རྗེ་ཙོང་ཁ་པས་ཨ་མར་བསྐུར་བ་ཞེས་པའི་གསུང་འཕྲིན་ཁོང་གི་མིན་པའི་གསལ་བཤད།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2020-12-10 22:56:28     རྩོམ་པ་པོ།   དོན་འགྲུབ་རྡོ་རྗེ།    ཀློག་ཐེངས།  

1607617064566126.jpg

  ཕ་མའི་དྲིན་ལན་ཆོས་ཀྱིས་འཇལ་བ་དྲིན་ལན་འཇལ་ཚུལ་མཆོག་ཏུ་གཟིགས་ནས་དགུང་ལོ་བདུན་པ་ནས་མ་ཁྱིམ་དང་ཁ་བྲལ་ཏེ་དགེ་བའི་བཤེས་གཉེན་བསྟེན་ཏེ་ཐོས་བསམ་སྒོམ་གསུམ་གྱིས་དམ་པའི་ཆོས་ལ་སྦྱངས།   

དགུང་ལོ་བཅུ་དྲུག་སྟེང་དབུས་སུ་ཕེབས་ཏེ་དགུང་ལོ་ཉེར་གཉིས་ལ་སོན་པའི་ལོར་ཁོང་གཙང་ངམ་རིང་དུ་བཞུགས་ཏེ་རེད་འདའ་བའི་དྲུང་ནས་སློབ་གཉེེར་བྱེད་བཞིན་པའི་སྐབས་སྐུ་ཡུལ་ནས་འབྱོར་བའི་དབུས་མཇལ་བའི་ལག་བརྒྱུད་ནས་མ་ཡུམ་གྱིས་ཆས་ཀ་དང་འཕྲིན་བསྐུར་ཡོད་པ་གསན་ནས་མྱུར་སྟབས་ཀྱིས་གཙང་ནས་ལྷ་ས་ལ་ཕེབས།  

བསྐུར་བའི་ཆས་ཀ་འཚོ་བའི་ཡོ་བྱད་དེ་དག་བདག་གིར་བཞེས།  མ་ཡུམ་གྱི་ངག་བསྐུལ་དང་ཉེ་མི་དབུས་མཇལ་བ་རྣམས་ཀྱིས་ཀྱང་ནན་ཆེར་སྐུ་ཡུལ་དུ་ལན་གཅིག་འབྱོན་པའི་གསོལ་བ་བཏབས་པར་ཁོང་ཀྱང་ཕ་ཡུལ་དུ་མ་ཡུམ་དང་ཐེངས་གཅིག་འཕྲད་པར་འགྲོ་བའི་གྲ་སྒྲིག་གནང་།   

དེ་ནས་ཐུགས་དགོངས་ལ་ཕ་ཡུལ་ཨ་མདོ་ཐག་རིང་ཞིང་།  ཕ་ཡུལ་གཉེན་ཉེ་མཇལ་འཕྲད་ཆེད་སློབ་གཉེར་སོགས་བསྐྱུར་ནས་ནམ་ཟླ་ཆུད་ཟོས་སུ་གཏོང་བ་གནས་མ་ཡིན་པར་དགོངས་ཏེ།  མ་ཡུམ་ལ་རྟེན་རྫས་དང་།  ངག་ལམ་ནས་འཕྲིན་བསྐུར་ཏེ།  ཁོ་བོས་དབུས་གཙང་ནས་འབད་བརྩོན་ལྷོད་མེད་ཀྱིས་ཆོས་ལ་སློབ་གཉེར་བྱེད་བཞིན་པའི་གནས་ཚུལ་དང་།   ཐག་རིང་རང་ཡུལ་དུ་གཉེན་ཉེར་འཕྲད་པར་ལན་གཅིག་ཡོང་བས་ཀྱང་དུས་ཚོད་འཕྲོ་བརླག་ཏུ་འགྲོ་བའི་རྒྱུ་མཚན་ཞུས་ཏེ།   སྐུ་ཚེ་དེར་ཐེངས་གཅིག་ཀྱང་ཕ་ཡུལ་དུ་མ་ཕེབས་པས་ནི་ཆགས་སྡང་དོར་བའི་ཆོས་པ་རྣལ་མའི་ངང་ཚུལ་གོ་ཞིང་།  གོང་མ་རྒྱལ་བོས་ཡང་ཡང་གདན་དྲངས་ཀྱང་མ་ཕེབས་པས་ནི་ཆོས་བརྒྱད་བློས་བཏང་བའི་སྐྱེས་བུ་དམ་པར་རྗེས་སུ་དཔོག་ཐུབ་པ་ཡིན་ནོ།།

< < རྗེ་ཙོང་ཁ་པས་ཨ་མར་ཕུལ་བའི་འཕྲིན་>> ཟེར་བ་མ་དག་རྒྱུན་འབྱམས་སུ་སོང་བ་ཞིག་ཡིན་ཏེ་འདི་ནི་ཕར་ཆེར་སྤྱི་ལོ་ཉིས་སྟོང་བཅུ་བདུན་ལོའི་དགུན་ཁ་དགའ་ལྡན་ལྔ་མཆོད་ཀྱི་སྔ་ཆར་ཞིག་ལ་ཡིན།  ཕྱི་རྒྱལ་དུ་བཞུགས་ཡོད་པའི་རྩོམ་པ་པོ་ཀླུ་སྨྱོན་ཧེ་རུ་ཀ་ཞེས་པས་འབྲུག་མོའི་ཇ་མཁར་གྱི་སྐད་འཕྲིན་ཚོགས་པ་ཞིག་ཏུ་དེར་ཁོང་གིས་མདང་ནུབ་ཀྱི་རྨི་ལམ་འཆར་སྣང་ཡིན་ཞེས་ཀུ་རེ་དང་བཅས་བསྐུར་བྱུང་བ་གསལ་པོ་ཡིན་ལ་ཕྲན་ཡང་ཚོགས་པ་དེར་ནང་འཇུག་བྱས་ཡོད།

 ཡིན་ཡང་རྗེས་སུ་གཞུང་སྒེར་གྱི་དྲ་ཚིགས་མང་པོའི་དྲ་ལམ་ན་ཡིག་རིགས་གཞན་བསྒྱུར་དང་བཅས་བསྐུར་བཞིན་པ་མཐོང་བྱུང་བས་མ་དག་རྒྱུན་འབྱམས་སུ་མི་འགྲོ་བའི་གསལ་བཤད་ཙམ་དུ་བྲིས་པ་ལགས་སོ།  དོན་དུ་རྗེ་རིན་པོ་ཆེས་ཨ་མར་བསྐུར་བའི་གསུང་རྩོམ་འདི་འདྲ་ད་སྔ་རྗེའི་གསུང་འབུམ་གང་གི་ཁྲོད་ནའང་མེད་ལ་ཆོས་བརྒྱད་འཁྲུལ་བ་སྤངས་བའི་སེམས་དཔའ་ཞིག་གིས་སྲིད་པའི་ཞེན་པར་བསྐུལ་བའི་རྩོམ་འདི་འདྲ་ཞིག་གནང་མི་སྲིད་དོ།།    

༢༠༢༠ ༡༢ ༩

རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།