད་པའི་མདོ་ལས། སྤྱན་རས་གཟིགས་ཀྱིས་ཡི་དྭགས་དུ་མ་བདེན་པ་ལ་བཀོད་པར་གསུངས་པའི་དགོངས་པ་བསམ་གཟུགས་ཆེན་མོ་ལས་སེམས་བསྐྱེད་ལ་བཀོད་པ་ཡིན་པར་གསུངས་ཀྱང་སྐབས་གཉིས་པར་མཐོང་ལམ་ལ་གསུངས་པས་དཔྱད་གཞི་ཆེའོ། །དེས་ན་སེམས་བསྐྱེད་གསར་དུ་སྐྱེས་པའི་ལུས་རྟེན་ལ་འགྲོ་བ་རིགས་དྲུག་གི་ལུས་རྟེན་ཡོད་པ་ཡིན་ནོ། །

༡ བདག་ཅག་གི་སྟོན་པ་དང་རྒྱུད་གཅིག་པའི་སེམས་བསྐྱེད་མ་ཐག་པའི་དམྱལ་བའི་ཤིང་རྟ་འདྲེན་པའི་གྱད་ཆོས་ཅན། དམྱལ་བ་བ་ཡིན་པར་ཐལ། དམྱལ་བར་སྐྱེ་བ་འཕེན་བྱེད་ཀྱི་ལས་ཀྱི་རྣམ་སྨིན་གྱི་ཕུང་བོ་རྒྱུད་ལ་ལྡན་པའི་གང་ཟག་ཡིན་པའི་ཕྱིར། དེར་ཐལ། དམྱལ་བའི་ལུས་རྟེན་ཅན་ཡིན་པའི་ཕྱིར། གོང་དུ་ཁྱབ་སྟེ། ཀུན་གཞིའི་ཡིག་ཆ་ལས། ཤཱ་རིའི་བུ་ལྟ་བུ་ལ་ང་དང་འགྲོ་བ་ཞེས་པ་སྔ་མའི་རྣམ་སྨིན་གྱི་ཕུང་པོ་གྲུབ་པའི་ལྡོག་ཆ་ཙམ་ནས་བཤད་ཅིང་རིགས་མཐུན་གྱི་འགྲོ་བ་ཐམས་ཅད་དང་ཐུན་མོང་དུ་འཇུག་པས་གདགས་གཞིའི་ཆ་ཡིན་ལ། ཞེས་གསུངས་པའི་ཕྱིར། འདོད་ན། དེ་ཆོས་ཅན། དམྱལ་བ་བ་མ་ཡིན་པར་ཐལ། བདེ་འགྲོ་བ་ཡིན་པའི་ཕྱིར། དེར་ཐལ། བྱང་སེམས་ཡིན་པའི་ཕྱིར། ཁྱབ་སྟེ།  ཡིག་ཆ་ལས། བྱང་སེམས་ཡིན་པའི་ཕྱིར། ཁྱབ་སྟེ། དེ་ལ་བདེ་འགྲོ་བས་ཁྱབ་པའི་ཕྱིར་ཏེ། སྤྱོད་འཇུག་ལས། བདེ་ནས་བདེ་བར་འགྲོ་བ་ལ། །སེམས་ཤེས་སུ་ཞིག་སྒྱིད་ལུག་འགྱུར། །ཞེས་གསུངས་པའི་ཕྱིར།

༢ གཞན་ཡང་། དེ་ཆོས་ཅན། ཁྱོད་ངན་འགྲོའི་རྟེན་ཅན་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དམྱལ་བའི་རྟེན་ཅན་མ་ཡིན་པར་ཐལ།  འདོད་པའི་ཕྱིར། འདོད་ན། དམྱལ་བའི་རྟེན་ལ་སེམས་བསྐྱེད་གསར་དུ་སྐྱེས་པ་མེད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཡིག་ཆ་ལས། དེ་ལ་འདིར་བདག་ཅག་གི་སྟོན་པ་མཉམ་མེད་དེ་ཉིད་ཀྱིས་དང་བོར་དམྱལ་བའི་རྟེན་ལ་སྨོན་སེམས་དང༌། ཞེས་གསུངས་པའི་ཕྱིར།

༣ འོ་ན། སེམས་བསྐྱེད་གསར་དུ་སྐྱེས་པའི་རྟེན་ཡིན་ན་ངན་འགྲོའི་རྟེན་མ་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཡིན་ན་མི་ཁོམ་པ་མ་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ།གསེར་ཕྲེང་ལས། མི་ཁོམ་པ་ཐམས་ཅད་བྲལ་བ་དགོས་པ་མིན་ནོ། ཞེས་གསུངས་པའི་ཕྱིར།

༤ གཞན་ཡང་། བྱང་ཆུབ་སེམས་དཔའ་ཡིན་ན་ངན་འགྲོ་བ་མ་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན།  བྱང་ཆུབ་སེམས་དཔའ་ཡིན་ན་ངན་འགྲོར་སྐྱེས་པ་མེད་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཡིན་ན་ཉོན་མོངས་ཀྱི་དབང་གིས་ངན་སོང་དུ་མི་སྐྱེ་བས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་ཁོང་ཁྲོའི་དབང་གིས་དམྱལ་བར་སྐྱེས་པ་ཡོད་པའི་ཕྱིར། དབུ་མ་ཆེན་མོ་ལས། བྱང་སེམས་ནང་ཕན་ཚུན་སྟོབས་མཉམ་པས་མཉམ་པ་ལ་ལན་གཅིག་ལྟ་བུར་ཁྲོས་ན་བསོད་ནམས་འཇོམས་ཚུལ་ཡོད་དེ། བསྐལ་པ་དུ་མའི་དགེ་རྩ་འཇོམས་པ་དང༌། ངན་སེམས་ལན་གཅིག་ཡིན་ན་དམྱལ་བར་བསྐལ་པ་གཅིག་གནས་པ་ལྟ་བུའི་ངན་སེམས་ཀྱི་གྲངས་ལྟར་བསྐལ་པ་དེ་སྙེད་དུ་དམྱལ་བར་གནས་དགོས་པའི་ཕྱིར་ཏེ།

སྤྱོད་འཇུག་ལས། གང་ཞིག་དེ་འདྲའི་རྒྱལ་སྲས་སྦྱིན་བདག་ལ། །གལ་ཏེ་ངན་སེམས་སྐྱེད་པར་བྱེད་ན་དེ། །ངན་སེམས་བསྐྱེད་པའི་གྲངས་བཞིན་བསྐལ་པར་ནི། །དམྱལ་བར་གནས་པར་འགྱུར་ཞེས་ཐུབ་པས་གསུངས། །ཞེས་དང༌། ཞེས་གསུངས་པའི་ཕྱིར། གོང་གི་དེ་དག་ལ་འདོད་མི་ནུས་ཏེ། ཡིག་ཆར། ངན་འགྲོ་བའི་སེམས་རྟེན་ཅན་གྱི་བྱང་སེམས་ཡོད་པར་ཐལ། བྱང་སེམས་ལས་དབང་གིས་ངན་འགྲོར་སྐྱེ་བ་ཡོད་པའི་ཕྱིར། ནས། བརྩེ་བའི་བདག་ཉིད་ཅན་ཡང་དུད་འགྲོར་སྐྱེ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། ལས་དབང་གིས་ངན་འགྲོའི་ལུས་བླངས་པའི་དོན་ཡིན་གྱི་ངན་འགྲོར་གྱུར་པ་མ་ཡིན་པའི་ཕྱིར། ཞེས་གསུངས་སོ། །

༥ ཁོ་ན་རེ། བྱང་ཆུབ་སེམས་དཔའ་ལ་བདེ་འགྲོ་བས་ཁྱབ་པར་ཐལ་། ཡིག་ཆས་གསུང་ཚུལ་དེའི་ཕྱིར། འདོད་ན། བར་དོ་དང་དག་ཞིང་རྟེན་ཅན་གྱི་བྱང་སེམས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། འགྲོ་བ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། སྐྱེ་སྲིད་དུ་ཕྱིན་པར་ཐལ།འདོད་པའི་ཕྱིར། ཁྱབ་སྟེ། བསམ་གཟུགས་ཡིག་ཆ་ལས། བར་སྲིད་པ་ཆོས་ཅན། འགྲོ་བ་མ་ཡིན་པར་ཐལ། ཁྱོད་ལ་འགྲོ་བའི་དོན་མ་ཚང་བའི་ཕྱིར་ཏེ།འགྲོ་བའི་དོན་སྐྱེ་སྲིད་སོགས་སྐྱེ་བའི་ཡུལ་ལམ་བགྲོད་པའི་ཡུལ་དུ་ཕྱིན་པ་ལ་བྱེད་པ་གང་ཞིག ཁྱོད་དེར་མ་ཕྱིན་པའི་ཕྱིར། དང་བོ་གྲུབ་སྟེ། ཞེས་གསུངས་པའི་ཕྱིར།

༦ ཡང་ན། ངན་སོང་གསུམ་གྱི་ལུས་རྟེན་ལ་སེམས་བསྐྱེད་སྐྱེས་པ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་རྟེན་ལ་འཇུག་སེམས་སྐྱེས་པ་ཡོད་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། སྨོན་སེམས་སྐྱེ་རུང་གི་རྟེན་ཡིན་ན་འཇུག་སེམས་སྐྱེ་རུང་གི་རྟེན་ཡིན་པས་ཁྱབ་པའི་ཕྱིར། ལམ་རིམ་ལས།  ལུས་དང་བསམ་པའི་སྒོ་ནས་སྨོན་སེམས་སྐྱེ་རུང་བ་ཐམས་ཅད་འདིའི་ཡང་རྟེན་དུ་རུང་ལ། ཞེས་གསུངས་པའི་ཕྱིར་དང་།ཡིག་ཆ་ལས། ལུས་སེམས་གང་གི་སྒོ་ནས་སྨོན་སེམས་སྐྱེ་རུང་ཐམས་ཅད་ལ་འཇུག་སེམས་ཀྱང་སྐྱེ་རུང་བའི་ཕྱིར་ཏེ། ཞེས་གསུངས་པའི་ཕྱིར། འདོད་ན།ངན་སོང་གསུམ་གྱི་ལུས་རྟེན་ལ་ཚད་མེད་བཞི་ཐོབ་པ་ཡོད་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། ཕྱིན་དྲུག་གི་བྱ་བས་དངོས་སུ་ཟིན་ཞེས་པའི་བྱ་བ་ལ་སེམས་ཅན་གྱི་དོན་ལ་ཞུགས་ཤིང་ཕར་ཕྱིན་དང༌། ཚད་མེད་བཞི་དང༌། བསྡུ་བཞི་སོགས་ཐབས་ཤེས་གཉིས་དངོས་སུ་ཚང་བ་ཞིག་དགོས་པའི་ཕྱིར་ཏེ།

སྒོམ་རིམ་དང་བོ་ལས། བྱང་ཆུབ་སེམས་དཔའི་སྒྲུབ་པ་དེ་ཡང་ཕ་རོལ་ཏུ་ཕྱིན་པ་དང༌། ཚད་མེད་པ་བཞི་དང༌། བསྡུ་བའི་དངོས་པོ་ལ་སོགས་པའི་བྱེ་བྲག་ཡིན་པར་བློ་གྲོས་མི་ཟད་པས་བསྟན་པ་དང་དཀོན་མཆོག་སྤྲིན་ལ་སོགས་པའི་མདོ་ལས་རྒྱས་པར་བཤད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་དང་། ཡིག་ཆ་ལས། སློབ་པའི་སེམས་བསྐྱེད་ཡིན་ན་ཕྱིན་དྲུག་གི་ཉམས་ལེན་གྱིས་དངོས་སུ་ཟིན་པས་ཁྱབ་པར་ཐལ། དེ་ཡིན་ན་གོ་སྒྲུབ་ཡིན་པས་ཁྱབ་པའི་ཕྱིར་ན་མ་ཁྱབ་སྟེ། སེམས་བསྐྱེད་ཀྱི་ཚོགས་པ་དེ་ཙམ་མ་ཡིན་པར་སེམས་ཅན་གྱི་དོན་ལ་ཞུགས་ཤིང་ཕར་ཕྱིན་དང༌། ཚད་མེད་བཞི་དང༌། བསྡུ་བཞི་སོགས་ཐབས་ཤེས་གཉིས་དངོས་སུ་ཚང་བ་ཞིག་དགོས་པའི་ཕྱིར། ཞེས་གསུངས་པའི་ཕྱིར། གོང་དུ་འདོད་མི་ནུས་ཏེ། བསམ་གཟུགས་ཡིག་ཆ་ལས།བྱས་པ་ལ་ཁོ་ན་རེ། ངན་སོང་གསུམ་གྱི་ལུས་རྟེན་ལ་དེ་གསར་སྐྱེ་ཡོད་པར་ཐལ། དེའི་ལུས་རྟེན་ལ་བྱམས་སོགས་ཚད་མེད་བཞི་གསར་སྐྱེ་ཡོད་པའི་ཕྱིར་ཏེ། དེའི་ལུས་རྟེན་ལ་བྱམས་སྙིང་རྗེ་ཆེན་པོ་སོགས་གསར་སྐྱེ་ཡོད་པའི་ཕྱིར་ན་མ་ཁྱབ། ཞེས་གསུངས་པའི་ཕྱིར་རོ། །

༧ ཁོ་ན་རེ། དྲུག་པ་ལྷག་བསམ་པ་ལ་ངན་འགྲོ་བ་ཡོད་པར་ཐལ། ངན་འགྲོ་བ་དེ་ལ་སེམས་བསྐྱེད་སྐྱེས་པ་དང་དེ་བདེ་འགྲོ་བར་གྱུར་པ་དུས་མཉམ་ཡིན་པའི་ཕྱིར། སྤྱོད་འཇུག་ལས།བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང༌། །འཇིག་རྟེན་ལྷ་མིར་བཅས་པའི་ཕྱག་བྱར་འགྱུར། །ཞེས་གསུངས་པའི་ཕྱིར་དང་། ཡིག་ཆ་ལས། དེ་ལ་ཁོ་ན་རེ། ངན་འགྲོར་སྐྱེས་པའི་ངན་འགྲོ་བའི་སེམས་རྟེན་ལ་བྱང་སེམས་སྐྱེ་བ་ཡོད་པར་ཐལ། ངན་འགྲོ་བ་འཁོར་བར་ལས་ཉོན་གྱིས་འཆིང་བ་མང་པོས་བསྡམས་པ་མ་ཉམས་ཤིང་སྡུག་བསྔལ་གྱིས་ཉམ་ཤིན་ཏུ་ཐག་པ་ཡང་དེ་སྐྱེས་མ་ཐག་རྒྱལ་སྲས་དང་བདེ་འགྲོ་བར་འགྱུར་བའི་ཕྱིར་ཏེ། ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། སྟོང་ཉིད་རྟོགས་པའི་ངན་འགྲོ་བ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དབུ་མ་བ་ལ་ངན་འགྲོ་བ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན།དབུ་མ་བ་ལ་རྟ་བོང་སོགས་ཡོད་པར་ཐལ་ལོ། །

དེས་ན་སེམས་བསྐྱེད་མ་ཉམས་པར་ལས་དབང་གིས་ངན་འགྲོར་ལུས་བླངས་ན་ལུས་ཀྱིས་སྡུག་བསྔལ་མྱོང་ཡང་འཇུག་པ་ལྟར་སེམས་ཀྱི་དགའ་བདེ་ལ་མི་གནོད་པར་གྲོགས་སུ་འགྲོ་བས་ངན་འགྲོ་བ་དང་དེར་སྐྱེས་པ་མིན་ལ། སེམས་བསྐྱེད་སོགས་ཉམས་ནས་ལས་དབང་གིས་དེའི་ལུས་བླངས་ཚེ་ངན་འགྲོ་བ་སོགས་ཡིན་ཀྱང་སླར་ཚེ་དེར་སེམས་བསྐྱེད་སྐྱེས་ཚེ་བདེ་འགྲོ་བར་གྱུར་པ། ཡིག་ཆར། དང་བོར་ངན་འགྲོ་བ་གང་ཞིག །ཕྱིས་བདེ་འགྲོ་བར་གྱུར་པའི་ཕྱིར་ན་མ་ཁྱབ། ཅེས་པའི་དགོངས་པའོ། །ཡང་ཁོ་ན་རེ། ལས་ཉོན་གྱིས་ངན་འགྲོའི་ལུས་བླངས་པའི་བྱང་སེམས་སྐྱེ་བ་འཕེན་བྱེད་ཀྱི་ལས་ཆོས་ཅན། བདེ་འགྲོ་བའི་སྐྱེ་བ་འཕེན་བྱེད་ཀྱི་ལས་ཡིན་པར་ཐལ། དེ་འདྲའི་བདེ་འགྲོ་བ་དེའི་སྐྱེ་བ་འཕེན་བྱེད་ཀྱི་ལས་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་ན། དགེ་སློང་སྦྲུལ་དུ་གྱུར་མ་ཐག་པའི་སྐྱེ་བ་འཕེན་བྱེད་ཀྱི་ལས་ཆོས་ཅན། ངན་འགྲོ་བའི་སྐྱེ་བ་འཕེན་བྱེད་ཀྱི་ལས་ཡིན་པར་ཐལ། དེ་འདྲའི་བདེ་འགྲོ་བ་དེའི་སྐྱེ་བ་འཕེན་བྱེད་ཀྱི་ལས་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་ན། དགེ་སློང་སྦྲུལ་དུ་གྱུར་མ་ཐག་པའི་སྐྱེ་བ་འཕེན་བྱེད་ཀྱི་ལས་ཆོས་ཅན། སྐྱེ་བ་འཕེན་བྱེད་ཀྱི་ལས་ཡིན་པར་ཐལ། དེ་འདྲའི་སྦྲུལ་དེའི་སྐྱེ་བ་འཕེན་བྱེད་ཀྱི་ལས་ཡིན་པའི་ཕྱིར། འདོད་ན། དགེ་སློང་དང་དེ་གཉིས་ཚེ་གཅིག་གིས་བསྡུས་པ་མ་ཡིན་པར་ཐལ་ལོ། །ཞེས་དམ་པ་དག་གིས་གསུངས་སོ། །

༼ག༽གསེར་ཕྲེང་ལས། སེམས་རྟེན་ནི། རྒྱལ་བ་ལ་དམིགས་པའི་དད་པ། སེམས་ཅན་ལ་དམིགས་པའི་སྙིང་རྗེ། བྱང་སེམས་ཀྱི་ཕན་ཡོན་ཐོས་པ་དང་གསུམ་ཡིན་(འདི་དག་སྐྱེ་བའི་སེམས་རྟེན་ཡིན་པར་ཕར་ཕྱིན་མཆན་ལས་གསུངས་པ་ལྟར་ཡིན་)ཏེ། དཀོན་མཆོག་སྒྲོན་མེར། རྒྱལ་དང་རྒྱལ་བའི་ཆོས་ལ་དད་གྱུར་ཅིང༌། །རྒྱལ་སྲས་རྣམས་ཀྱི་སྤྱོད་ལ་དད་བྱེད་པ། །བྱང་ཆུབ་བླ་ན་མེད་ལ་དད་གྱུར་ནས། །(དེའི་འོག་ཏུ་དེའི་སྟོབས་ཀྱིས)སྐྱེས་བུ་ཆེན་པོ་རྣམས་ཀྱི་སེམས་(བསྐྱེད་དེ)སྐྱེའོ། །ཞེས་དང༌། རྒྱན་ལས། (སེམས་བསྐྱེད)དེའི་རྩ་བ་སྙིང་རྗེར་འདོད། །ཅེས་པ་ལྟར་རོ། །བླ་མེད་བྱང་ཆུབ་ཐོབ་པར་འདོད་པའི་མངོན་འདོད་ཀྱི་དད་པ་ལ་སེམས་རྟེན་དངོས་ཡོད་ཀྱང་དང་བའི་དད་པ་དང་ཡིད་ཆེས་ཀྱི་དད་པ་གཉིས་ལ་སྐྱེས་པའི་སེམས་རྟེན་མ་གཏོགས་མེད་དོ། །སེམས་རྟེན་དེས་རང་ལ་བརྟེན་པའི་ལམ་གྱི་སེམས་རྟེན་བྱེད་ཚུལ་ཡོད་དེ། ལམ་དེ་དག་ལྕགས་བསྲེགས་པ་ན་ལྕགས་དེ་མེའི་ངོར་སོང་བ་ལྟར་ལམ་དེ་རང་གི་ངོ་བོར་སོང་བའི་སྒོ་ནས་སེམས་རྟེན་བྱེད་པའི་ཕྱིར། ལེགས་བཤད་གསེར་ཕྲེང་ལས། བརྟེན་པར་བཤད་པ་དེ་རྣམས་ས་གང་དང་གང་གི་ངོ་བོར་སྐྱེས་པ་ལ་བརྟེན་པའི་ཐ་སྙད་བྱས་པ་སྟེ། ཞེས་གསུངས་པའི་ཕྱིར།

            སེམས་བསྐྱེད་ཀྱི་མཚན་གཞི།

༼ཀ༽གསེར་ཕྲེང་ལས། བྱང་སར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་ལམ་གྱི་མཆོག་ནི་སེམས་བསྐྱེད་པའོ་ཞེས་འབྱུང་བས་ཐོགས་མེད་ཀྱིས་བཞེད་པའི་སྨོན་ལམ་(བྱེད་པ་དེ་)སེམས་བསྐྱེད་ཀྱི་(བསྐྱེད་པའི)ངོ་བོར་བཞེད་ཅིང༌། རྒྱན་འགྲེལ་ལས། ཡོན་ཏན་གསུམ་དང་གཉིས་ལ་དམིགས་པ་དང་ལྡན་པའི་སེམས་པ་(འམ་སེམས་པར་བྱེད་པ་)ནི་སེམས་བསྐྱེད་པ་ཞེས་བྱའོ་ཞེས་བྱང་ཆུབ་སེམས་དཔའི་སེམས་པ་སྟེ། ཞེས་པའི་འགྲེལ་པར་འབྱུང་བའི་ཕྱིར་དབྱིག་གཉེན་ནི་ངོ་བོ་སེམས་པ་ལ་བཞེད་དོ། །རྒྱན་ལས། བརྟན་པ་རྣམས་ཀྱི་སྨོན་ལམ་ནི། །སེམས་པ་(ཞེས་བྱེད་ཚིག་གིས་)འདུན་དང་བཅས་པ་སྟེ། །ཞེས་གྲོགས་(དོན་གཉེར་གྱི)འདུན་པ་དང་བཅས་པའི་སེམས་པ(ར་པར་བྱེད་པ་༽་ལ་སྨོན་ལམ་(གྱི་སྒོ་ནས་སེམས་བསྐྱེད་པའི་དོན་)དུ་གསུངས་པས་(སེམས་པར་བྱེད་པའམ་སྨོན་པར་བྱེད་པ་སེམས་བསྐྱེད་ཀྱི་བསྐྱེད་པའི་དོན་དུ་འདོད་པ)སྐུ་མཆེད་དགོངས་པ་གཅིག་ཏུ་འདུག་སྙམ་མོ། །ཞེས་གསུངས་པའི་ཚིག་དོན་དེ་ལྟར་བཀྲལ་དགོས་པ་ཡིན་ཏེ།

ཡིག་ཆ་ལས། ཡང་ཁ་ཅིག་ན་རེ། སེམས་བསྐྱེད་ཀྱི་ངོ་བོ་ཐོགས་མེད་སྐུ་མཆེད་ཀྱིས་སེམས་བྱུང་དུ་བཞེད་པར་ཐལ། དབྱིག་གཉེན་གྱིས་སེམས་པར་བཤད། ཐོགས་མེད་ཀྱིས་སྨོན་ལམ་དུ་བཞེད་པའི་ཕྱིར། དང་བོ་དེར་ཐལ། མདོ་སྡེ་རྒྱན་ལས། སྤྲོ་བ་ཆེ་དང་རྩོམ་པ་ཆེ། །དོན་ཆེ་བ་དང་འབྱུང་བ་ཆེ། །བྱང་ཆུབ་སེམས་དཔའི་སེམས་པ་སྟེ། །ཞེས་དང༌། དེའི་འགྲེལ་པ་ལས། ཡོན་ཏན་གསུམ་མམ་གཉིས་ལ་དམིགས་པ་དང་ལྡན་པའི་སེམས་པ་ནི་སེམས་བསྐྱེད་པའོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། སྤྲོ་བ་ཆེ་བ་སོགས་ཀྱིས་ཡོན་ཏན་གསུམ་མམ་གཉིས་ལ་དམིགས་ནས་དོན་གཉེར་གྱི་སེམས་པར་བྱེད་པ་སེམས་བསྐྱེད་ཀྱི་བསྐྱེད་པའི་དོན་དུ་བཤད་པའི་ཕྱིར་ཏེ། རྒྱན་གྱི་འགྲེལ་བཤད་ལས། སེམས་འབྱུང་བ་ཞེས་བྱ་བ་ལ་འབྱུང་བ་དང་སྐྱེད་པའི་དོན་ཐ་དད་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། རྟགས་གཉིས་པ་དེར་ཐལ། བྱང་ས་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་ལམ་གྱི་མཆོག་ནི་སེམས་བསྐྱེད་པའོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། སེམས་བསྐྱེད་པ་ནི་སྨོན་ལམ་གྱི་སྒོ་ནས་བྱེད་པར་བཤད་པ་ཡིན་པའི་ཕྱིར་ཏེ། མདོ་སྡེ་རྒྱན་ལས། བརྟན་པ་རྣམས་ཀྱི་སྨོན་ལམ་ནི། །སེམས་པ་འདུན་དང་བཅས་པ་སྟེ།།ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། གསེར་ཕྲེང་ལས། གྲོགས་འདུན་པ་དང་བཅས་པའི་སེམས་པ་ལ་སྨོན་ལམ་དུ་གསུངས་པས་སྐུ་མཆེད་དགོངས་པ་གཅིག་ཏུ་འདུག་གམ་སྙམ། ཞེས་གསུངས་པའི་ཕྱིར། སེམས་པ་ཞེས་པ་བྱེད་ཚིག་ཡིན་ནོ། །ཞེས་གསུངས་པའི་ཕྱིར།

༼ཁ༽གསེར་ཕྲེང་ལས། དང་པོ་ནི་འཕགས་པས། སེམས་བསྐྱེད་པ་ཞེས་བྱ་བ་ལ་སེམས་ནི་རྣམ་པར་ཤེས་པ་སྟེ་རྣམ་པར་རིག་པའོ། །རྣམ་པ་ཤེས་པ་གང་ཡིན་ཞེ་ན་(རྣམ་ཤེས་དྲུག་ལས)ཡིད་ཀྱི་རྣམ་པར་ཤེས་པ་སྟེ་དཀར་བོའི་ཆོས་(ཐེག་ཆེན་གྱི་ལམ་འབྲས)ཐམས་ཅད་ལ་དམིགས་པ་(འམ་དེ་དག་གི་གཞུང་ཤིང་དང་ས་བོན་དང་སྡོམ་སོགས་སུ་བྱེད་པ་)ནི་དེ་ལ་སྲིད་པའི་ཕྱིར་རོ། །བསྐྱེད་པ་ཞེས་སྨོས་པས་ནི་(སེམས་སྔར་ལས་རྒྱ་ཇེ་ཆེར་སོང་བས་ན་སེམས་རྒྱ)མ་བསྐྱེད་པ་(རྒྱ)སྐྱེད་པར་ཤེས་པར་བྱེད་པ་ཡིན་པའི་ཕྱིར་ན་སེམས་ཀྱིས་རྟོགས་པའི་ཆོས་ལ་དང་བོའི་མཚམས་ཀྱི་དངོས་པོ་བསྟན་པའི་དོན་དུའོ་ཞེས་སེམས་དང་བསྐྱེད་པའི་དོན་བཤད་ནས། ཞེས་གསུངས། ཞེས་སོ། །སེམས་བསྐྱེད་ཀྱིས་དཀར་ཆོས་ཐམས་ཅད་ལ་དམིགས་དགོས་པ་གང་ཡིན་ཞེ་ན། དཔེར་ན་མི་ཞིག་མྱ་ངམ་གྱི་ཐང་དུ་ལུས་པ་ལ་མི་གཞན་ཞིག་འོངས་ནས་ངས་ཁྱོད་བདེ་བའི་གནས་སུ་སྐྱེལ་བར་བྱའོ་ཞེས་དམ་བཅས་པ་དེའི་ཚེ་སྐྱེལ་བའི་གནས་དང་སྐྱེལ་རྒྱུའི་མི་གཉིས་ཙམ་ཞིག་གི་སྤྱི་ཤར་བས་མི་ཆོག་པར་བར་ན་ལམ་ཇི་འདྲ་ཞིག་ཡོད་པའི་སྤྱི་འཆར་དགོས་པ་བཞིན་དུ། སེམས་བསྐྱེད་ཀྱིས་ཀྱང་དམིགས་ཡུལ་བྱང་ཆུབ་དང་གཞན་དོན་གཉིས་ཙམ་ཞིག་ལ་དམིགས་པས་མི་ཆོག་པར་བྱང་ཆུབ་དེར་བགྲོད་པའི་ལམ་གྱི་རིམ་པ་གཞན་རྣམས་ཡན་ལག་གི་ཚུལ་དུ་བསྡུས་ཏེ་ཐེག་པ་ཆེན་པོ་ལམ་འབྲས་བུ་དང་བཅས་པ་ཐམས་ཅད་དམིགས་ཡུལ་དུ་ཚུད་པ་ཞིག་དགོས་པའི་ཕྱིར། དེ་ལྟར་མིན་ན་ཐེག་ཆེན་སེམས་བསྐྱེད་ལམ་གྱི་སྡོམ་དུ་འཇོག་དཀའ། ཞེས་གུང་ཐང་རིན་པོ་ཆེས་གསུངས་སོ། །

༡ སེར་སྣ་ཅན་སྦྱིན་པ་ལ་འགོད་པར་འདོད་པའི་སེམས་བསྐྱེད་ཆོས་ཅན། བླ་མེད་རྫོགས་བྱང་ལ་དམིགས་པར་ཐལ། སེམས་བསྐྱེད་ཡིན་པའི་ཕྱིར། མ་གྲུབ་ན། གནས་སྐབས་ཀྱི་དམིགས་པ་ལ་དམིགས་པའི་སེམས་བསྐྱེད་མེད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཕར་ཕྱིན་མཆན་ལས། འདིའི་བྱང་ཆུབ་མདོར་བསྟན་དུ་ཆོས་ཀུན་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་དང༌། རྒྱས་བཤད་དུ་ཕྱིན་དྲུག་རེ་རེ་ནས་རྫོགས་པར་འདོད་པ་གསུངས་ལ། གཞན་དོན་མདོར་བསྟན་དུ་སེམས་ཅན་ཐམས་ཅད་ལྷག་མེད་དུ་འདའ་བར་འདོད་པ་དང༌། རྒྱས་བཤད་དུ་སེར་སྣ་ཅན་སྦྱིན་པ་ལ་འགོད་པ་དང་ཚུལ་ཁྲིམས་འཆལ་བ་ཚུལ་ཁྲིམས་ལ་འགོད་པ་སོགས་གསུངས་པས་སེམས་བསྐྱེད་དུ་འགྱུར་བ་ལ་མཐར་ཐུག་གི་དམིགས་པ་རྫོགས་བྱང་ལ་མ་དམིགས་ན་བློའི་འཕེན་པ་དམན་པས་སེམས་བསྐྱེད་དུ་མི་འགྲོ་ཡང༌། གནས་སྐབས་ཀྱི་དམིགས་པར་ཅི་རིགས་ཡོང་བར་རྗེ་བཙུན་བླ་མ་རྣམས་གསུངས་སོ། །ཞེས་གསུངས་སོ། །

༢ སེམས་བསྐྱེད་དེའི་དམིགས་པ་ཡིན་པའི་ཚད་དང་དཀར་ཆོས་ཡིན་ན་སེམས་བསྐྱེད་ཀྱི་དམིགས་པ་ཡིན་པས་ཁྱབ་མིན་དང་། སེམས་བསྐྱེད་ཡིན་ན་ཁྱོད་ཀྱི་དམིགས་པ་ལ་གནས་སྐབས་དང་མཐར་ཐུག་གི་དམིགས་པ་གཉིས་ཡོད་པས་ཁྱབ་མིན་སོགས་ལ་དཔྱོད།

༼ག༽གསེར་ཕྲེང་ལས། སློབ་དཔོན་གྱི་རྗེས་སུ་འབྲངས་པ་ཡིན་ཀྱང་ཅུང་རྩིངས(ཏེ། སློབ་དཔོན་གྱིས་འདུན་སོགས་ཉེར་གཉིས་དང་མཚུངས་ལྡན་གྱི་སེམས་བསྐྱེད་ལ་དེ་དག་གི་མིང་གི་བཏགས་པར་མ་བཤད་པས་)སོ། །

༼ང༽གསེར་ཕྲེང་ལས། དོན་གཉེར་གྱི་འདུན་པ་ཉིད་སེམས་སུ་འདོད་པས་སེམས་(ཀྱི་རྫས་དང་)སེམས་བྱུང་རྫས་(གཉིས་ཀ་ཡིན་པའམ་)གཅིག་ཏུ་འདོད་དོ།།ཞེས་གསུངས་པ་ཡིན་ཏེ། ཕར་ཕྱིན་མཆན་ལས། འདི་ནི་སེམས་ཀྱི་རྫས་དང་སེམས་བྱུང་གི་རྫས་གཉིས་ཀར་འདོད་པ་ལ་སྐྱོན་བརྗོད་པ་ཡིན་གྱི། སེམས་སེམས་བྱུང་རྫས་གཅིག་པ་རྣམ་བཤད་ལས། དེས་སེམས་སེམས་བྱུང་རྫས་ཐ་དད་དུ་བསྟན་ཏོ་ཞེས་ཟེར་བ་ནི་འགལ་ན་རྫས་ཐ་དད་ཀྱིས་ཁྱབ་པ་ཚངས་པས་ཀྱང་སྒྲུབ་མི་ནུས་སོ། །ཞེས་གསུངས་ཤིང༌། ཞེས་སོ། །

            སེམས་བསྐྱེད་ཀྱི་མཚན་ཉིད།

༼ཀ༽གསེར་ཕྲེང་ལས། གཉིས་པ་ནི། གཞན་དོན་དུ་རྫོགས་པའི་བྱང་ཆུབ་འདོད་པ་དང་མཚུངས་ལྡན་དུ་འབྱུང་བའི་སེམས་སོ། །ཞེས་གསུངས་སོ། །ཡིག་ཆ་ལས། རང་གི་རྒྱུར་གྱུར་པའི་གཞན་དོན་དོན་གཉེར་གྱི་འདུན་པ་ལས་བྱུང་ཞིང་རང་གི་གྲོགས་བྱང་ཆུབ་ལ་དམིགས་པའི་འདོད་པ་དང་མཚུངས་ལྡན་གྱི་ཐེག་ཆེན་ལམ་གྱི་གཞུང་ཤིང་དུ་བསྟན་པའི་ཆ་ནས་བཞག་པའི་ཡིད་ཀྱི་རྣམ་རིག་ཁྱད་པར་ཅན་དེ། ཐེག་ཆེན་སེམས་བསྐྱེད་ཀྱི་མཚན་ཉིད། ཁྱད་པར་ཅན་གྱི་དོན་ཡང་ལམ་གྱི་གཞུང་ཤིང་དང་ས་བོན་དང་སྡོམ་སོགས་སུ་བཤད་པའི་ཁྱད་པར་ལ་བྱ་ཞིང༌། ཐབས་ཁྱད་པར་ཅན་དུ་བྱས་ན་སློབ་ལམ་ལ་རུང་ཡང་སེམས་བསྐྱེད་གཉིས་ཀྱི་གཞི་མཐུན་འདོད་ན་མི་རུང་བས་སྔར་བཤད་པ་ཀུན་ལ་ལེགས། ཞེས་གསུངས་སོ། །

༡ གཞན་ཡང་། བྱང་ཆུབ་ཀྱི་སེམས་སྦྱོང་བའི་རིམ་པ་ལ། ཇོ་བོ་ཆེན་པོ་ནས་བརྒྱུད་པ་ལ་མན་ངག་རྒྱུ་འབྲས་བདུན་མ་དང་། རྒྱལ་སྲས་ཞི་བ་ལྷ་ནས་བརྒྱུད་པ་ལ་བདག་གཞན་མཉམ་བརྗེའི་སེམས་སྦྱོང་བ་གཉིས། དེ་ལྟར་བསྐྱེད་པའི་སེམས་བསྐྱེད་གཉིས་སོ་སོ་ཡིན་ནམ། དེ་གཉིས་རྒྱུན་གཅིག་ཡིན་ནམ་ཐ་དད་ཡིན། ཡང་ན་དེ་གཉིས་དོན་གཅིག་ཡིན་ནམ། དེ་གཉིས་པོ་རེ་རེ་ལ་སྨོན་འཇུག་གཉིས་གཉིས་ཡོད་དམ། བདག་གཞན་མཉམ་བརྗེའི་སེམས་བསྐྱེད་ལ་གྲོགས་ཀྱི་སྒོ་ནས་དབྱེ་བའི་ཉེར་གཉིས་དང་། ས་མཚམས་ཀྱི་སྒོ་ནས་དབྱེ་བའི་བཞི་དང་། བསྐྱེད་ཚུལ་གྱིས་དབྱེ་བའི་གསུམ་རྣམས་དབྱེ་རུང་མི་རུང་དང་། སེམས་བསྐྱེད་དེ་གཉིས་བསྐྱེད་པའི་ལམ་མ་ཞུགས་ཡོད་མེད།

ཡང་ན་བདག་གཞན་བརྗེ་བའི་སེམས་བསྐྱེད་པ་ལ་ལམ་ཞུགས་དགོས་སམ། རྒྱུ་འབྲས་མན་ངག་བདུན་ལ་རྒྱུ་བཞི་དང་རྐྱེན་བཞི་དང་སྟོབས་བཞིའི་སྒོ་ནས་བསྐྱེད་པ་ལམ་མ་ཞུགས་པ་ཡོད་པས་སོ། ། གསེར་ཕྲེང་ལས། དྲོད་མ་ཐོབ་པའི་བྱང་སེམས་རྣམས་གཞན་དོན་ལ་དམིགས་པ་སྲབ་པས་བདག་གཞན་བརྗེ་མི་ནུས་པས་རང་གི་རྒྱུད་ལ། ཞེས་སོགས་གསུངས་ལ། ཞེས་བྱུང་བ་ལྟར་ན་སྤྱོད་འཇུག་ལས། གསང་བའི་གདམས་པ་སྤྱད་པར་བྱ། །ཞེས་པའི་གསང་ཡུལ་ལ་ཉན་རང་སོགས་ཐེག་དམན་གྱི་རིགས་ཅན་ཡོད་པར་མ་ཟད། ཐེག་ཆེན་ཚོགས་ལམ་པའང་ཡོད་དམ་སྙམ་པའི་དོགས་པ་འགའ་ཞིག་ལ་སྐྱེ་སྲིད་ལ། མ་ཟད་ཐེག་ཆེན་ཚོགས་ལམ་པ་དེ་བདག་གཞན་མྱུར་དུ་སྐྱོབ་པར་མི་འདོད་དམ་སྙམ་པའི་དོགས་པའང་སྐྱེ་སྲིད། ཞེས་དམ་པ་དག་གིས་གསུངས་སོ། །

                 སེམས་བསྐྱེད་ཀྱི་དབྱེ་བ།

༼ཀ༽གསེར་ཕྲེང་ལས། དེས་ན་སྨོན་འཇུག་གཉིས་ངོ་བོ་གཞན་དོན་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་པའི་བསམ་པ་ཅན་དུ་མཚུངས་ཀྱང་བྱང་ཆུབ་སྒྲུབ་པའི་བྱ་བས་ཟིན་མ་ཟིན་ཡོད་པས་འདི་གཉིས་འགལ་ཏེ། དཔེར་ན་ཡུལ་དེར་འགྲོ་འདོད་པའི་བློ་སྐྱེས་པ་ཙམ་དང་དེའི་རྗེས་སུ་ལམ་དུ་ཞུགས་ནས་འགྲོ་བའི་བྱ་བས་ཟིན་པ་ལྟ་བུའོ་དེའི་ཕྱིར་སྨོན་པ་ནི་དང་བོའི་སེམས་ཁོ་ནའོ། ཞེས་གསུངས་ཤིང་། ཡིག་ཆ་ལས། དེ་ལ་ངོ་བོའི་སྒོ་ནས་སྨོན་འཇུག་གི་སེམས་བསྐྱེད་གཉིས་ཡོད། ཉམས་ལེན་གྱི་བྱ་བ་ལ་ལྟོས་མི་དགོས་པའི་རིགས་ཅན་གྱི་སེམས་བསྐྱེད་དེ་སྨོན་སེམས་ཀྱི་མཚན་ཉིད། དབྱེ་ན་སྐྱེ་འཕགས་ཀྱི་རྒྱུད་ཀྱི་གཉིས་དང༌། ས་མཚམས་ཚོགས་ལམ་ཆུང་ངུ་ནས་ས་བདུན་པའི་བར་དུ་ཡོད། ཕྱིན་དྲུག་གི་བྱ་བས་དངོས་སུ་ཟིན་དགོས་པའི་སེམས་བསྐྱེད་དེ་འཇུག་སེམས་ཀྱི་མཚན་ཉིད། ཞེས་གསུངས་པའི་ཕྱིར།

ཟིན་བྱེད་དེས་དངོས་སུ་ཟིན་ཚུལ་ཡོད་དེ། ཡིག་ཆ་ལས། དེ་དུས་སེམས་བསྐྱེད་དངོས་སུ་མེད་ན་ཡང་དེའི་ཤུགས་དངོས་སུ་དེ་ལ་འཇུག་ན་དེ་དེས་དངོས་སུ་ཟིན་པའི་ཕྱིར་ཏེ། ཞེས་གསུངས་ཏེ། མཆན་ལས། དེས་ཤུགས་ཀྱིས་ཟིན་ཚུལ། བུ་ཤི་བའི་མ་ཟས་ཟ་བ་ན་ཡང༌། མྱ་ངན་གྱི་བློ་མངོན་གྱུར་དུ་མེད་ཀྱང་དེའི་ཤུགས་མ་ཉམས་པས་བློའི་ཟུར་གཅིག་གིས་དུ་རེ་དྲན་པ་དང་འདྲ་བར་དབུ་མའི་མཐའ་དཔྱོད་དུ་གསུངས། ཞེས་དང་། ཡང་ཡིག་ཆ་ལས། དེ་ལྟར་ཟིན་བྱ་ཟིན་བྱེད་གཉིས་གང་རུང་ཞིག་དངོས་སུ་མེད་ཀྱང་དངོས་སུ་ཟིན་པ་ཡོད་དེ། བྱ་བ་གཉིས་དངོས་སུ་ཚོགས་པས་དངོས་སུ་ཟིན་པའི་ཕྱིར་ཏེ། ལམ་རིམ་ཆུང་ངུ་ལས། སྟོང་ཉིད་རྟོགས་པའི་ཤེས་རབ་ཤུགས་དྲག་ན་སྦྱིན་པ་གཏོང་བ་དང་ཕྱག་དང་བསྐོར་བ་སོགས་བྱེད་པའི་ཚེ་དེ་དག་ལ་དམིགས་པའི་བློ་དེ་རྣམས་སྟོང་ཉིད་རྟོགས་པ་མིན་ཡང་དེའི་ཤུགས་དང་ལྡན་པར་འཇུག་པ་མི་འགལ་ལ། ཞེས་གསུངས་པའི་ཕྱིར། ཞེས་པ་འདི་དག་ལེགས་པར་གོ་དགོས་སོ། །

༡ འོ་ན། ཟིན་བྱེད་དེས་ཟིན་བྱ་དེ་དངོས་སུ་ཟིན་ན་ཟིན་བྱེད་དེ་མངོན་གྱུར་དུ་ཡོད་པས་མ་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཡིག་ཆ་ལས། བདེན་འཛིན་མངོན་གྱུར་དུ་རྒྱུད་ལ་ལྡན་པའི་བྱང་སེམས་མཐོང་ལམ་རྗེས་ཐོབ་པའི་རྒྱུད་ཀྱི་སེམས་བསྐྱེད་ཆོས་ཅན། ཕྱིན་དྲུག་གི་བྱ་བས་དངོས་སུ་ཟིན་པར་ཐལ། འཇུག་སེམས་ཡིན་པའི་ཕྱིར། ཁྱབ་སྟེ། སྒོམ་རིམ་ལས།གང་ཕན་ཆད་སྡོམ་པ་བཟུང་སྟེ་ཚོགས་རྣམས་ལ་ཞུགས་པ་དེ་ནི། ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། ཟིན་བྱ་ཟིན་བྱེད་གཉིས་གང་ཡང་མངོན་གྱུར་དུ་མེད་པའི་དུས་ཀྱི་སེམས་བསྐྱེད་ཡིན་པའི་ཕྱིར། ཁྱབ་སྟེ། དེ་འདྲ་སྐྱེ་འཕགས་སུའི་རྒྱུད་ལ་ཡོད་ཀྱང་སྨོན་སེམས་ལ་བྱེད་དགོས་པའི་ཕྱིར་ཏེ། ཞེས་གསུངས་པའི་ཕྱིར།

༢ གཞན་ཡང་། ཟིན་བྱ་དེ་ཟིན་བྱེད་དེས་དངོས་སུ་ཟིན་ན་ཟིན་བྱ་དེ་མངོན་གྱུར་དུ་ཡོད་པས་མ་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། སྙིང་རྗེ་དེ་སྟོང་ཉིད་ཀྱི་ལྟ་བས་དངོས་སུ་ཟིན་ན་སྙིང་རྗེ་དེ་མངོན་གྱུར་དུ་ཡོད་མི་དགོས་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དབུ་མ་ཆེན་མོ་ལས།ས་བརྒྱད་པ་མཉམ་བཞག་པའི་རྒྱུད་ཀྱི་དམིགས་མེད་ལ་དམིགས་པའི་སྙིང་རྗེ་ཆེན་པོ་ཆོས་ཅན། སྟོང་ཉིད་ཀྱི་ལྟ་བས་དངོས་སུ་ཟིན་པར་ཐལ། དམིགས་མེད་ལ་དམིགས་པའི་སྙིང་རྗེ་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ།དེ་ལྐོག་གྱུར་པ་ཡོད་པའི་ཕྱིར། དེར་ཐལ། དེ་ཡིན་ན་མངོན་གྱུར་ཡིན་མི་དགོས་པའི་ཕྱིར་དང༌། སེམས་བསྐྱེད་ལྐོག་གྱུར་པ་ཡོད་པ་རྣམ་བཤད་ལྟར་ཁྱེད་རང་ཡང་འདོད་པ་དེའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དེའི་ཚེ་གང་ཟག་དེའི་ངོར་སྙིང་རྗེ་སོགས་གཉིས་སྣང་མཐའ་དག་ལོག་པའི་ཕྱིར། རྟགས་སྟོང་ཉིད་ལ་མངོན་སུམ་དུ་མཉམ་པར་བཞག་པའི་སློབ་པ་མཉམ་བཞག་པ་ཡིན་པས་འགྲུབ་ཅིང༌། ཁྱབ་པ་ཡང་ཡོད་དེ། དེའི་རྒྱུད་ཀྱི་བློ་ཡིན་ན་དེས་དངོས་སུ་ཟིན་པས་མ་ཁྱབ་པའི་ཕྱིར། ཞེས་གསུངས་པའི་ཕྱིར།

༣ གཞན་ཡང་། ཟིན་བྱེད་དེས་ཟིན་བྱ་ཟིན་ན་དེའི་དུས་ཟིན་བྱེད་དེ་ཡོད་མི་དགོས་པར་ཐལ། དེའི་ཤུགས་ཀྱིས་ཟིན་ན་དེ་དངོས་སུ་ཡོད་མི་དགོས་པའི་ཕྱིར། འདོད་ན། རྒྱུན་མཐའི་བར་ཆད་མེད་ལམ་གྱིས་རྣམ་མཁྱེན་སྐད་ཅིག་དང་བོ་ཟིན་པར་ཐལ། འདོད་པའི་ཕྱིར། དེར་ཐལ། དེའི་ཤུགས་ཀྱིས་ཟིན་པའི་ཕྱིར། དེར་ཐལ། དེའི་ཚེ་དེའི་ཤུགས་མ་ཉམས་པར་དེ་ལ་འཇུག་པའི་ཕྱིར། མ་ཁྱབ་ན། དེ་དང་དེའི་ཤུགས་ཀྱིས་ཟིན་ཚུལ་ཤུགས་མ་ཉམས་པར་དེ་ལ་འཇུག་པ་དེ་མིན་ན་གང་ཡིན་སོགས་ལ་དཔྱོད། གོང་དུ་འདོད་ན།ཕྱིན་དྲུག་གི་ཉམས་ལེན་གྱི་བྱ་བས་རྣམ་མཁྱེན་ཟིན་པ་ཡོད་པར་ཐལ།འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཡིག་ཆ་ལས། ཉམས་ལེན་མ་སྨོས་པར་དེ་ལྟར་བྱ་བ་སྦྱར་ན་སངས་རྒྱས་ཀྱི་བར་ལ་ཁྱབ་པའི་ཕྱིར། ཞེས་གསུངས་པའི་ཕྱིར།

༼ཁ༽གསེར་ཕྲེང་ལས། གཞན་ཡང་སྡོམ་པ་ཐོབ་ན་འཇུག་པར་འགྱུར་བའི་ཕྱིར་སོ་སྐྱེ་ལ་འཇུག་པ་མེད་པར་འདོད་པ་རྣམས་མི་རིགས་ཏེ། བསླབ་བཏུས་ལས། ཅི་སོར་མ་ཆུད་པ་ལ་ཡང་བྱང་ཆུབ་སེམས་དཔའི་སྡོམ་པའི་དབང་དུ་བྱ་བ་ཡོད་དམ་མེད་ཅེ་ན། ཡོད་བར་རིགས་པར་བྱ་སྟེ། ཞེས་གསུངས་པ་དང་འགལ་བའི་ཕྱིར་རོ། །ཞེས་དང་། རྣམ་བཤད་ལས། འཇུག་སྡོམ་དང་འཇུག་སེམས་གཉིས་འགལ་ཡང་དེ་བསྐྱེད་པ་ནི་སྡོམ་པ་བཟུང་བའི་དབང་ཁོ་ན་ལས་ཤེས་པར་བྱའོ། །ཞེས་འཇུག་སེམས་བསྐྱེད་པ་ལ་འཇུག་སྡོམ་དགོས་པར་གསུང་ལ། ལམ་རིམ་ལས་ཀྱང་སྡོམ་པ་བཟུང་བ་ནས་སེམས་དེ་འཇུག་པའི་སེམས་སུ་ཤེས་པར་བྱ་སྟེ། ཞེས་སྡོམ་པ་བཟུང་དགོས་པར་གསུངས་སོ། །

༡ འོ་ན། འཇུག་སེམས་ལ་བློ་སྦྱངས་པའམ་སྒོམ་སྟོབས་ཀྱིས་རྒྱུད་ལ་སྐྱེ་ཚུལ་མེད་པར་ཐལ། འཇུག་སྡོམ་ལ་སྒོམ་སྟོབས་ཀྱིས་རྒྱུད་ལ་སྐྱེ་ཚུལ་མེད་པའི་ཕྱིར། དེར་ཐལ། དེ་ལ་བློ་གོམས་ནས་མྱོང་བ་སྐྱེས་ཏེ་རྒྱལ་སྲས་ཀྱི་འཇུག་སྡོམ་ལེན་པ་མེད་པའི་ཕྱིར།གོང་དུ་ཁྱབ་སྟེ། དེ་འདྲ་བའི་མྱོང་བ་སྐྱེས་ནས་འཇུག་སེམས་སྐྱེས་ཀྱང་ཆོ་གས་མ་བཟུང་ན་འཇུག་སྡོམ་དུ་མི་འགྱུར་བའི་ཕྱིར་ཏེ། ལམ་རིམ་ཆུང་ངུ་ལས། དེས་ན་བསླབ་བྱ་རྣམས་ཤེས་པར་བྱས་ཏེ་ཡིད་ཡུལ་དུ་བྱས་ནས་དེ་དག་སྙིང་ཐག་པ་ནས་སློབ་འདོད་སྦྱངས་ཏེ་སྡོམ་པ་བླངས་ན་ཤིན་ཏུ་བརྟན་པས། ཞེས་དང༌།

མཁས་གྲུབ་ཐམས་ཅད་མཁྱེན་པའི་རྒྱུད་སྡེ་སྤྱི་རྣམ་ལས། བྱང་སེམས་ཀྱི་སྡོམ་པ་འཛིན་པ་ཡིན་ཏེ། འཇུག་པ་སེམས་བསྐྱེད་ཆོ་གས་འཛིན་པ་དང་དོན་གཅིག་ལ། འཇུག་སེམས་སྒོམ་སྟོབས་ཀྱིས་རྒྱུད་ལ་སྐྱེས་ཀྱང་། ཆོ་གས་མ་བཟུང་ན་སྡོམ་པར་མི་འགྱུར་རོ། །ཞེས་གསུངས་པའི་ཕྱིར། གོང་དུ་འདོད་མི་ནུས་སྟེ། སངས་རྒྱས་དང་བྱང་སེམས་རྣམས་ཀྱིས་སེམས་ཅན་གྱི་དོན་དུ་རྒྱལ་སྲས་ཀྱི་བསླབ་བྱ་གསུངས་པ་རྣམས་ལ་བློ་སྦྱངས་པ་དང་ཡིད་སྨོན་བྱས་ནས་སྒོམ་པ་དེ་ཡིན་པའི་ཕྱིར་རོ། །དེས་ན་སྔར་གྱི་ལམ་རིམ་སོགས་ཀྱི་དོན་ནི། ཕར་ཕྱིན་མཆན་ལས། འཇུག་སྡོམ་གྱི་སྤང་བྱ་རྣམས་བསྲུང་བའི་སེམས་པའི་རིགས་དང་མི་ལྡན་ན་སྤྱོད་པ་ལ་སློབ་ཀྱང་སྨོན་སེམས་སུ་འགྱུར་ཞེས་པའི་ཚིག་གི་ནུས་པས་དེ་འདྲའི་བསྲུང་སེམས་ཐོབ་པའི་སྟེང་ནས་སྤྱོད་པ་ལ་སློབ་པའི་སེམས་བསྐྱེད་ལ་འཇུག་སེམས་དགོས་པར་བསྟན་པ་ཡིན་གྱི། སྡོམ་པ་བཟུང་ཕྱིན་ཆད་ཀྱི་སེམས་བསྐྱེད་ཐམས་ཅད་དེར་སྟོན་པ་མིན་པ་ལ་དགོངས་ནས་འདིར་ཡང་ལམ་རིམ་གྱི་ལུང་འདིར་དྲངས་པར་སྣང་བས། ལམ་རིམ་དང་རྣམ་བཤད་མི་མཐུན་ཟེར་བ་བརྟག་པར་བྱའོ། །ཞེས་གསུངས་སོ། །

༼ག༽གསེར་ཕྲེང་ལས། དེས་ན་ཚོགས་ལམ་ཆུང་ངུར་སྨོན་སེམས་དང་འབྲིང་ནས་འཇུག་སེམས་བཞག་སྟེ་མདོ་ལས་བསམ་གཏན་གྱི་སྐབས་སུ་ཕྱིན་དྲུག་ལ་སློབ་པར་བཤད་ཅིང༌། སློབ་དཔོན་ལྷ་དབང་བློས་ཀྱང་ཤེར་ཕྱིན་གྱི་འགྲེལ་པའི་དོན་སྒོམ་པའི་བཤད་པ་ལས། བྱང་ཆུབ་ཀྱི་སེམས་ནི་རྣམ་པ་གཉིས་ཏེ། སྨོན་པ་བྱང་ཆུབ་ཀྱི་སེམས་དང་འཇུག་པ་བྱང་ཆུབ་ཀྱི་སེམས་སོ། །(སེམས་བསྐྱེད་དང་བོ་གཉིས་ཀྱི་མདོ་གཉིས་ཀྱི་སྤྱིའི་མདོར་བསྟན་རྒྱས་བཤད་ལ་ཡང་སྦྱོར་དགོས་ལ་སྤྱོད་པ་ཉམས་ལེན་གྱིས་ཟིན་པ་དངོས་སུ་བསྟན་མ་བསྟན་གྱི་ཁྱད་པར་ཀྱང་ཡོད་པས་མདོ་ཡི་དངོས་བསྟན་གྱི་སེམས་བསྐྱེད་ཉེར་གཉིས་)དེ་ལ་སྨོན་པ་བྱང་ཆུབ་ཀྱི་སེམས་ནི་ས་ལྟ་བུའོ། །འཇུག་པ་བྱང་ཆུབ་ཀྱི་སེམས་ནི་གསེར་ལྟ་བུ་ནས་སྤྲིན་ལྟ་བུའི་བར་ཉི་ཤུ་རྩ་གཅིག་གོ། ཞེས་སོ། །ཞེས་གསུངས་སོ། །

འཇུག་སྡོམ་ཐོབ་ཟིན་པར་མ་ཟད་ས་ཐོབ་ཟིན་པའི་སེམས་བསྐྱེད་ལ་ཡང་སྤྱོད་པ་ཉམས་ལེན་གྱི་བྱ་བས་དངོས་སུ་མ་ཟིན་པའི་སྨོན་སེམས་དང་དེས་དངོས་སུ་ཟིན་པའི་འཇུག་སེམས་གཉིས་ཡོད་དེ། རྣམ་བཤད་ལས། འཇུག་སྡོམ་བླངས་ནས་སྤྱོད་པ་ལ་སློབ་པའི་ཚེ་སྨོན་སེམས་མེད་པར་འདོད་པ་ནི་དེ་དག་གི་དོན་མ་ཡིན་ཏེ། དེ་ཡང་འདི་ལྟར་འཇུག་སྡོམ་བཟུང་བའི་རྗེས་སུ་ཡང་སྤྱོད་པ་ལ་སློབ་པ་ལ་བློའི་འཇུག་ཚུལ་གཉིས་ཡོད་དེ། སེམས་བསྐྱེད་ཀྱིས་ཀུན་ནས་བསླང་བ་ཙམ་དུ་མ་ཟད་གཏོང་བའི་སེམས་པ་སྤེལ་བའི་རྣམ་པ་ཤར་བའི་དུས་ཉིད་ན། རྣམ་མཁྱེན་དོན་གཉེར་གྱི་དྲན་འདུན་དུ་རེ་དངོས་སུ་ཡོད་པ་ནི་སྤྱོད་པ་ཉམས་ལེན་གྱི་བྱ་བས་དངོས་སུ་ཟིན་པའི་དོན་ཡིན་ལ། དེ་ལྟ་བུ་མེད་པའི་དུས་ན་དངོས་སུ་མ་ཟིན་པའོ། ། ཞེས་དང་།

དེས་ན་སྨོན་སེམས་ནི་ཚོགས་ལམ་ནས་བཟུང་སྟེ་ས་ཐོབ་ནས་ཀྱང་ཁས་བླངས་པ་ལ་ཉེས་པ་མེད་པར་མངོན་ཏེ། ས་ཐོབ་ནས་སྟོང་པ་ཉིད་ཀྱི་དོན་མངོན་སུམ་དུ་རྟོགས་ཀྱང་། དེས་དངོས་སུ་མ་ཟིན་པའི་སེམས་བསྐྱེད་སྐབས་དུ་མར་འབྱུང་བའི་ཕྱིར་རོ། །ཞེས་གསུངས་སོ། ། དེས་ན་བདེན་འཛིན་མངོན་དུ་གྱུར་བའི་བྱང་འཕགས་རྒྱུད་ཀྱི་སེམས་བསྐྱེད་ཕྱིན་དྲུག་གི་བྱ་བས་དངོས་སུ་མ་ཟིན་པས་སྨོན་སེམས་སུ་བཞག་པ་ནི། རྣམ་བཤད་ཀྱི་དགོངས་པ་ཡིན་ཏེ། དེ་ཉིད་ལས། དེས་དངོས་སུ་མ་ཟིན་པའི་སེམས་བསྐྱེད་སྐབས་དུ་མར་འབྱུང་བའི་ཕྱིར་རོ། །ཞེས་གསུངས་སོ། །མདོར་བསྡུས་ན་འཇུག་སྡོམ་ཐོབ་ལ་འཇུག་སེམས་མ་སྐྱེས་པ་ཡང་ཡོད། འཇུག་སེམས་སྐྱེས་ཀྱང་འཇུག་སྡོམ་མ་ཐོབ་པ་ནི་བཤད་ཟིན་པའི་ཕྱིར། དང་བོ་གྲུབ་སྟེ། ལམ་མ་ཞུགས་ནས་འཇུག་སྡོམ་བླངས་ནས་དེ་ཐོབ་པ་ཡོད་པའི་ཕྱིར། དེར་ཐལ།བྱང་ཆུབ་ཀྱི་སེམས་བསྐྱེད་ཀྱང་མྱོང་བ་མ་སྐྱེས་པར་འཇུག་སྡོམ་ཐོབ་ནས་སླར་བྱང་ཆུབ་ཀྱི་སེམས་བསྒོམ་སྟེ་མྱོང་བ་སྐྱེས་པ་ཡོད་པའི་ཕྱིར།

དེར་ཐལ། ལམ་རིམ་ཆེ་བ་ལས། སྤྱིར་སྔར་བཤད་པ་ལྟ་བུའི་མྱོང་བ་མ་སྐྱེས་ཀྱང་ཐེག་པ་ཆེན་པོའི་བསླབ་པར་བྱ་བ་རྣམས་ཤེས་ཤིང་ཐེག་ཆེན་ལ་མོས་པ་བརྟན་ན་སྔོན་ལ་སེམས་བསྐྱེད་པ་དང་སྡོམ་པ་བཟུང་ནས་དེ་ནས་བྱང་ཆུབ་ཀྱི་སེམས་སྦྱོང་བའང་ཡོད་དེ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། མྱོང་བ་མ་སྐྱེས་ཞེས་པས་ལམ་མ་ཞུགས་སུ་བསྟན། ལྷག་མས་སྨོན་འཇུག་གི་སེམས་བཟུང་ནས་སེམས་སྒོམ་པ་རྗེས་སུ་བྱེད་པར་བཤད་པའི་ཕྱིར་ཏེ། ལམ་རིམ་ལས། སྤྱོད་འཇུག་ཏུ་སྔོན་ལ་སྡོམ་པ་དང་སེམས་བཟུང་ནས་དེའི་བསླབ་བྱ་ཕྱིན་དྲུག་གི་བསམ་གཏན་གྱི་སྐབས་སུ་བྱང་ཆུབ་ཀྱི་སེམས་སྦྱོང་ལུགས་རྒྱས་པར་གསུངས་པ་ལྟ་བུའོ། །ཞེས་གསུངས་པའི་ཕྱིར།

གཉིས་པ་གྲུབ་སྟེ། ཀུན་དཀྲིས་ཆེན་པོའི་སྒོ་ནས་བདག་བསྟོད་ཀྱི་བྱང་སེམས་ཀྱི་རྩ་ལྟུང་ཙམ་བྱུང་བའི་གང་ཟག་གི་རྒྱུད་ཀྱི་ཕྱིན་དྲུག་གི་ཉམས་ལེན་གྱིས་དངོས་སུ་ཟིན་པའི་སེམས་བསྐྱེད་དེ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། འཇུག་སེམས་ཡིན་པ་གང་ཞིག འཇུག་སྡོམ་དང་མི་ལྡན་པའི་ཕྱིར། གཉིས་པ་གྲུབ་སྟེ། བདག་བསྟོད་ཀྱི་རྩ་ལྟུང་ཙམ་བྱུང་བའི་རྒྱུད་ཀྱི་དེ་ཡིན་པའི་ཕྱིར། དང་བོ་མ་གྲུབ་ན། དེ་ཆོས་ཅན། ཁྱོད་འཇུག་སེམས་ཡིན་པར་ཐལ། འཇུག་སྡོམ་ཐོབ་ཕྱིན་ཆད་ཀྱི་ཕྱིན་དྲུག་གི་བྱ་བས་དངོས་སུ་ཟིན་པའི་སེམས་བསྐྱེད་ཡིན་པའི་ཕྱིར། ཁྱབ་སྟེ། རྣམ་བཤད་ལས། དེ་ཡང་འདི་ལྟར་འཇུག་སྡོམ་བཟུང་བའི་རྗེས་སུ་ཡང་སྤྱོད་པ་ལ་སློབ་པ་ལ་བློའི་འཇུག་ཚུལ་གཉིས་ཡོད་དེ།སེམས་བསྐྱེད་ཀྱིས་ཀུན་ནས་བསླང་བ་ཙམ་དུ་མ་ཟད་གཏོང་བའི་སེམས་པ་སྤེལ་བའི་རྣམ་པ་ཤར་བའི་དུས་ཉིད་ན། རྣམ་མཁྱེན་དོན་གཉེར་གྱི་དྲན་འདུན་དུ་རེ་དངོས་སུ་ཡོད་པ་ནི་སྤྱོད་པ་ཉམས་ལེན་གྱི་བྱ་བས་དངོས་སུ་ཟིན་པའི་དོན་ཡིན་ལ། དེ་ལྟ་བུ་མེད་པའི་དུས་ན་དངོས་སུ་མ་ཟིན་པའོ། ། ཞེས་དང་། ལམ་རིམ་ལས། སྡོམ་པ་བཟུང་བ་ནས་སེམས་དེ་འཇུག་པའི་སེམས་སུ་ཤེས་པར་བྱ་སྟེ། ཞེས་གསུངས་པའི་ཕྱིར་དང་། སྒོམ་རིམ་ལས། གང་ཕན་ཆད་སྡོམ་པ་བཟུང་སྟེ་ཚོགས་རྣམས་ལ་ཞུགས་པ་དེ་ནི་ཞུགས་སེམས་སོ། །ཞེས་གསུངས་སོ། །

༡ འོ་ན། འཇུག་སེམས་རྒྱུད་ལ་ལྡན་པའི་གང་ཟག་ཡིན་ན་ཁྱོད་ཀྱི་རྒྱུད་ན་རྣམ་མཁྱེན་དོན་གཉེར་གྱི་དྲན་འདུན་དུ་རེ་དངོས་སུ་ཡོད་པའི་ཁྱབ་པར་ཐལ། རྣམ་བཤད་ཀྱི་གསུང་དེའི་ཕྱིར། འདོད་ན། བསམ་གྱིས་མི་ཁྱབ་པའི་འཆི་སྲིད་ཕྲ་མོ་ལ་གནས་པའི་ས་བརྒྱད་པ་བ་ཆོས་ཅན།དེར་ཐལ། དེའི་ཕྱིར། འདོད་ན། དེ་འདྲའི་དྲན་འདུན་ཤུགས་ཆེན་དངོས་སུ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་འདྲའི་དྲན་འདུན་ཤུགས་ཆེན་མངོན་གྱུར་དུ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། འཆི་སྲིད་ཕྲ་མོ་ལ་གནས་པའི་གང་ཟག་གི་རྒྱུད་ཀྱི་ཤེས་པ་མངོན་གྱུར་བ་ཡིན་ན་ལུང་མ་བསྟན་ཡིན་པས་ཁྱབ་པའི་ཕྱིར།

ལམ་རིམ་ཆེན་མོ་ལས། ལུང་མ་བསྟན་གྱི་སེམས་དང་ལྡན་པར་འཆི་བ་ནི། དགེ་བ་དང་མི་དགེ་བ་བྱེད་བྱེད་པའམ་དེ་མ་བྱས་ཀྱང་རུང་སྟེ། རང་གིས་དེ་གཉིས་མ་དྲན་ལ་གཞན་གྱིས་ཀྱང་དྲན་པར་མ་བྱས་པའོ། །དེ་ནི་འཆི་བའི་ཚེ་བདེ་སྡུག་གཉིས་ཀ་དང་མི་ལྡན་ནོ། །དགེ་བའི་སེམས་ཀྱིས་འཆི་བ་ནི་འདུ་ཤེས་རགས་པ་ཡོད་པའི་བར་ལ་ཡིན་གྱི། འདུ་ཤེས་ཆ་ཕྲ་མོ་རྒྱུ་བའི་ཚེ་ནི་དགེ་བའི་སེམས་ལྡོག་ཅིང་ལུང་མ་བསྟན་གྱི་སེམས་སུ་འགྱུར་ཏེ། དེས་དེའི་ཚེ་སྔོན་གོམས་པར་བྱས་པའི་དགེ་བ་ལ་ཡང་བརྩལ་བར་མི་ནུས་ལ། གཞན་གྱིས་ཀྱང་དྲན་པར་བྱེད་མི་ནུས་སོ། །མི་དགེ་བ་ལ་ཡང་དེ་དང་འདྲ་བས་འདུ་ཤེས་ཕྲ་མོ་རྒྱུ་བ་ན་འཆི་སེམས་ཐམས་ཅད་ལུང་མ་བསྟན་ནོ། ། ཞེས་གསུངས་པའི་ཕྱིར། དེ་བཞིན་དུ་སློབ་པ་མཉམ་བཞག་པའི་རྒྱུད་ན་དྲན་འདུན་དུ་རེ་བ་དངོས་སུ་ཡོད་མེད་དང་འཇུག་སེམས་ཡིན་ན་ཕྱིན་དྲུག་གི་བྱ་བས་དངོས་སུ་ཟིན་པས་ཁྱབ་ན་དེའི་མཚན་ཉིད་དུ་ཟིན་དགོས་ཞེས་སྦྱར་དགོས་པ་གང་ཡིན་སོགས་ལ་དཔྱོད།

༢ གཞན་ཡང་། སྨོན་འཇུག་གཉིས་གང་ཟག་གཅིག་གི་རྒྱུད་ལ་ཡོད་མེད་དང་།སྨོན་སེམས་ལ་འཚང་རྒྱ་ངེས་ཡིན་མིན་དང་དམ་བཅའ་ཅན་ཡིན་མིན་གཉིས་རེ་ཡོད་མེད་དཔྱད། རྟོགས་དཀའི་སྣང་བ་ལས། སེམས་བསྐྱེད་གང་ལམ་ལ་སློབ་པའི་བྱ་བས་མ་ཟིན་པ་ནི་སྨོན་སེམས་ཁོ་ན་ཡིན་ལ། དེ་གང་དེས་ཟིན་པ་འཇུག་སེམས་ཡིན་ཅིང་། སྨོན་འཇུག་འགལ་བ་མིན་ནོ། །ཞེས་སོ། །འཇུག་སེམས་ཡིན་ན། རང་གི་རྒྱུན་སྔ་མར་གྱུར་པའི་སྨོན་སེམས་ཡོད་པས་ཁྱབ་བམ་མ་ཁྱབ། སྨོན་སེམས་ལ་རང་གི་རྒྱུན་ཕྱི་མར་གྱུར་པའི་འཇུག་སེམས་ཡོད་མེད་གཉིས་ཡོད་མེད། ཡང་ན། འཇུག་སེམས་ཡིན་ན། རང་གི་རྒྱུན་སྔ་མར་གྱུར་པའི་སྨོན་སེམས་མེད་པས་ཁྱབ་བམ། སྨོན་འཇུག་གཉིས་རྒྱུན་སོ་སོ་བ་ཁོ་ན་ཡིན་ནམ། རིགས་སྨྲ་རྣམས་ཀྱིས་དགོངས་པར་མཛོད།ཞེས་དམ་པ་གང་གིས་གསུངས།

༼ང༽གསེར་ཕྲེང་ལས། སློབ་དཔོན་འདིས་ཀྱང་རྒྱན་སྣང་དུ་ཤཱནྟ་དེ་བའི་ལུང་དྲངས་ནས་སྨོན་འཇུག་གི་བཤད་པ་མཛད་པས་འཕགས་ཡུལ་གྱི་མཁས་པ་དག་ཀྱང་(ཞི་བ་ལྷའི་ལུགས་)འདི་ལ་(དད་གུས་ཆེར་བྱེད་པའམ་འཆེལ་ལོ། །

༼ཅ༽གསེར་ཕྲེང་ལས། བརྡ་ལས་བྱུང་བ་(ཀུན་རྫོབ་སེམས་བསྐྱེད་)དང༌།བསྒོམ་སྟོབས་ཀྱིས་སྐྱེས་པ་(དོན་དམ་སེམས་བསྐྱེད་)གཉིས་སོ། །ཞེས་སོ།།

༼ཆ༽གསེར་ཕྲེང་ལས། གཉིས་པ་ནི། རྒྱན་ལས། སངས་རྒྱས་རྣམས་ནི་(འམ་ལ་བསྙེན་བཀུར་བྱས་པ་སྟེ)རབ་མཉེས་བྱས(ཏེ)། །བསོད་ནམས་ཡེ་ཤེས་ཚོགས་རབ་བསགས(རྒྱུ་དམ་པ་དང་)། །ཆོས(གསུང་རབ་ཡན་ལག་བཅུ་གཉིས་)ལ་(བརྟེན་པའི་ལུང་དམ་པ་དང་)མི་རྟོག་ཡེ་ཤེས་ནི། །སྐྱེས་ཕྱིར་དེ་ནི་དམ་པར་འདོད(འདི་དག་ཁོང་དུ་ཆུད་པ་དམ་པ་ལ་བཤད་ཀྱང་ཆོག་གོ)། །ཆོས་(ལ་སེམས་མཉམ་དང་)དང་སེམས་ཅན་རྣམས་(ལ་སེམས་མཉམ་པ)དང་ནི། །དེ་ཡི་བྱ་བ་(ལ་སེམས་མཉམ་པ)བས་སངས་རྒྱས་ཉིད། །མཆོག་ལ་སེམས་མཉམ་རྙེད་པའི་ཕྱིར། །དེ་ཡི་རབ་དགའ་ཁྱད་པར་འཕགས། །ཞེས་སོ། ། ཡིག་ཆ་ལས། བསྡུས་ན་དམ་པ་གསུམ་ཚང་བའི་ཐེག་ཆེན་གཙོ་བོ་ཡིད་ཀྱི་རྣམ་རིག་ཁྱད་པར་ཅན་དེ་དོན་དམ་སེམས་བསྐྱེད་ཀྱི་མཚན་ཉིད། གོ་ཐོབ་བྱས་ན་ལུང་དམ་པ་མང་དུ་ཐོས་པ་དང༌། རྒྱུ་དམ་པ་ཚོགས་གཉིས་བསགས་པ་གཉིས་དང་ལྡན་པ་དང། ཁོང་དུ་ཆུད་པ་དམ་པ་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་གཙོ་བོ་ཡིད་ཀྱི་རྣམ་རིག་ཁྱད་པར་ཅན་དེ་དེའི་མཚན་ཉིད་ཡིན་ཏེ། ཞེས་གསུངས་སོ། །

དོན་དམ་སེམས་བསྐྱེད་དང་ཀུན་རྫོབ་སེམས་བསྐྱེད་གཉིས་འགལ་བ་ཡིན་ནམ་ཞེ་ན། མིན་ཏེ། གསེར་ཕྲེང་ལས། སྔར་གྱི་ས་མཚམས་དང་འགལ་ཞིང་དོན་དམ་སེམས་བསྐྱེད་ཀྱང་མེད་པར་ཧ་ཅང་ཐལ་ལོ། །ཞེས་སངས་རྒྱས་སའི་དོན་དམ་སེམས་བསྐྱེད་ཀུན་རྫོབ་སེམས་ཡིན་པའི་དབང་དུ་བྱས་ནས་ཧ་ཅང་ཐལ་བ་འཕངས་པ་ཡིན་ལ། ཡིག་ཆ་ལས་ཀྱང་ཐབས་ཁྱད་པར་ཅན་དུ་བྱས་ན་སློབ་ལམ་ལ་རུང་ཡང་སེམས་བསྐྱེད་གཉིས་ཀྱི་གཞི་མཐུན་འདོད་ན་མི་རུང་བས་སྔར་བཤད་པ་ཀུན་ལ་ལེགས། ཞེས་གསུངས་སོ། །དེ་ཡང་མཆན་ལས། དེས་ན་གཞུང་གི་ཐོབ་ཚོད་ནི་དོན་དམ་སེམས་བསྐྱེད་ཀུན་རྫོབ་སེམས་བསྐྱེད་ཡིན་པའི་དབང་དུ་བྱས་སྣང་ཡང༌། སངས་རྒྱས་འཕགས་པའི་ཡིད་ཀྱི་རྣམ་ཤེས་ཐམས་ཅད་དེར་བཞག་ན་ཐེག་དམན་རྟོགས་རིགས་སུ་གནས་པའི་སེམས་བསྐྱེད་སོགས་ཧ་ཅང་ཐལ་བས་བདག་གཞན་མཉམ་པ་ཉིད་དུ་རོ་གཅིག་པར་རྟོགས་པའི་ཡེ་ཤེས་ལྟ་བུ་ལམ་དུས་ན་སེམས་བསྐྱེད་དང་ཟུང་འབྲེལ་དུ་སྒོམ་ཚུལ་གྱི་ཁྱད་ཅིག་ཡོད་དམ་དཔྱད་དེ་ཡེ་ཤེས་དེ་ཞི་མཐའ་འགོག་བྱེད་དུ་བཤད་པའང་ཡོད་ལ། སྐབས་བཞི་པར་སྒྲིབ་པ་བཞིའི་ནང་ནས་ཕྱི་མ་གཉིས་བདེན་འཛིན་ཤས་ཆེ་བར་གསུངས་པས་ཀྱང་འགྲུབ་བམ་སྙམ། ཞེས་གསུངས་པའི་ཕྱིར།

ཇ༽ དེ་ལ་(སྟོང་ཉིད་སྣང་བ་སྒྲ་དོན་སྣང་བ་ལ་ལྟོས་པས)མོས་སྤྱོད་ཀྱི་ས་ལ་མོས་པ་ལས་བྱུང་བ་དང༌། ས་དང་བོ་བདུན་ལ་(སོ་སྐྱེས་ས་ལས་ལྷག་པས)ལྷག་བསམ་དག་པ་དང༌། ས་བརྒྱད་པ་ལ་སོགས་པ་གསུམ་ལ་(མཚན་མེད་རྩོལ་མེད་ཀྱི་ས་ཐོབ་པས་)རྣམ་པར་སྨིན་པ་(ཞེས་སོགས་ཟེར་བ་)དང༌། (ཡང་ན་ཕར་ཕྱིན་མཆན་ལས། ས་བཟང་བའི་ཊཱིཀྐར། མོས་སྤྱོད་ཀྱི་སའི་གནས་སྐབས་ན། བདག་གཞན་མཉམ་པ་ལ་སོགས་པར་མངོན་སུམ་དུ་མ་རྟོགས་ཀྱང་སྤྱིའི་རྣམ་པར་མོས་པ་ཡིད་ལ་བྱེད་པ་ལས་བྱུང་བའི་སེམས་བསྐྱེད་ཅེས་བཤད་ལ། དེ་ལས་བཟློག་པས་ལྷག་བསམ་རྣམ་དག་དང༌། དག་སར་འབད་རྩོལ་རགས་པ་ལ་མི་ལྟོས་པར་སྔོན་མི་རྟོག་ཡེ་ཤེས་གོམས་པའི་འབྲས་བུ་རྣམ་པར་སྨིན་པའི་དབང་དུ་བྱས་ཏེ་སྐབས་བདུན་པ་ལྟར་རོ། །ཞེས་གསུངས་སོ། །)སངས་རྒྱས་ཀྱི་ས་ལ་སྒྲིབ་པ་སྤངས་པའི་སེམས་བསྐྱེད་དོ། །འགྲེལ་ཆེན་ལས་ནི། དང་པོ་ངེས་འབྱེད་ཆ་མཐུན་བཞི་ལ་བཞག་ཀྱང་ཚོགས་ལམ་ནས་བཟུང་ན་ལེགས་སོ། །

འདིར་ཁ་ཅིག་སངས་རྒྱས་ལ་སེམས་བསྐྱེད་མེད་དེ་ཡོད་ན་སྤྲིན་ལྟ་བུ་ཡོད་དགོས་པ་ལས་དེ་མེད་དེ་རྒྱན་ལས། རྒྱལ་སྲས་རྣམས་ཀྱི་སེམས་བསྐྱེད་པ། །སྤྲིན་དང་འདྲ་བར་བསྟན་པ་ཡིན། །ཞེས་པས་ཤེ་ན།(མཁས་གྲུབ་རྟོགས་དཀའི་སྣང་བ་ལས་ཀྱང་རྫོགས་པའི་སངས་རྒྱས་ཀྱི་ས་ན་སེམས་བསྐྱེད་མེད་དེ། རང་ཉིད་ཀྱིས་གཞན་དོན་ དུ་སངས་རྒྱས་ཐོབ་པར་འདོད་པ་དང་། དེའི་ཆེད་དུ་ལམ་ལ་སློབ་པ་གང་ཡང་མེད་པའི་ཕྱིར་རོ། །ཞེས་གསུངས་ཀྱང)ཉེས་པ་མེད་དེ། རྒྱལ་སྲས་ལ་ཡོད་པས་སངས་རྒྱས་ལ་ཡོད་པ་མི་ཁེགས་ལ།(རྒྱན་གྱི་དོན)རྒྱལ་སྲས་རྣམས་ཀྱིས་ཐོབ་པར་བྱ་བའི་སེམས་བསྐྱེད་ཅེས་ཀྱང་དགོངས་པ་བརྟགས་ནུས་ཏེ་དེ་ལྟ་མིན་ན་སྔར་གྱི་(སངས་རྒྱས་ཀྱི་ས་ལ་སྒྲིབ་པ་སྤངས་པའི་སེམས་བསྐྱེད་བཞག་པའི་)ས་མཚམས་དང་འགལ་ཞིང་(སངས་རྒྱས་སའི་དོན་དམ་སེམས་བསྐྱེད་ཀུན་རྫོབ་སེམས་བསྐྱེད་ཡིན་པས་)དོན་དམ་སེམས་བསྐྱེད་ཀྱང་མེད་པར་ཧ་ཅང་ཐལ་ལོ། །

༼ཉ༽གསེར་ཕྲེང་ལས། སེམས་ཅན་ཐམས་ཅད་སངས་རྒྱས་ལ་བཀོད་ནས་རང་ཉིད་སངས་རྒྱ་བར་འདོད་པ་ཕྱུགས་རྫི་ལྟ་བུ་དང༌། བདག་གཞན་ཐམས་ཅད་དུས་མཉམ་དུ་སངས་རྒྱ་བར་འདོད་པ་མཉན་པ་ལྟ་བུ་དང༌། རང་ཉིད་སངས་རྒྱས་ནས་གཞན་གྲོལ་བར་འདོད་པ་རྒྱལ་པོ་ལྟ་བུའི་སེམས་བསྐྱེད་དང་གསུམ་ཡོད་ཅེས་(པ་ལས་སྤྱན་རས་གཟིགས་ལ་དང་བོ་ནས་ཕྱུགས་རྫི་ལྟ་བུའི་སེམས་བསྐྱེད་དེ་སྐྱེས་པ་ཡིན་ན། བདག་ཅག་གི་སྟོན་པ་ལ་དང་བོ་ནས་རྒྱལ་བོ་ལྟ་བུའི་སེམས་བསྐྱེད་དེ་སྐྱེ་དགོས་སོ་ཞེ་ན། སེམས་བསྐྱེད་ཚུལ་གྱིས་ཕྱེ་བའི་དེ་སྐྱེས་པ་ཡིན་སྤྱིར་རྒྱལ་བོ་ལྟ་བའི་སེམས་བསྐྱེད་མིན་པའི་ཞིབ་ཆ་དགོས་ཞེས)འཆད་དོ། །

༼ཏ༽གསེར་ཕྲེང་ལས། དོན་འདི་ལ་བཅོམ་ལྡན་པ་ནི། སྔ་མ་གཉིས་ལྟར་ན་དེ་དག་གིས་མི་སྲིད་པ་དམ་བཅས་པ་དང་བློ་ལོག་ཤེས་སུ་འགྱུར་ཏེ།(ཟེར་ན། ཞེ་ཐག་པས་ངེས་པ་དྲངས་ནས་མི་འཛིན་པར་མ་ཟད་ཐེ་ཚོམ་གྱིས་ཀྱང་དེ་ལྟར་མི་འཛིན་པས་ལོག་ཤེས་ལོག་རྟོག་གི་དོན་མི་ཚང་བའི་ཕྱིར་ཏེ། དེས་ན། དེ་ནི་འཛིན་སྟངས་མེད་པའི་མོས་སྒོམ་ཡིན་པས་མོས་སྒོམ་ལ་མཐའ་མེད་པའི་ཕྱིར།)ཞེས་གསུངས་སོ།།

                སེམས་བསྐྱེད་ཀྱི་མཚན་ཉིད།

༼ཀ༽གསེར་ཕྲེང་ལས།། གཉིས་པ་ལ་གཉིས། མཚན་ཉིད་དང་རབ་དབྱེའོ། །དང་བོ་ལ་གཉིས། མཚན་ཉིད་དངོས་དང༌། དེ་མདོ་དང་སྦྱར་བའོ། །དང་བོ་ལ་གསུམ་ལས་སྦྱར་བ་ནི། སེམས་བསྐྱེད་པ་རང་གི་ངོ་བོ་གང་ལ་དམིགས་པའི་ཡུལ་དང་བཅས་ཏེ་གསུངས་པ་ནིའོ། །བསྟན་པ་ནི། རྩ་བ། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་བྱ་བ་གསུངས་ཏེ།(འདིར་བསྟན་)ཐེག་ཆེན་གྱི་སེམས་བསྐྱེད་པ་ནི་(ཆོས་ཅན། རང་གི་ངོ་བོ་ཡོད་དེ།)ཆེད་དུ་བྱ་བ་རང་ལས་གཞན་པའི་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དུ་ཐོབ་བྱ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད(པའི་རྣམ་རིག་ཁྱད་པར་ཅན་དེ་ཡིན)པའོ། །

(ཡིག་ཆས། འདིར་བསྟན་གྱི་སེམས་བསྐྱེད་དེ་ལ་སྤྱོད་པའི་རྟེན་གྱི་དབང་དུ་བྱས་པའི་དེས་ཁྱབ་པར་ཐལ། སྦྱོར་བ་འཐད་པའི་ཕྱིར་ན། རྫས་སྤྱི་ཆོད་ན་འདོད། བྱས་པ་ལ་ཁོ་ན་རེ། དེ་ལ་ས་ལྟ་བུ་སོགས་ཀྱི་སེམས་བསྐྱེད་ཉེར་གཉིས་མེད་པར་ཐལ།འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེའི་དངོས་བསྟན་གྱི་དབྱེ་བ་སྟོན་པར།དེ་ཡང་སོགས་གསུངས་པའི་ཕྱིར། དེར་ཐལ། དེ་ཡང་གི་དེ་བསྙེགས་ས་ཡོད་པའི་ཕྱིར་ན་མ་ཁྱབ་སྟེ། བསྟན་བྱའི་གཙོ་བོ་ལ་བྱེད་པའི་ཕྱིར། ཞེས་གསུངས། ཁོ་ན་རེ། སེམས་བསྐྱེད་ཆོས་ཅན། འདིར་བསྟན་སེམས་བསྐྱེད་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཁྱོད་ཡིན་ན་འདིར་བསྟན་སེམས་བསྐྱེད་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར།

མ་ཁྱབ་ན། རྣམ་རྫོགས་སྦྱོར་བ་སྐབས་བཞི་པའི་བསྟན་བྱའི་གཙོ་བོར་གྱུར་པའི་རྣམ་རྫོགས་སྦྱོར་བ་ཡིན་ན་རྣམ་རྫོགས་སྦྱོར་བ་ཡིན་ན་སྐབས་བཞི་པའི་བསྟན་བྱའི་གཙོ་བོར་གྱུར་པའི་རྣམ་རྫོགས་སྦྱོར་བ་ཡིན་པས་མ་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། སྐབས་བཞི་བའི་ཡིག་ཆ་ལས། རྣམ་རྫོགས་སྦྱོར་བ་སྐབས་བཞི་པའི་བསྟན་བྱའི་གཙོ་བོར་གྱུར་པའི་རྣམ་རྫོགས་སྦྱོར་བ་ཡིན་ཟེར་ན། འོ་ན། རྣམ་རྫོགས་སྦྱོར་བ་ཆོས་ཅན། ཁྱོད་རྒྱུད་ལྡན་གྱི་གང་ཟག་ཡིན་ན། སྐབས་འདིའི་བསྟན་བྱའི་གཙོ་བོར་གྱུར་པའི་རྣམ་རྫོགས་སྦྱོར་བ་རྒྱུད་ལྡན་གྱི་གང་ཟག་ཡིན་པས་ཁྱབ་པར་ཐལ། དམ་བཅའ་འཐད་པའི་ཕྱིར།ཞེས་གསུངས་པའི་ཕྱིར།)འོན་ཏེ་(བྱང་ཆུབ་འདོད། །ཅེས་པའི་)འདོད་པ་ཞེས་བྱ་བ་འདི་ཅི་ཞེ་ན།

འདི་(གཞན་དོན)འདོད་པ་དང་(རང་དོན་བྱང་ཆུབ་)དེ་འདོད་པས་བྱང་སེམས་ཀྱིས་ཡུམ་ལ་བརྩོན་པར་བྱའོ། །ཞེས་གསུངས་པའི་འདོད་པ་དེའོ། །རྣམ་བཤད་ལས། འདིར་དོན་དངོས་སུ་ཐེག་ཆེན་སེམས་བསྐྱེད་བསྟན་ནས་དེ་ལ་འདོད་པའི་སྒྲས་བསྟན་པ་ནི་དགོས་པ་ཁྱད་པར་ཅན་གྱི་དོན་དུ་ཡིན་ཏེ། མིང་འདི་ཙམ་གྱིས་འཕངས་པའི་གཞན་དོན་འདོད་པ་དང་། བྱང་ཆུབ་འདོད་པ་གཉིས་ཀྱི་དོན་འདིར་ཤུགས་ལ་བསྟན་ཏེ། དེ་ཡང་གཞན་དོན་འདོད་པ་སེམས་བསྐྱེད་ཀྱི་རྒྱུར་དགོས་པ་དང་།བྱང་ཆུབ་འདོད་པ་གྲོགས་སུ་དགོས་པར་ཤེས་པའི་ཆེད་ཡིན་ཏེ་འཆད་པར་འགྱུར་རོ། །དེས་ན་འདོད་དོ། །གང་ན་བླ་ན་མེད་པའི་བྱང་ཆུབ་བོ། །གང་གི་ཆེད་དུ་ན། གཞན་གྱི་དོན་དུའོ་ཞེས་པས་དོན་དུ་གཉེར་བྱ་བྱང་ཆུབ་དང་གཞན་དོན་གཉིས་བྱང་ཆུབ་སྔོན་ལ་འབྱུང་ཡང་དེ་གཉིས་དོན་གཉེར་གྱི་བསམ་པ་ནི་གོ་རིམ་ལྡོག་སྟེ་བསྐྱེད་དགོས་པར་ཤེས་པར་བྱའོ། །ཞེས་གསུངས་པ་ལ།

༡ འོ་ན། དོན་དུ་གཉེར་བྱ་བྱང་ཆུབ་དང་གཞན་དོན་གཉིས་ལས་གཞན་དོན་སྔོན་ལ་འབྱུང་བ་མེད་པར་ཐལ། འདོད་པའིཕྱིར།འདོད་མི་ནུས་ཏེ། ས་དང་བོ་བའི་སེམས་བསྐྱེད་ཀྱི་རྒྱུའི་འདུན་པའི་དམིགས་པའི་གཞན་དོན་ལ་ས་བཅུ་བ་བའི་འཐོབ་འགྱུར་གྱི་བྱང་ཆུབ་ཡོད་པའི་ཕྱིར།ཁ༽ གསེར་ཕྲེང་ལས། གཉིས་པ་ལ་གཉིས། རྒྱུ་མིང་འབྲས་བུ་དང༌། གྲོགས་མིང་གྲོགས་ཅན་ལ་བཏགས་པའོ། །ཞེས་སོ།། སེམས་བསྐྱེད་ལ་འདོད་པའི་མིང་གིས་འདོགས་ཚུལ་ལ་གཉིས་ཡོད་པས་རྒྱུ་མིང་འབྲས་བུ་ལ་བཏགས་པ་འདིས་རྒྱུ་འབྲས་མན་ངག་བདུན་གྱིས་སེམས་བསྐྱེད་ཚུལ་དང་འཇུག་པ་ལྟར་སྙིང་རྗེ་ཆེན་པོ་ཐོག་མཐའ་བར་གསུམ་དུ་གལ་ཆེ་བ་སོགས་བསྟན་ཏེ། རྣམ་བཤད་ལས། དེས་ན་འདིར་བསྟན་པའི་སེམས་བསྐྱེད་ལ་ངེས་པར་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་དགོས་པར་ཤེས་པའི་ཆེད་དུ་གཞན་དོན་དོན་གཉེར་གྱི་མིང་གིས་བཏགས་པ་ཡིན་ལ། སྙིང་རྗེ་མཚན་ཉིད་རྫོགས་པ་དེས་དྲངས་པའི་སེམས་བསྐྱེད་ཡོད་ན་སྤྱོད་པ་ལ་སློབ་འདོད་ངང་གིས་འབྱུང་ལ། དེ་ཡོད་ན་རྣམ་མཁྱེན་གྱི་རྒྱུའི་དགེ་བའི་ཆོས་ཐམས་ཅད་འཕེལ་བར་འགྱུར་ཞིང་། དེ་ལྟར་ཤེས་པའི་ཆེད་དུ་ཡང་བཏགས་པ་ཡིན་ནོ། །

ཆོས་གཅིག་ལག་མཐིལ་ཏུ་མཆིས་ན་ཆོས་ཐམས་ཅད་ལག་མཐིལ་དུ་མཆིས་པར་འགྱུར་རོ། །གཅིག་པོ་གང་ཞེ་ན་སྙིང་རྗེའོ། །ཞེས་གསུངས་པ་ལྟར། ཐེག་པ་ཆེན་པོའི་ལམ་ལ་འཇུག་པར་འདོད་པ་རྣམས་ཀྱིས་ཐོག་མཐའ་བར་གསུམ་དུ་གལ་ཆེ་བས་ཐོག་མར་སྙིང་རྗེ་བསྒོམ་པར་བྱ་ཞིང་། དེ་མ་ཉམས་པར་མཚན་ཉིད་རྫོགས་པ་གོང་ནས་གོང་དུ་འཕེལ་བ་ཡོད་ན། སེམས་བསྐྱེད་དང་སྤྱོད་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་ཐེག་པ་ཆེན་པོའི་ལམ་གྱི་གོ་རིམ་ལ་མཁས་པར་ཤེས་པའི་ཆེད་དུ་འདིར་ཐེག་ཆེན་སེམས་བསྐྱེད་ལ་གཞན་དོན་དོན་གཉེར་གྱི་འདུན་པའི་མིང་གིས་བཏགས་པར་ཤེས་པར་གྱིས་ཤིག ཅེས་གསུངས་ལ།

འགྲེལ་བའི་ཟིན་བྲིས་ལས། སེམས་བསྐྱེད་ལ་འདོད་པའི་མིང་གིས་འདོགས་ཚུལ་ལ་གཉིས་ཡོད་པས་རྒྱུ་མིང་འབྲས་བུ་ལ་བཏགས་པའི་འདོད་པ་ནི་གསེར་ཕྲེང་ལྟར་ན་བྱང་ཆུབ་ལ་དམིགས་པ་དང༌། རྣམ་བཤད་ལྟར་ན་གཞན་དོན་ལ་དམིགས་པའི་འདོད་པར་བཤད་པས་འདི་ལྟར་ན། གཞན་དོན་ཕྱིར་འདོད་ཅེས་ཚིག་གོང་འོག་སྦྲེལ་ནས་བསྟན་པ་ཡིན་ནམ་སྙམ་སྟེ། སྐབས་འདི་འདྲ་ལ་འདི་གཉིས་ཀྱི་དོན་ཡང་མི་མཐུན་པ་འདྲ་བ་ཞིག་འདུག་ཞེས་གསུངས་ཀྱང་གསེར་ཕྲེང་ལས། གདགས་ཆོས་གཉིས་ལས་རྒྱུར་གྱུར་བའི་འདུན་པ་ནི་གཞན་དོན་ལ་དམིགས་པ་གཞན་སྡུག་བསྔལ་དང་བྲལ་འདོད་ཙམ་ཡིན་གྱི་བྱང་ཆུབ་ལ་མི་དམིགས་ཏེ། དེ་ནི་སེམས་བསྐྱེད་དང་རྒྱུ་འབྲས་ཡིན་པས་སེམས་བསྐྱེད་ཀྱི་སྔར་འབྱུང་དགོས་པས་སོ། །གསུངས་པས་སོ། །

༢ འདི་ལ་འོ་ན། སེམས་བསྐྱེད་ཀྱི་རྒྱུའི་འདུན་པ་ཡིན་ན་བྱང་ཆུབ་ལ་མ་དམིགས་པས་ཁྱབ་བར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་སོ།། གཉིས་པ་གྲོགས་མིང་གྲོགས་ཅན་ལ་བཏགས་པ་ནི་ཐེག་པ་ཆེན་པོར་ཚུད་པ་གྲོགས་བྱང་ཆུབ་འདོད་པའི་འདུན་པ་ལ་རག་ལས་པས་འདུན་པ་དེ་གཙོ་བོ་ཡིན་པའི་ཕྱིར་དེའི་མིང་གིས་བཏགས་ཏེ། དཔེར་ན། རྒྱལ་བོ་འཁོར་བཅས་འགྲོ་བ་ལ་རྒྱལ་བོ་གཤེགས་སོ་ཟེར་བ་བཞིན་ནོ། །

༼ཁ༽གསེར་ཕྲེང་ལས། དེ་ལྟར་ན་རྩོད་ལན་འདི་གཉིས་ཀས་སེམས་དང་སེམས་བྱུང་རྫས་ཐ་དད་༼སྟེ་འགལ་༽བར་འདོད་པར་སྣང་ཞིང་ཐོགས་མེད་སྐུ་མཆེད་ལ་སོགས་པ་འཕགས་ཡུལ་གྱི་ཤིང་རྟ་ཆེན་པོ་དུ་མས་ཀྱང་དེ་ལྟར་བཀྲལ་ལོ། །ཞེས་གསུངས་ལ། རྣམ་བཤད་ལས། ཐལ་བ་དེའི་ཁྱབ་པ་སློབ་དཔོན་གྱིས་ཀྱང་ཞལ་གྱིས་བཞེས་པས་ལན་གྱི་དངོས་ལ་གནོད་བྱེད་དེ་ཉིད་ཡིན་ལ། དེས་སེམས་སེམས་བྱུང་རྫས་ཐ་དད་དུ་བསྟན་ཏོ་ཞེས་ཟེར་བ་ནི། འགལ་ན་རྫས་ཐ་དད་ཀྱི་ཁྱབ་པ་ཚངས་པས་ཀྱང་བསྒྲུབ་མི་ནུས་སོ། །ཞེས་གསུངས་སོ། །

༼ག༽གསེར་ཕྲེང་ལས། ཡང་དག་པར་རྫོགས་པའི་བྱང་ཆུབ་དེ་ནི་གང་འདོད་པར་བྱ་བའི་བདག་ཉིད་ཐོབ་བྱའི་དམིགས་ཡུལ་ཡིན་པར་གང་ལས་ཤེས་པ་ཡིན་(གཞན་གྱི་དོན་ནི་དགོས་པ་གང་གི་དོན་དུ་སེམས་བསྐྱེད་པ་ཆེད་དུ་བྱ་བའི་ཡུལ་ཡིན་པར་གང་ལས་ཤེས་པ་ཡིན་)ཞེ་ན། ཞེས་སོ། །

༼ང༽གསེར་ཕྲེང་ལས། གཉིས་པ་ལ་གཉིས་ལས།(རྩ་བ་ལས། དེ་དང་དེ་ནི་མདོ་བཞིན་དུ། །བསྡུས་དང་རྒྱས་པའི་སྒོ་ནས་བརྗོད། །)དང་བོ་ནི་བྱང་ཆུབ་ཐོབ་བྱའི་ཡུལ་ཡིན་པ་དེ་དང༌། གཞན་དོན་ཆེད་དུ་བྱ་བའི་ཡུལ་ཡིན་པ་དེ་ནི་བསྡུས་པ་དང་རྒྱས་པ་གཉིས་གཉིས་ཀྱི་སྒོ་ནས་ཡུམ་གྱི་མདོ་ལས་བརྗོད་པས་སེམས་བསྐྱེད་དེ་གཞན་ཆེད་དུ་རྫོགས་བྱང་འདོད་པར་བཤད་པ་དེ་ཡུམ་གྱི་མདོ་བཞིན་དུ་སྟེ་དེ་དང་མཐུན་པར་བྱས་ཀྱི་རང་འགར་ནི་མིན་ནོ། །ཞེས་གསུངས་ཏེ། རྩ་བར་སེམས་བསྐྱེད་དེ་གཞན་ཆེད་དུ་རྫོགས་བྱང་འདོད་པར་བཤད་པ་དེ་ཆོས་ཅན། ཡུམ་གྱི་མདོ་བཞིན་དུ་སྟེ་དེ་དང་མཐུན་པར་བྱས་ཀྱི་རྗེ་བཙུན་གྱིས་རང་འགར་ནི་མིན་ཏེ། བྱང་ཆུབ་ཐོབ་བྱའི་ཡུལ་ཡིན་པ་དེ་དང༌། གཞན་དོན་ཆེད་དུ་བྱ་བའི་ཡུལ་ཡིན་པ་དེ་ནི་བསྡུས་པ་དང་རྒྱས་པ་གཉིས་གཉིས་ཀྱི་སྒོ་ནས་ཡུམ་གྱི་མདོ་ལས་བརྗོད་པའི་ཕྱིར། ཞེས་པའོ། །རྣམ་བཤད་ལས། དམིགས་ཡུལ་བྱང་ཆུབ་དེ་དང་གཞན་དོན་དེ་ནི་ཆོས་ཅན།རྒྱས་འབྲིང་བསྡུས་པ་གསུམ་ག་ལས་བསྡུས་པ་དང་། རྒྱས་པའི་སྒོ་ནས་བརྗོད་པར་ཤེས་པར་བྱ་སྟེ། མདོ་བར་མ་ལས་བསྟན་པ་བཞིན་དུ་གཞན་གཉིས་ལས་ཀྱང་དོན་ཚང་བར་བསྟན་པའི་ཕྱིར། ཞེས་དང་། རྟོགས་དཀའི་སྣང་བ་ལས། བྱང་ཆུབ་དང་གཞན་དོན་དེ་དང་དེ་ནི་ཡུམ་གསུམ་གྱི་མདོ་བཞིན་དུ་བསྟན་བཅོས་ལས་བསྡུས་བ་དང་རྒྱས་པའི་སྒོ་ནས་བརྗོད་དོ། །ཞེས་གསུངས་སོ། །

༡ འོ་ན། དེ་དང་དེ་ནི་མདོ་བཞིན་དུ། །ཞེས་པའི་མདོ་ལ་ཡུམ་གསུམ་ག་དང་མདོ་བཞིན་དུ་ཡིན་རྒྱུ་དེ་ལ་བསྟན་བཅོས་ཀྱི་སེམས་བསྐྱེད་ཀྱི་མཚན་ཉིད་དེ་འཇོག་པར་ཐལ། གསེར་ཕྲེང་གི་གསུང་ཚུལ་དེའི་ཕྱིར། འདོད་ན། བསྟན་བཅོས་ཀྱིས་སེམས་བསྐྱེད་ཀྱི་མཚན་ཉིད་བཞག་པ་དེ།ཡུམ་གསུམ་ག་དང་མཐུན་པར་བཞག་པའི་དོན་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དམིགས་ཡུལ་བྱང་ཆུབ་དེ་དང་གཞན་དོན་དེ་ནི་ཡུམ་བར་མ་ལས་བསྟན་པ་བཞིན་དུ་གཞན་གཉིས་ལས་ཀྱང་དོན་ཚང་བར་བསྟན་པའི་དོན་ཡིན་པར་རྣམ་བཤད་ལས་གསུངས་པའི་ཕྱིར། ཁྱབ་སྟེ། འདི་ལྟར་ན་མདོ་བཞིན་དུ། ཞེས་པའི་མདོ་ལ་ཡུམ་བར་བ་ཙམ་དང་མདོ་བཞིན་དུ་ཡིན་རྒྱུ་ལ་ཡུམ་རྒྱས་བསྡུས་གཉིས་ལས་དམིགས་ཡུལ་གཉིས་རྒྱས་བསྡུས་སུ་བསྟན་པ་དེ་འཇོག་དགོས་པའི་ཕྱིར།

ཁྱབ་སྟེ། གསེར་ཕྲེང་ལས། གང་དག་ཡུལ་གཉིས་ཡུམ་ལས་བསྡུས་རྒྱས་སུ་གསུངས་པའི་ཚུལ་ལ། མདོ་ཡི་དོན་དང་མི་འགལ་བར་ཞེས་འཆད་པ་ནི་མི་འཐད་དེ། ཡུམ་མདོ་ལ་ཡིན་ན་ཡུམ་མདོ་ལས་དེ་ཉིད་དང་མི་འགལ་བར་བསྟན་ཅེས་པར་འགྱུར་བས་ཤེས་འདོད་མེད་ལ། དཀོན་མཆོག་རྣམ་བདུན་དང་སྡོང་པོ་བཀོད་པ་སོགས་ལ་བྱེད་ན་དེ་ཡང་མདོ་གཞན་དང་མི་འགལ་བར་བརྟགས་དགོས་པས་ཐུག་མེད་དུ་འགྱུར་ཞིང་སྐབས་དང་ཡང་འགལ་ཏེ། མདོ་བཞིན་དུ་ཡིན་མིན་དང་འགལ་མི་འགལ་དཔྱད་པའི་གཞི་ནི་བསྟན་བཅོས་སུ་སེམས་བསྐྱེད་པའི་མཚན་ཉིད་བསྟན་པ་ལ་ཡིན་ཞིང་ཡུམ་མདོ་འདི་ཡི་རྩ་བའི་མདོ་ཡིན་པ་དང༌། རྒྱན་སྣང་ལས་ཀྱང་འཕགས་པ་སྟོང་ཕྲག་ཉི་ཤུ་ལྔ་བའི་མདོ་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ་ཞེས་གསུངས་པས་སོ། །ཞེས་ཁ་ཅིག་དགག་ཚུལ་ཡོད་པའི་ཕྱིར།

༢ གཞན་ཡང་། དམིགས་ཡུལ་བྱང་ཆུབ་དེ་དང་གཞན་དོན་དེ་ནི་ཡུམ་བར་མ་ལས་བསྟན་པ་བཞིན་དུ་གཞན་གཉིས་ལས་ཀྱང་རྒྱས་བསྡུས་གཉིས་གཉིས་ཀྱི་སྒོ་ནས་མ་བསྟན་པར་ཐལ། དོན་ཚང་བར་བསྟན་པ་ཙམ་ཡིན་པའི་ཕྱིར། མ་ཁྱབ་ན། རྒྱས་པའི་དོན་ཚང་བར་བསྟན་ན་རྒྱས་པར་བསྟན་པས་ཁྱབ་བར་ཐལ་ལོ། །འདོད་ན། རྒྱན་གྱི་མདོར་བསྟན་གྱི་དོན་བདུན་ཅུ་རྒྱས་པར་བསྟན་པར་ཐལ། དེའི་དོན་ཚང་བར་བསྟན་པའི་ཕྱིར། མ་ཁྱབ། བརྒྱད་སྟོང་བས་ཡུལ་གཉིས་མདོར་བསྟན་པ་དང་རྒྱས་པར་བསྟན་པ་མ་ཡིན་པར་ཐལ། དེའི་དོན་ཚང་བར་བསྟན་ཀྱང་རྒྱས་པར་བསྟན་པའི་ཚིག་མེད་པའི་ཕྱིར། གསེར་ཕྲེང་ལས། བསྡུས་པ་ན། ཚིག་དགོད་རྒྱུ་མེད་ལ།ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། གསེར་ཕྲེང་ལས། མདོར་བསྡུས་པ་དང་རྒྱས་པར་བཤད་པའི་སྒོ་ནས་སོ། །གང་ལས་ན། རྒྱལ་བའི་ཡུམ་རྒྱས་འབྲིང་བསྡུས་པ་རྣམ་པ་གསུམ་ཆར་ལས་སོ། །ཀྱང་ནི་ནང་ཕན་ཚུན་བསྡུ་པའོ། །ཞེས་གསུངས་པའི་ཕྱིར།

༼ཅ༽གསེར་ཕྲེང་ལས། དོན་འདི་ལ་(གོ་མི་འཆི་མེད་དམ་)ཨ་མ་ར་ཙན་ཏྲས། ཡུམ་གྱི་མདོ་དང་མི་འགལ་བར་བསྟན་བཅོས་ཀྱི་ངག་གིས་ཤུགས་ལ་བསྡུས་རྒྱས་སུ་བརྗོད་པར་བཞེད་པ་ཡང་མི་འཐད་དེ། ཡུམ་གསུམ་ཆར་ལས་བསྟན་ཏེ་ཞེས་འབྲེལ་བ་དང༌། འགྲེལ་པ་ཐམས་ཅད་ལས་ཀྱང་བསྡུས་རྒྱས་སུ་སྟོན་པའི་ཚིག་མདོ་ཉིད་ལ་མཛད་པས་སོ། །མཚན་ཉིད་ཀྱི་སྐབས་སུ་བསྡུས་པ་དང༌། རབ་དབྱེའི་སྐབས་སུ་རྒྱས་པར་བརྗོད་ཅེས་པ་ཡང་དོན་མིན་ཏེ། མཚན་ཉིད་ཀྱི་འོག་ཏུ་(ཡང་གང་འདོད་པའི་བདག་ཉིད་དང་། གང་གི་དོན་དུ་སེམས་བསྐྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དེ་ནི་གང་ཡིན་གཞན་གྱི་དོན་ནི་གང་ཡིན་ཞེ་ན། ཞེས)ཡུལ་གཉིས་ཀྱི་འཆད་འགྱུར་གྱི་དྲི་བ་བྱུང་ཞིང་རབ་དབྱེའི་སྔོན་དུ་བཤད་ཟིན་གྱི་མཚམས་སྦྱོར་(དེ་ལྟར་སེམས་བསྐྱེད་པ་དམིགས་པ་དང་རང་གི་ངོ་བོ་དང་བཅས་པ་བརྗོད་ནས། ད་ནི་ཞེས)བྱུང་བ་དང༌། དབྱེ་བ་ནི་སེམས་བསྐྱེད་རྒྱས་བཤད་ཡིན་གྱི་ཡུལ་གྱི་མིན་པས་སོ། །མ་ངེས་པ་མིན་ཏེ། ཁྱེད་ལྟར་ན་ཡུལ་ཉི་ཚེ་བསྡུས་རྒྱས་སུ་བཤད་པས་སོ། །ཞེས་གསུངས་ལ། རྟོགས་དཀའི་སྣང་བ་ལས། བྱང་ཆུབ་དང་གཞན་དོན་དེ་དང་དེ་ནི་ཡུམ་གསུམ་གྱི་མདོ་བཞིན་དུ་བསྟན་བཅོས་ལས་བསྡུས་དང་རྒྱས་པའི་སྒོ་ནས་བརྗོད་དོ། །ཞེས་གསུངས་སོ། །

                   སེམས་བསྐྱེད་ཀྱི་རབ་དབྱེ།

༼ཀ༽གསེར་ཕྲེང་ལས། ཕྱེ་བའི་ཐ་དད་ནི་ཕལ་ཆེར་ངོ་བོ་ཐ་དད་དེ། སྔ་མ་གཉིས་(དུས་མཉམ་དུ་སྐྱེ་བ་ཡོད་པས)ཕྱི་མ་རྣམས་ཀྱི་རྒྱུ་དང༌། ཕྱི་མ་གཉིས་(དུས་མཉམ་དུ་ཐོབ་པ་ཡོད་པས)སྔ་མ་རྣམས་ཀྱི་འབྲས་བུ་དང༌། བར་པ་རྣམས་(རིམ་ཅན་ཁོ་ནར་ཐོབ་པས)སྔ་མ་སྔ་མ་རྒྱུ་དང༌། ཕྱི་མ་ཕྱི་མ་འབྲས་བུ་ཡིན་པས་སོ། །སྤྱིར་ནི་ངོ་བོ་ཐ་དད་པར་མ་ངེས་ཏེ།(སེམས་བསྐྱེད་ཕྱི་མ་ཕྱི་མ་ཡིན་ན་སྔ་མ་སྔ་མ་ཡིན་པས་ཁྱབ་སྟེ།)སེམས་བསྐྱེད་ཀུན་ཀྱང་འདུན་ལྡན་ཡིན་པའི་ཕྱིར། ཞེས་གསུངས་ཏེ(འདུན་ལྡན་ཡིན་ན་ངོ་བོ་ཐ་དད་མ་ཡིན་པས་ཁྱབ་པར་ཐལ། སྒྲུབ་ཚུལ་འཐད་པའི་ཕྱིར་ཟེར།)འདི་ལ་མཁས་པ་ཁ་ཅིག་གིས། གཞུང་གི་དངོས་བསྟན་གྱི་སེམས་བསྐྱེད་ཉེར་གཉིས་རིམ་ཆར་ཁོ་ནར་སྐྱེ་དགོས་པ་འོག་གི་ས་མཚམས་གསུངས་པ་དང་། གསེར་ཕྲེང་ལས། སྔ་མ་གཉིས་ཕྱི་མ་རྣམས་ཀྱི་རྒྱུ་དང་། ཕྱི་མ་གཉིས་སྔ་མ་རྣམས་ཀྱི་འབྲས་བུ་དང་། བར་བ་རྣམས་སྔ་མ་སྔ་མ་རྒྱུ་དང་ཕྱི་མ་ཕྱི་མ་འབྲས་བུ་ཡིན་པས་སོ།།ཞེས་པས་འགྲུབ་ལ། དེའི་སྔ་མ་གཉིས་ཞེས་པ་མ་དག་སྟེ། བུ་ཉ་སོགས་ཀྱིས་དང་བོ་ནི་ཕྱི་མ་རྣམས་ཀྱི་རྒྱུ་ཁོ་ནའོ། །ཞེས་གསུངས་པའི་ཕྱིར།

 ཕྱི་མ་གཉིས་ཞེས་པ་འབྲས་བུ་མཐར་ཐུག་ཡིན་པའམ་མཉམ་དུ་ཐོབ་པ་ལ་དགོངས་ཀྱི།དེ་གཉིས་ཀའང་རིམ་ཆར་སྐྱེ་བས་ཕྱི་མ་སྔ་མའི་འབྲས་བུ་ཡིན་ནོ། །ཞེས་གསུངས་ཀྱང་འདི་ལྟར་ན་ཕྱེ་བའི་ཐ་དད་ནི་ཕལ་ཆེར་ངོ་བོ་ཐ་དད་དེ། ཞེས་ཕར་ཆེར་སྦྱར་མི་དགོས་པར་ཐལ། ཉེར་གཉིས་པོ་རིམ་ཆར་ཁོ་ནར་སྐྱེ་བས་ངོ་བོ་ཐ་དད་ཡིན་པའི་ཕྱིར། གཞུང་འདི་མ་དག་པར་ཁས་ལེན་མི་དགོས་ཏེ། ས་གསེར་ལྟ་བུའི་སེམས་བསྐྱེད་གཉིས་དུས་མཉམ་དུ་ཐོབ་པ་ཡོད་པའི་ཕྱིར། དེར་ཐལ། བསྐལ་པ་གྲངས་མེད་གསུམ་གྱི་ཚོགས་གསོག་པའི་འགོ་བརྩམས་པ་དང་ས་ལྟ་བུའི་སེམས་བསྐྱེད་རང་རྒྱུད་ལ་སྐྱེས་པ་དུས་མཉམ་པ་ཡོད་པའི་ཕྱིར། ཁྱབ་སྟེ། བསྟན་འགྱུར་དཀར་ཆག་ནོར་བུའི་ཕྲེང་བ་ལས། གསེར་ལྟ་བུའི་སེམས་བསྐྱེད་རང་རྒྱུད་ལ་ནམ་སྐྱེས་པ་ནས་གྲངས་མེད་ཀྱི་འགོ་རྩོམ་པར་རིགས་པར་བྱའོ། །ཞེས་གསུངས་པའི་ཕྱིར།

གོང་གི་རྟགས་གྲུབ་སྟེ། དེ་དང་ཐེག་ཆེན་ལམ་ལ་ཞུགས་པ་དུས་མཉམ་པ་ཡོད་པའི་ཕྱིར། རྣམ་བཤད་ལས། བསྐལ་པ་གྲངས་མེད་གསུམ་ནས་འཚང་རྒྱ་བའི་ལམ་གྱི་འགོ་བརྩམས་པ་དང་། ཐེག་པ་ཆེན་པོའི་ལམ་དུ་ཞུགས་པ་དང་།ཐེག་ཆེན་ཐར་པ་ཆ་མཐུན་རྒྱུད་ལ་སྐྱེས་པ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར། སྤྱིར་བསྐལ་པ་གྲངས་མེད་གསུམ་ནས་འཚང་རྒྱ་བའི་ལམ་གྱི་འགོ་བརྩམས་པ་དང་། ཐེག་པ་ཆེན་པོའི་ལམ་དུ་ཞུགས་པ་དང་། ཐེག་ཆེན་ཐར་པ་ཆ་མཐུན་རྒྱུད་ལ་སྐྱེས་པ་དུས་མཉམ་པ་མིན་ཏེ། འགྲེལ་བའི་ཟིན་བྲིས་ལས། ཐེག་བསྡུས་ལས། བཟང་དང་སྨོན་པའི་སྟོབས་ཅན་དང༌། །འདུན་བརྟན་ཞེས་སོགས་ལྟར། དགེ་བ་དང་འདུན་པ་གཉིས་བརྟན་པའི་སྟོབས་ཀྱིས་ཐེག་དམན་དུ་ཉམས་པ་མི་སྲིད་ཅིང༌། གོང་ནས་གོང་འཕེལ་དུ་འགྲོ་བའི་མཚམས་ཤིག་ནས་གྲངས་མེད་གསུམ་གྱི་ཚོགས་ཀྱི་འགོ་རྩོམ་པར་གསུངས་པས། སེམས་བསྐྱེད་མ་ཐག་ནས་མ་ཡིན་པར་གསེར་ལྟ་བུའི་སེམས་བསྐྱེད་ཐོབ་པ་ནས་འཇོག་གསུང༌། ཞེས་གསུངས་པའི་ཕྱིར།

དེས་ན་སྤྱིར་གྲངས་མེད་གསུམ་གྱི་ཚོགས་གསོག་པའི་འགོ་བརྩམས་པ་དང་གསེར་ལྟ་བུའི་སེམས་བསྐྱེད་རྒྱུད་ལ་སྐྱེས་པ་གཉིས་ཚོགས་ལམ་འབྲིང་ནས་འཇོག་དགོས་ཀྱང་ཐེག་ཆེན་རིགས་ངེས་དབང་རྣོན་འགའ་ཞིག་ལ་ཚོགས་ལམ་དང་མཉམ་དུ་ཐོབ་ཡོད་པར་འདྲའོ། །དེ་ཡང་གྲྭ་ཚང་གི་དམ་པ་ཞིག་གིས་འདི་ལྟར་གསུངས་ཏེ། རྩ་བའི་སྒྲས་ཟིན་ཉེར་གཉིས་ལས་རིམ་ཅན་ཁོ་ནར་ཐོབ་པ་བཅོ་བརྒྱད་ལས་མེད། དེ་དབང་རྣོན་གྱི་དབང་དུ་བྱས་ལ། ཤིན་ཏུ་དབང་རྣོན་གྱི་དབང་དུ་བྱས་ན་བཅུ་བདུན་རིམ་ཅན་ཁོ་ན་དང་། རྒྱུ་མཚན་ནི་བསྐལ་ཆེན་གྲངས་མེད་དང་བོའི་ཚོགས་གསོག་པའི་འགོ་བརྩམས་པ།སེམས་བསྐྱེད་ཐོབ་ཙམ་ནས་མ་ཡིན་པར་གསེར་ལྟ་བུའི་སེམས་བསྐྱེད་ཐོབ་པ་ནས་འཇོག་གསུངས་པ་འགྲེལ་བའི་ཟིན་བྲིས་ལྟར་དང་། མཚན་ཉིད་བཞི་སོགས་སྒོམ་པའི་མཐུས་དབང་རྣོན་འགའ་ཞིག་ལ། བསྐལ་ཆེན་གྲངས་མེད་དང་བོའི་ཚོགས་གསོག་པའི་འགོ་བརྩམས་པ། ཐར་པ་ཆ་མཐུན་ཐོབ་པ་དུས་མཉམ་པ་སྐབས་བཞི་པའི་སྡོམ་ལྟར་རོ། །དེ་ལྟར་ན་ཤིན་ཏུ་དབང་རྣོན་གཞིར་བཞག །ཚོགས་ལམ་འབྲིང་ཆུང་ངུའི་ཁོངས་སུ་གཏོགས་སམ་སྙམ་སྟེ།

དཔེར་ན་རྒྱུན་ཞུགས་ཞུགས་པའི་མིང་ཅན་གྱི་བྱང་སེམས་ལ། སེམས་དཔའ་རྣོ་འབྲིང་རྟུལ་གསུམ་ཡོད་ཀྱང་འབྲིང་དེ་ཆེན་པོའི་ཁོངས་སུ་གཏོགས་པའང་ཡོད་པ་ནི། གསེར་ཕྲེང་ལས། རྟོགས་པ་སྔ་མ་ལྟ་བུའི་དབང་རྣོན་ཤེས་རབ་ཀྱིས་ལམ་གྱི་རྗེས་སུ་འབྲང་བ་ནི། ཞེས་པ་ནས་སྒོ་ཐམས་ཅད་ཀྱང་ཕྱོགས་པར་འགྱུར་རོ། །ཞེས་སོ། །ཞེས་སེམས་དཔའ་དབང་འབྲིང་གི་མདོ་སེམས་དཔའ་དབང་རྣོན་གྱི་མདོར་སྦྱར་བའི་ཕྱིར། དེ་དག་ལྟར་ན་ཤིན་ཏུ་དབང་རྣོན་དབང་དུ་བྱས་ན་ཚོགས་ལམ་ཆེ་ཆུང་གཉིས་ཀྱི་དབྱེ་བ་ལས་ཆེ་འབྲིང་ཆུང་གསུམ་གྱི་དབྱེ་བ་མེད་པ་འདྲ་སྟེ། གང་ཟག་གཞན་གྱིས་ཚོགས་ལམ་འབྲིང་གི་སྐབས་སུ་ཐོབ་རྒྱུའི་ཡོན་ཏན་རྣམས་ཤིན་ཏུ་དབང་རྣོན་དེས་ཆུང་ངུའི་སྐབས་སུ་ཐོབ་པའི་ཕྱིར་རོ། །དེ་ནི་སྔ་མ་གཉིས་རྒྱུ་དང་ཞེས་པའི་དགོངས་པའོ། །ཞེས་སོགས་གསུངས་སོ། །འོན་ཀྱང་། འགྲེལ་བ་དང་གསེར་ཕྲེང་ཡིག་ཆ་སོགས་ལས་སེམས་བསྐྱེད་ཉེར་གཉིས་ཀྱི་ས་མཚམས་གསུངས་པ་དང་འགལ་མིན་སོགས་དཔྱད་གཞི་མང་ངོ་། །

༼ཁ༽གསེར་ཕྲེང་ལས། རྒྱན་ལས། སྦྱོར་བ་དང་ལྡན་པ་ཟླ་བ་དང་ལྷག་བསམ་དང་ལྡན་པ་མེ་ལྟ་བུར་གོ་བཟློག་སྟེ་བཤད་པ་ནི། གཉིས་ཀ་ཡང་ཚོགས་སྦྱོར་གཉིས་ཀར་འབྱུང་བ་ཤེས་པར་བྱེད་པའོ། །ཞེས་གསུངས་ལ་ཡིག་ཆ་ལས། སྦྱོར་བ་དང་ལྡན་པའི་སེམས་བསྐྱེད་ཆོས་ཅན། སྦྱོར་ལམ་མན་ཆད་ན་མེད་པར་ཐལ། སྦྱོར་ལམ་གྱིས་བསྡུས་པའི་དོན་ས་མཚམས་ཀྱི་དོན་ཡིན་པའི་ཕྱིར། འདོད་མི་ནུས་ཏེ།ཚོགས་ལམ་ན་སྦྱོར་བ་དང་མཚུངས་ལྡན་གྱི་དེ་ཡོད་པའི་ཕྱིར། དེར་ཐལ། དེ་ན་རང་གི་གྲོགས་སྦྱོར་བ་དང་མཚུངས་ལྡན་གྱི་སེམས་བསྐྱེད་ཡོད་པའི་ཕྱིར་ན་མ་ཁྱབ་སྟེ། འདིའི་སྦྱོར་བ་མེ་ལྟ་བུ་དེ་སྟོང་ཉིད་རྟོགས་པའི་ལྷག་མཐོང་གི་སྦྱོར་བ་ཞིག་ལ་བྱེད་པའི་ཕྱིར། རྣམ་བཤད་ལས། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་སྒྲིབ་པའི་བུད་ཤིང་མངོན་གྱུར་པ་སྲེག་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། ཞེས་གསུངས་པས་དཔྱོད།

༼ག༽གསེར་ཕྲེང་ལས། སྦྱིན་པའི་ཕར་ཕྱིན་དང་ལྡན་པ་ནི། གཏེར་ཆེན་པོ་ལྟ་བུ་སྟེ། ཆོས་དང་ཟང་ཟིང་གི་ལོངས་སྤྱོད་ཀྱིས་སེམས་ཅན་ཐམས་ཅད་ཚིམ་པར་བྱེད་ཀྱང་མི་ཟད་པ་ཉིད་ཀྱིས་ཏེ། ཞེས་གསུངས་ཏེ། སྦྱིན་པ་ལ་སོགས་པ་དང་མཚུངས་ལྡན་གྱི་སེམས་བསྐྱེད་ཞེས་པ་ནི། སྦྱིན་པ་ལ་སོགས་པའི་ཡོན་ཏན་དེ་དང་དེ་ལ་སློབ་འདོད་ཀྱི་འདུན་པ་དང་མཚུངས་ལྡན་གྱི་སེམས་བསྐྱེད་ལ་ཟེར་བ་ཡིན་ཏེ། རྟོགས་སྣང་ལས། བྱང་ཆུབ་ཀྱི་རྒྱུར་སྦྱིན་པ་ལ་སློབ་འདོད་སོགས་བཅུར་ཕྱེ་བའི་བྱེ་བྲག་གིས་དེ་དག་དང་མཚུངས་པར་ལྡན་པའི་ སེམས་བསྐྱེད་ལ་ཡང་། སྦྱིན་པ་དམིགས་ཡུལ་དུ་ལྡན་པའི་སེམས་བསྐྱེད་སོགས་བཅུར་འགྱུར་ཞིང་། ཞེས་དང་། གཞན་དོན་གྱི་ཆེད་དུ་དེ་རྣམས་ལ་དམིགས་པའི་དོན་གཉེར་རྣམས་དང་མཚུངས་པར་ལྡན་པའི་སེམས་བསྐྱེད་རྣམས་ཀྱང་དེ་དག་དམིགས་ཡུལ་དུ་ལྡན་པའི་སེམས་བསྐྱེད་ཅེས་བྱ་ལ། དེའི་ཕྱིར་མངོན་ཤེས་དང་ལྡན་པའི་སེམས་བསྐྱེད་ཅེས་སོགས་སུ་གསུངས་པ་ཡིན་པར་ཤེས་པར་བྱ་སྟེ། གཞན་སུ་ལ་ཡང་ཡིད་བརྟན་ཡོད་པ་མ་མཐོང་ངོ་། །ཞེས་གསུངས་པའི་ཕྱིར།

༡ དེ་ལྟར་ན། གཞན་གྱི་ཆེད་དུ་ཆོས་སྐུ་ཐོབ་འདོད་ཀྱི་འདུན་པ་དང་མཚུངས་ལྡན་གྱི་སེམས་བསྐྱེད་ཆོས་ཅན། ཆོས་སྐུ་དང་མཚུངས་ལྡན་གྱི་སེམས་བསྐྱེད་ཡིན་པར་ཐལ།འདོད་པའི་ཕྱིར་དང་། འདོད་ན། སློབ་ལམ་ན་སེམས་བསྐྱེད་ཉེར་གཉིས་ཡོད་པར་ཐལ་བ་དང་། སངས་རྒྱས་ས་ན་ཆོས་སྐུ་ཐོབ་འདོད་ཀྱི་འདུན་པ་ཡོད་པར་ཐལ་ལོ། །འོ་ན། སྦྱིན་པ་ལ་སོགས་པ་དང་མཚུངས་ལྡན་གྱི་སེམས་བསྐྱེད་ཡིན་ཚུལ་གང་ཡིན་ཞེ་ན། ཡིག་ཆ་ལས། དེ་དང་མཚུངས་ལྡན་མིན་ཀྱང་རྣམ་མཁྱེན་དོན་གཉེར་གྱི་འདུན་པ་དང་སེམས་བསྐྱེད་བྱ་བ་གཅིག་པ་དང་བྱ་བ་མཚུངས་པར་འཇུག་པ་དང་ལྡན་པས་ཚིག་བསྡུས་ནས་མཚུངས་ལྡན་ཞེས་བཤད་པའི་ཕྱིར། དེས་གཞན་ཀུན་ཀྱང་ཤེས་པར་བྱ། ཞེས་གསུངས་ཀྱང་།སེམས་བསྐྱེད་བྱ་བ་མཚུངས་པར་འཇུག་ཚུལ་གང་ཡིན་དང་ས་དང་བོ་བའི་སེམས་བསྐྱེད་སོགས་སྦྱིན་པ་སོགས་དང་བྱ་བ་མཚུངས་པར་འཇུག་ཚུལ་གང་ཡིན་སོགས་ལ་དཔྱད་དགོས་སོ། །

གཞན་དག་གིས་རྟོགས་སྣང་ལས། ས་མཚམས་འདི་དག་ཀྱང་ལམ་དེ་དང་དེའི་གནས་སྐབས་ན། དོན་གཉེར་དེ་དང་དེ་དག་དང་ལྡན་པའི་སེམས་བསྐྱེད་གཙོ་ཆེ། ཞེས་པ་ཡིན་གྱི། སེམས་བསྐྱེད་དེ་དག་དེ་ལས་གཞན་ན་མེད་པར་སྟོན་པ་མིན་ནོ། །ཞེས་གསུངས་པར་ལྟར་སྦྱིན་པ་ལ་སོགས་པའི་ཡོན་ཏན་དེ་དང་དེ་ལ་སློབ་འདོད་ཀྱི་འདུན་པ་དང་མཚུངས་ལྡན་གྱི་སེམས་བསྐྱེད་ལ་སྦྱིན་པ་ལ་སོགས་པ་དང་མཚུངས་ལྡན་གྱི་སེམས་བསྐྱེད་ཞེས་གསུངས་ནས་ས་མཚམས་དེ་དང་དེའི་གནས་སྐབས་ན་དོན་གཉེར་དེ་དང་དེ་དག་དང་མཚུངས་པར་ལྡན་པའི་སེམས་བསྐྱེད་གཙོ་ཆེ་བ་ཡིན་ཏེ། དཔེར་ན་ས་དང་བོར་སྦྱིན་པ་ལ་སློབ་འདོད་ཀྱི་སེམས་བསྐྱེད་གཙོ་ཆེ་ཞིང་། ས་གཉིས་པར་ཚུལ་ཁྲིམས་ལ་སློབ་་འདོད་ཀྱི་སེམས་བསྐྱེད་གཙོ་ཆེ་བ་སོགས་ཡིན་པ་བཞིན་ནོ། །ཞེས་ཟེར་རོ། །དེ་མིན་སེམས་བསྐྱེད་ཉེར་གཉིས་རྒྱུན་གཅིག་གམ་ཐ་དད་གང་ཡིན་སོགས་དཔྱད་པར་འཚལ།

            སེམས་བསྐྱེད་ཉེར་གཉིས་ཀྱི་ས་མཚམས།

༼ཀ༽གསེར་ཕྲེང་ལས། སེམས་བསྐྱེད་ཉེར་གཉིས་བཤད་པ་དེ་ལ་དང་བོ་འདུན་ལྡན་ལ་སོགས་པ་གསུམ་ནི་ལས་དང་བོ་བའི་ས་ཚོགས་ལམ་གྱིས་བསྡུས་ཏེ་དེ་ཡང་ཚོགས་ཀྱི་ལམ་ཆུང་ངུ་དང་འབྲིང་དང་ཆེན་པོ་ཉིད་ཀྱིས་རིམ་པ་བཞིན་ནོ། །ཞེས་དང་། ཡིག་ཆ་ལས། སེམས་བསྐྱེད་ཉེར་གཉིས་ཀྱི་ས་མཚམས་ཡང་ཡོད་དེ། དང་བོ་གསུམ་གྱི་མ་མཐའ་ཚོགས་ལམ་ཆུང་འབྲིང་ཆེ་གསུམ་ནས་རིམ་གྱིས་ཐོབ། བཞི་བ་སྦྱོར་ལམ་ནས་ཐོབ། སྦྱིན་པ་དང་ལྡན་པའི་དེ་ནས་ཡེ་ཤེས་ཀྱི་ཕར་ཕྱིན་དང་ལྡན་པའི་དེ་བཅུ་ས་བཅུ་ལ་རིམ་གྱིས་ཐོབ། མངོན་ཤེས་དང་ལྡན་པ་སོགས་ལྔ་ནི་ས་བཅུ་པའི་ཁྱད་པར་གྱི་ལམ་དུ་ཐོབ། ཐ་མ་གསུམ་ནི་སངས་རྒྱས་ཀྱི་སའི་སྦྱོར་དངོས་མཇུག་གསུམ་གྱི་རིམ་གྱིས་ཐོབ་པའི་ཕྱིར་ཏེ། ཞེས་གསུངས་པའི་ཕྱིར།

༡ འོ་ན། ས་གསེར་ལྟ་བུའི་སེམས་བསྐྱེད་དུས་མཉམ་དུ་ཐོབ་པ་མེད་པར་ཐལ། དང་བོ་གསུམ་གྱི་མ་མཐའ་ཚོགས་ལམ་ཆུང་འབྲིང་ཆེ་གསུམ་ནས་རིམ་གྱིས་ཐོབ་པའི་ཕྱིར། འདོད་མི་ནུས་ཏེ། གསེར་ཕྲེང་ལས། སྔ་མ་གཉིས་ཕྱི་མ་རྣམས་ཀྱི་རྒྱུ་དང་། ཕྱི་མ་གཉིས་སྔ་མ་རྣམས་ཀྱི་འབྲས་བུ་དང་། བར་བ་རྣམས་སྔ་མ་སྔ་མ་རྒྱུ་དང་ཕྱི་མ་ཕྱི་མ་འབྲས་བུ་ ཡིན་པས་སོ། །ཞེས་སྔ་མ་གཉིས་ཞེས་དམིགས་ཀྱིས་བསལ་བའི་རྒྱུ་མཚན་ཡོད་པའི་ཕྱིར་དང་། དམན་ལམ་སྔོན་སོང་གི་བྱང་སེམས་ཀྱིས་དང་བོ་གསུམ་དུས་མཉམ་དུ་ཐོབ་པའི་ཕྱིར། གསེར་ཕྲེང་སྐབས་གཉིས་པ་ལས། ཚིག་གསལ་ལས་ཀྱང༌། ཉན་ཐོས་དང་རང་སངས་རྒྱས་དེ་དག་ཞི་བའི་དབྱིངས་ནས་ལངས་ཏེ། ལམ་མཆོག་ཤེས་པར་བྱེད་པ་ན་སྐབས་དང་བོ་ནས་བསྟན་པའི་སེམས་བསྐྱེད་པ་ཐོག་མ་དང་གཉིས་པ་དང་གསུམ་པ་དང་བོར་བྱས་ཏེ། ཞེས་པ་ལྟར་ཁས་བླང་ངོ༌། །ཞེས་གསུངས་པའི་ཕྱིར།

༢ འོ་ན། གོང་དུ་སྔ་མ་གསུམ་ཞེས་གསུངས་ཆོག་པར་ཐལ། དང་བོ་གསུམ་གཅིག་ཆར་དུ་ཐོབ་པ་ཡོད་པའི་ཕྱིར།

༼ཁ༽གསེར་ཕྲེང་ལས། འདི་ལ་ཁ་ཅིག་ས་བཅུ་ཀའི་ཁྱད་པར་གྱི་ལམ་ལ་འཆད་ཀྱང༌། རྒྱན་སྣང་ལས་འདི་དག་གི་གོ་རིམ་རྣམས་དོན་གྱི་རིམ་པར་བཤད་པའི་ཕྱིར་མི་འཐད་དོ། །(སེམས་བསྐྱེད་ལྔ་ས་བཅུའི་ཁྱད་པར་གྱི་ལམ་ལ་སྦྱོར། ཞེས་པ་དེ་ས་བཅུ་ཐོག་མའི་རྣམ་གྲོལ་ལམ་གྱི་མཇུག་དང་། རྒྱུན་མཐའི་བར་ཆད་མེད་ལམ་གྱི་སྔོན་ཏེ། དེ་གཉིས་ཀྱི་བར་ཡིན་ཞེས་དམ་པ་དག་གསུངས་)དེས་ན་ས་བཅུ་པའི་ཁྱད་པར་གྱི་ལམ་ལ་བཞག་གོ། ཞེས་གསུངས་ཀྱང་།རྣམ་བཤད་ལས། དེའི་འོག་ཏུ་མངོན་ཤེས་དྲུག་དང་ལྡན་པ་སོགས་ལྔ་ནི་ཁྱད་པར་གྱི་ལམ་གྱིས་བསྡུས་ཏེ། དག་པ་ས་གསུམ་གྱིས་བསྡུས་པའི་ཕྱིར། ཞེས་གསུང་འདི་ལྟར་ན་གོང་དུ་སྔ་མ་གཉིས་ཕྱི་མ་རྣམས་ཀྱི་རྒྱུ་དང་ཕྱི་མ་གཉིས་སྔ་མ་རྣམས་ཀྱི་འབྲས་བུ་དང་བར་བ་རྣམས་སྔ་མ་སྔ་མ་རྒྱུ་དང་ཕྱི་མ་ཕྱི་མ་འབྲས་བུ་ཡིན་པའི་ཕྱིར། ཞེས་པ་དང་འགལ་ལོ། །

                                                        མུ་འགོད།

༄༅། །༢༠༢༠བོད་བརྒྱུད་ནང་བསྟན་རིགས་པའི་དོགས་དཔྱོད་ཤེས་རབ་ལོ་དེབ་ཀྱི་རྩོམ་གཞི་རིམ་གཉིས་སོགས་ཀྱི་དྲི་གཞི་བློ་གསལ་དགའ་སྟོན།

                 ལྷ་རམས་པ་ལྡོང་དཔལ་རྒྱ་མཚོ།

          རྒྱུད་སྡེ་འོག་མའི་སྐོར།

དྲི་གཞི་དང་བོ། སེར་གཙུག་གསུང་འབུམ།༼ག༽སྔགས་རིམ་ཆེན་མོ་ལས།༦༣ དེ་ནས་རྡོ་རྗེ་ཐེག་པའི་དམ་ཚིག་དང་སྡོམ་པའི་ཁུར་བཟུང་བར་ནུས་པ་ན། བླ་མ་ལྔ་བཅུ་བ་མཉན་ནས་བླ་མའི་སྟེན་ཚུལ་རྣམ་པར་དག་པ་བྱས་ནས་སྔགས་ལ་འཇུག་པར་བྱ་སྟེ། ཞེས་གསུངས་པ་ལྟར། ཟུར་དང་བོ། བླ་མ་ལྔ་བཅུ་བ་ནས་བཤད་པའི་བསྟེན་བྱ་བླ་མའི་མཚན་ཉིད་དང་། ཟུར་གཉིས་པ། བླ་མ་བསྟེན་ཚུལ་རྣམ་པར་དག་པ་བྱས་ནས་ཐེག་པ་ཆེན་པོ་གཉིས་ཀྱི་ལམ་ཐུན་མོང་བ་ལ་བློ་སྦྱོང་ཚུལ། ཟུར་གསུམ་པ། སྤྱོད་དུས་ལེའུ་དང་བོ་ལས་ཀྱང་རིམ་ཅན་དུ་བསླབ་དགོས་ཀྱི་ཅིག་ཅར་དུ་མ་ཡིན་ནོ། །ཞེས་པ་ལྟར་སྔགས་ཀྱི་རིགས་ངེས་བྱང་ཆུབ་ཀྱི་སེམས་བསྐྱེད་མ་ཐག་པ་དེ། ཐེག་པ་ཆེན་པོ་གཉིས་ཀྱི་ནང་ནས་གང་ཡིན་སོགས་ལུང་གི་རྒྱབ་རྟེན་དང་རིགས་པའི་སྒྲུབ་བྱེད་དང་བཅས་པ་ལ་དཔྱད་པ་གནང་རྒྱུ།

དྲི་གཞི་གཉིས་པ། སྔགས་རིམ་ཆེན་མོ་ལས།༤༠ དེ་ལྟར་ན་སློབ་པའི་ལམ་དུ་མཚན་དཔེ་མེད་ན་གཟུགས་སྐུ་མི་འགྲུབ་པ་ནི་ཐེག་པ་ཆེན་པོ་གཉིས་ཀའི་ལུགས་སོ། །ཞེས་གསུངས་པ་ལྟར། ཟུར་དང་བོ། ཐེག་པ་ཆེན་པོ་གཉིས་ཀྱིས་གཟུགས་སྐུ་སྒྲུབ་པའི་རྒྱུ་གཟུགས་སྐུ་དང་རྗེས་མཐུན་པའི་མཚན་དཔེས་བརྒྱན་པའི་སྐུ་ལ་གང་དང་གང་འཇོག་མིན་དང་། ཟུར་གཉིས་པ། གཟུགས་སྐུ་སྒྲུབ་བྱེད་ཀྱི་ཐབས་ཀྱི་སྒོ་ནས་གཙོ་བོར་ཐེག་ཆེན་གྱི་ལམ་གྱི་ཁྱད་པར་འཇོག་ཚུལ་དང་། ཟུར་གསུམ་པ། གདུལ་བྱ་རིན་པོ་ཆེ་ལྟ་བུས་སྔགས་ལམ་ལ་དང་བོ་སློབ་པ་ནས་ཚེ་གཅིག་ལ་སངས་རྒྱ་བ་ཡོད་ཀྱང་། ལུས་རྟེན་གཅིག་ལ་སངས་རྒྱ་བ་ཡོད་མེད་ལུང་རིགས་ཀྱི་སྒྲུབ་བྱེད་དང་བཅས་དཔྱད་པ་གནང་རྒྱུ།

དྲི་གཞི་གསུམ་པ། སྔགས་རིམ་ཆེན་མོ་ལས།༥༥ རྒྱུད་སྡེའི་སྒོ་ནས་འཇུག་སྒོ་མི་འདྲ་བ་བཞིར་བཞག་པ་ནི་ཐེག་པ་སོ་སོ་བ་ཡང་མ་ཡིན་ལ། ཞེས་གསུངས་པ་ལྟར། ཟུར་དང་བོ། སྔགས་ཀྱི་འཇུག་སྒོ་མི་འདྲ་བ་བཞི་འཇོག་པའི་རྒྱུ་མཚན་དང་། ཟུར་གཉིས་པ། རྒྱུད་སྡེ་བཞི་ལ་དབང་མི་འདྲ་བའི་ཁྱད་པར་ཅི་ཡོད། ཟུར་གསུམ་པ་བཤད་བརྒྱུད་ཀྱི་རྒྱུད་ལ་སྔགས་སྡོམ་ལེན་པ་མེད་པས་དབང་དུས་ཀྱི་དམ་ཚིག་དང་སྡོམ་པ་སྲུང་ཚུལ་ཅི་ལྟར་ཡིན་མིན་དཔྱད་པ་གནང་རྒྱུ།

དྲི་གཞི་བཞི་བ། སྔགས་རིམ་ཆེན་མོ་ལས།༧༦  དངོས་གྲུབ་སྒྲུབ་པའི་ཡན་ལག་རྣམས། བཅུར་བསྡུས་ནས་གསུངས་སོ། །ཞེས་གསུངས་བ་ལྟར། ཟུར་དང་བོ།  བྱ་བརྒྱུད་ཀྱི་དངོས་གྲུབ་སྒྲུབ་པའི་ཡན་ལག་རྣམ་པ་བཅུ་བསྡུ་ཚུལ་དང་། ཟུར་གཉིས་པ། བཟླས་བརྗོད་ཀྱི་ཡན་ལག་བཞིའི་བསམ་གཏན་དང་དེ་ཉིད་གསུམ་གྱི་བསམ་གཏན་རྣམས་བྱ་བརྒྱུད་ཀྱི་ལམ་གྱི་གཙོ་བོ་ཡིན་ཚུལ།  ཟུར་གསུམ་པ། དེ་དག་གི་ཁྱད་པར་རྣམས་གཞུང་གོང་འོག་བསྒྲིགས་ནས་དཔྱད་པ་གནང་རྒྱུ།

དྲི་གཞི་ལྔ་བ། སྔགས་རིམ་ཆེན་མོ་ལས།༨༢ དཀྱིལ་འཁོར་དུ་མ་ཞུགས་པ་ལ་སྔགས་སྟེར་དུ་མི་རུང་བ་ནི། ཞེས་གསུངས་བ་ལྟར། ཟུར་དང་བོ། དཀྱིལ་འཁོར་དུ་ཞུགས་ནས་དབང་ཐོབ་ཚུལ་དང་། ཟུར་གཉིས་པ། དབང་གི་དོན། ཟུར་གསུམ་པ། དབང་དུས་ཀྱི་དམ་ཚིག་དང་སྡོམ་པ་གཉིས་ལ་ཁྱད་པར་ཡོད་མེད་སོགས་དཔྱད་པ་གནང་རྒྱུ།

               བསྐྱེད་རིམ་གྱི་སྐོར།

དྲི་གཞི་དྲུག་པ། སེར་གཙུག་གསུང་འབུམ།༼ཇ༽བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་ལས།༡༢ རྫོགས་རིམ་གྱི་སྔོན་དུ་བསྐྱེད་རིམ་བསྒོམ་དགོས་པར་བསྟན་པ་ནི། ཞེས་གསུངས་པ་ལྟར། ཟུར་དང་བོ། རྫོགས་རིམ་གྱི་སྔོན་དུ་བསྐྱེད་རིམ་བསྒོམ་དགོས་པའི་རྒྱུ་མཚན་དང་། ཟུར་གཉིས་པ། བསྐྱེད་རིམ་གྱི་མཚན་ཉིད་དང་དབྱེ་བ། ཟུར་གསུམ་པ། བསྐྱེད་རིམ་ནས་རྫོགས་རིམ་དུ་འཕོ་ཚུལ་སོགས་ལ་དཔྱད་པ་གནང་རྒྱུ།

དྲི་གཞི་བདུན་པ། བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་ལས།༢༠ ཐ་མལ་སྐྱེ་ཤི་བར་དོའི་སྣང་ཞེན་མངོན་གྱུར་འགོ་མནན་པའི་སྒོ་ནས་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་བ་ཡིན་ལ། ཞེས་གསུངས་པ་ལྟར། ཟུར་དང་བོ། བསྐྱེད་རིམ་གྱི་སྐབས་སུ་སྐུ་གསུམ་ལམ་འཁྱེར་བསྒོམ་པའི་སྦྱང་གཞི། སྦྱོང་བྱེད། སྦྱང་འབྲས་རྣམས་ལ་གང་འཇོག་དང་། ཟུར་གཉིས་པ། དེ་བསྒོམ་པའི་ཐ་མལ་བའི་སྣང་ཞེན་མངོན་གྱུར་བ་མགོ་གནོན་ཚུལ། ཟུར་གསུམ་པ། ཐ་མལ་བའི་སྣང་ཞེན་གཉིས་ལ་དམིགས་རྣམ་སོགས་ཀྱི་ཁྱད་པར་ཡོད་མེད་སོགས་ལུང་རིགས་ཀྱི་རྒྱབ་རྟེན་དང་བཅས་པར་དཔྱད་པ་གནང་རྒྱུ།

དྲི་གཞི་བརྒྱད་པ། བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་ལས།༢༦ རང་ཉིད་ཆོ་ག་གསུམ་མམ་སྐད་ཅིག་གིས་ཞེ་སྡང་རྡོ་རྗེར་བསྐྱེད་ནས། ཞེས་གསུངས་པ་ལྟར། ཟུར་དང་བོ། སྤྱིར་ལྷ་བསྐྱེད་ཚུལ་ལ་སྐད་ཅིག་དཀྲོང་། ཆོ་ག་གསུམ་བསྐྱེད། རྡོ་རྗེ་བཞི་བསྐྱེད། མངོན་བྱང་ལྔ་བསྐྱེད། ལྷ་དྲུག་གི་བསྐྱེད་ཆོག་སོགས་ཡོད་པས་དེ་དག་བསྐྱེད་ཚུལ་ཅི་ལྟར་ཡིན། ཟུར་གཉིས་པ། སྐབས་འདིེར་སྐད་ཅིག་གི་ཞེ་སྡང་རྡོ་རྗེ་བསྐྱེད་པའི་དགོས་པ་གང་ཡིན་དང་། ཟུར་གསུམ་པ། ལྷ་བསྐྱེད་པ་ལ་ཐོག་མར་སྟོང་ཉིད་བསྒོམ་མིན་སོགས་ལ་དཔྱད་པ་གནང་རྒྱུ།

དྲི་བ་དགུ་བ། བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་ལས།༣༩ ཡེ་ཤེས་ཀྱི་ས་བསྒོམ་པའི་དོན་ནི། ཞེས་གསུངས་པ་ལྟར། ཟུར་དང་བོ། སྣོད་སྟོང་བས་བསྐལ་བ་དང་ཆོས་མཐུན་སྦྱར་བའི་ཆེད་དུ་ཡེ་ཤེས་ཀྱི་ས་བསྒོམ་ཚུལ་དང་། ཟུར་གཉིས་པ། བསྒོམ་བྱའི་སྟོང་བ་ཉིད་ཀྱི་དགག་བྱ་ངོས་འཛིན་རྒྱུ་དང་། ཟུར་གསུམ་པ། སྣོད་བཅུད་ཅིང་མེད་དུ་ལྟ་བ་ཆད་ལྟ་དང་། སྣོད་བཅུད་བདེན་མེད་དུ་ལྟ་བ་ལྟ་བ་རྣམ་དག་ཡིན་པའི་ལུང་རིགས་ཀྱི་སྒྲུབ་བྱེད་དང་བཅས་པ་ལ་རྒྱས་པར་དཔྱད་པ་གནང་རྒྱུ།

དྲི་གཞི་བཅུ་བ། བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་ལས།༢༥ འཕགས་པ་ཡབ་སྲས་ཀྱི་གཞུང་རྣམ་དག་གིས་རྩ་བཤད་ཀྱི་རྒྱུད་དོན་བཀྲལ་བའི་རྗེས་སུ་འབྲངས་ནས། ཞེས་གསུངས་པ་ལྟར། ཟུར་དང་བོ། བསྐྱེད་རིམ་གྱིས་མངོན་རྟོགས་བསྟན་པའི་རྩ་བཤད་ཀྱི་རྒྱུད་ལ་གང་འཇོག ཟུར་གཉིས་པ། དེའི་དགོངས་པ་འགྲེལ་བའི་འཕགས་པ་ཡབ་སྲས་ཀྱི་སྒྲུབ་ཐབས་སོགས་ངོས་འཛིན། ཟུར་གསུམ་པ། དེ་དག་ལ་བརྟེན་ནས་རྗེ་ཡབ་སྲས་ཀྱི་བསྐྱེད་རིམ་གྱི་མངོན་རྟོགས་ཀྱི་རིམ་པ་བཀྲལ་ཚུལ་གཞུང་གོང་འོག་རྣམས་བསྒྲིགས་ཏེ་དཔྱད་པ་གནང་རྒྱུ།

        རྫོགས་རིམ་གྱི་སྐོར།

དྲི་གཞི་བཅུ་གཅིག་པ། རྫོགས་རིམ་ལྔ་གསལ་སྒྲོན་ལས།༨༧ ཤིན་ཏུ་རྟོགས་དཀའ་བའི་གནས་འདི་བདག་གིས་ཡང་དག་པའི་སྒྲུབ་བྱེད་རྣམས་ཀྱིས་གཏན་ལ་དབབ་པར་བྱའོ། །འདི་ལ་བཞི། ཞེས་གསུངས་པ་ལྟར། ཟུར་དང་བོ། སྒྱུ་ལུས་སྒྲུབ་བྱེད་ཀྱི་རིགས་པ་བཞི་དང་། ཟུར་གཉིས་པ། སྒྱུ་ལུས་མཚོན་པའི་དཔེ་བཅུ་གཉིས་དང་དེའི་ཁྱད་ཆོས་བཅོ་ལྔ་སོགས་ངོས་འཛིན། ཟུར་གསུམ་པ། སྒྱུ་ལུས་ལ་ལྡང་བའི་ཚེ་ན་ཕྱི་ནང་གང་ལ་ལྡང་ཚུལ་སོགས་ལ་དཔྱད་པ་གནང་རྒྱུ།

དྲི་གཞི་བཅུ་གཉིས་པ། རྫོགས་རིམ་རིམ་ལྔ་གསལ་སྒྲོན་ལས།༤༤༣ དོན་གྱི་འོད་གསལ་ནས་བཟུང་འཇུག་མ་ཐོབ་པར་མཐོང་ལམ་ས་རབ་ཏུ་དགའ་བ་དང་། སློབ་པའི་ཟུང་འཇུག་ནས་མི་སློབ་པའི་ཟུང་འཇུག་མ་ཐོབ་པར་སྒོམ་ལམ་ས་དགུ་དང་སྦྱར་རོ། །ཞེས་གསུངས་པ་ལྟར། ཟུར་དང་བོ། དེའི་སྐབས་ནས་བསྟན་པའི་ལམ་ལྔ་ཐོབ་ཚུལ་དང་། ཟུར་གཉིས་པ། སྒོམ་ལམ་ས་དགུ་དང་སྦྱོར་ཚུལ། ཟུར་གསུམ་པ། ཟུང་འཇུག་དེ་སྤངས་རྟོགས་གང་གི་ཟུང་འཇུག་ལ་འཇོག་མིན་དཔྱད་པ་གནང་རྒྱུ།

དྲི་གཞི་བཅུ་གསུམ་པ། རྫོགས་རིམ་རིམ་ལྔ་གསལ་སྒྲོན་ལས།༣༦༨ ནཱ་རོ་བའི་མན་ངག་ནག་ཚོ་ནས་བརྒྱུད་པ་ལ་བསྲེ་བ་འདི་རྣམས་མ་བྱུང་ལ། མར་བ་ནས་བརྒྱུད་པ་ལ་དེ་བཞི་ཀའི་གདམས་པ་མང་དུ་བྱུང་ཞིང་། ཞེས་གསུངས་པ་ལྟར། ཟུར་དང་བོ། དེའི་སྐབས་ནས་བསྟན་པའི་བསྲེ་བ་སྐོར་དགུ་བོ་གང་དང་གང་ཡིན། ཟུར་གཉིས་པ། འོད་གསལ་མ་བུར་བསྲེ་ཚུལ་གང་ཡིན། ཟུར་གསུམ་པ། འདིར་བཤད་པའི་བསྲེ་བ་བོ་ལ་གང་བསྲེ་རྒྱུའི་སྐྱེ་འཆི་བར་དོ་གསུམ་དངོས་སུ་འབྱུང་སྲིད་པ་ཞིག་དགོས་མིན་སོགས་ལུང་རིགས་ཀྱི་ལམ་ནས་དཔྱད་པ་གནང་རྒྱུ།

  ཕྱི་ལོ་༢༠༢༠.ཟླ་༦.ཚེས་༡༤.ཉིན་བོད་བརྒྱུད་ནང་བསྟན་རིག་པའི་དོགས་དཔྱོད་ཤེས་རབ་ལོ་དེབ་ཀྱི་རྩོམ་སྒྲིག་པས་བསྐུལ་ངོར་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་ཟུང་ཆུ་ཁམས་ཚན་ནས་དགེ་བཤེས་ལྷ་རམས་པ་སྒོ་མང་དཔལ་ལྡན་རྒྱ་མཚོས་བྲིས་པའོ། །

གསང་ཆེན་སྔགས་ཀྱི་བསྡུས་དོན་ནོར་བུའི་ཕྲེང་བ།

                    རྡོ་རམས་པ་འབུམ་ཐང་དར་རྒྱས། 

སློབ་མཐའི་དོན་གྱི་འོད་གསལ་གྱིས་དྲངས་པའི།  །མི་སློབ་ཟུང་འཇུག་རླུང་སེམས་སྒྱུ་མའི་སྐུས།  །རབ་འབྱམས་དཀྱིལ་འཁོར་སྤྲོ་མཛད་རིགས་བརྒྱའི་བདག  །ཁ་སྦྱོར་བདུན་ལྡན་རྡོ་རྗེ་འཆང་ལ་འདུད།  །རྒྱུད་དོན་ཆེས་ཟབ་རྟོགས་དཀའི་རྡོ་རྗེའི་ཚིག  །འཁྲུལ་མེད་རྗེན་པར་སྟོན་མཛད་གསང་ཆེན་བདག  །རྒྱལ་བ་གཉིས་པས་བྱིན་རླབས་བདུད་རྩིའི་རྒྱུན།  །མི་ཤིགས་སྙིང་གི་ཐིག་ལེའི་དབུས་སུ་ཕོབས།  །ཕྲ་རགས་དཀྱིལ་འཁོར་གསལ་སྣང་གཡོ་མེད་བརྟན།  །ཀུན་རྟོག་དྲི་གཞོན་དྷཱུ་ཏིའི་དབྱིངས་སུ་ཐིམ།  །མཉམ་རྗེས་དབྱེར་མེད་རྟོགས་པའི་གདེང་ཚད་ཅན།  །ཧ་ས་བཛྲ་ཞབས་སེན་སྤྱི་བོས་མཆོད།  །གཞི་ལ་གནས་པ་རྡོ་རྗེ་སྙིང་བོའི་ཁམས།  །སྦྱོང་བྱེད་ལམ་གྱིས་གསལ་བྱས་སྐུ་བཞིའི་སར།  །བགྲོད་པའི་ཐབས་ཚུལ་ཡོངས་སྟོན་དྲིན་ཅན་རྗེ།  །རྒྱལ་ཀུན་འདུས་ཞལ་བླ་མའི་ཞབས་ལ་འདུད།  །གྲངས་མེད་བསྐལ་བའི་དོད་དུ་ཚེ་གཅིག་ལ།  །ཚོགས་གཉིས་རྫོགས་པའི་ཐབས་མཁས་འཕྲུལ་འདེགས་ཅན།  །དངོས་གྲུབ་གཏེར་མཛོད་གསང་བའི་མྱུར་ལམ་འདིར།  །མཇལ་བ་ཨུ་དུམ་ཝཱ་ར་བཞིན་དུ་དཀོན།  །རྙེད་དཀའི་རྟེན་ལ་སྙིང་བོ་ལེན་པ་དང་།  །རང་བློ་དམ་པའི་ཆོས་ལ་གོམས་པའི་ཕྱིར།  །གསང་ཆེན་སྔགས་ཀྱི་བསྡུས་དོན་འབྲི་བ་ལ།  །བླ་མ་ལྷ་དང་མཁའ་འགྲོས་གནང་བ་སྩོལ།  །ཚད་མས་གྲུབ་དང་ལོག་རྟོག་རྗེས་འབྲངས་པའི།  །སྣ་ཚོགས་གྲུབ་མཐའི་དབྱེ་བ་མཐའ་ཡས་ཀྱང་།  །བསྡུ་ན་ཕྱི་ནང་གཉིས་ཡོད་ཐར་འདོད་ལ།  །རྒྱལ་བསྟན་ཁོ་ན་ཡང་དག་འཇུག་ངོགས་ཡིན།  །དེ་ལ་ཐེག་པའི་དབང་གིས་ཆེ་ཆུང་གཉིས།  །ཡང་ན་ཉན་རང་ཐེག་ཆེན་རྣམ་གསུམ་དང་།  །གྲུབ་མཐའི་དབང་གིས་དོན་སྨྲ་བྱེ་མདོ་གཉིས།  །རྣམ་རིག་ངོ་བོ་ཉིད་མེད་བཞི་རུ་དབྱེ།  །ཁྱད་པར་ཐེག་ཆེན་མདོ་སྔགས་གཉིས་ཀྱིས་བསྡུས།  །གཟུགས་སྐུ་སྒྲུབ་པའི་ཐབས་དང་རླུང་སེམས་ལ།  །གནད་དུ་བསྣུན་སོགས་ཐབས་མཁས་མྱུར་ལམ་གྱིས།  །གསང་སྔགས་ཕར་ཕྱིན་ཐེག་ལས་མངོན་པར་འཕགས།  །མདོ་སྔགས་ཁྱད་པར་སེམས་བསྐྱེད་སྟོང་ཉིད་དང་།  །བགྲོད་པ་མྱུར་བུལ་གདུལ་བྱ་འབྲས་བུ་དང་།  །བསྐྱེད་རིམ་སོགས་ཀྱིས་མི་འབྱེད་ཐབས་ཀྱི་ཆ།  །གཟུགས་སྐུ་སྒྲུབ་པའི་སྒོ་ནས་རྣམ་པར་འཇོག  །ཐེག་ཆེན་གཞིར་བཞག་གནས་ལུས་ལོངས་སྤྱོད་དང་།  །མཛད་པ་ཡོངས་དག་བཞི་དང་རྣམ་མཐུན་པའི།  །ལམ་སྒོམ་འབྲས་བུ་རྡོ་རྗེ་ཐེག་པ་དང་།  །དེ་མེད་རྒྱུའམ་ཕར་ཕྱིན་ཐེག་པར་གསུངས།  །ཐ་མལ་སྣང་ཞེན་དག་ལས་སྐྱོབ་པའི་ཕྱིར།  །སྔགས་ཀྱི་སྐད་དོད་མཱནྟྲཱ་ཡིད་སྐྱོབ་སྟེ།  །གསང་སྔགས་ཐེག་པ་འབྲས་བུ་རྡོ་རྗེ་ཐབས།  །རིག་འཛིན་ཐེག་པ་ལྔ་བོ་དོན་གཅིག་ཡིན།  །རྗོད་བྱེད་གཞུང་དུ་བརྗོད་བྱ་དོན་གྱི་རྒྱུད།  །མཐར་ཆགས་གནས་ཕྱིར་རྒྱུད་ནི་རྒྱུན་ཆགས་དོན།  །རྗོད་བྱེད་གཞུང་ལ་རྒྱུད་སྡེ་རྣམ་པ་བཞི།  །བརྗོད་བྱར་སྦྱང་གཞི་སྦྱོང་བྱེད་སྦྱངས་འབྲས་གསུམ།  །བྱ་སྤྱོད་རྣལ་འབྱོར་རྣལ་འབྱོར་བླ་ན་མེད།  །རྒྱུད་སྡེ་བཞི་གསུངས་དེ་ཡི་དགོས་པ་ཡང་།  །མུ་སྟེགས་འདོད་གཟུགས་འདུལ་བའི་ཆེད་ཡིན་སོགས།  །འཁྲུལ་བའི་བཤད་སྒྲོས་མང་ཡང་འདིར་མི་སྤྲོ།  །སྒོམ་པའི་ལྷ་མོར་བལྟས་དང་རྒོད་པ་དང་།  །འཁྱུད་པའི་བདེ་བ་ལམ་བྱེད་གདུལ་བྱ་ལ།  །རྒྱུད་སྡེ་འོག་མ་གསུམ་དང་གཉིས་སྦྱོར་གྱི།  །ཆགས་པ་ལམ་བྱེད་གདུལ་བྱར་བླ་མེད་གསུངས།  །སྒྲ་བཤད་ཕྱི་ཡི་བྱ་བ་གཙོར་འདོན་པས།  །བྱ་རྒྱུད་ཕྱི་ནང་མཉམ་སྤྱོད་སྤྱོད་རྒྱུད་དང་།  །ནང་གི་རྣལ་འབྱོར་གཙོར་བྱེད་རྣལ་འབྱོར་རྒྱུད།  །གོང་ན་གཞན་མེད་རྣལ་འབྱོར་བླ་མེད་དོ།  །ནང་བའི་བསྟན་ལ་འཇུག་སྒོ་སྐྱབས་འགྲོ་དང་།  །ཐེག་པ་ཆེན་པོའི་འཇུག་སྒོ་སེམས་བསྐྱེད་དང་།  །གསང་སྔགས་འཇུག་སྒོ་སྨིན་བྱེད་དབང་ཡིན་པས།  །སྔ་མར་མ་ཞུགས་ཕྱི་མར་འཇུག་ཚུལ་མེད།  །མཚན་ཉིད་ལྡན་པའི་རྡོ་རྗེ་སློབ་དཔོན་ལས།  །མ་ཉམས་བརྒྱུད་ལྡན་དབང་བསྐུར་ལེགས་མནོས་ནས།  །དམ་ཚིག་སྡོམ་པ་ཚུལ་བཞིན་སྲུང་བ་ནི།  །དངོས་གྲུབ་ཀུན་གྱི་གཞི་རུ་ཡང་ཡང་གསུངས།  །བྱ་རྒྱུད་སྤྱོད་རྒྱུད་གཉིས་ཀྱི་དབང་བསྐུར་ལ།  །རྡོ་རྗེ་སློབ་དཔོན་དབང་གི་རྣམ་བཞག་མེད།  །དེ་མེད་རིགས་ལྔའི་སྡོམ་བཟུང་སྔགས་སྡོམ་མེད།  །འོན་ཀྱང་སྨོན་འཇུག་བྱང་སྡོམ་ངེས་པར་དགོས།  །སྣོད་རུང་བྱེད་པའི་དབང་ཐོབ་དམ་སྡོམ་བསྲུང་།  །དེར་གནས་བསྙེན་པ་ཇི་ལྟར་བྱ་བ་དང་།  །དེ་རྗེས་དངོས་གྲུབ་བསྒྲུབ་པའི་རིམ་པ་སྟེ།  །འདི་བཞི་རྒྱུད་སྡེ་འོག་མའི་སྤྱི་ཆིངས་ཡིན།  །གསང་བ་སྤྱི་རྒྱུད་ལེགས་པར་གྲུབ་པ་དང་།  །དཔུང་བཟང་གིས་ཞུས་བསམ་གཏན་ཕྱི་མ་བཞི།  །བྱ་བ་སྤྱི་ཡི་རྒྱུད་ཡིན་དང་བོ་རུ།  །དཀྱིལ་འཁོར་སུམ་སྟོང་བརྒྱད་བརྒྱ་ལ་སོགས་འཆད།  །ལེགས་གྲུབ་རྒྱུད་དུ་བསྙེན་སྒྲུབ་དབང་གི་སྐོར།  །དཔུང་བཟང་གིས་ཞུས་བསྙེན་ཚད་ལས་ཚོགས་དང་།  །བསམ་གཏན་ཕྱི་མས་གནས་ཀྱི་དེ་ཉིད་སོགས།  །རྣམ་གྲངས་བཅུ་རུ་བྱ་རྒྱུད་དོན་རྣམས་བསྡུས།  །དེ་བཞིན་གཤེགས་པ་པདྨ་རྡོ་རྗེའི་རིགས།  །འཇིག་རྟེན་འདས་པའི་བྱ་རྒྱུད་རིགས་གསུམ་དང་།  །ནོར་ཅན་ལྔས་རྩེན་འཇིག་རྟེན་འཇིག་རྟེན་རིགས།  །གསུམ་སྟེ་དང་བོ་དེ་བཞིན་གཤེགས་པ་ལ།  །རིགས་ཀྱི་གཙོ་བོ་རིགས་བདག་རིགས་ཡུམ་དང་།  །རིགས་ཀྱི་གཙུག་ཏོར་རིགས་ཀྱི་ཁྲོ་བོ་དང།  །རིགས་ཀྱི་ཕོ་ཉ་རིགས་ཀྱི་བྱང་སེམས་དང་།  །རིགས་གཏོགས་ལྷ་ཀླུ་གནོད་སྦྱིན་སྡེ་ཚན་བརྒྱད།  །གཉིས་པ་པད་མའི་རིགས་ལ་རིགས་གཙོ་དང་།  །རིགས་བདག་རིགས་ཡུམ་རིགས་ཀྱི་ཁྲོ་བོ་དང་།  །རིགས་ཀྱི་ཕོ་ཉ་ལྔ་ཡོད་དེ་བཞིན་དུ།  །རྡོ་རྗེའི་རིགས་ལའང་སྡེ་ཚན་ལྔ་རུ་དབྱེ།  །བཟླས་བརྗོད་ཡན་ལག་བཞི་ཡི་བསམ་གཏན་དང་།  །མེ་གནས་བསམ་གཏན་སྒྲ་གནས་བསམ་གཏན་དང་།  །སྒྲ་མཐར་ཐར་བ་སྟེར་པའི་བསམ་གཏན་བཞི།  །བྱ་རྒྱུད་ལུགས་ཀྱི་བསྙེན་སྒྲུབ་རིམ་པ་སྟེ།  །བཟླས་བརྗོད་ཡན་ལག་བཞི་ཡི་དང་བོ་ནི།  །རང་གི་གཞི་ལ་གཞོལ་དང་གཉིས་པ་ནི།  །གཞན་གྱི་གཞིར་གཞོལ་གསུམ་པ་སེམས་གཞིར་གཞོལ།  །བཞི་བ་སྒྲ་ཡི་གཞི་ལ་གཞོལ་བ་ཡིན།  །རང་གི་གཞིར་གཞོལ་བདག་བསྐྱེད་ལྷ་དྲུག་སྟེ།  །སྟོང་བའི་ལྷ་དང་སྒྲ་ལྷ་ཡི་གེའི་ལྷ།  །གཟུགས་ལྷ་ཕྱག་རྒྱའི་ལྷ་དང་མཚན་མའི་ལྷ།  །དྲུག་ལ་སྒོམ་བཟླས་ཚུལ་བཞིན་བྱ་བ་ཡིན།  །གཞན་གྱི་གཞི་ལ་གཞོལ་བ་མདུན་བསྐྱེད་དེ།  །ས་གཞི་རྒྱ་མཚོ་རི་རབ་པད་མའི་སྟེང་།  །གཞལ་ཡས་ཁང་ཆེན་སྟེང་དུ་བླ་བྲེ་བཅས།  །རྟེན་དང་བརྟེན་པའི་དཀྱིལ་འཁོར་ཡོངས་རྫོགས་སྒོམ།  །ཡེ་ཤེས་འགུག་གཞུག་དབང་བསྐུར་རྒྱས་བཏབ་ནས།  །ཕྱག་རྒྱ་བསྟན་དང་མཆོད་ཅིང་བསྟོད་པ་དང་།  །བཤགས་སོགས་བྱས་ཏེ་ཚད་མེད་བཞི་སྒོམ་པས།  །གཞན་གྱི་གཞི་ལ་གཞོལ་བའི་ཡན་ལག་རྫོགས།  །གསུམ་པ་སེམས་ཀྱི་གཞི་ལ་གཞོལ་བ་ནི།  །བདག་མདུན་ཐུགས་ཀའི་ཟླ་བ་སྔགས་ཕྲེང་ལ།  །སྲོག་རྩོལ་ནང་སྡོམ་རྣམ་རྟོག་འཕྲོ་འདུ་བཀག  །ཡན་ལག་བཞི་ཚང་བཟླས་བརྗོད་བྱ་བ་སྟེ།  །སྐབས་འདིའི་སྲོག་རྩོལ་རྣམ་རྟོག་གཞོན་པའི་རླུང་།  །འགྲོ་འོང་བཀག་ནས་ནང་དུ་སྡོམ་པ་ཙམ།  །ངོ་བོ་དུས་དང་དགོས་པ་མི་འདྲ་བས།  །བླ་མེད་སྲོག་རྩོལ་མི་མཚུངས་ཁྱད་པར་ཆེ།  །བཞི་བ་སྒྲ་ཡི་གཞི་ལ་གཞོལ་བ་ནི།  །ཡན་ལག་རྣམ་བཞི་གསལ་བཏབ་སྔགས་གཟུགས་དང་།  །ཟླ་བ་ལྷ་སྐུར་མི་དམིགས་སྔགས་ཀྱི་སྒྲའི།  །གདངས་ལ་དམིགས་ནས་བཟླས་པ་བྱ་བ་ཉིད།  །བསམ་གཏན་བཞི་ཡི་གཉིས་པ་མེ་གནས་ནི།  །རང་ལྷར་གསལ་བའི་སྙིང་གར་ཟླ་བའི་སྟེང་།  །རླུང་བྲལ་མར་མེ་གསལ་བའི་རྩེ་མོ་རྣོ།  །དེའི་ནང་རང་སེམས་ཆོས་དབྱིངས་དབྱེར་མེད་ཅིང་།  །རྣམ་པ་བཟླས་བྱའི་སྔགས་ཀྱི་རང་སྒྲ་ནི།  །དྲིལ་བུའི་སྒྲ་བཞིན་སྒྲོག་པར་སེམས་གཏད་དེ།  །སྒོམ་པས་གྲུབ་ཚེ་ཕྱི་རྟགས་བཀྲེས་སྐོམ་གྱིས།  །མི་གནོད་ནང་རྟགས་བདེ་དྲོད་ཏིང་འཛིན་སྐྱེ།  །བསམ་གཏན་བཞི་ཡི་གསུམ་པ་སྒྲ་གནས་ནི།  །ལྷར་བསྐྱེད་ཐུགས་ཀའི་ཟླ་དཀྱིལ་ཕྲ་མོའི་སྟེང་།  །གསལ་འབར་མེ་ལྕེར་མི་འགྱུར་སྔགས་ཀྱི་གཞི།  །བཞག་རྗེས་དེ་བཏང་སྔགས་སྒྲ་ཁོ་ན་ལ།  །དམིགས་ཏེ་སྒོམ་པས་སྔགས་ཀྱི་ཡི་གེ་རྣམས།  །ཡིད་ངོར་ཅིག་ཅར་འཆར་ཚེ་གྲུབ་པའི་ཚད།  །དེ་ལྟར་མཚན་བཅས་རྣལ་འབྱོར་སྒོམ་སྟོབས་ཀྱིས།  །ལུས་སེམས་ཤིན་སྦྱངས་ཀྱིས་དྲངས་ཞི་གནས་འགྲུབ།  །བསམ་གཏན་ཡན་ལག་བཞི་ཡི་ཐ་མ་ནི།  །སྒྲ་མཐར་ཐར་བ་སྟེར་བའི་བསམ་གཏན་ཏེ།  །སྣང་ངོར་མ་འདྲེས་གསལ་བའི་ལྷའི་འཁོར་ལོ།  །ངེས་ངོར་རང་བཞིན་གྲུབ་པས་ཡོངས་སྟོང་བའི།  །འཁོར་བའི་རྩ་བ་གཅོད་པའི་དངོས་གཉེན་མཆོག།བདག་མེད་དོན་ལ་རྩེ་གཅིག་མཉམ་བཞག་སྟེ།  །ལྷག་མཐོང་སྒོམ་པ་མཚན་མེད་རྣལ་འབྱོར་གྱིས།  །འཁོར་བའི་རྒྱུན་བཅད་ཐར་བའི་ལམ་བཟང་རྙེད།  །དེ་ལྟར་བསྙེན་སྒྲུབ་གྲུབ་རྗེས་ལས་ཚོགས་རྣམས།  །རིམ་པར་སྒྲུབ་ཅིང་ཚེ་ཡི་རིག་འཛིན་ལ།  །བརྟེན་ནས་ཟབ་གསལ་གཉིས་མེད་རྣལ་འབྱོར་གྱིས།  །འབྲས་བུ་སངས་རྒྱས་གོ་འཕང་མངོན་དུ་བྱེད།  ། ༒

རྒྱུད་སྡེ་བཞི་ཡི་གཉིས་པ་སྤྱོད་རྒྱུད་ཀྱི།  །གཙོ་བོར་གྱུར་པ་རྣམ་སྣང་མངོན་བྱང་དང་།  །དེའི་རྒྱུད་ཕྱི་མ་ཕྱག་རྡོར་དབང་བསྐུར་རྒྱུད།  །འདི་དག་བོད་དུ་འགྱུར་བའི་དགོངས་པ་ལྟར།  །སྤྱོད་རྒྱུད་ལམ་ལ་མཚན་བཅས་མཚན་མེད་གཉིས།  །མཚན་བཅས་ཕྱི་ཡི་ཡན་ལག་རྣམ་བཞི་དང་།  །ནང་གི་ཡན་ལག་རྣམ་བཞིའི་བཟླས་བརྗོད་ལས།  །དང་བོ་ཕྱི་ཡི་ཡན་ལག་རྣམ་བཞི་ནི།  །སྟོང་བའི་ངང་ལས་ལྷར་བསྐྱེད་བདག་གི་གཞི།  །མདུན་དུ་རང་འདྲའི་ལྷ་སྒོམ་གཞན་གྱི་གཞི།  །ཐུགས་ཀར་ཟླ་སྒོམ་དེའི་སྟེང་བཟླས་བྱའི་སྔགས།  །འགོད་པ་སེམས་དང་སྒྲ་ལ་གཞོལ་བའི་གཞི།  །ནང་གི་ཡན་ལག་རྣམ་བཞིའི་བཟླས་བརྗོད་ནི།  །ཡི་གེ་བཞི་ལས་ལྷར་བསྐྱེད་བདག་གི་གཞི།  །དེ་ཡི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་སྟེང་།  །རང་དང་འདྲ་བའི་ལྷ་སྒོམ་གཞན་གྱི་གཞི།  །དེ་ཡི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་མཆོག།སྒོམ་པ་སེམས་ཀྱི་གཞི་དང་དེའི་སྟེང་དུ།  །བཟླས་བྱའི་སྔགས་ཀྱི་ཕྲེང་བ་འགོད་པ་ནི།  །སྒྲ་ཡི་གཞི་ལ་གཞོལ་བའི་ཡན་ལག་གོ།མཚན་བཅས་ཕྱི་ནང་ཡན་ལག་རྣམ་བརྒྱད་སྟེང་།  །ངག་དང་ཡིད་ཀྱི་བཟླས་པའི་རིམ་པ་དང་།  །སྲོག་རྩོལ་བསྡམས་ནས་གནས་ཆ་འཚོལ་བ་སོགས།  །བྱ་རྒྱུད་སྐབས་ལྟར་བྱས་ཏེ་ཞི་གནས་བསྒྲུབ།  །ལྷ་ཡི་རྣལ་འབྱོར་རྩེ་གཅིག་ཏིང་འཛིན་དང་།  །སྦྲེལ་ཏེ་དཔྱད་འཇོག་ཟུང་དུ་འབྲེལ་བ་ཡིས།  །རང་བཞིན་གྱིས་སྟོང་ཟབ་མོའི་ལམ་སྒོམ་པས།  །ལྷག་མཐོང་མཚན་མེད་རྣལ་འབྱོར་འཐོབ་པར་འགྱུར།  །ལྷ་དང་སྟོང་བ་ཉིད་ཀྱི་རྣལ་འབྱོར་དང་།  །རླུང་དང་བཟླས་པའི་རྣལ་འབྱོར་རྣམ་པ་བཞི།  །བྱ་སྤྱོད་གཉིས་ཀྱི་རྒྱུད་ལ་གལ་ཆེ་ཞིང་།  །བསྡུ་ན་མཚན་བཅས་མཚན་མེད་གཉིས་སུ་འདུ།  །ཕྱི་ཡི་རྫས་བརྟེན་རལ་གྲིའི་རིག་འཛིན་དང་།  །ནང་གི་ལུས་གནས་རྣམས་སུ་འབྱུང་བ་བཞིའི།  །དཀྱིལ་འཁོར་བསྒོམས་ནས་ལས་བཞི་སྒྲུབ་པ་སོགས།  །དངོས་གྲུབ་སྒྲུབ་ཚུལ་དུ་མ་རྒྱུད་ལས་གསུངས།  །༒

རྣལ་འབྱོར་རྒྱུད་ལ་རྩ་བཤད་ཆ་མཐུན་རྒྱུད།  །གསུམ་སྟེ་རྩ་རྒྱུད་དེ་ཉིད་བསྡུས་པ་ལ།  །རྡོར་དབྱིངས་ཁམས་གསུམ་རྣམ་པར་རྒྱལ་བ་དང་།  །འགྲོ་འདུལ་དོན་གྲུབ་དུམ་བུ་བཞི་རུ་དབྱེ།  །དུམ་བུ་དང་བོས་དེ་བཞིན་གཤེགས་པ་དང་།  །གཉིས་པས་རྡོ་རྗེ་གསུམ་པས་པད་མའི་རིགས།  །བཞི་བས་རིན་ཆེན་རིགས་ཀྱི་ལམ་སྟོན་ཅིང་།  །ལས་དང་རིན་ཆེན་སྐབས་འདིར་གཅིག་ཏུ་བསྡུས།  །དུམ་བུ་བཞི་ཡིས་ངོ་བོ་ཉིད་སྐུ་དང་།  །ཆོས་ལོངས་སྤྲུལ་སྐུ་བཞི་དང་ཡེ་ཤེས་བཞི།  །ཕྱག་རྒྱ་བཞི་དང་རིགས་བཞི་ལ་སོགས་པའི།  །རྣལ་འབྱོར་རྒྱུད་ཀྱི་ལམ་རྣམས་ཡོངས་སུ་བསྡུས།  །རྩ་རྒྱུད་དུམ་བུ་བཞི་ཡི་རེ་རེས་ཀྱང་།  །རྒྱས་འབྲིང་བསྡུས་མོས་གདུལ་བྱའི་ཁམས་བཞིན་དུ།  །ཏིང་འཛིན་གསུམ་རེ་བསྟན་པས་གསུམ་ཚན་བཞི།  །རེ་རེར་འབྱུང་བ་ཀུན་དྲིལ་སོ་དྲུག་ཡོད།  །རྒྱས་པའི་ཏིང་འཛིན་གསུམ་ཚན་བཞི་བོ་ལ།  །དཀྱིལ་འཁོར་ཆེན་པོ་གཟུངས་ཆོས་ལས་དཀྱིལ་བཞིའི།  །དང་བོའི་སྦྱོར་བ་དཀྱིལ་འཁོར་རྒྱལ་མཆོག་དང་།  །ལས་ཀྱི་རྒྱལ་མཆོག་ཏིང་འཛིན་གསུམ་གསུམ་གསུངས།  །ལུགས་འདིར་བདག་མདུན་དམ་ཡེ་བསྲེ་བ་ལ།  །ཕྱག་རྒྱ་བཞི་ཡི་རྒྱས་འདེབས་གལ་ཆེ་ཞིང་།  །ཕྱག་རྒྱ་བཞི་ལ་ངོ་བོའི་དབྱེ་བ་དང་།  །སྦྱང་གཞི་སྦྱོང་བྱེད་འབྲས་བུའི་སྒོ་ནས་དབྱེ།  །ངོ་བོའི་སྒོ་ནས་ཕྱག་རྒྱ་ཆེན་པོ་དང་།  །ཆོས་དང་དམ་ཚིག་ལས་ཀྱི་ཕྱག་རྒྱ་བཞི།  །སྦྱང་གཞིར་ལུས་ངག་ཡིད་དང་བྱ་བ་བཞི།  །དུག་གསུམ་སེར་སྣ་བཞི་དང་ཁམས་བཞིའོ།  །སྦྱོང་བྱེད་ལམ་ལ་སྐུ་ནི་ཕྱག་ཆེན་དང་།  །གསུང་ནི་ཆོས་དང་ཐུགས་ནི་དམ་ཚིག་དང་།  །འཕྲིན་ལས་ལས་ཀྱི་ཕྱག་རྒྱ་བཞི་ཡོད་ཅིང་།  །ལམ་གྱི་ཕྱག་རྒྱ་འདི་བཞི་རེ་རེར་ཡང་།  །མཚོན་བྱ་དོན་དང་མཚོན་བྱེད་ཕྱིའི་ཕྱག་རྒྱ།  །མཚོན་བྱེད་ནང་གི་ཕྱག་རྒྱ་གསུམ་རེ་ཕྱེ།  །སྦྱངས་པ་འབྲས་བུའི་ཕྱག་རྒྱར་ཆོས་སྐུ་དང་།  །ལོངས་སྐུ་སྤྲུལ་སྐུ་ངོ་བོ་ཉིད་སྐུ་བཞི།  །རྒྱས་འདེབས་ཚུལ་ལ་དམ་རྒྱ་ཆོས་རྒྱ་དང་།  །ལས་རྒྱ་ཕྱག་ཆེན་བཞི་ལ་རིམ་པ་བཞིན།  །ཕྱག་རྒྱ་འབྱུང་བའི་རྒྱུ་དང་རྒྱས་འདེབས་ཚུལ།  །འགྲུབ་རྒྱུ་དབང་དུ་འགྱུར་བའི་རྒྱུ་བཞིས་སོ།  །རྒྱས་འདེབས་གོ་རིམ་སངས་རྒྱས་གསང་བ་དང་།  །ཤཱཀྱ་བཤེས་གཉེན་ཕྱག་ཆེན་དམ་རྒྱ་དང་།  །ལས་རྒྱ་ཆོས་རྒྱར་མཛད་ཀྱང་ཀུན་སྙིང་གིས།  །གོང་ལྟར་བཞེད་པ་རྡོ་རྗེ་འབྱུང་བར་མཐུན།  །སྒོམ་པའི་ལམ་ལ་མཚན་བཅས་མཚན་མེད་གཉིས།  །མཚན་བཅས་རགས་པ་ལྷ་ལ་དམིགས་པ་ནི།  །ཁྲུས་སོགས་སྔོན་བཏང་རྡོ་རྗེ་ཐལ་མོ་ནས།  །ཡེ་ཤེས་དབབ་པའི་བར་བྱས་ཆོ་ག་ལྔས།  །ལྷར་བསྐྱེད་ཡེ་ཤེས་པ་བསྟིམས་ཕྱག་རྒྱ་བཞིས།  །རྒྱས་བཏབ་བགྲང་ཡས་དེ་བཞིན་གཤེགས་པ་བཅུག།ཕྱག་རྒྱས་རྒྱས་བཏབ་རང་རིགས་བྱིན་གྱིས་བརླབས།  །དབང་བསྐུར་མཆོད་པས་མཆོད་ཅིང་ཕྱག་བྱས་ནས།  །ལྷ་ཡི་བཟླས་པའི་སྔོན་དུ་སྐུ་ཕྱག་ཆེན།  །སྒོམ་ཅིང་སློབ་མའི་དབང་ཙམ་ཐོབ་པས་ནི།  །རྣལ་འབྱོར་གཅིག་ལྡན་ཁོ་ན་བྱ་བ་དང་།  །སྒྲུབ་ཐབས་གཉིས་ལྟར་གཞལ་ཡས་ཁང་ཡང་བསྐྱེད།  །སློབ་དཔོན་དབང་ཐོབ་གཞན་ལ་དབང་བསྐུར་ན།  །བདག་རྫོགས་རྣལ་འབྱོར་ཆེན་པོ་དང་བཅས་པའི།  །ཏིང་འཛིན་གསུམ་སྒོམ་བསྙེན་པ་རྒྱས་པའམ།  །འབྲིང་དང་བསྡུས་པའི་བསྙེན་པ་གང་རུང་དགོས།  །ཕྲ་བ་ཕྱག་མཚན་ལ་དམིགས་མཚན་བཅས་ལམ།  །ལུས་གནད་བཅས་ཏེ་ཞི་གནས་ཁྱད་པར་ཅན།  །བསྒྲུབ་ཆེད་རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན།  །སྒོམ་པས་ཤིན་སྦྱངས་ཀྱིས་དྲངས་བདེ་ཆེན་འདྲེན།  །དེ་བཞིན་གཤེགས་རྡོར་རིན་ཆེན་པད་མ་དང་།  །སྙིང་བོ་ཕྱག་རྒྱ་གསང་སྔགས་རིག་སྔགས་ལ།  །བརྟེན་ནས་དཔྱད་འཇོག་ཟུང་དུ་འབྲེལ་བ་ཡིས།  །སྟོང་ཉིད་སྒོམ་པ་མཚན་མེད་རྣལ་འབྱོར་རོ།  །བསྙེན་པའི་རྣལ་འབྱོར་སྤྱི་དང་ཁྱད་པར་དུ།  །རྡོ་རྗེ་ཕྲ་མོའི་ཏིང་འཛིན་དབང་གྱུར་ཚེ།  །འཇིག་རྟེན་འཇིག་རྟེན་འདས་པའི་དངོས་གྲུབ་ཚོགས།  །བསྒྲུབ་སྟེ་རང་དང་གཞན་དོན་རྒྱ་ཆེར་བྱ།  །   །  །

          གསང་ཆེན་སྔགས་ཀྱི་བསྡུས་དོན་ནོར་བུའི་ཕྲེང་བ་ལས་རྒྱུད་སྡེ་འོག་མ་གསུམ་གྱི་སྐོར་རྫོགས་སོ།  །

དྲིས་ལན་བློ་གསལ་གཞོན་ནུའི་འགུལ་རྒྱན།

(རྒྱུད་སྡེ་འོག་མའི་སྐོར་གྱི་དྲི་གཞི་གཉིས་པའི་ལན་ནི།)

          རྡོ་རམས་པ་ཐང་བ་བློ་བཟང་རབ་བརྟན།

༼ག༽སྔགས་རིམ་ཆེན་མོ་ལས། དེ་ལྟར་ན་སློབ་པའི་ལམ་དུ་མཚན་དཔེ་མེད་ན་གཟུགས་སྐུ་མི་འགྲུབ་པ་ནི་ཐེག་པ་ཆེན་པོ་གཉིས་ཀའི་ལུགས་སོ། །ཞེས་གསུངས་པ་ལྟར། ཟུར་དང་བོ་ཐེག་པ་གཉིས་ཀྱིས་གཟུགས་སྐུ་སྒྲུབ་པའི་རྒྱུ་གཟུགས་སྐུ་དང་རྗེས་སུ་མཐུན་པའི་མཚན་དཔེས་བརྒྱན་པའི་སྐུ་ལ་གང་དང་གང་འཇོག་མིན་དང་། ཟུར་གཉིས་པ། གཟུགས་སྐུ་སྒྲུབ་བྱེད་ཀྱི་ཐབས་ཀྱི་སྒོ་ནས་གཙོ་བོ་ཐེག་ཆེན་གྱི་ལམ་གྱི་ཁྱད་པར་འཇོག་ཚུལ་དང་། ཟུར་གསུམ་པ། གདུལ་བྱ་རིན་པོ་ཆེ་ལྟ་བུས་སྔགས་ཀྱི་ལམ་ལ་དང་བོ་སློབ་པ་ནས་ཚེ་གཅིག་ལ་སངསང་རྒྱས་པ་ཡོད་ཀྱང་ལུས་རྟེན་གཅིག་ལ་སངསང་རྒྱས་པ་ཡོད་མེད་ལུང་རིགས་ཀྱི་སྒྲུབ་བྱེད་དང་བཅས་དཔྱད་པ་གནང་རྒྱུ།

༼༡༽ཟུར་དང་པོའི་ལན། དེ་ལ་ཐེག་པ་གཉིས་ཀྱི་ཁྱད་ནི་ཐབས་ཀྱིས་དབྱེ་དགོས་ཤིང་། ཐབས་ཀྱི་གཙོ་བོ་ཡང་གཟུགས་སྐུ་སྒྲུབ་པའི་ཆ་ནས་ཡིན་ལ།(༡) སྔགས་ཀྱི་ལུགས་ལ་གཟུགས་སྐུའི་སྒྲུབ་བྱེད་ཀྱི་ཐབས་ནི་དེ་དང་རྣམ་པ་འདྲ་བར་སྒོམ་པའི་ལྷའི་རྣལ་འབྱོར་ཉིད་ཡིན་ལ། དེ་ཡང་བསྐྱེད་རིམ་སྒོམ་པའི་ཐོག་མ་ནས་ཡོངས་དག་བཞི་དང་རྣམ་པ་མཐུན་པ་སྒོམ་ནས་ཇེ་བཟང་ཇེ་བཟང་དུ་སོང་སྟེ་སེམས་དབེན་མཐར་ཐུག་དཔེའི་འོད་གསལ་གྲུབ་པའི་དེས་ལྷན་ཅིག་བྱེད་རྐྱེན་དང་དེའི་ཞོན་པའི་རླུང་འོད་ཟེར་ལྔ་བས་ཉེར་ལེན་བྱས་ནས་མ་དག་པའི་སྒྱུ་ལུས་གྲུབ་ལ། དེའི་སྟེང་གི་མ་དག་པའི་ཆ་རིམ་གྱི་དག་ནས་དོན་གྱི་འོད་གསལ་དུ་ཐིམ་པས་རིམ་པ་བཞི་ཡི་དོན་གྱི་འོད་གསལ་གྲུབ་ལ་དེས་ལྷན་ཅིག་བྱེད་རྐྱེན་དང་དེའི་ཞོན་པའི་རླུང་འོད་ཟེར་ལྔ་བས་ཉེར་ལེན་བྱས་ནས་རྟོགས་པ་ཟུང་འཇུག་གི་ཡ་གྱལ་མཚན་དཔེས་བརྒྱན་པས་སྐུ་དག་པ་སྒྱུ་མའི་སྐུ་གྲུབ་པས་དེ་ཡང་ཇེ་བཟང་ཇེ་བཟང་དུ་སོང་སྟེ་མི་སློབ་པའི་ཟུང་འཇུག་གི་ཡ་གྱལ་དུ་འགྱུར་རྒྱུ་དེས་གཟུགས་སྐུའི་ཉེར་ལེན་བྱས་ནས་གཟུགས་སྐུ་འགྲུབ་བོ། །

(༢)ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ལུགས་ལ། གཟུགས་ཀྱི་སྐུའི་ངོ་བོའ་ིརྒྱུ་བསོད་ནམས་ཀྱི་ཚོགས་མཆོག་རྣམས་དང་། མཚན་དཔེ་ལ་སོགས་པ་ཁྱད་པར་གྱི་རྒྱུ་བླ་མ་བསུ་སྐྱེལ་ལ་སོགས་པ་རྣམས་ཚེ་རབས་དུ་མ་ཞིག་ཏུ་བསགས་པའི་མཐུས་ས་མཐོན་པོར་སོང་བ་ན། མ་རིག་བག་ཆགས་ཀྱི་ས་དང་ཟག་མེད་ལས་ཀྱི་རྐྱེན་གྱིས་ཡིད་ཀྱི་རང་བཞིན་ལུས་མཚན་དཔེ་རྗེས་མཐུན་པས་བརྒྱན་པའི་ལུས་ཐོབ་སྟེ། དེ་ཡང་ཇེ་བཟང་ཇེ་བཟང་དུ་སོང་སྟེ་མཐར་སྲིད་པ་ཐ་མ་པར་གྱུར་པ་ན། སློབ་པའི་མཚན་དཔེ་མཐར་ཐུག་པ་ཐོབ་པར་འགྱུར་རོ། །དེས་ཉེར་ལེན་བྱས་ནས་གཟུགས་སྐུ་འགྲུབ་པ་ཡིན་ནོ།།དེ་ལྟར་ཡིན་པ་སྔགས་རིམ་ཆེན་མོ་ལས། དེའི་ཚེ་རྟེན་དེ་ལ་ཆོས་ཀྱི་སྐུ་མངོན་དུ་བྱས་པ་ན་ལུས་ཀྱི་མཚན་དཔེའི་རིགས་འདྲ་དེ་ཉིད་ལོངས་སྐུར་འགྱུར་བ་ཡིན་གྱི། ལམ་དུས་སུ་མཚན་དཔེ་མེད་པར་འབྲས་བུ་ཐོབ་མ་ཐག་གསར་དུ་འབྱུང་བར་མི་འདོད་དོ།། ཅེས་དང་།རྣམ་བཤད་སྙིང་བོ་རྒྱན་ལས། །ས་བཅུ་རྒྱུན་མཐའ་ལ་གནས་པའི་ཚེ་མཚན་དཔེས་སྤྲས་པའི་སྐུ་དེ་ཉིད་ཀྱི་རིགས་འདྲ་ཕྱི་མ་ཆོས་སྐུ་ཐོབ་པའི་ཚེ་མཚན་ཉིད་ལྔ་ལྡན་དང་། ཡོན་ཏན་ལྔ་ལྡན་དང་། ངེས་པ་ལྔ་ལྡན་གྱི་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་ལ།ཞེས་གསུངས་པའི་ཕྱིར།འདི་ལ་ལ་ལས་མི་འཐད་དེ་བརྟགས་གཉིས་ཊིཀ་ཆེན་ལས། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་པས་ཀྱང། མ་རིག་བག་ཆགས་ཀྱི་ས་དང་ཟག་པ་མེད་པའི་ལས་ཀྱི་རྐྱེན་གྱིས་ཡིད་ཀྱི་རང་བཞིན་གྱི་ལུས་མཚན་དཔེས་བརྒྱན་པའི་རྣམ་པ་ཅན་གྲུབ་ནས། དེ་ཉིད་ས་བཅུ་པའི་སྲིད་པ་ཐ་མ་པའི་བར་དུ་ཇེ་བཟང་གིས་འགྲོ་བར་འདོད་མོད་ཀྱང། མ་རིག་བག་ཆགས་ཀྱི་ས་ནི་ཤེས་བྱའི་སྒྲིབ་པ་ཡིན་པས། དེས་བསྐྱེད་པའི་ལུས་དེ་ཉིད་ཤེས་སྒྲིབ་ཀྱི་དངོས་གཉེན་དུ་གྱུར་པའི་ཡེ་ཤེས་དང་གྲུབ་བདེ་དབྱེར་མེད་ཀྱི་ངོ་བོ་གཅིག་ཏུ་གྱུར་པ་མི་སྲིད་པའི་ཕྱིར། ཆོས་སྐུ་དང་གྲུབ་བདེ་དབྱེར་མེད་ཀྱི་ངོ་བོ་གཅིག་ཏུ་གྱུར་པའི་གཟུགས་སྐུ་དང་ཇི་བཞིན་དུ་ཆོས་མཚུངས་པའི་རིགས་འདྲའི་རྒྱུར་མི་འཐད་དོ། ཅེས་གསུངས་བའི་ཕྱིར་ཟེར་ན།  ཕར་ཕྱིན་ཐེག་པ་པས་དེ་ལྟར་འདོད་མོད་ཀྱང་། སྔགས་ལུགས་ལ་དེ་ལྟར་མི་རུང་བའི་དོན་ཡིན་གསུངས་སོ།།

༼༢༽ཟུར་གཉིས་པའི་ལན་ནི། ཐེག་ཆེན་པ་གཉིས་ཀའི་ཡང་མངོན་པར་འདོད་པའི་དོན་གྱི་གཙོ་བོ་ནི་གཞན་དོན་ཡིན་སྟེ། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་པའི་ཕྱིར་དང་། སེམས་བསྐྱེད་འདྲ་བའི་ཕྱིར་རོ། །དེ་ཡང་གཞན་དོན་སྒྲུབ་པ་ལ་གདུལ་བྱ་ལ་དངོས་སུ་སྣང་ནས་དེ་དག་གི་དོན་སྒྲུབ་པའི་སངས་རྒྱས་ནི་ཆོས་ཀྱི་སྐུ་མིན་གྱི། གཟུགས་ཀྱི་སྐུ་རྣམ་པ་གཉིས་ཡིན་ནོ། ། །དེ་ཡང་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཟུན་པའི་རྒྱ་ཆེ་བའི་ཐབས་ཀྱིས་གཟུགས་ཀྱི་སྐུ་སྒྲུབ་དགོས་ལ། གཞན་དོན་གཟུགས་ཀྱི་སྐུ་སྒྲུབ་པའི་ཐབས་ལམ་གྱི་ལུས་མི་འདྲ་བའི་ཁྱད་པར་ཆེན་པོ་ཡོད་པས་ཐེག་པ་གཉིས་སུ་མཛད་པ་ཡིན་ཏེ། (༡)ཕར་ཕྱིན་ཐེག་པའི་ལུགས་ལ། སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པས་སྤྱིན་སོགས་བསོད་ནམས་ཀྱི་ཚོགས་བསྐལ་ཆེན་གྲངས་མེད་གསུམ་དུ་བསྐྱོངས་པས་ས་བཅུ་ལམ་ལྔ་མཐར་ཕྱིན་པ་ན་གཟུགས་སྐུ་འགྲུབ་པ་ཡིན་ནོ། །(༢)སྔགས་ལུགས་ལ། གཟུགས་སྐུ་འགྲུབ་པའི་ཐབས་ཁྱད་པར་བ་དེ་གང་ཞེ་ན། གཟུགས་ཀྱི་སྐུ་སྒྲུབ་པ་ན་ཡང་རང་གི་ལུས་མཚན་དཔེས་བརྒྱན་པའི་རྣམ་པ་ཅན་དུ་སྣང་བའི་རྒྱལ་བའི་སྐུ་དང་རྣམ་པ་རྗེས་སུ་མཐུན་པའི་ལམ་སྒོམ་ཏེ། རང་ཉིད་ད་ལྟ་ནས་སངས་རྒྱས་སུ་ང་རྒྱལ་བཞག་ནས་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམས་ན། ཚེ་གཅིག་ལ་སངས་རྒྱས་འཐོབ་པ་སྔགས་ཀྱི་ཁྱད་ཆོས་ཡིན་ནོ།།

༼༣༽ཟུར་གསུམ་པའི་ལན། སྔགས་བླ་མེད་ཀྱི་རིན་པོ་ཆེ་ལྟ་བུའི་གདུལ་བྱ་ཚེ་གཅིག་ལ་སངས་རྒྱས་པ་ཡིན་གྱང་ལུས་གཉིས་ལ་སངསང་རྒྱས་པ་ཡིན་པའི་ཕྱིེར། དེར་ཐལ། སྔར་གྱི་རྣམ་སྨིན་གྱི་ཕུང་བོ་མིའི་རྟེན་དང་སྒྱུ་ལུས་ལྷའི་ལུས་གཉིས་ལ་བརྟེན་པ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། སྔགས་རིམ་ཆེན་མོ་ལས། རྣལ་འབྱོར་བླ་ན་མེད་པའི་ལུགས་ཀྱིས་ཚེ་གཅིག་གིས་འཚང་རྒྱ་བའི་རྟེན་དེ་མིའི་རྟེན་ཡིན་པར་གསུངས་ཏེ།ཅེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། དེ་མི་འཐད་པར་ཐལ། བར་རྡོའི་རྟེན་ལ་སངས་རྒྱས་པ་ཡོད་པ་གང་ཞིག དེ་མིའི་རྟེན་མ་ཡིན་པའི་ཕྱིར་ན་དམིགས་བསལ་ཡིན་ཏེ། སྔགས་རིམ་ཆེན་མོ་ལས། འོན་ཀྱང་སྔར་བཤད་པ་བཞིན་ དུ་གང་ཟག་འབྲིང་པོ་འཚང་རྒྱ་བའི་རྟེན་ཁྱད་པར་ཅན་དེ་འདྲ་ཡང་དམིགས་བསལ་ལ་ཡོད་དེ།ཅེས་གསུངས་པའི་ཕྱིར། གཉིས་པ་དེར་ཐལ། རིམ་ལྔ་ལས་སྒྱུ་ལུས་ལ་ལོངས་སྐུར་བཤད་པའི་ཕྱིར་དང་། དེར་མ་ཟད་རིམ་པ་དང་པོའ་ིསྐབས་སུ་ཡང་འགྲེལ་པས་འོད་གསལ་དུ་བསྡུས་པ་ཆོས་སྐུ་དང་དང་པོའ་ིམགོན་པོ་ལ་ལོངས་སྐུ་སོགས་སུ་གསུངས་པའི་ཕྱིར་རོ། །དེས་ན་མཐའི་སྐུ་གསུམ་མིན་ནོ།།ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཇོ་བོ་ཆེན་པོས་ཚེ་གཅིག་ལ་སངས་རྒྱས་པ་ཡིན་གྱང་ལུས་གཅིག་ལ་སངས་རྒྱས་པ་མིན་གསུངས་པ་གནད་མཁྱེན་པའི་བཤད་པ་རེད་ཅེས་མཁས་པ་དག་གིས་གསུངས་སོ། །

ལུས་གཉིས་ལ་བརྟེན་ཚུལ་ནི། རིན་པོ་ཆེ་ལྟ་བུའི་གདུལ་བྱ་དེས་སེམས་དབེན་མཐར་ཐུག་དཔེའི་འོད་གསལ་གྲུབ་པ་ན་དེ་འདྲའི་སེམས་དཔེན་མཐར་ཐུག་དཔེའི་འོད་གསལ་ཀྱི་ལྷན་ཅིག་བྱེད་རྐྱེན་དང་དེའི་ཞོན་པའི་རླུང་འོད་ཟེར་ལྔ་བས་ཉེར་ལེན་བྱས་ཏེ་མ་དག་པའི་སྒྱུ་ལུས་གྲུབ་ལ། དེ་ནས་སྤྱོད་པ་གསུམ་སོགས་ལ་བསླབ་ནས་སྒོམ་པའི་མ་དག་པའི་སྒྱུ་ལུས་འོད་གསལ་དུ་ཐིམ་པ་ན་རིམ་པ་བཞི་བའི་དོན་གྱི་འོད་གསལ་ཐོབ་པ་ཡིན་ལ། དེས་ལྷན་ཅིག་བྱེད་རྐྱེན་དང་དེའི་བཞོན་པའི་རླུང་འོད་ལྔ་བས་ཉེར་ལེན་བྱས་ཏེ། རྟོགས་པ་ཟུང་འཇུག་གི་ཡ་ཆར་དག་པའི་སྒྱུ་མའི་སྐུ་འགྲུབ་ལ་དེ་ནས་འོད་གསལ་མངོན་དུ་བྱས་པ་ན་རྟོགས་པ་ཟུང་འཇུག་ཐོབ་པ་ཡིན་ནོ། རྟོགས་པ་ཟུང་འཇུག་གོང་ནས་གོང་དུ་འཕེལ་ཏེ་མི་སློབ་པའི་ཟུང་འཇུག་ཐོབ་པ་ན་དེ་འདྲའི་སྒྱུ་ལུས་དང་སྔར་གྱི་རྣམ་སྨིན་གྱི་ལུས་གཉིས་ཀའི་རྟེན་ལ་སངས་རྒྱས་པ་ཡིན་ལ་ཕྱི་མ་ནི་ནོར་བུ་འཇོག་པའི་ཟ་མ་ཏོག་ལྟ་བུ་དང་སྔ་མ་ནི་དེའི་ནང་གི་ནོར་བུ་རིན་པོ་ཆེ་དང་མཚུངས་པ་ཡིན་ནོ། །

                        སྤྱི་ལོ་༢༠༢༠ཧོར་ཟླ་༡༢ཚེས་༧ཉིན་བྲིས།

སྨིན་བྱེད་དབང་གི་ཟུར་བཀོད་གསང་ཆེན་བདུད་རྩིའི་ཟེགས་མ།

                                   རྒྱུད་གྲྭ་བ་སྤྲེལ་ཆོས་ལྡན།

ཇི་སྐད་དུ།

འདི་ན་འཁོར་བའི་རྒྱ་མཚོ་ལས། །

ཉོན་མོངས་ཆུ་སྲིན་ན་ཀྲས་ཁྱབ། །

ལས་ཀྱི་རླུང་གི་རྦ་ཀློང་འཁྲུག །

བདག་བྱིང་ཐུགས་རྗེའི་རྒྱ་མཚོ་ཀྱེ། །

མི་ཤེས་ལིང་ཏོག་གིས་བསྒྲིབས་མིག །

ཉོན་མོངས་དབང་དུ་མཛད་ནས་ནི། །

བདེ་དང་སྡུག་བསྔལ་འཇིགས་ལས་སྐྱོབ། །

ཐུགས་རྗེའི་རྒྱ་མཚོ་བདག་སྐྱོབས་ཤིག །

   ཅེས་གསོལ་བ་འདེབས་པ་སྔོན་དུ་བཏང་ནས་འདིར་སྔགས་ཀྱི་དྲི་གཞི་གསུམ་པ་དང་ལྔ་བ་ཕྱོགས་བསྡོམས་པའི་དབང་དང་དམ་ཚིག་གི་སྐོར་འགའ་ཞིག་ཟུར་དུ་བཏུས་ཏེ་འགོད་པ་ལ། སྔགས་རིམ་ཆེན་མོ་ལས། དབང་དང་དམ་ཚིག་ནི། རྡོ་རྗེ་ཐེག་པའི་ལམ་གྱི་རྨང་འཛུགས་ཡིན་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར། འབྲས་བུ་རྡོ་རྗེ་ཐེག་པའམ་སྔགས་ལ་འཇུག་པའི་ཐོག་མར་སྨིན་བྱེད་དབང་གིས་སྒོ་ནས་རང་རྒྱུད་སྨིན་པར་བྱས་ནས་ལམ་གྱི་རྨང་འཛུགས་དགོས་ན། དེ་ཡང་སྔགས་རིམ་ཆེན་མོ་ལས། དང་བོ་ནི། འདིར་རྣལ་འབྱོར་བླ་མེད་ཀྱི་ལམ་གྱི་རིམ་པ་འཆད་ན་དོན་ཚན་དུ་ཞིག་ཏུ་སྡུད་སྙམ་ན། དོན་ཚན་འདི་དང་འདིར་ལམ་གྱི་རིམ་པ་སྡུད་དོ་ཞེས་སྤྱིའི་ཆིངས་མི་འདྲ་བ་མང་བོ་མཁས་པ་དག་གིས་བྱས་པ་རྣམས་ཤེས་ན། རྣམ་དཔྱོད་ཅན་རྣམས་ཀྱི་བློ་གྲོས་འཕེལ་བས་དེའི་སྒོ་རྣམས་བརྗོད་ན། སློབ་དཔོན་སྐལ་བཟང་རྡོ་རྗེའི་ལམ་རིམ་ལས། སྔོན་དུ་ཕར་ཕྱིན་གྱི་ཐེག་པའི་ལམ་རིམ་བཤད་ནས་དེ་ནས་སྔགས་ཀྱི་ཐེག་པའི་ལམ་རིམ་སྟོན་པ་ན་ཆོ་ག་ལྔར་བསྡུས་ཏེ། མ་སྨིན་པ་སྨིན་པར་བྱེད་པ་དབང་གི་ཆོ་ག  སྨིན་པ་མི་ཉམས་པར་བྱེད་པ་དམ་ཚིག་བསྲུང་བའི་ཆོ་ག   བླ་མ་ལས་རྒྱུད་མཉན་ནས་མཚན་ཉིད་ཤེས་པར་བྱེད་པའི་ཆོ་ག་དང་། བྱང་ཆུབ་འགྲུབ་པར་བྱེད་པ་སེམས་སྦྱང་བའི་ཆོ་ག་དང་། དེ་མཐར་ཕྱིན་པའི་ཐབས་སྤྱོད་པ་དག་པའི་ཆོ་ག་སྟེ། ཞེས་རྣལ་འབྱོར་བླ་མེད་ཀྱི་ལམ་སྡུད་པའི་སྤྱིའི་ཆིངས་ཆོ་ག་ལྔར་བསྡུས་ནས་གསུངས། དེ་ལས་སྐབས་དོན་འདོད་པའི་བརྗོད་བྱ་གང་ཡིན་ཞེ་ན། སྨིན་བྱེད་དབང་དང་དམ་ཚིག་གི་སྐོར་ནས་ཅུང་ཙམ་འགོད་པ་ཡིན་པས། དེ་གང་ལས་འཆད་ན་སྔགས་རིམ་ཆེན་མོར། ལམ་སྒོམ་པའི་སྣོད་རུང་དུ་བྱ་བ་དང་། སྣོད་དུ་གྱུར་ནས་དམ་ཚིག་དང་སྡོམ་པ་དག་པར་བྱ་བ་དང་། དམ་ཚིག་ལ་གནས་ནས་ལམ་ཇི་ལྟར་ཉམས་སུ་བླང་བ་དང་། ཉམས་སུ་བླངས་པའི་འབྲས་བུ་མངོན་དུ་བྱེད་ཚུལ་ལོ། ། ཞེས་ས་བཅད་བཞི་བྱུང་།

དང་བོ་དེ་ཡང་རྗེ་དབལ་མང་བའི་སྔགས་ཀྱི་སྤྱི་དོན་ལས། གསུམ་པ་དབང་དང་དམ་ཚིག་དངོས་ཀྱི་རྣམ་བཞག་ལ། དབང་གི་རྣམ་བཞག་དང་། དམ་ཚིག་གི་རྣམ་བཞག་གཉིས། དང་བོ་ནི། སྤྱིར་དབང་ལ་སྨིན་བྱེད་རྒྱུའི་དབང་། གྲོལ་བྱེད་ལམ་གྱི་དབང་། གྲོལ་བ་འབྲས་བུའི་དབང་གསུམ་ཡོད་དེ། བུམ་དབང་སོགས་དང་བོ་དང་། སློབ་པའི་རྫོགས་རིམ་གཉིས་པ་དང་། མི་སློབ་པའི་ཟུང་འཇུག་གསུམ་པ་ཡིན་པའི་ཕྱིར། ཞེས་དང་། འདུས་པའི་རྒྱུད་ཕྱི་མ་ལས། དབང་བསྐུར་དབྱེ་བ་རྣམ་པ་གསུམ། །རྒྱུད་འདི་ལ་ནི་རབ་ཏུ་བརྟག །ཅེས་པའི་དོན་ནོ། །དེ་ལྟར་བླ་མེད་རྡོ་རྗེ་ཐེག་པའི་དབང་ལ། སྨིན་བྱེད་རྒྱུའི་དབང་། གྲོལ་བྱེད་ལམ་གྱི་དབང་། གྲོལ་བ་འབྲས་བུའི་དབང་སྟེ་རྣམ་པ་གསུམ་ཡོད་པ་ལས། དང་བོ་སྨིན་བྱེད་རྒྱུའི་དབང་ནི། གང་ལ་དབང་བསྐུར་བའི་སློབ་མའི་རྒྱུད་ཀྱི་སྒོ་གསུམ་གྱི་དྲི་མ་འཁྲུད་ཅིང་བསྐྱེད་རྫོགས་ཀྱི་ལམ་སྒོམ་པ་ལ་དབང་བར་བྱེད་ལ་སྐུ་བཞི་འགྲུབ་པའི་ནུས་པ་འཇོག་ནུས་ཀྱི་བུམ་དབང་དང་གསང་དབང་ཤེར་དབང་ཚིག་དབང་སྟེ་བཞི་བོ་དེ་ཡིན་ལ། གྲོལ་བྱེད་ལམ་གྱི་དབང་ནི། འབྲས་བུ་སྐུ་བཞི་འགྲུབ་བྱེད་ཀྱི་ལམ་བསྐྱེད་རྫོགས་གཉིས་ཡིན་པ་དང་། གྲོལ་བ་འབྲས་བའི་དབང་ནི། ལམ་བསྐྱེད་རྫོགས་བསྒོམས་པ་ལ་བརྟེན་ནས་གྲུབ་པའི་འབྲས་བུ་མི་སློབ་པའི་ཟུང་འཇུག་མཐར་ཐུག་པ་དེ་ཡིན་ཞེས་བཤད་དོ། །

དང་བོ་སྨིན་བྱེད་རྒྱུའི་དབང་གི་མཚན་ཉིད་ཡོད་དེ། སྔགས་ཀྱི་སྤྱི་དོན་ལས། སྔགས་ཀྱི་འཇུག་སྒོ་གང་ཞིག སྔགས་ལམ་སྒོམ་པ་དང་རྒྱུད་ལས་གསུངས་པའི་མཆོག་ཐུན་གྱི་དངོས་གྲུབ་སྒྲུབ་པ་ལ་དབང་བའི་རིགས་གནས་དེ། སྨིན་བྱེད་རྒྱུའི་དབང་གི་མཚན་ཉིད། དེ་ལ་དབང་བཞིར་གྲངས་ངེས་ཏེ། མང་མི་དགོས་ཉུང་ན་མི་འདུ་བའི་ཕྱིར། ཞེས་སྨིན་བྱེད་རྒྱུའི་དབང་གི་དོན་དང་དེ་ལ་དབང་བཞིར་གྲངས་ངེས་པར་མཛད། རྡོ་རྗེ་ཕྲེང་བ་ལས། དང་བོའི་དབང་ནི་གཙོ་བོ་སྟེ། །གཉིས་པ་གསང་བའི་མིང་ཅན་ནོ། །གསུམ་པ་ཀུན་ནས་སྦྱོར་བ་སྟེ། །བཞི་བ་དོན་ནི་དམ་པའོ། །ཞེས་གསུངས་པ་ལྟར། བུམ་དབང་དང་། གསང་དབང་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་དང་། ཚིག་དབང་སྟེ་བཞི་ཡོད། དང་བོ་བུམ་དབང་གི་མཚན་ཉིད་ཡོད་དེ། སྔགས་ཀྱི་སྤྱི་དོན་ལས། དབང་བཞི་བོ་གང་རུང་གང་ཞིག་གཙོ་བོར་ལུས་ཀྱི་དྲི་མ་སྦྱོང་ཞིང་སྤྲུལ་སྐུའི་ལག་རྗེས་འཇོག་པའི་རིགས་གནས་དེ་བུམ་དབང་གི་མཚན་ཉིད། དབང་རྫས་བུམ་ཆུ་ལ་བརྟེན་ནས་ཐོབ་པའི་དབང་ཡིན་པས་ན་དེ་ལྟར་བརྗོད་དོ། །ཞེས་བུམ་དབང་གི་མཚན་ཉིད་དང་སྒྲ་དོན་གསུངས་ནས་མཚན་གཞིར་ཡང་དེ་ཉིད་ལས། བུམ་དབང་ལ་བཅུ་གཅིག་ཏུ་དབྱེར་ཡོད་དེ། དེ་མ་ཐག་འདིར་གསལ་བར་འགྱུར་བའི་ཕྱིར། བླ་མེད་ཀྱི་དབང་དུ་བྱས་ན་མི་བསྐྱོད་པ་ཡབ་ཡུམ་ཞུ་བ་ལས་བྱུང་བའི་བུམ་ཆུ་སློབ་མ་མི་བསྐྱོད་པར་བྱས་པ་ལ་བྱིན་སྟོབས་ཀྱིས་སྐྱེས་པའི་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཀྱི་རིགས་གནས་དེ་མི་བསྐྱོད་པ་ཆུའི་དབང་གི་མཚན་ཉིད། དེ་ལ་བརྟེན་ནས་ཞེ་སྡང་གི་དྲི་མ་སྦྱོང་ཞིང་རྣམ་ཤེས་ཀྱི་ཕུང་བོ་གནས་བསྒྱུར་ཆོས་དབྱིངས་ཡེ་ཤེས་མངོན་དུ་བྱེད། མི་བསྐྱོད་པ་དང་དེའི་རིགས་ཀྱི་དངོས་གྲུབ་སྒྲུབ་པ་ལ་དབང་བར་བྱེད་པའི་ཕྱིར།

རིགས་ལྔའི་དབང་གཞན་རྣམས་ཀྱང་དེའི་རིགས་འགྲེའོ། །ཞེས་མི་བསྐྱོད་པ་ཆུའི་དབང་དང་། རིན་ཆེན་འབྱུང་ལྡན་ཅོད་པན་གྱི་དབང་། འོད་དཔག་མེད་རྡོ་རྗེའི་དབང་། དོན་ཡོད་གྲུབ་པ་དྲིལ་བུའི་དབང་། རྣམ་པར་སྣང་མཛད་མིང་གི་དབང་སྟེ་རིག་པའི་དབང་ལྔ་དང་། དྲུག་པ་སྔགས་དབང་། བདུན་པ་རྡོ་རྗེའི་བརྟུལ་ཞུགས། བརྒྱད་པ་སྤྱོད་པའི་བརྟུལ་ཞུགས། དགུ་བ་ལུང་བསྟན་དབུགས་དབྱུང་། བཅུ་བ་རྡོ་རྗེ་སློབ་དཔོན་གྱི་དབང་། བཅུ་གཅིག་པ་རྗེས་གནང་ངམ་མཐའ་རྟེན་གྱི་དབང་སྟེ་བུམ་དབང་བཅུ་གཅིག རྡོ་རྗེ་ཕྲེང་བ་ལས། གཙོ་བོའི་དབྱེ་བ་བཅུ་གཅིག་སྟེ། ཞེས་པའི་དོན་ནོ། །བུམ་དབང་དགུར་དབྱེ་བ་ནི། དཀྱིལ་ཆོག་ཉི་ཤུ་བ་ལས། མེ་ཏོག་ཆུ་དང་ཅོད་པན་དང་། །རྡོ་རྗེ་དྲིལ་བུ་མེ་ལོང་ཉིད། །མིང་དང་སློབ་དཔོན་རྗེས་སུ་གནང་། །ཞེས་གསུངས་པ་ལྟར། དབང་གི་དང་བོ་མེ་ཏོག་ཕྲེང་བའི་དབང་གི་སྟེང་དུ་ཐུན་མོང་བ་རྡོ་རྗེ་སློབ་མའི་དབང་ལྔ་དང་། ཐུན་མོང་མ་ཡིན་པ་རྡོ་རྗེ་སློབ་དཔོན་གྱི་དབང་། དེའི་སྟེང་རྗེས་གནང་དང་མེ་ལོང་གི་དབང་བཅས་དགུའོ། །ཡང་བུམ་དབང་དྲུག་དང་བཅུ་དང་བཅུ་གཅིག་ཏུ་བྱེད་ཚུལ་གཞན་དང་། གཞན་ཡངཆོས་འཁོར། དུང་དང་པོད་ཏི། མིག་སྨན། མདའ་གཞི་སོགས་ཀྱི་ནུས་པའི་ཁྱད་པར་དང་། དེ་དག་སོ་སོའི་ངོ་བོ་བྱེད་ལས་སྒྲ་དོན་སོགས་གཞུང་འདི་དང་དབང་ཆོག་སོ་སོར། སློབ་དཔོན་ཀླུ་བྱང་གི་དཀྱིལ་ཆོག་ཉི་ཤུ་བ་གཞིར་བྱས་པའི་རྗེའི་དབང་དོན་དེ་ཉིད་རབ་གསལ། དེའི་རྒྱས་འགྲེལ་རྒྱལ་མཆོག་བསྐལ་བཟང་རྒྱ་མཚོའི་དབང་དོན་དེ་ཉིད་ཡང་གསལ་སོགས་སུ་རྒྱས་པར་ཡོད་ཀྱང་འདིར་མང་དོགས་པས་མ་བཤུས་ལ། དེ་ལྟར་བུམ་དབང་བཅུ་གཅིག་དང་། དེའི་སྟེང་དུ་དབང་གོང་མ་གསུམ་བསྣན་ན་བཅུ་བཞི་དང་གྲངས་འདྲ་བ་ནི་དབང་བསྐུར་རེ་རེ་ས་རེའོ། །ཞེས་པའི་དོན་དུ་གསུངས་སོ། །

དབང་ཕྱི་མ་གསུམ་སོ་སོའི་ངོ་བོ་ཡོད་དེ། དབང་བཞི་གང་རུང་གང་ཞིག་གཙོ་བོར་ངག་གི་དྲི་མ་སྦྱོང་ཞིང་ལོངས་སྐུའི་ལག་རྗེས་གཙོ་བོར་འཇོག་བྱེད་དེ་གསང་དབང་དང་། ཡིད་ཀྱི་དྲི་མ་གཙོ་བོར་སྦྱོང་ཞིང་ཆོས་སྐུའི་ལག་རྗེས་གཙོ་བོར་འཇོག་བྱེད་དེ་ཤེར་དབང་དང་། སྒོ་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་སྦྱོང་ཞིང་སྐུ་ཐུགས་ཟུང་འཇུག་གི་ལག་རྗེས་འཇོག་བྱེད་དེ་དབང་བཞི་བའི་མཚན་ཉིད་ཡིན་པའི་ཕྱིར། དབྱེ་བ་ཡོད་དེ། གསང་དབང་ལ་། ཙམ་པོ་བ་དང་། ཁྱད་པར་ཅན། ཤིན་ཏུ་ཁྱད་པར་ཅན་གསུམ་དང་། ཤེར་དབང་ལ། སྟོང་བ་བཞི་དང་། དགའ་བ་བཞི་བའི་ངོ་བོ་གཉིས་དང་། ལས་རྒྱ། ཡེ་རྒྱ་ལ་བརྟེན་པ་གཉིས་ཡོད་ལ། འདིར་སྨིན་བྱེད་ཀྱི་དབང་བཞི་བ་ཚིག་དབང་ལ་འཇོག་པའི་ཕྱིར། སྒྲ་བཤད་ཡོད་དེ། རྫས་གསང་བ་ལས་བྱུང་བས་ན་གསང་དབང་དང་། ཤེས་རབ་མ་ལ་བརྟེན་ནས་ཐོབ་པས་ན་ཤེར་དབང་དང་། བླ་མས་ཚིག་ཙམ་གྱི་བརྡ་སྤྲད་པ་ལས་ཐོབ་པས་ན་ཚིག་དབང་ཞེས་བཤད་པའི་ཕྱིར། ཞེས་གསུངས་སོ། །དེ་ལྟ་བུའི་དབང་བསྐུར་སོ་སོའི་བྱེད་ལས་སམ་ནུས་པ་འཇོག་ཚུལ་གྱི་ཁྱད་པར་ལ། དང་བོ་མེ་ཏོག་ཕྲེང་བའི་དབང་གིས་ནི་མེ་ཏོག་གང་ལ་ཕོག་པའི་རིགས་ཀྱི་ནུས་པ་འཇོག མི་བསྐྱོད་པ་ཆུའི་དབང་གིས་དེ་སྒྲིབ་བྱེད་ཀྱི་དྲི་མ་འཁྲུད་པར་བྱེད། རིན་འབྱུང་ཅོད་པན་གྱི་དབང་གིས་གཙུག་ཏོར་འགྲུབ་པའི་ནུས་པ་འཇོག འོད་དཔག་མེད་རྡོ་རྗེའི་དབང་གིས་ཐུགས་རྡོ་རྗེ་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་འགྲུབ་པའི་ནུས་པ་འཇོག དོན་གྲུབ་དྲིལ་བུའི་དབང་གིས་གསུང་རྡོ་རྗེ་ཆོས་འཁོར་བསྐོར་བའི་ནུས་པ་འཇོག རྣམ་སྣང་མིང་གི་དབང་གིས་རང་གང་དུ་སངས་རྒྱས་པའི་སངས་རྒྱས་དེའི་མཚན་འགྲུབ་པའི་ནུས་པ་འཇོག རྡོ་རྗེ་སློབ་དཔོན་གྱི་དབང་གིས་ཆོས་ཀྱི་རྒྱལ་སྲིད་ལ་དབང་བར་བྱེད་ལ། གསང་དབང་གིས་རླུང་ལས་རུང་དུ་བྱས་ནས་གསུང་ལོངས་སྐུ་འགྲུབ་པའི་ནུས་པ་འཇོག ཤེས་རབ་ཡེ་ཤེས་ཀྱི་དབང་གིས་འོད་གསལ་འགྲུབ་པའི་ནུས་པ་འཇོག ཚིག་དབང་གིས་སྒྱུ་འོད་ཟུང་དུ་འཇུག་པའི་ཟུང་འཇུག་འགྲུབ་པའི་ནུས་པ་འཇོག་ཅེས་གསུངས། འདི་དག་ཕལ་ཆེ་བ་ནི་དེང་དུས་ཀྱི་དགེ་བའི་བཤེས་གཉེན་ཆེན་བོ་དགེ་སློང་རྣམ་རྒྱལ་དབང་ཆེན་ལགས་ཀྱི་གསང་སྔགས་རྒྱུད་སྡེ་བཞིའི་རྣམ་གཞག་རིན་ཆེན་ཕྲེང་བའི་གསུངས་ཟིན་བཀོད་པ་ལགས་སོ། །

འོ་ན་རྒྱུད་སྡེ་གང་ལ་དབང་གང་བསྐུར་དགོས་ཞེ་ན། རྒྱུད་སྡེ་འོག་མ་གསུམ་ལ་བུམ་དབང་ཙམ་མ་གཏོགས་དབང་གོང་མ་གསུམ་བསྐུར་བ་མེད་ལ། དེ་དག་ལས་བྱ་རྒྱུད་ལ་ཆུ་དང་ཅོད་པཎ་གྱི་དབང་གཉིས་དང་། སྤྱོད་རྒྱུད་ལ་རིག་པའི་དབང་ལྔ་བསྐུར་དགོས་པ་ཡིན་ལ། རྣལ་འབྱོར་རྒྱུད་ལ་རིག་པའི་དབང་ལྔ་དེའི་སྟེང་དུ་ཕྱིར་མི་ལྡོག་པ་རྡོ་རྗེ་སློབ་དཔོན་གྱི་དབང་སྟེ་བུམ་དབང་ཡོངས་རྫོགས་བསྐུར་དགོས་པ་སྔགས་ཀྱི་སྤྱི་དོན་དང་། ཡེ་ཤེས་ཐིག་ལེའི་རྒྱུད་ལས། ཆུ་དང་ཅོད་པན་དབང་གཉིས་པོ། །བྱ་བའི་རྒྱུད་ལ་རབ་ཏུ་གྲགས། །རྡོ་རྗེ་དྲིལ་བུ་མིང་གི་དབང་། །སྤྱོད་པའི་རྒྱུད་ལ་རབ་ཏུ་གྲགས། །རྡོ་རྗེ་སློབ་དཔོན་གྱི་ནི་དབང་། །རྣལ་འབྱོར་རྒྱུད་ལ་རབ་ཏུ་གྲགས། །ཞེས་གསུངས་པའི་ཕྱིར། རྒྱུད་སྡེ་འོག་མ་གཉིས་ལ་ཆུ་དབང་ཡོད་ཀྱང་བུམ་དབང་མཚན་ཉིད་པ་མེད་པའི་ཁྱད་པར་སོགས་ལའང་དཔྱད། དེའི་རྒྱུད་སྡེ་འོག་མ་གསུམ་གྱི་དབང་བསྐུར་རྣམ་གཞག་དང་། བཞི་བ་རྣལ་འབྱོར་བླ་མེད་ལ་ནི་དབང་བཞི་ཡོངས་སུ་རྫོགས་པར་བསྐུར་བ་ཡོད་དོ། །

དེ་ལྟར་གོང་དུ་ལམ་སྒོམ་པའི་སྣོད་རུང་དུ་བྱ་བ་ལ་ས་བཅད་བཞི་ལས། དང་བོ་སྔགས་ཀྱི་ལམ་ཉན་ཞིང་སྒོམ་པ་ལ་དབང་ངེས་པར་དགོས་པར་བསྟན་པ་སོགས་ཀྱི་དོན་དུའང་སྔགས་རིམ་ཆེན་མོར། དང་བོ་ནི། གསང་ཆེན་བཤད་པ་དང་སྒོམ་པའི་སྣོད་དུ་རུང་བ་དབང་རྣམ་དག་ཐོབ་པ་ལ་རག་ལས་པས་དབང་ནི་དངོས་གྲུབ་ཀྱི་རྩ་བ་ཡིན་ཏེ། ཞེས་སོགས་གསུངས་པའི་ཚུལ་རྒྱས་པར་གཞུང་འདིའི་ཐད་ཀར་ཡང་ཤིན་ཏུ་གསལ། དབང་བསྐུར་བ་ལ་ནི། སྔོན་དུ་དཀྱིལ་འཁོར་དུ་གཞུག་དགོས་ལ་དེ་ཡང་གཞུག་སའི་དཀྱིལ་འཁོར་སྔོན་དུ་འགྲོ་དགོས་ཏེ། སྔགས་རིམ་ཆེན་མོར་དྲིལ་བུ་བའི་དབང་གི་ཆོ་ག་ལས། དབང་བསྐུར་དཀྱིལ་འཁོར་སྔོན་འགྲོ་བར། །རྡོ་རྗེ་འཆང་གིས་གསུངས་པ་སྟེ། །ཞེས་གསུངས་པའི་ཕྱིར་རོ། །དཀྱིལ་འཁོར་དུ་གཞུག་པའི་སྐབས་ཀྱི་དཀྱིལ་འཁོར་ལ་སྤྱིར་ན་བཞི་དང་། དབང་གོང་མ་གསུམ་གྱི་དཀྱིལ་འཁོར་གསུམ་ནི་ཆུ་ལ་སོགས་པའི་དབང་གི་སྔོན་དུ་དཀྱིལ་འཁོར་དུ་འཇུག་པའི་སྐབས་ཀྱི་དཀྱིལ་འཁོར་མིན་ཡང་། དེ་དག་བསྡོམས་པའི་དཀྱིལ་འཁོར་ལ་དབྱེ་ན་བདུན་ཡོད་དོ། །

དེ་ལ་དཀྱིལ་འཁོར་གང་དུ་དབང་གང་བསྐུར་བ་ནི། བུམ་དབང་ནི་རྡུལ་ཚོན་དང་རས་བྲིས་དང་ལུས་དཀྱིལ་དང་བསམ་གཏན་གྱི་དཀྱིལ་འཁོར་བཞི་བོ་ཅི་རིགས་སུ་བསྐུར་བ་ཡིན་ལ། གསང་དབང་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་དུ་བསྐུར། ཤེས་རབ་ཡེ་ཤེས་ཀྱི་དབང་ནི་བྷ་གའི་དཀྱིལ་འཁོར་དུ་བསྐུར། ཚིག་དབང་ནི་དོན་དམ་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་དུ་བསྐུར་བ་ཡིན་ནོ། །རང་ཉིད་དཀྱིལ་འཁོར་གྱི་ནང་དུ་ཞུགས་པ་དང་གཞན་དེ་ལ་གཞུག་པའི་ཚུལ་ཏེ། དཀྱིལ་འཁོར་ཞུགས་འཇུག་སྐབས། དབང་དོན་དེ་ཉིད་རབ་གསལ་དང་ཡང་གསལ་དུ། གསུམ་པ་ལ་གསུམ། དཀྱིལ་འཁོར་དུ་གཞུག་པ། ཞུགས་པ་ལ་དབང་བསྐུར་བ། དཀྱིལ་འཁོར་གྱི་མཇུག་གི་ཆོ་གའོ། །དང་བོ་ལ་གཉིས། གདོང་གཡོག་དང་བཅས་ཏེ་གཞུག་པ་དང་། དཀྱིལ་འཁོར་མཐོང་བའི་བདག་ཉིད་ཅན་དུ་འཇུག་པའོ། །དང་བོ་ལ་གཉིས། ཡོལ་བའི་ཕྱི་རོལ་ཏུ་གཞུག་པ་དང་། ནང་དུ་གཞུག་པའོ། ། ཞེས་གསུངས་པ་ལྟར། དཀྱིལ་འཁོར་དུ་འཇུག་པའི་ཚུལ་ལ་རྡོ་རྗེ་ཤུགས་ཀྱི་འཇུག་པ་སོགས་བཞི་ནི། དབང་དོན་དེ་ཉིད་ཡང་གསལ་ལས། དཀྱིལ་འཁོར་དུ་འཇུག་པའི་ཚུལ་ལ། དཀྱིལ་འཁོར་གྱི་སྟེང་ནས་ཐལ་བྱུང་དུ་འཇུག་པ་ལ་ཡེ་ཤེས་པའི་འཇུག་པ་དང་། དཀྱིལ་འཁོར་གྱི་སྒོ་ནས་འཇུག་པ་ལ་རྡོ་རྗེ་སློབ་མའི་འཇུག་པ། དཀྱིལ་འཁོར་གྱི་ཕྱོགས་བཞི་ག་ནས་ཐོགས་མེད་དུ་འཇུག་པ་ལ་རྡོ་རྗེ་སེམས་དཔའི་འཇུག་པ། དཀྱིལ་འཁོར་གྱི་འོག་ནས་འཛུལ་ཏེ་ནང་དུ་འཇུག་པ་ལ་རྡོ་རྗེ་ཤུགས་ཀྱི་འཇུག་པ་ཞེས་པ་སྟེ་བཞི་ལས་འདིར་ཕྱི་མ་ལྟར་རོ། ། ཞེས་སོ། །

གཞན་ཡང་། ལྟུང་བཤགས་སྐབས་ཆོ་ག་ལས། བསྙེན་སོགས་དག་པར་མ་བྱས་པར། །དཀྱིལ་འཁོར་ལས་ལ་འཇུག་པ་དང་། ། ཞེས་སོགས་ཀྱི་དོན་ལྟར་སྔགས་རིམ་ཆེན་མོར། བསྙེན་པ་སྔོན་དུ་མ་སོང་བར་དབང་ལ་སོགས་པ་ལ་འཇུག་པ་ནི་རང་གིས་རང་ལ་གནོད་པ་བྱེད་པ་ཡིན་ཏེ། སྙིང་བོ་མདོར་བསགས་ལས། ཞེས་སོགས་གསུངས་ཏེ། དབང་དང་དཀྱིལ་འཁོར་ལ་འཇུག་པའི་ཐོག་མའམ་སྔ་རོལ་ཏུ་བསྙེན་པ་ལས་རུང་བྱ་བ་གནད་ཀྱི་དམ་པར་གཞུང་དུ་མའི་དགོངས་པའོ། །དེ་ལྟ་བུའི་དཀྱིལ་འཁོར་གྱི་དོན་ལ་ངེས་པ་དྲོངས་པའང་ཤིན་ཏུ་གལ་ཆེན་པོ་ཡིན་ཡང་། སྔགས་རིམ་ཆེན་མོ་ལས། དཀྱིལ་འཁོར་གྱི་ཆོ་ག་དབང་བསྐུར་བ་དང་བཅས་པ་ནི་གཞུང་ཧ་ཅང་མངས་པས་འཇིགས་པས་འདིར་མ་བྲིས་ལ། ཞེས་གསུངས་པ་ལྟར་དེ་དག་ཡོད་ཚད་བརྗོད་ཀྱི་ག་ལ་ལིང་། མདོར་ན་རྗེ་རྒྱལ་བ་གཉིས་པས། བུམ་དབང་གང་གཱའི་ཆུ་རྒྱུན་བསྐུར་བ་ཡིས། །ཐ་མལ་སྣང་ཞེན་དྲི་མ་འཁྲུད་པར་ཤོག །གསང་དབང་ཡེ་ཤེས་བདུད་རྩི་མྱངས་པ་ཡིས་། །ངག་གནས་རླུང་གི་སྔགས་སུ་འཆར་བར་ཤོག །གསུམ་པ་ལྷན་སྐྱེས་དགའ་བའི་ལྕགས་ཀྱུ་ཡིས། །ཡིད་ནི་འོད་གསལ་དབྱིངས་སུ་འདྲེན་པར་ཤོག །བཞི་བ་ཟུང་འཇུག་དོན་ལ་ངོ་སྤྲད་པས། །མཐར་ཐུག་དོན་ལ་སྒྲོ་འདོགས་ཆོད་པར་ཤོག །ཅེས་སྨོན་ལམ་རྣམ་པར་དག་པའི་མཚམས་སྦྱར་དང་བཅས་དོན་བསྡུས་ཏེ་བཀོད་པ་ལགས་སོ། །

མཐའ་ཅུང་ཟད་དཔྱད་པའི་ཁུལ་དུ། མདོ་སྔགས་གཞུང་ལུགས་རྣམས་སུ་སྤྱི་སྐད་ལ་གྲགས་པའི་འཇུག་སྒོ་ཆེན་པོ་གསུམ་སྟེ། ནང་བ་སངས་རྒྱས་པའི་འཇུག་སྒོ་སྐྱབས་འགྲོ། ཐེག་ཆེན་ལ་འཇུག་པའི་སྒོ་སེམས་བསྐྱེད། དེ་ལས་སྔགས་ཀྱི་འཇུག་སྒོ་དབང་ཞེས་བཤད་དེ། བྱང་ཆུབ་ལམ་སྔགས་སོགས་གཞུང་ཆེན་མོ་དུ་མའི་ལུང་དོན་ལྟར། སྔགས་ཀྱི་འཇུག་སྒོ་དབང་ཡིན་པར་འདོད་བྱས་པ་ལ། དེ་མི་འཐད་པར་ཐལ། སྔགས་ཀྱི་འཇུག་སྒོ་ལ་དུ་མ་ཡོད་པའི་ཕྱིར་ཏེ། རྒྱུད་སྡེ་བཞིའི་སྒོ་ནས་འཇུག་པའི་སྒོ་མི་འདྲ་བ་བཞི་སོགས་སྒོ་དུ་མ་ཡོད་པའི་ཕྱིར། དེར་ཐལ་སྔགས་རིམ་ཆེན་མོ་ལས། རྒྱུད་སྡེ་བཞིའི་སྒོ་ནས་འཇུག་པའི་སྒོ་བཞིའོ། །བླ་མེད་ཀྱི་རྒྱུད་དོན་ལ་འཇུག་པ་ལས་ཀྱང་། གསང་སྔགས་འབྲས་བུ་རྡོ་རྗེ་ཐེག་པ་ལ་ནི་འཇུག་པའི་སྒོ་རྣམ་པ་བཞི་སྟེ། བྱ་བའི་རྒྱུད་དང་སྤྱོད་པའི་རྒྱུད་དང་རྣལ་འབྱོར་གྱི་རྒྱུད་དང་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཅེས་སྤྱིར་གྲགས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ན། དེ་ནི་འོག་དེ་མ་ཐག་ཏུ་དེ་ཉིད་དུ། འོན་ཀྱང་རྡོ་རྗེ་ཐེག་པ་ལ་འཇུག་པའི་གདུལ་བྱའི་གཙོ་བོ་ཆེས་མི་འདྲ་བ་བཞི་ཡོད་པས་འཇུག་སྒོ་བཞིར་བཞག་གོ ། །ཞེས་སོགས་ཀྱི་དགོངས་དོན་ལྟར་ལགས་ལ། ཡང་། སྔགས་ཀྱི་འཇུག་སྒོ་ཡིན་ཡང་སྔགས་ལམ་ལ་འཇུག་པའི་སྒོ་མིན་པའི་ཞིབ་ཆ་བསྣན་ཏེ་སྔགས་ལམ་ལ་འཇུག་པའི་སྒོ་དེའི་ཐུན་མོང་མ་ཡིན་པའི་སེམས་བསྐྱེད་དགོས་པའི་ཕྱིར། ཞེས་སོགས་དང་། གཞན་ཡང་། དབང་ཡིན་ན་སྔགས་ཀྱི་འཇུག་སྒོ་ཡིན་པའི་ཁྱབ་མ་ཁྱབ་དང་། སྔགས་ཀྱི་འཇུག་སྒོ་དབང་ཡིན་ཡང་དེ་ཁོ་ནའི་ཁྱབ་མ་ཁྱབ། སྔགས་ཀྱི་འཇུག་སྒོ་ལ་བསྟན་བཅོས་ཡོད་མེད་སོགས་སྤྲོ་བ་མང་ཡང་། ཐུན་མོང་ཡོངས་གྲགས་ཀྱི་དམ་བཅའ་བཀོད་པ་ཙམ་མོ། །

གཉིས་པ། སྣོད་དུ་གྱུར་ནས་དམ་ཚིག་དང་སྡོམ་པ་དག་པར་བྱ་བ་ལ། ཡང་སྔགས་རིམ་ཆེན་མོ་ལས། གཉིས་པ་ནི། དབང་ཐོབ་ནས་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་དག་པར་བྱེད་པ་ནི། ཐོག་མར་མེད་དུ་མི་རུང་བ་ཡིན་པས་དེ་ལ་བརྩོན་པ་མི་ལྷོད་པ་བྱ་དགོས་ཏེ། ཞེས་ཇི་ལྟར་གདམས་པའི་སྙིང་བོ་ཇི་བཞིན་སྔགས་ཀྱི་སྤྱི་དོན་ལས། གཉིས་པ་སྣོད་དུ་གྱུར་ནས་དམ་ཚིག་དང་སྡོམ་པ་བསྲུང་བ་ལ། སོ་ཐར་ནི་ཐམས་ཅད་ལ་དགོས་ཀྱང་མེད་དུ་མི་རུང་བ་མིན་ལ། བྱང་སྡོམ་ནི་རྒྱུད་སྡེ་བཞི་ཀ་ལ་འཛིན་དགོས་པས། བྱ་སྤྱོད་ལ་སྨོན་སེམས་ཀྱི་བསླབ་བྱ་བརྒྱད། འཇུག་སྡོམ་གྱི་རྩ་ལྟུང་བཅོ་བརྒྱད། ཉེས་བྱས་ཞེ་དྲུག་ལེགས་གྲུབ་ལས་བཤད་པའི་དགོས་ཀྱི་དམ་ཚིག་རྣམས་དང་། རྒྱུད་སྡེ་གོང་མ་གཉིས་ལ་སློབ་དཔོན་གྱི་དབང་བསྐུར་ཕྱིན་སྔགས་སྡོམ་འཛིན་དགོས་པས་རིགས་ལྔའི་དམ་ཚིག་དང་རྩ་ལྟུང་བསྲུང་དགོས་སོ། །དེས་ན་བླ་མེད་སྤྱི་དང་། དུས་འཁོར་དང་རྣལ་འབྱོར་རྒྱུད་ཀྱི་རྩ་ལྟུང་བཅུ་བཞིའི་ཁྱད་པར་གཞན་དུ་ཤེས་པར་བྱའོ། །ཞེས་པའི་ཁྱད་པར་གཞན་བྱང་ཆུབ་གཞུང་ལམ་རྗེའི་རྩ་ལྟུང་རྣམ་བཤད་མཁས་གྲུབ་རྗེའི་རྣལ་འབྱོར་རོལ་བའི་དགའ་སྟོན་སོགས་སུ་བཤད་པས་སྔགས་རིམ་ཆེན་མོར་ཡང་རྒྱས་པར་མ་སྤྲོས་གསུངས་སོ། །

དེས་ན་རྒྱུད་སྡེ་འོག་མ་གཉིས་ལ་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བ་མེད་པས་སྔགས་སྡོམ་འཛིན་མི་དགོས་ལ། རྣལ་འབྱོར་རྒྱུད་ལ་དེ་དག་དགོས་པའི་ཁྱད་པར་ཡང་སྤྱི་དོན་དེ་ཉིད་ལས། བྱ་སྤྱོད་གཉིས་ལ་སློབ་དཔོན་གྱི་དབང་དང་རིགས་ལྔའི་སྡོམ་པ་བཟུང་མི་དགོས་ལ། བྱ་རྒྱུད་ལྟ་བུ་ལ་དབང་གི་མཐའ་རྟེན་དུ་ལུང་བསྟན་དབུགས་དབྱུང་རྗེས་གནང་རྣམས་བཏགས་ཀྱང་རུང་མ་བཏགས་ཀྱང་འགལ་བ་མེད་དོ། །ཞེས་དང་། རྣལ་འབྱོར་རྒྱུད་ལ་རིག་པའི་དབང་ལྔ་སློབ་དཔོན་གྱི་དབང་སྟེ་བུམ་དབང་ཡོངས་རྫོགས་བསྐུར་དགོས་པས་རིགས་ལྔའི་སྡོམ་བཟུང་དགོས་ལ། ཞེས་གསུངས་པའི་ཕྱིར། རྒྱུད་སྡེ་གོང་མ་གཉིས་ཏེ་རྣལ་འབྱོར་རྒྱུད་དང་བླ་མེད་ལ་སྔགས་སྡོམ་འཛིན་དགོས་ན། དེ་ལ་རིགས་ལྔ་སྤྱི་དང་སོ་སོའི་དམ་ཚིག་གཉིས། སྤྱིའི་དམ་ཚིག་ལ་རྩ་བའི་དམ་ཚིག་དང་ཡན་ལག་གི་དམ་ཚིག་གཉིས་ལས། རྩ་ལྟུང་བཅུ་བཞི་དང་སྦོམ་པོ་བརྒྱད་བསྲུང་བ་ལྟ་བུ་ནི་རྩ་བའི་དམ་ཚིག་ཡིན། སྤོང་བའི་དམ་ཚིག བསྟེན་པའི་དམ་ཚིག བཟའ་བའི་དམ་ཚིག་བསྲུང་བ་ལྟ་བུ་ནི་ཡན་ལག་གི་དམ་ཚིག་གོ

དེ་ཡང་། སྲོག་ཆགས་མི་གསོད་པ་སོགས་ལྟ་བུ་ནི་སྤོང་བའི་དམ་ཚིག བཤེས་གཉེན་ཚུལ་བཞིན་དུ་བསྟེན་པ་སོགས་ལྟ་བུ་ནི་བསྟེན་པའི་དམ་ཚིག བཟའ་བཏུང་སྦྱངས་རྟོགས་སྤར་གསུམ་བྱས་ཏེ་བཟའ་བ་ལྟ་བུ་ནི་བཟའ་བའི་དམ་ཚིག་གོ རིགས་ལྔ་སོ་སོའི་དམ་ཚིག་ནི། གོང་དུ་བཤད་པ་ལྟར། རྣམ་སྣང་གི་དྲུག མི་བསྐྱོད་པའི་བཞི། རིན་འབྱུང་གི་བཞི། འོད་དཔག་མེད་ཀྱི་གཉིས། དོན་གྲུབ་ཀྱི་བཞི་སྟེ་ཉི་ཤུ་དབྱེ་ཚུལ་དང་། འོད་དཔག་མེད་ཀྱི་གསུམ། དོན་གྲུབ་ཀྱི་གཉིས་ཏེ་བཅུ་དགུ་བཤད་པའང་ཡོད། འདི་དག་སྡོམ་པའི་ངོ་བགྲང་ཙམ་བཀོད་ལ། བསྐྱེད་རིམ་སོགས་སུ་ཆོ་ག་ལས། བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སེམས་ཅན་ཀུན་ཀྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང་། །ཞེས་པའི་བར་ཤོ་ལོ་ཀ་གཅིག་གིས། བྱང་ཆུབ་དུ་སེམས་བསྐྱེད་ནས་རིགས་ལྔ་སྤྱི་དང་སོ་སོའི་དམ་ཚིག་དང་སྡོམ་པ་མ་ལུས་པ་བསྲུང་བར་ཁས་བླངས་པའོ། །ཞེས་རིགས་ལྔའི་སྡོམ་བཟུང་སྟེ། སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །ཅེས་བ་ནས། སེམས་ཅན་མྱ་ངན་འདས་ལ་འགོད། ཅེས་པའི་བར་གྱིས་རིགས་ལྔ་སྤྱི་དང་སོ་སོའི་དམ་ཚིག་སླར་མདོར་བསྡུས་ཏེ་བཟུང་ཚུལ་གསུངས་སོ། །སྡོམ་དམ་ཚིག་གི་ཁྱད་པར་ལ། དབང་དོན་དེ་ཉིད་ཡང་གསལ་ལས། དེ་ལ་སྡོམ་པ་དང་དམ་ཚིག་གི་ཁྱད་པར་ནི། རྩ་ལྟུང་རྣམ་བཤད་ལས། འདི་གཉིས་ཀྱི་ཁྱད་པར་ནི། དཀྱིལ་ཆོག་བཞི་བརྒྱ་ལྔ་བཅུ་བའི་འགྲེལ་པར་ཤཱན་ཏི་བས། དམ་ཚིག་ནི་འདའ་བར་བྱ་བ་མ་ཡིན་པའི་ཕྱིར་རོ། ། སྡོམ་པ་ནི། བྱ་བ་དང་མི་བྱ་བའི་ངེས་པའོ། །ཞེས་བྱ་རྒྱུ་མི་བྱེད་པ་དང་། མི་བྱ་རྒྱུ་བྱེད་པ་འགོག་ཅིང་སྡོམ་པ་དང་། ཇི་ལྟར་བཅས་པ་ལྟར་འདའ་བར་མི་བྱ་བར་ཉམས་སུ་བླངས་པ་ལ་བཤད་པ་ལྟར། དཀྱིལ་ཆོག་རྡོ་རྗེ་ཕྲེང་བ་དང་། རྡོ་རྗེ་མཁའ་འགྲོའི་འགྲེལ་པར་ཡང་བཤད་པས་དེ་བཞིན་དུ་ཤེས་པར་བྱའོ། །ཞེས་སོགས་སོ། །

འདིར་ཡང་དཔྱད་གཞིའི་ཚུལ་དུ། སྤྱིར་དམ་ཚིག་སྒྲུབ་ཕྱོགས་དང་སྡོམ་པ་དགག་ཕྱོགས་ནས་འཇོག་དགོས་པར་ཡོངས་གྲགས་ལྟར་ན། སྡོམ་པ་ལ་དམ་ཚིག་གིས་ཁྱབ་ཀྱང་། དམ་ཚིག་ལ་སྡོམ་པས་མ་ཁྱབ་པར་གསུངས་པ་ལྟར་འཇོག་གམ་དཔྱད། དེ་ཡང་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོས། དེ་ཚེ་དངོས་གྲུབ་རྣམ་གཉིས་འགྲུབ་པའི་གཞི། །རྣམ་དག་དམ་ཚིག་བསྡོམ་པ་གསུངས་པ་ལ། །བཅོས་མ་མིན་པའི་ངེས་པ་རྙེད་གྱུར་ནས། །སྲོག་དང་བསྡོས་ཏེ་རྟག་ཏུ་བསྲུང་བར་ཤོག །ཅེས་སྨོན་ལམ་དུ་བྱ་བའི་ཚིག་གི་བསྟན་དོན་ཇི་བཞིན་འགྲུབ་པའི་རྒྱུར་གྱུར་ཅིག དེ་ལྟར་རྒྱུད་སྡེ་གོང་འོག་དག་གི་དབང་དང་དམ་ཚིག་གི་སྐོར་རྣམས་ཉུང་ཙམ་བཀོད་པ་ལས་རྒྱས་པར་གོང་ལྟར་དབང་དོན་དེ་ཉིད་ཡང་གསལ་སོགས་སུ་བཤད་པ་སྨོས་མ་དགོས་སོ། །

གསུམ་པ། དམ་ཚིག་ལ་གནས་ནས་ལམ་ཇི་ལྟར་ཉམས་སུ་བླང་བ་དང་། བཞི་བ། ཉམས་སུ་བླངས་པའི་འབྲས་བུ་མངོན་དུ་བྱེད་ཚུལ་ལོ། །

 སྐད་ཅིག་དཀྲོང་བསྐྱེད་ལ་དཔྱད་པ།

           (བསྐྱེད་རིམ་སྐོར་གྱི་དྲི་བ་བརྒྱད་པའི་ལན།)

     ཡོན་ཤུལ་དཀོན་མཆོག་འཇིགས་མེད།

དངོས་བརྒྱུད་ཀྱི་བླ་མ་རྣམས་དང་ཁྱད་པར་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོའི་ཞབས་ལ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། ཐུགས་བརྩེ་བ་ཆེན་པོས་དུས་དང་གནས་སྐབས་ཐམས་ཅད་དུ་རྗེས་སུ་བཟུང་དུ་གསོལ། ཅེས་གུས་ཕྱག་སྔོན་དུ་བཏང་ནས། དྲི་བ་བརྒྱད་པའི་ལན་ལ་འཇུག་པ་ལ། དང་པོ་དྲི་གཞི་འགོད་པ་དང་། དེའི་དོན་ལ་ཅུང་ཙམ་དཔྱད་པ་གཉིས། དང་པོ་ནི། བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་ལས། ༢༦ རང་ཉིད་ཆོ་ག་གསུམ་མམ་སྐད་ཅིག་གིས་ཞེ་སྡང་རྡོ་རྗེར་བསྐྱེད་ནས། ཞེས་གསུངས་པ་ལྟར། ཟུར་དང་བོ། སྤྱིར་ལྷ་བསྐྱེད་ཚུལ་ལ་སྐད་ཅིག་དཀྲོང་བསྐྱེད། ཆོ་ག་གསུམ་བསྐྱེད། རྡོ་རྗེ་བཞི་བསྐྱེད། མངོན་བྱང་ལྔ་བསྐྱེད། ལྷ་དྲུག་གི་བསྐྱེད་ཆོག་སོགས་ཡོད་པའི་དེ་དག་བསྐྱེད་ཚུལ་ཇི་ལྟར་ཡིན། ཟུར་གཉིས་པ། སྐབས་འདིར་སྐད་ཅིག་གིས་ཞེ་སྡང་རྡོ་རྗེ་བསྐྱེད་པའི་དགོས་པ་གང་ཡིན་དང་། ཟུར་གསུམ་པ། ལྷ་བསྐྱེད་པ་ལ་ཐོག་མར་སྟོང་ཉིད་སྒོམ་དགོས་མིན་སོགས་ལ་དཔྱད་པ་གནང་རྒྱུ། གཉིས་པ་ལ་ས་བཅད་གསུམ་གྱི་སྒོ་ནས་བཤད་པ་ལ། སྐད་ཅིག་དཀྲོང་བསྐྱེད་བྱེད་པའི་དགོས་པ། སྐད་ཅིག་དཀྲོང་བསྐྱེད་བྱེད་པའི་ཚུལ། སྐད་ཅིག་དཀྲོང་བསྐྱེད་བྱེད་ཚུལ་ལ་མཐའ་ཅུང་ཟད་དཔྱད་པ་དང་གསུམ། དང་བོ་སྐད་ཅིག་དཀྲོང་བསྐྱེད་བྱེད་པའི་དགོས་པ་ནི།  ཐ་མལ་བའི་སྣང་ཞེན་དང་ལྡན་པའི་མཆོད་གཏོར་སོགས་བྱིན་གྱིས་བརླབ་མི་ནུས་པས།  ལྷའི་ང་རྒྱལ་གསལ་སྣང་བརྟན་པོས་བྱིན་བརླབ་དགོས་པའི་ཆེད་དུ་ཡིན་ནོ། །

གཉིས་པ་སྐད་ཅིག་དཀྲོད་བསྐྱེད་བྱེད་ཚུལ་ནི། རང་གི་ཤ་རུས་གདོས་བཅས་ཀྱི་ཕུང་བོ་འདི་ཉིད་འོད་སྔོན་པོའི་རྣམ་པར་མེར་གྱིས་ཞུ་ནས་ཡལ་བར་མོས་པ་དང་། ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་དོ་སྙམ་དུ་ཐག་བཅད་པའི་ལྟ་བ་དྲན་པ་དང་། ལྟ་བ་དེ་ཡང་འབྲས་དུས་ཀྱི་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་སུ་མོས་པ་རྣམས་ཤུགས་དྲག་པོ་ཡུན་རིང་དུ་བྱས་ལ། དེ་ནས། རང་ཉིད་སྐད་ཅིག་གིས་ཞེ་སྡང་རྡོ་རྗེ་ཅེས་སོགས་ཀྱི་སྐབས་སུ་དམིགས་པ་བྱ་ཚུལ་ནི། སྟོང་བ་འོད་གསལ་གྱི་ངང་ལས་སྣ་ཚོགས་པདྨའི་ལྟེ་བར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། རང་གི་སེམས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་དེ་ཉིད་ཞེ་སྡང་རྡོ་རྗེ་ཡུམ་དང་བཅས་པའི་སྐུར་བཞེངས་པར་མོས་ཏེ།   ཚིག་ཙམ་དུ་མ་སོང་བར་ང་རྒྱལ་གསལ་སྣང་ཤུགས་དྲག་ཏུ་བྱ།  དེ་ཡང་། བེམ་པོ་ཤ་ཁྲག་མེད་པ། དྭངས་གསལ་འོད་ཀྱི་རང་བཞིན་ཅན། ངོ་བོ་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཆོས་སྐུ་ཡིན་པ་ལ་རྣམ་པ་ཞེ་སྡང་རྡོ་རྗེ་ཡབ་ཡུམ་གྱི་སྐུར་ཤར་བར་མོས་དགོས་སོ།

གཞན་ཡང་། ཤ་ཁྲག་གདོས་བཅས་ཀྱི་ལུས་འདི་ལྟར་བསྐྱེད་པ་དང་།  ཉོན་མོངས་ཅན་གྱི་སེམས་རྒྱལ་བའི་ཐུགས་སུ་བསྐྱེད་པ་ནོར་བ་ཡིན་པས་ཉོན་མོངས་ཅན་གྱི་སེམས་རྒྱུན་བཅད། ལུས་གདགས་གཞི་ཕུང་སོགས་དང་བཅས་རང་བཞིན་མེད་པའི་སྟོང་བར་སྦྱངས་བའི་ངང་ནས་འོད་སྔོན་པོ་ཁྲུ་གང་བ་ལ་ཞལ་ཕྱག་སོགས་རིམ་གྱིས་གསལ་འདེབས་པ་མངོན་རྟོགས་ཆུང་ངུ་ཚུན་ཆད་ལ་འདྲ་ཞེས་གསུངས་ཚུལ་མང་ཡང་མ་བྲིས། གང་ལྟར་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་དེ་ཉིད་ཞེ་སྡང་རྡོ་རྗེ་བསྒོམ་པ་དང་འོད་སྔོན་པོ་ཁྲུ་གང་བ་ཞེ་སྡང་རྡོ་རྗེ་བསྒོམ་ཚུལ་གཉིས་གཞུང་ན་གསུངས་ཚུལ་གཉིས་ཡོད་ཀྱང་དོན་ལ་འགལ་པ་མེད་ནི་ཨེ་ཡིན་སྙམ། གསུམ་པ་སྐད་ཅིག་དཀྲོང་བསྐྱེད་བྱེད་ཚུལ་ལ་མཐའ་ཅུང་ཟད་དཔྱད་ཚུལ་ནི། ཁ་ཅིག འདི་སྙམ་དུ་འདིར་ཞེ་སྡང་རྡོ་རྗེ་དངོས་མ་ཡིན་བཞིན་དུ་དངོས་ཡིན་ནོ་སྙམ་དུ་འཛིན་ཅིང་བསྒོམ་པ་མི་རུང་སྟེ། དེ་ལྟར་འཛིན་པའི་བློ་དེ་ལོག་ཤེས་སུ་འགྱུར་བའི་ཕྱིར་ཞེ་ན། དོགས་པ་དེ་ནི་སྐབས་འདི་འདྲར་མ་ཟད།  གཞན་དུའང་སྐྱེ་བས་ལན་འདེབས་ཤེས་ན་ཁྱད་ཆེའོ། །

དེས་ན་སྐབས་འདི་ལྟ་བུའི་ཚེ་བློ་དེ་རྟོག་པ་ཡིན་ཡང་ལོག་ཤེས་སུ་མི་འགྱུར་ཏེ་དུས་དེར་དངོས་པོའི་གནས་ཚོད་ལ་ལྷ་དེ་དངོས་ཡིན་པར་མི་འཛིན་གྱི་མོས་པའི་ཁྱད་པར་གྱིས་རེ་ཞིག་ལྷ་དེ་དངོས་སྙམ་དུ་ང་རྒྱལ་འཇོག་པ་ཡིན་པའི་ཕྱིར་དེ། དཔེར་ན། ཡིད་ཀྱིས་སྤྲུལ་བའི་མཆོད་པ་ཙམ་ནི། མཆོད་པ་དེ་དང་དེ་དངོས་མ་ཡིན་བཞིན་དུ་དངོས་སུ་མོས་ནས་ཕུལ་ཆོག་པ་དང་། མདུན་དུ་ཚོགས་ཞིང་དུ་བཞུགས་པའི་སྐུ་བརྙན་རྣམས། དེ་ཡང་མེད་ཀྱང་སངས་རྒྱས་བྱང་སེམས་སོགས་དངོས་སུ་བཞུགས་པའི་མོས་པ་བྱས་ཆོག་པ་ནི། མདོ་སྔགས་གཉིས་ཀ་ནས་འབྱུང་བ་བཞིན་ནོ། དེའི་ཚེ་དངོས་པོའི་གནས་ཚོད་ལ་ཡང་ལྷ་དེ་དངོས་ཡིན་པར་འཛིན་ན། བློ་དེ་ལོག་ཤེས་སུ་འགྱུར་ཏེ། དེའི་ཚེ་ལྷ་དངོས་ཡིན་མིན་ཙམ་ཡང་ལེགས་པར་མ་ཕྱེད་པའི་རྨོངས་པ་ཆེན་པོས་ལྷ་མ་ཡིན་པའང་ལྷར་ཞེན་པའི་ཕྱིར་ཏེ། སྐབས་འདིར་མ་ཟད། བསྐྱེད་རིམ་མཐར་ཕྱིན་ནས་ལྷའི་གསལ་སྣང་བརྟན་པའི་ཚེ། ལྷའི་ང་རྒྱལ་བཅོས་མིན་དུ་འབྱུང་ཡང་དེའི་ཚེ་ལྷ་དེ་ཉིད་དངོས་ཡིན་སྙམ་དུ་མོས་ངོ་ཙམ་མ་ཡིན་པར་དངོས་གནས་སུ་ལྷ་དེར་འཛིན་ཞིང་ཁས་ལེན་རིག་པ་མ་ཡིན་པའི་ཕྱིར་ཏེ། དྲི་མེད་འོད་ལས། བསྒོམ་པའི་དབང་གིས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་དཀྱིལ་འཁོར་འཁོར་ལོའི་རྣམ་པར་འགྱུར་ཏེ། དེ་ཉིད་ཀྱིས་ན་སངས་རྒྱས་ཉིད་དུ་ཡང་དེ་བཞིན་གཤེགས་པས་གསུངས་པ་མ་ཡིན་ནམ་འགའ་ཞིག་གི་བསམ་པ་འབྱུང་བར་འགྱུར་ཏེ། ཞེས་དོགས་པ་བཀོད་ནས།

ལན་དུ། འོན་ཀྱང་ཐམས་ཅད་མཁྱེན་པའི་ལམ་ཉམས་པ་དེ་ནི་ལོག་པའི་ང་རྒྱལ་གྱིས་ཟིལ་གྱིས་གནོན་པར་གྱུར་ན། བདག་རྡོ་རྗེ་སེམས་དཔའ་སྟོབས་བཅུ་པའོ་ཞེས་དེ་ལྟར་རློམ་པར་བྱེད་དོ། །འདི་ནི་སྟོབས་བཅུ་པ་མ་ཡིན་ཏེ། སྟོབས་བཅུ་པའི་འགལ་ཟླ་ཉི་ཚེ་བ་རྨོངས་པ་ཆེན་པོའོ། །འདིར་རྣལ་འབྱོར་པ་འདིའི་སངས་རྒྱས་ནི་སྔོན་མེད་པ་ཤིན་ཏུ་རྨད་དུ་བྱུང་བ་ཆེན་པོ་སྟེ། སྒྲིབ་པ་དང་ལྡན་པའི་ཕྱིར་རོ། །ཞེས་གསུངས་ཤིང་། སྔགས་རིམ་དུ་དེ་དྲངས་ནས། དེའི་དོན་འཆད་པ་ན། སྐབས་དེར་སངས་རྒྱས་ཐོབ་པར་རློམ་པ་དེ་ནི་སངས་རྒྱས་ཀྱི་མི་མཐུན་ཕྱོགས་སུ་གྱུར་པའི་རྨོངས་པ་ཆེན་པོ་ཡིན་པས། སྒྲིབ་པ་དང་བཅས་བཞིན་དུ་སངས་རྒྱས་སུ་འདོད་པ་ནི་སྔོན་མེད་པའོ་ཞེས་བཞད་གད་ཀྱི་གནས་སུ་མཛད། ཅེས་གསུང་པའི་ཕྱིར།

མདོར་ན། ལྷ་དེ་དངོས་མིན་ཀྱང་དེ་ཚེ་དེ་དངོས་ཡིན་སྙམ་པའི་ང་རྒྱལ་བྱེད་པ་མི་འགལ་ཏེ། དེ་ལྟར་ཐ་མལ་གྱི་སྣང་ཞེན་བཀག་ནས་མཆོག་གི་སྣང་ཞེན་བྱས་པས་དགོས་པ་ཁྱད་པར་ཅན་དུ་མ་འགྲུབ་པར་འགྱུར་པའི་ཕྱིར་ཏེ། དེའི་རྒྱུ་མཚན་རྒྱས་པར་ནི་གཞན་དུ་བཙལ་ན་མང་། མོས་པའི་ཁྱད་པར་རམ་རྟེན་འབྲེལ་གྱི་མཚན་ཉིད་བསམ་གྱིས་མི་ཁྱབ་ཅིང་། ཚུལ་དེར་རྟོག་གེ་བ་ཙམ་གྱིས་རིགས་པས་གནོད་པ་མི་ནུས་པའི་ཕྱིར་རོ། ཡང་ཁ་ཅིག   བསྐྱེད་རིམ་གྱི་སྦྱང་བྱའི་གཙོ་བོ་ཐ་མལ་རང་ག་བའི་སྣང་ཞེན་གྱི་གཉེན་པོ་ལྷའི་ང་རྒྱལ་དང་གསལ་སྣང་འདོད་ཚུལ་ལ་ཐ་མལ་གྱི་ང་འདི་དམིགས་ཡུལ་དུ་བྱས་ནས་ང་རྡོ་རྗེ་འཆང་ངོ་སྙམ་དུ་བསྒོམ་པ་མིན་ཏེ། དེ་ལྟར་བསྒོམ་པ་ལོག་ཤེས་ཡིན་པའི་ཕྱིར།   དེ་ཐལ་དེ་ལྟར་བསྒོམ་རྒྱུའི་ང་དེ་རྡོ་རྗེ་འཆང་མ་ཡིན་པའི་ཕྱིར།  ཟེར་ན། འོ་ན། བསྐྱེད་རིམ་སྐབས་ང་རྡོ་རྗེ་འཆང་ངོ་སྙམ་དུ་བསྒོམ་བྱའི་ང་ཡིན་ན་རྡོ་རྗེ་འཆང་ཡིན་དགོས་པ་ཐལ་ལོ།   འདོད་ན། རྣམ་བཞག་རིམ་པའི་རྣམ་བཤད་ལས། རང་ཉིད་སངས་རྒྱས་མ་ཡིན་ཀྱང་སངས་རྒྱས་ཡིན་པར་བསྒོམ་པ་ལ་མི་རིགས་པ་མེད་དེ། དེ་ལྟར་བསྒོམ་པས་དེའི་ཕུང་སོགས་སངས་རྒྱས་ཀྱི་རྒྱུར་འགྱུར་བའི་དགོས་པ་ཡོད་པའི་ཕྱིར་ཏེ། ཞེས་གསུངས།

ཡང་ཁ་ཅིག དུས་འཁོར་རྫོགས་རིམ་ལས། དེའི་སློབ་ཚུལ་ནི་ད་ལྟའི་མ་དག་པའི་ཕུང་བོ་སོགས་འདིར་བརྟེན་ནས་བཏགས་པའི་ང་ཐ་མལ་བ་འདི་དམིགས་ཡུལ་དུ་བྱས་ནས་ང་རྡོ་རྗེ་འཆང་ངོ་སྙམ་དུ་བསྒོམ་པ་རྣམ་པ་ཐམས་ཅད་དུ་མི་རུང་སྟེ། དེ་ལྟ་བའི་ལོག་ཤེས་སངས་རྒྱས་ཀྱི་རྒྱུར་མི་འགྱུར་བའི་ཕྱིར། ཞེས་གསུངས་བ་མི་འཐད་པར་ཐལ། ཁྱོད་ཀྱི་དམ་བཅའ་འཐད་པའི་ཕྱིར་ཟེར་ན། སྐྱོན་མེད་དེ། དེ་ནི་བོད་འགའ་ཞིག་བདག་ཉིད་ལྷར་སྒོམ་པ་ནི་གདོད་མ་ནས་རང་ཉིད་ལྷ་ཡིན་པ་ལ་དེ་ལྟར་མ་ཤེས་པ་ལ་དེ་ངོ་སྤྲད་ནས་ང་རྡོ་རྗེ་འཆང་ངོ་སྙམ་དུ་བསྒོམ་དགོས་པར་འདོད་པ་འགོག་པ་སྟེ། དེ་འདྲར་བསྒོམ་ན་ལོག་ཤེས་སུ་འགྱུར་བ་ནི་ངེས་པའི་འཛིན་སྟངས་ལ་ང་རྡོ་རྗེ་འཆང་དུ་ཞེ་ནས་འཛིན་པར་འགྱུར་བའི་རྒྱུ་མཚན་གྱིས་ཡིན་གྱི་དེ་ལྟར་མོས་པའི་གཞིའི་ང་སངས་རྒྱས་མ་ཡིན་པ་ཙམ་གྱིས་མིན་ལ། ད་ལྟ་ང་དེ་རྡོ་རྗེ་འཆང་མིན་ཡང་ང་རྡོ་རྗེ་འཆང་ངོ་སྙམ་དུ་བསྒོམ་ཀྱང་ལོག་ཤེས་སུ་མི་འགྱུར་བ་ནི་དགོས་པའི་དབང་གིས་དེ་ལྟར་མོས་བ་ཙམ་མ་གཏོགས་ཞེ་ནས་ང་དེ་རྡོ་རྗེ་འཆང་དུ་འཛིན་པ་མིན་པའི་རྒྱུ་མཚན་གྱིས་ཡིན་ཏེ། འདོད་འཇོ་ལས། སྣོད་བཅུད་ཀྱི་སྣང་བ་དོན་ལ་མ་དག་བཞིན་དུ་སྡུད་པ་ཡང་ཆད་སྟོང་སྒོམ་པ་མིན་ཏེ། རིགས་པའི་དགག་བྱའི་ཚད་མ་ཟིན་པར་རྟེན་འབྲེལ་གྱི་ངེས་པ་དོར་ན་ནི་སྣང་བ་དག་པར་མ་བསྒོམ་ཀྱང་ཆད་སྟོང་གི་ལྟ་བ་ཡིན་ལ།   རང་བཞིན་གྱིས་གྲུབ་པས་སྟོང་བ་ལ་བྱ་བྱེད་འཐད་པར་རྟོགས་ན་ནི། སྣང་བ་སྡུད་པ་སྒོམ་པ་ལ་ཆད་ལྟའི་དོན་མེད་དེ། དགོས་བའི་དབང་གིས་དེ་ལྟར་བྱེད་པ་ཡིན་གྱི་སྣང་བ་མེད་པར་ཁས་ལེན་པ་མ་ཡིན་པའི་ཕྱིར་དང། ཞེས་གསུངས་པའི་ཕྱིར་སོགས་སྤྲོ་བྱ་མང་། བརྗོད་བྱ་རིམ་གཉིས་ལས་བརྩམས་པའི་དྲི་བ་བརྒྱད་པའི་ལན་མདོ་ཙམ་བརྗོད་པ་འདི་ནི་རང་ཉིད་ཀྱིས་གཞན་གྱི་གསུངས་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་དཔྱད་ཁུལ་བྱས་པའི་སེམས་ཀྱི་འཆར་སྒོ་ཙམ་ཞིག་ཞུས་བ་ལགས་ན། འདིའི་ཚིག་དོན་སྡེབ་སྦྱོར་གང་གི་ཐད་ནས་ཐལ་དྲགས་པ་དང་ཐུགས་དགོངས་ལ་ཕོག་པའི་ཉེས་བཤད་སོགས་གདོན་མི་ཟ་བ་འབྱུང་ངེས་པས་དཔྱོད་ལྡན་མཁས་དབང་རྣམས་ཀྱི་སྤྱན་སྔར་ལག་གཉིས་ཐལ་མོ་སྦྱར་ཏེ་སྙིང་ནས་བཟོད་གསོལ་ཞུ་རྒྱུ་དང་། ལེགས་བཤད་ཀྱི་ཆ་ཅུང་ཙམ་མཆིས་ཚེ་བསྟན་པ་རྒྱས་པ་དང་འགྲོ་བ་བདེ་བའི་རྒྱུར་བསྔོ་བའོ།

                   རྔ་བ་སྒོ་མང་དགོན་གྱི་ཡོན་ཤུལ་དཀོན་མཆོག་འཇིགས་མེད་ཀྱིས་མདོ་སྔགས་བཤད་སྒྲུབ་གླིང་ནས་༢༠༢༡ ༡༢ ༢༡ ཉིན་བྲིས་པ་དགེའོ། །

དཔལ་གསང་བ་འདུས་པའི་དེ་ཉིད་ཞེ་དགུའི་རྣམ་བཞག་ཅུང་ཙམ་བརྗོད་པ།

                    རྒྱུད་གྲྭ་བ་ཡོན་ཏན་རྒྱ་མཚོ།

དཔལ་གསང་བ་འདུས་པའི་སྒྲུབ་ཐབས་གྱི་རིམ་པ་རྣམས་ཆིངས་སུ་བསྡུས་ན་དྲུག་སྟེ།དེ་ཉིད་ཞེ་དགུའི་ཆིངས། རྣལ་འབྱོར་བཞིའི་ཆིངས།རྣམ་འབྱོར་དྲུག་གི་ཆིངས། རྡོ་རྗེ་བཞིའི་ཆིངས། བསྙེན་སྒྲུབ་ཡན་ལག་བཞིའི་ཆིངས། ཏིང་ངེ་འཛིན་གསུམ་གྱི་ཆིངས་སོ། །དེ་ཉིད་ཞེ་དགུ་གཤམ་དུ་གསལ། བཤད་རྒྱུད་རྡོར་འཕྲེང་ལས། རྣལ་འབྱོར་རྗེས་སུ་རྣལ་འབྱོར་དང་། །ཤིན་ཏུ་རྣལ་འབྱོར་རྣལ་འབྱོར་ཆེ། །རྣལ་འབྱོར་དབྱེ་བ་བཅོ་ལྔ་དང་། །བཅུ་བདུན་རྗེས་སུ་རྣལ་འབྱོར་སོགས། །དང་པོ་སྦྱོར་བ་བསྒོམ་པར་བྱ། །ཞེས་གསུངས་སྟེ། རྣལ་འབྱོར་བཞིའི་དང་བོ་ནི།གནས་ཀྱི་དེ་ཉིད་ནས་ཡེ་ཤེས་ཙམ་ལ་མཉམ་པར་འཇོག་པའི་དེ་ཉིད་ཀྱི་བར་ཡིན། གཉིས་པ་ནི། ས་བོན་ལས་བྱང་ཆུབ་པའི་དེ་ཉིད་ནས་སྐུ་རྫོགས་པ་ལས་བྱང་ཆུབ་པའི་དེ་ཉིད་ཀྱི་བར་ཡིན། གསུམ་པ་ནི། དང་བོའི་མགོན་པོ་སྤྲུལ་སྐུ་རྡོར་སེམས་སུ་བསྒྱུར་བ་ནས་ཡན་ལག་ཁྲོ་བོར་བསྒོམ་པའི་དེ་ཉིད་ཀྱི་བར་ཡིན། བཞི་བ་ནི། སྐུ་བྱིན་རླབས་ཀྱི་དེ་ཉིད་ནས་མཆོད་པའི་དེ་ཉིད་ཀྱི་བར་ཡིན། འདི་ནི་སྒྲུབ་ཐབས་རྒྱས་པའི་ཆིངས་མིན་ལ། དང་བོ་སྦྱོར་བའི་དབང་དུ་བྱས་པ་ཡིན་ནོ། །

དེ་ཉིད་ཞེ་དགུའི་དང་བོ་གནས་གྱི་དེ་ཉིད་ནི། རྩ་རྒྱུད་ལེའུ་བཅུ་གཉིས་པ་ལས། སྒོམ་པ་ཆེན་པོའི་ས་ཕྱོགས་སུ་ཞེས་སོགས་ཀྱིས་བསྟན་པའི་དྲང་དོན་གྱི་གནས་ལྟ་བུ། གནས་ཀྱི་དེ་ཉིད། དེ་ནས་རིམ་པ་བཞིན་སྙིང་རྗེ་ཆེན་པོ་ལ་དམིགས་པའི་དེ་ཉིད། སྲུང་འཁོར་གྱི་གཙོ་བོ་བསྐྱེད་པའི་དེ་ཉིད། འཁོར་ཁྲོ་བོ་བསྐྱེད་པའི་དེ་ཉིད། བགེགས་ལ་ཕུར་གདབ་ཀྱི་དེ་ཉིད། ར་བ་ལ་སོགས་པའི་སྲུང་བའི་དེ་ཉིད། ཡེ་ཤེས་ཀྱི་སའི་སྟོང་ཉིད་སྒོམ་པའི་དེ་ཉིད། རྡོ་རྗེའི་སའི་ཆ་བསྐྱེད་པའི་དེ་ཉིད། བརྟེན་གྱི་དཀྱིལ་འཁོར་བསྐྱེད་པའི་དེ་ཉིད། ལྷག་མོས་ཀྱི་ལྷས་འཁོར་ལོ་འགོད་པའི་དེ་ཉིད། ལྷག་མོས་ལུས་ལ་བསྡུས་པའི་དེ་ཉིད། དོན་དམ་པའི་དཀྱིལ་འཁོར་ལ་འཇུག་པའི་དེ་ཉིད། ཉི་མ་སོགས་ལ་དམིགས་པ་ལྡང་བའི་དེ་ཉིད། ཟླ་བ་ལས་བྱང་ཆུབ་པའི་དེ་ཉིད། ཡེ་ཤེས་ཙམ་ལ་སྙོམ་པར་འཇུག་པའི་དེ་ཉིད། འདི་ཡན་རྣལ་འབྱོར་དབྱེ་བ་བཅོ་ལྔའོ། །

ས་བོན་ལས་བྱང་ཆུབ་པའི་དེ་ཉིད། ཕྱག་མཚན་ལས་བྱང་ཆུབ་པའི་དེ་ཉིད། སྐུ་རྫོགས་པ་ལས་བྱང་ཆུབ་པའི་དེ་ཉིད། དང་བོའི་མགོན་པོ་སྤྲུལ་སྐུ་རྡོར་སེམས་སུ་བསྒྱུར་བའི་དེ་ཉིད། ལུས་རྟེན་གྱི་དཀྱིལ་འཁོར་དུ་སྒོམ་པའི་དེ་ཉིད། ཕུང་བོ་གཤེགས་པར་སྒོམ་པའི་དེ་ཉིད། ཁམས་གཤེགས་མར་སྒོམ་པའི་དེ་ཉིད། མིག་སོགས་སེམས་དཔར་སྒོམ་པའི་དེ་ཉིད། གཟུགས་སོགས་སེམས་མར་སྒོམ་པའི་དེ་ཉིད། ཡན་ལག་ཁྲོ་བོར་སྒོམ་པའི་དེ་ཉིད། སྐུ་བྱིན་རླབས་ཀྱི་དེ་ཉིད། གསུང་བྱིན་རླབས་ཀྱི་དེ་ཉིད། ཐུགས་བྱིན་རླབས་ཀྱི་དེ་ཉིད། སྐུ་གསུང་ཐུགས་ཐུན་མོང་བྱིན་གྱིས་རླབས་པའི་དེ་ཉིད། ཡེ་ཤེས་སེམས་དཔའི་དེ་ཉིད། ཏིང་ངེ་འཛིན་སེམས་དཔའི་དེ་ཉིད། རིག་མ་འདུ་བྱ་བའི་དེ་ཉིད། རྗེས་ཆགས་ཀྱི་དེ་ཉིད། མཆོད་པའི་དེ་ཉིད། འདི་ཡན་ཆད་ཀྱིས་རྣལ་འབྱོར་གྱི་དེ་ཉིད་བཅོ་ལྔ་དང་། རྗེས་སུ་རྣལ་འབྱོར་གྱི་དེ་ཉིད་བཅུ་བདུན་ཏེ་དེ་ཉིད་སོ་གཉིས་བོ་དང་བོ་སྦྱོར་བའི་སྐབས་ལ་སྦྱར་ཟིན་ལ། རྣལ་འབྱོར་དྲུག་ཆིངས་ནི། རྣལ་འབྱོར་བཞིའི་སྟེང་དུ་དཀྱིལ་འཁོར་རྒྱལ་མཆོག་དང་ལས་རྒྱལ་མཆོག་གི་རྣལ་འབྱོར་གཉིས་བསྣན་པས་དྲུག་གོ། །རྡོར་འཕྲེང་ལས། དེ་ནས་དཀྱིལ་འཁོར་རྒྱལ་མཆོག་གིས། །རྣལ་འབྱོར་མཆོག་ལ་དབྱེ་བ་ལྔ། །ཞེས་གསུངས་སྟེ་དབྱེ་བ་ལྔ་ནི། གཤེགས་པ་དབྱུང་བའི་དེ་ཉིད། གཤེགས་མ་དབྱུང་བའི་དེ་ཉིད། སེམས་དཔའ་དབྱུང་བའི་དེ་ཉིད། སེམས་མ་དབྱུང་བའི་དེ་ཉིད། ཁྲོ་བོ་དབྱུང་བའི་དེ་ཉིད་དོ། །

དེ་ཉིད་ལས།  དེ་ལས་ཀྱང་ནི་ལས་རྒྱལ་མཆོག །རྣལ་འབྱོར་དབྱེ་བ་བཅུ་གཉིས་སོ། །དེ་ཉིད་དབྱེ་བ་བཞི་བཅུ་དགུ། །བསྐྱེད་པའི་རིམ་པ་མདོར་བསྡུས་པའོ། །ཞེས་གསུངས་ཏེ། རྣལ་འབྱོར་དབྱེ་བ་བཅུ་གཉིས་ནི། སྟེང་སྒོར་ཕྱག་མཚན་ཕྲ་མོ་བསྒོམ་པའི་དེ་ཉིད།འོག་སྒོར་ཐིག་ལེ་ཕྲ་མོ་བསྒོམ་པའི་དེ་ཉིད། ཡིད་བཟླས་ཀྱི་དེ་ཉིད། ངག་བཟླས་ཀྱི་དེ་ཉིད། གཙོ་བོ་འོད་གསལ་དུ་ཞུགས་པའི་དེ་ཉིད། ཞུ་བ་གླུས་བསྐུལ་བ་ལས་བཞེངས་པའི་དེ་ཉིད། མཆོད་བསྟོད་ཀྱི་དེ་ཉིད། ཉེ་བསྡུའི་དེ་ཉིད། ཁ་ཟས་ཀྱི་དེ་ཉིད། ལུས་བརྟས་པར་བྱེད་པའི་དེ་ཉིད། དངོས་གྲུབ་ཆུང་ངུ་བསྒྲུབ་པའི་དེ་ཉིད། དངོས་གྲུབ་འབྲིང་བསྒྲུབ་པའི་དེ་ཉིད་རྣམས་སོ། །གོང་དུ་དྲངས་པ་དེ་རྣམས་ལ་དེ་ཉིད་ང་གཅིག་སྣང་བ་ཞེ་དགུའི་གྲངས་སུ་སྡུད་ཚུལ་ཇི་ལྟར་ཡིན་ཞེ་ན། ས་བོན་ལས་བྱང་ཆུབ་པ་དང་། ཕྱག་མཚན་ལས་བྱུང་ཆུབ་པ་དང་། སྐུ་རྫོགས་པ་ལས་བྱུང་ཆུབ་པ་གསུམ་རྡོ་རྗེ་འཆང་ཆེན་པོ་བསྐྱེད་པའི་དེ་ཉིད་མདོ་བསྲེ་ལས་གསུངས་པ་ལྟར་ཞེས་གཅིག་ཏུ་བསྡུས་པས་ཞེ་དགུའོ་ཞེས་མཁས་གྲུབ་ཐམས་ཅད་མཁྱེན་པས་གསུངས། རྗེ་བཙུན་ཤེས་རབ་སེང་གེ་ཡབ་སྲས་ཀྱིས་རྗེས་ཆགས་དང་མཆོད་པ་གཉིས་རིག་མ་འདུ་བྱ་བ་སོགས་ཀྱི་དེ་ཉིད་ཅེས་གཅིག་ཏུ་བསྡུས་པས་ཞེ་དགུའོ་ཞེས་གསུངས། ཀློང་རྡོལ་བླ་མ་རིན་པོ་ཆེ་ནས་མཁས་གྲུབ་རྗེའི་གསུང་ལུགས་ལྟར་མཛད་འདུག  ཀུན་མཁྱེན་གོང་མའི་གསུང་ག་དུམ་ནང་དུ་དེ་ཉིད་ཞེ་དགུའི་གྲངས་འདྲེན་ཚུལ་ནི་འདི་ལྟར།

གནས་ཀྱི་དེ་ཉིད་སླ་འོ་ཚོགས་ཞིང་ནས། །སྡོམ་བཟུང་བར་ནི་སྙིང་རྗེར་དམིགས་དེ་ཉིད། །སྲུང་ལ་གཙོ་བསྐྱེད་འཁོར་བསྐྱེད་ཕུར་བུས་གདབ། །རྭ་བའི་དེ་ཉིད་བཞི་སྟེ་སྔོན་འགྲོ་དྲུག །ཡེ་ས་རྡོར་ས་རྟེན་སྐྱེད་ལྷག་མོས་དགོད། །དེ་བསྡུ་འོད་གསལ་གཞུག་པའི་དེ་ཉིད་དྲུག །བསྙེན་པའི་ཡན་ལག་ལ་ནི་ཕྱེ་བར་འདོད། །ཉི་སོགས་ལྡང་དང་ཟླ་དང་ཡེ་ཙམ་དང་། །ས་བོན་ཕྱག་མཚན་སྐུ་རྫོགས་སྤྲུལ་སྐུར་སྒྱུར། །ལུས་རྟེན་སྒོམ་དང་ཕུང་པོ་གཤེགས་པར་བསྒོམ། །ཁམས་བཞི་གཤེགས་མ་མིག་སོགས་སེམས་དཔར་སྒོམ། །གཟུགས་སོགས་སེམས་མ་ཡན་ལག་ཁྲོ་བོར་བསྒོམ། །ལྡང་བའི་ཡན་ལག་ཁྲོ་བོར་བསྒོམ་པའི་བར། །དེ་ཉིད་བཅུ་གསུམ་ཉེར་སྒྲུབ་ཡན་ལག་ཡིན། །སྐུ་གསུང་ཐུགས་དང་ཐུན་མོང་དེ་ཉིད་བཞི། །ཡེ་ཤེས་དེ་ཉིད་ཏིང་འཛིན་དེ་ཉིད་དེ། །དེ་ཉིད་དྲུག་ནི་སྒྲུབ་པའི་ཡན་ལག་གོ། །རིག་མ་འདུ་བྱ་སོགས་ཀྱི་དེ་ཉིད་དང་། །གཤེགས་པ་གཤེགས་མ་སེམས་དཔའ་སེམས་མ་དང་། ཁྲོ་བོ་དབྱུང་དང་ཕྱག་མཚན་ཐིག་ལེ་དང་། །ཡིད་བཟླས་ངག་བཟླས་དོན་དམ་གཞུག་དེ་ཉིད། །བསྐུལ་དང་མཆོད་བསྟོད་དང་ནི་ཉེར་བསྡུ་དང་། །ཁ་ཟས་ལུས་རྟས་དངོས་གྲུབ་ཆུང་ངུ་དང་། །འབྲིང་གི་དེ་ཉིད་དག་སྟེ་ཞེ་དགུའོ། །རིག་མ་འདུ་བྱ་བ་ནས་འདི་བར་གྱི། །དེ་ཉིད་བཅོ་བརྒྱད་སྒྲུབ་པ་ཆེན་པོ་སྟེ། །ཞེ་དགུའི་འདྲེན་ཚུལ་དག་རིམ་རྙིང་པ་བཞིན། །ནོར་བཟང་རྒྱ་མཚོས་མཛད་པ་བཞིན་དུ་བྲིས། །ཞེས་དཔར་རྙིང་དང་མཁས་གྲུབ་ནོར་བཟང་བ་ལྟར་མཛད་འདུག་མོད། གསུང་ཚུལ་དེ་ཡང་ཀུན་མཁྱེན་ཆེན་པོ་རང་ཉིད་ཀྱི་རང་ལུགས་ཡིན་མིན་ལེགས་པར་དཔྱད་དགོས་གསུངས།

རྡོ་རྗེ་བཞིའི་ཆིངས་ནི། ཡེ་ཤེས་ཀྱི་ས་བསྒོམ་པའི་དེ་ཉིད་ནས་ལྷག་མོས་འོད་གསལ་དུ་སྡུད་པའི་དེ་ཉིད་བར་སྟོང་ཉིད་བྱུང་ཆུབ་ཀྱི་རྡོ་རྗེ། ཉི་མ་སོགས་ལ་དམིགས་ཏེ་ལྡང་བ་ནས་ཕྱག་མཚན་ལས་བྱང་ཆུབ་པའི་བར་ས་བོན་བསྡུས་པའི་རྡོ་རྗེ། སྐུ་རྫོགས་པ་ལས་བྱང་ཆུབ་པ་ནས་ཡན་ལག་ཁྲོ་བོར་བསྒོམ་པའི་བར་གཟུགས་ཉིད་རྫོགས་པའི་རྡོ་རྗེ། སྐུ་བྱིན་རླབས་ནས་མཆོད་པའི་བར་རམ་རྒྱས་པའི་དབང་དུ་བྱས་ན་དངོས་གྲུབ་འབྲིང་སྒྲུབ་པའི་དེ་ཉིད་བར་ཡི་གེ་འགོད་པའི་རྡོ་རྗེ་ཡིན་ཏེ།རྒྱུད་ཕྱི་མ་ལས།དང་པོ་སྟོང་ཉིད་བྱང་ཆུབ་སྟེ། །གཉིས་པ་ས་བོན་བསྡུས་པའོ། །གསུམ་པ་གཟུགས་ཉིད་རྫོགས་པ་སྟེ། །བཞི་བ་ཡི་གེ་དགོད་པའོ། །ཞེས་གསུངས་སོ། །

ལེའུ་བཅུ་གཉིས་པ་ལས་གསུངས་པའི་བསྙེན་སྒྲུབ་ཡན་ལག་བཞི་ནི།བསྙེན་པ། ཉེར་སྒྲུབ། སྒྲུབ་པ། སྒྲུབ་ཆེན་དང་བཞི།དེ་དག་གི་གོ་དོན་རིམ་པ་བཞིན།ཡུལ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་ཡུལ་སྟོང་པ་ཉིད་ལ་ཡང་དང་ཡང་དུ་བསྙེན་ཅིང་དམིགས་པར་བྱེད་པས་ན་བསྙེན་པ་ཞེས་དང། གང་ལ་ཉེ་བའི་ཡུལ་ནི་ཡེ་ཤེས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ལ། དེ་ལ་ཁད་ཉེ་བའི་སྔགས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་སྒྲུབ་པར་བྱེད་པས་ན་ཉེར་སྒྲུབ་ཅེས་དང་། །རང་གི་ལུས་ངག་ཡིད་གསུམ་དང་། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་དང་། སེམས་དཔའ་གསུམ་བརྩེགས་ངོ་བོ་དབྱེར་མེད་དུ་སྒྲུབ་པར་བྱེད་པས་ན་སྒྲུབ་པ་ཞེས་དང་། །གཞན་དོན་རྒྱ་ཆེན་པོ་ལ་འཇུག་པས་ན་སྒྲུབ་པ་ཆེན་པོ་ཞེས་བྱའོ། །ཏིང་ངེ་འཛིན་གསུམ་ནི། དང་བོ་སྦྱོར་བའི་ཏིང་ངེ་འཛིན།དཀྱིལ་འཁོར་རྒྱལ་མཆོག་གི་ཏིང་ངེ་འཛིན།ལས་རྒྱལ་མཆོག་གི་ཏིང་ངེ་འཛིན་གསུམ་མོ།།དང་བོ་ནི།གནས་ཀྱི་དེ་ཉིད་ནས་མཆོད་པའི་དེ་ཉིད་ཀྱི་བར་ཡིན། གཉིས་པ་ནི།གཤེགས་པ་དབྱུང་པའི་དེ་ཉིད་ནས་ཁྲོ་བོ་དབྱུང་བའི་དེ་ཉིད་ཀྱི་བར་ཡིན། གསུམ་པ་ནི། སྟེང་སྒོར་ཕྱག་མཚན་ཕྲ་མོ་བསྒོམ་པའི་དེ་ཉིད་ནས། དངོས་གྲུབ་འབྲིང་སྒྲུབ་པའི་དེ་ཉིད་ཀྱི་བར་ཡིན་ནོ། །དེ་ཉིད་ཞེ་དགུའི་ཆིངས་རྣམས་སྒྲུབ་ཐབས་ཀྱི་ཚིག་མཚམས་རེ་རེ་དང་སྦྱར་ན་མང་དོག་པས་མ་བྲིས་སོ། །

      ཞེས་དཔལ་གསང་བ་འདུས་པའི་དེ་ཉིད་ཞེ་དགུའི་རྣམ་བཞག་ཅུང་ཙམ་བརྗོད་པ་འདི་ནི་ཡོབ་ཤུལ་འཇམ་དབྱངས་ཀུན་དགས་ཐུགས་འདོད་བཞིན་རྒྱུད་གྲྭ་བ་སྣ་ཤུལ་གུ་ཎ་ས་ར་འབོད་པས་༢༠༢༠.༡༠.༢༥.ཉིན་བྲིས།

              རྩོམ་སྒྲིག་པ། མང་ར་བ།

                           གསལ་འདེབས། 
                                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།