མཆིམས་མཛོད་སྦྱར་བྱང་ལས་འཕྲོས་པའི་ལོ་ཚིགས་འགའ་ཞིག་བསྡུར་བའི་ཡི་གེ

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-03-05 21:02:45     རྩོམ་པ་པོ།   གྲུ་ཆར།     ཀློག་ཐེངས།  

མཆིམས་མཛོད་སྦྱར་བྱང་ལས་འཕྲོས་པའི་ལོ་ཚིགས་འགའ་ཞིག་བསྡུར་བའི་ཡི་གེ     

ཐུབ་དབང་གངས་ཀྱི་རི་བོ་ལས་འཁྲུངས་བཀའ་གདམས་གཞུང་བཟང་ཆུ་ཀླུང་འབབ་པའི་རྒྱུན།།

འགྲོ་བའི་བསོད་ནམས་ཆོས་ཀྱི་ཞིང་སར་གཡས་འཁྱིལ་དཔལ་ལྡན་སྣར་ཐང་ཆོས་གྲྭ་ཆེན་པོ་རུ།།

ཆོས་མངོན་རྒྱ་མཚོའི་རང་ལུགས་སྲིད་མཐར་སྤེལ་ལ་འགྲན་པའི་ཟླ་ཀུན་རབ་བྲལ་བ།།

  ཤར་བ་རོག་དང་གཏུམ་སྟོན་མཆིམས་དང་བྲང་ཏི་ལ་སོགས་མངོན་པའི་བླ་མ་རྣམས་ལ་འདུད།།

༧ དེ་ཡང་བོད་སྔ་རབས་པ་རྣམས་ཀྱི་ཞལ་ན་མ་བགྲོས་གཅིག་མཐུན་གྱིས་མངོན་པ་མཆིམས་སམ་བྲང་ཏི་ལ་ཐུག་ཅེས་བཤད་སྲོལ་ཡོད་པ་ལྟར། ད་ལན་ཁོ་བོས་འདིར་ཡི་གེ་རྙིང་བ་དུ་མ་ལ་གཞིག་ནས། མཆིམས་མཛོད་མངོན་པའི་རྒྱན་གྱི་སྦྱར་བྱང་ལས་ཐོན་པའི་མཆིམས་ཐམས་ཅད་མཁྱེན་པ་དེ་སུ་ལ་ངོས་འཛིན་ཞུ་དགོས་པ་དང་། མཆིམས་མཛོད་གསུངས་པ་བོ་མཆིམས་འཇམ་པའི་དབྱངས་དང་མཆིམས་ནམ་མཁའ་གྲགས་གཉིས་དོན་དམ་དུ་མི་གཅིག་ཡིན་མིན་སྐོར་ལ་དཔྱད་པ་ཅུང་ཙམ་གཏོང་རྩིས་དང་། ཞར་ལ་མཆིམས་མཛོད་མཆན་བུ་སུས་གསུངས་ཀྱི་ངག་རྒྱུན་ཅིག་ཀྱང་འགོད་རྩིས་ཡོད།

དང་བོ་ལ། མཁས་པའི་འདོད་པ་མི་མཐུན་པ་སྔ་ཕྱིར་བཀོད་དེ་གང་གི་རྗེས་སུ་འབྲང་རིགས་པར་བསམ་པ་ལས། དང་བོ། ཡུལ་གངས་ཅན་གྱི་དྲན་དབང་ཡོངས་ཀྱི་གཙུག་རྒྱན་དམ་པ་ཨ་ལགས་དུང་དཀར་རིན་པོ་ཆེ་མཆོག་གིས་མི་འདི་གཉིས་གཅིག་ཏུ་བགྲང་ཡོད་པས། རྣམ་པ་གཅིག་ཏུ་ན་དམ་པ་འདིའི་རང་ལུགས་སྒྲ་སོར་བཞག་ན་གང་ལ་བཅོལ་བའི་གཞི་ནི་སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས་ཀྱི་མཛད་པའི་མཆིམས་ནམ་མཁའ་གྲགས་ཀྱི་རྣམ་ཐར་འདི་དང་། འཇམ་མགོན་ས་སྐྱ་པཎ་ཆེན་བཅོམ་ལྡན་རིག་རལ་སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས་སོགས་དུས་ཐོག་མཉམ་པའི་དཔལ་སྣར་ཐང་གི་མཁས་པ་དང་ས་སྐྱའི་མཁས་པའི་བྱུང་རབས་སོགས་གུང་བསྒྲིགས་པ་ཡིན་ངེས་པས། དེ་ལྟ་ན་མཆིམས་མཛོད་མངོན་པའི་རྒྱན་གྱི་སྦྱར་བྱང་ལས་(གངས་ཅན་གྱི་རྒྱུད་ཀྱི་གནས་བརྟན་ཆེན་པོ་མཆིམས་ཐམས་ཅད་མཁྱེན་པ་ལ་སོགས་པ)ཞེས་པའི་མཆིམས་ཐམས་ཅད་མཁྱེན་པ་འདི་དང་། ཡང་མཆིམས་མཛོད་ཀྱི་གནས་ལྔ་བའི་ཕྲ་རྒྱས་སྤྱི་བཤད་ཀྱི་ཐད་དུ་(མཆིམས་གསུང་ངོ་) ཞེས་ལན་ཁ་ཡར་འབྱུང་བའི་མཆིམས་འདི་གཉིས་མཆིམས་བློ་གྲོས་བསྟན་པ་ལ་ངོས་འཛིན་ཞུ་དགོས་པར་འདུག་སྙམ་སྟེ། རྒྱུ་མཚན་ནི་སྐྱོ་སྟོན་གྱི་མཛད་པའི་མཆིམས་ནམ་མཁའ་གྲགས1210-1299 (དཔལ་སྣར་ཐང་གི་མཁན་རབས་པ་མི་ལོ་སོ་དྲུག་གི་བར་དུ་གདན་ས་མཛད་ནས་བསྟན་པ་བསྐྱངས་པས་སྙན་པ་འཕགས་ཡུལ་ཚུན་ཆད་དུ་རྒྱས)་ཀྱི་རྣམ་ཐར་དུ། རྗེ་འདིས་དགུང་ལོ་བཅུ་གསུམ་བཞེས་པ་ན་ཁུ་བོ་མཆིམས་ཐམས་ཅད་མཁྱེན་པ་བློ་གྲོས་བསྟན་པའི་ཞབས་དྲུང་དུ། ཆོས་མངོན་པ་མཛོད་ལ་སློབ་གཉེར་མཛད་ཅིང་གསུང་ཇི་ལྟ་བ་བཞིན་ལག་ལེན་དུ་བསྒྲུབ་བཞིན་བཞུགས་པའི་པའི་སྐབས་ཤིག་ན། སྣར་ཐང་གི་གདན་རབས་ལྔ་བ་ཞང་སྟོན་ཆོས་ཀྱི་བླ་མས་ཁུ་དབོན་གཉིས་དཔལ་སྣར་ཐང་དུ་སྤྱན་དྲངས། དེར་མངོན་པ་མཛོད་ལ་ཞིབ་ཏུ་སྦྱངས་ནས་མཐའ་ཆོད་པ་མཛད་ཚུལ་ནི་རྣམ་ཐར་དེ་ཉིད་ལས། དེ་ལྟར་མཆིམས་ཐམས་ཅད་མཁྱེན་པ་བློ་གྲོས་བསྟན་པ་ལོ་ངོ་བདུན་གྱི་བར་དུ་བསྟེན་ནས་མངོན་པ་མཛོད་ཀྱི་རྩ་བ་གཅིག་བུའང་ཚར་ཉི་ཤུ་རྩ་གསུམ་འགྲོ་བ་ཞིག་གསན། ཞེས་འབྱུང་བས་མཆིམས་མཛོད་སྦྱར་བྱང་གི་མཆིམས་ཐམས་ཅད་མཁྱེན་པ་ཞེས་པའི་མིང་ཇི་ལྟ་བ་བཞིན་ནམ་གྲགས་ཀྱི་རྣམ་ཐར་འདིར་མཆིམས་བློ་གྲོས་བསྟན་པར་ཡང་སྦྱར་ཡོད་པས། ཨ་ལགས་དུང་དཀར་མཆོག་གིས་མཆིམས་མཛོད་གསུངས་པ་བོ་འཇམ་པའི་དབྱངས་དང་འདི་གཉིས་མི་གཅིག་ཡིན་པའི་དགོངས་པ་གཏད་ས་གཅིག་འདི་ཡང་ཡིན་ངེས།    དེ་ལས་གཞན་རྣམ་ཐར་དེ་ཉིད་དུ་མཆིམས་ནམ་མཁའ་གྲགས་རང་ཉིད་ཀྱིས་མཛད་པའི་མངོན་པ་མཛོད་ཀྱི་བསྟན་བཅོས་ཤིག་ཡོད་པར་གསུངས་ཡོད་པ་ནི་དེ་ཉིད་ལས། (ཆོས་མངོན་མཛོད་གཞུང་གསལ་བྱེད་ཚངས་པ་)ཞེས་པ་ཞིག་ཡོད་པར་གསུང་འདུག་པས། དེ་ཉིད་ཡོངས་གྲགས་སུ་མཆིམས་མཛོད་རྒྱས་འབྲིང་བསྡུས་གསུམ་དུ་གྲགས་པའི་ནང་ཚན་གྱི་རྒྱས་འབྲིང་གཉིས་ཀྱི་གང་ལ་འཇོག་དགོས་པའང་ཆ་མི་འཚལ་ལ། མཆིམས་མཛོད་ཆུང་བའམ་ཆོས་མངོན་ལེགས་བཤད་རྒྱ་མཚོ་ཞེས་བྱ་བ་འདི་ཉིད་སྣར་ཐང་གི་གདན་ས་བཅུ་གཉིས་པ་མཆིམས་བློ་བཟང་གྲགས་1299-1337 ( རྗེ་འདིས་ཆོས་རྗེ་དོན་རིན་པ་ལ་ཡུལ་མདོ་སྨད་དུ་ཁྱེའུ་ཁྱད་པར་བ་ཞིག་འཁྲུངས་རྒྱུའི་ལུང་བསྟན་མཛད་ནས་རང་ཉིད་ཀྱི་མཚན་བྱིས་པ་དེ་ལ་གསོལ་དགོས་པའི་བཀོད་ཁྱབ་མཛད ) པས་མཛད་པར་ནི། དེ་ཉིད་ལས། སྣར་ཐང་གི་གཙུག་ལག་ཁང་དུ་ཤཱཀྱའི་བཙུན་པ་དཔལ་ལྡན་མཆིམས་ཀྱིས་སྦྱར་བའོ། ཞེས་འབྱུང་བ་དང་།

མདོར་ན་རྣམ་ཐར་དེ་ཉིད་དུ་ཐོན་པའི་ཆོས་མངོན་མཛོད་གཞུང་གསལ་བྱེད་ཚངས་པ་ཞེས་པའི་དཔེ་ད་ལྟ་མཇལ་དུ་ཡོད་མེད་དང་དེ་མཆིམས་མཛོད་རྒྱས་འབྲིང་གཉིས་ཀྱི་གང་ལ་འཇོག་དགོས་པ་ཐག་མ་ཆོད་པར་ལུས་པ་འདི་ཡང་ཨ་ལགས་ཁོང་གིས་དེ་གཉིས་གཅིག་ཏུ་བགྲང་པའི་དགོངས་པ་གཏད་ས་ཞིག་ཡིན་ངེས།

དེ་ལས་གཞན་ཡང་ཆོས་མངོན་པ་མཛོད་ཀྱི་བཤད་རྒྱུན་མཁས་མཆོག་དབྱིག་གཉེན་དང་དེའི་སློབ་མ་གང་བ་སྤེལ་ནས་བཟུང་བོད་ཀྱི་ལོ་ཙཱ་བ་ཆེན་པོ་སྐལ་བ་དཔལ་བརྩེགས་ཀྱིས་འགྱུར་བ་ནས་མཆིམས་ཞང་བཙུན། མཆིམས་ལྷ་རྗེ་གོ་ཆ། མཆིམས་བརྩོན་འགྲུས་སེང་གེ མཆིམས་དོན་གྲུབ་རྒྱལ་མཚན། མཆིམས་བརྩོན་འགྲུས་རྒྱལ་མཚན། མཆིམས་བློ་གྲོས་བརྟན་པ། མཆིམས་ནམ་མཁའ་གྲགས་དང་། སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས། བཅོན་ལྡན་རིགས་པའི་རལ་གྲི1227-1305  མཆིམས་བློ་བཟང་གྲགས་པ་དམར་སྟོན་ཁུ་དབོན་རྣམ་གཉིས། རྗེ་བཙུན་རེད་མདའ་བ་ནས་རྗེ་བདག་ཉིད་ཆེན་པོ། རྒྱལ་ཚབ་དར་མ་རིན་ཆེན་ནས་བཟུང་རང་རེའི་བླ་མའི་བར་གྱི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དག་གི་འཁྲུངས་འདས་ཀྱི་ལོ་ཚིགས་གུང་བསྡུར་ཐུབ་པ་ཡིན་ན།  མཆིམས་འཇམ་པའི་དབྱངས་ཀྱི་འཁྲུངས་འདས་ཀྱི་ལོ་ཚིགས་ཀྱི་སྐོར་ལ་དེབ་སྔོན་པས་ངག་སྒྲོག་ཅིག་ལས་སྣར་ཐང་གདན་རབས་བུ་སྟོན་ཆོས་འབྱུང་བཻ་སེར་གདན་རབས་ལྷའི་རྔ་ཆེན་བསྟན་འགྱུར་དཀར་ཆག ཆག་ལོ་ཙཱ་བའི་1197-1264 རྣམ་ཐར་སོགས་དེའི་ཐད་ཀྱི་ཁོ་བོས་མཇའ་མྱོང་བ་གང་ལས་ཀྱང་ཟུར་དུ་ཁུངས་བསྒྲིག་ཐུབ་པ་ཞིག་ལག་སོན་མ་བྱུང་བ་ལ། ཨ་ལགས་དུང་དཀར་ཁོང་གིས་ཀྱང་རྩིང་བོས་རགས་བཤད་ཀྱི་བྲིས་བཤུས་སྤེལ་བ་མིན་ནམ་སྙམ་པ་འདི་ཡང་གཅིག་ཏུ་བགྲང་བའི་དགོངས་པ་རྣལ་མར་འཁུམས་སྙམ་པ་གཅིག་དང་།

མཆིམས་མཛོད་ཀྱི་སྦྱར་བྱང་དུ་ཐོན་པ། ས་ཆེན་མངའ་བ་རྐང་གཉིས་རྣམས་ཀྱི་རྗེ།། ཞེས་དང་། སའི་དབང་ཕྱུག་རྒྱལ་བོ་ཆེན་པོའི་ཕོ་བྲང་ཅོང་ཏུའི་མཁར་དུ་ལེགས་པར་གྲུབ་ཅེས་པའི་མིའི་དབང་བོ་ནི་དེ་དུས་ཀྱི་གོང་མ་ཡོན་རྒྱལ་རབས་ཀྱི་གོང་མ་ཅི་ཙུང་ཨ་ཡུར་པར་པ་ཏ་བུ་ཡན་ཐུས་ལོ་དགུའི་རིང་སྲིད་དབང་བཟུང་བ་དེ་ལ་ངོས་འཛིན་གནང་མཁན་ཡོད་མོད། དེ་ཡིན་ཚེ་ལོ་ཚིགས་སོགས་ཅུང་གྲྭ་འགྲིག་པོ་ཞིག་འབྱུང་དཀའ་སེ་བས་རེ་ཞིག་དཔྱད་པའི་གཞིར་བཟུང་བ་ལས་རྔོ་མི་ཐོགས་སོ། ཕོ་བྲང་ཡང་ཡོངས་གྲགས་སུ་མཁར་སྔོན་པོ་རུ་འབོད་པ་དེ་ཉིད་ཡིན་ནོ།

མདོར་ན་ལོ་རྒྱུས་སྔ་བཙན་དང་ཡིག་ཆ་ཕྱི་བཙན་གྱི་དབང་དུ་བཏང་ན། ཡིག་རྙིང་དང་ལོ་ཚིགས་སོགས་ཅི་ལྟར་བསྡུར་ཀྱང་མི་འདི་གཉིས་གཅིག་མ་ཡིན་པའི་ཁ་གསལ་ཁུངས་དག་གི་ལོ་རྒྱུས་ཞིབ་མོ་ཞིག་མ་རྙེད་པ་ནི་དམ་པ་ཁོང་གིས་གཅིག་ཏུ་བགྲང་བའི་དགོངས་པ་རྣལ་མར་འགྲོ་སྙམ།

གཉིས་པ་ལ། ཐ་དད་དུ་བགྲང་བའི་ལུགས་འགོད་པ་ལ། འགོས་ལོའི1392-1481་དེབ་སྔོན་དུ་མཁས་པ་ཆེན་པོ་འཇམ་པའི་དབྱངས་ཀྱང་བཅོམ་རལ་ཁོང་གི་སློབ་མ་ཡིན་པ་ལས་རེ་ཤིག་ཆོས་བར་སར་འདྲེ་རྫུ་བྱས་ནས་སློབ་དཔོན་ལ་བསྡིགས་བསྐུར་བས། ཤིན་ཏུ་བཀའ་བཀྱོན་ནས་དྲུང་ནས་འདུག་དབང་མ་བྱུང་བས་ས་སྐྱར་བཞུགས་པས། ཧོར་གྱིས་གདན་དྲངས་ནས་བྷུ་ཡན་དུ་རྒྱལ་བོས་མཆོད་གནས་མཛད། ཅེས་པ་འདི་དང་། མཚུངས་མེད་མི་བསྐྱོད་རྡོ་རྗེའི་གསུང་འབུམ་ཁྲོད་ཀྱི་མཛོད་འགྲེལ་དེ་ཉིད་དུ་མཆིམས་ཆེན་པོ་ནམ་མཁའ་གྲགས་དང་། མཁས་པའི་དབང་བོ་འཇམ་སྒེག་པ་སོགས་ཀྱི་ཞེས་དེ་གཉིས་ཐ་དད་དུ་བགྲང་བ་དང་། གཞན་ཡང་བུ་སྟོན་རིན་པོ་ཆེས་1290-1364 མཛད་པའི་:ཆོས་མངོན་པ་ཀུན་ལས་བཏུས་ཀྱི་ཊཱིཀ་རྣམ་བཤད་ཉི་མའི་འོད་ཟེར་:ཞེས་བྱ་བ་ལས་དཔེར་ན། འཇམ་སྒེག་ན་རེ། འདི་ཡང་ཐེག་པ་ཐུན་མོང་གི་དབང་དུ་བྱས་ཀྱི།ཐེག་ཆེན་ལྟར་ན། མཚམས་མེད་བྱས་པས་ཀྱང་འབྲས་བུ་ཐོབ་སྟེ། ཞེས་འབྱུང་བའི་འཇམ་སྒེག་ན་རེ། ཞེས་ལུང་དུ་དྲངས་པ་རྣམས་མཆིམས་མཛོད་དུ་བཞུགས་པས། སྔར་མཆིམས་མཛོད་གསུང་མཁན་ལ་འཇམ་སྒེག་པཀྵི་ཟེར་སྲོལ་ཡོད་པ་འདྲ། རང་རེའི་གདན་རབས་ལྷའི་རྔ་ཆེན་དུ་འགོས་ཀྱི་དེབ་སྔོན་ཅི་ལྟ་བ་བཞིན་བཀོད་ཡོད་པ་ལས་མཆིམས་ཁོང་གི་འཁྲུངས་ཡུལ་དང་ལོ་ཚུགས་སོགས་བཀོད་མེད་དོ། དེ་ལྟར་ན་གཞན་དུ་མ་ཞིག་གིས་མཆིམས་ནམ་གྲགས་རིག་རལ་གྱི་བླ་མ་དང་མཆིམས་འཇམ་པའི་དབྱངས་སློབ་མ་ཡིན་ཞེས་ཁ་ཚོན་བཅད་ནས་སྨྲ་བ་ཡིན་ནའང་།

 སྐྱོ་སྟོན་1219-1299 (འདི་མཆིམས་ནམ་གྲགས་ལས་ལོ་དགུའི་ཆུང་ཞིང་དེའི་སློབ་མ་དང་རིག་རལ་གྱི་བླ་མ་ཡིན། མཁན་རབས་བརྒྱད་པར་བཞུགས་ནས་འཆད་ཉན་རྒྱ་ཆེར་མཛད། བཅོམ་རལ་བ་འདི་འཕྱོངས་རྒྱས་ནས་འཁྲུངས་ཤིང་ཕྱིས་དགའ་བ་གདོང་དུ་ཕེབས། དེ་ནས་སྐྱོ་སྟོན་གྱི་ཡོན་ཏན་ཐོས་ནས་དཔལ་སྣར་ཐང་དུ་ཆེད་གཉེར་གྱིས་བླ་མ་འདི་ལ་མཛེ་ནད་ལས་གྲོལ་བའི་ཕྱིར་ཕེབས་ནས་དང་བོ་སྣར་ཐང་དང་ཐག་མི་རིང་བ་ཞིག་ཏུ་མཛོད་ལ་ཐོས་བསམ་རྒྱ་ཆེར་མཛད་པས་རིམས་ནད་ལས་གྲོལ) གྱིས་མཛད་པའི་མཆིམས་ནམ་མཁའ་གྲགས་ཀྱི་རྣམ་ཐར་དང་གཞན་གང་དུའང་གསལ་ཁ་དོད་པ་ཞིག་མེད་དོ། དེ་ལྟར་ན་ཨ་ལགས་དུང་དཀར་བ་ཁོང་གིས་འགོས་ལོའི་དེབ་སྔོན་གྱི་འདིའི་ཐད་པ་མ་གཟིགས་པ་ག་ལ་ཡིན་ཏེ། མིན་པས་ན་ཁོང་ནོར་བའོ་ཞེས་ངག་ནས་གང་ཐོན་གྱིས་ཅལ་རྒྱུག་དང་། འཁྲུལ་བ་ལག་བརྒྱུད་ཀྱི་ཡིག་ཧྲུལ་སྤེལ་བའང་དེ་ཙམ་སྙིང་བོ་མ་མཐོང་བ་འདི་ནི་ལོ་ཚིགས་བསྡུར་བའི་གྲུབ་དོན་ནོ།

 གསུམ་པ། མཆིས་མཛོད་མཆན་བུ་ནི་སྔར་ནས་ཀྱང་སུས་གསུངས་ལ་དོགས་པ་གནང་བའི་མཁས་པ་བྱུང་ཡོད་པ་ནི་ལོ་རྒྱུས་འགའ་ཞིག་ཏུ་མཐོང་མྱོང་ནའང་དེ་དག་ལ་ཡིད་རྟོན་འཕར་བ་ཞིག་མི་འབྱུང་བས། འདིར་ཁུངས་དུ་བཀོད་པའི་དགོས་པ་ཆུང་སྙམ། དེ་ལྟ་ནའང་མཆིམས་འཇམ་པའི་དབྱངས་ཁོང་གིས་མཆན་བུར་བཀོད་པ་ཡིན་གསུང་མཁན་ཞིག་དང་། ཕྱིས་ཀྱི་མཆིམས་བློ་བཟང་གྲགས་པས་བར་དུ་བཅུག་པ་ཡིན་ཞེས་གླེང་ཕྱོགས་གཉིས་ལས་ཕྱི་མའི་ངག་རྒྱུན་ཅུང་རིང་བ་གོ་མྱོང་ལ། རང་རེའི་མཁས་པ་སྔ་མའི་བཤད་རྒྱུན་ལའང་མཆིམས་མཛོད་འདི་ཚད་ལྡན་དང་མཆན་བུ་ནི་ཅུང་འཐད་ཕྱོགས་མི་མཛད་པའི་སྲོལ་ཡང་ཡོད་པར་གླེང་། གང་ལྟར་ཤེས་བྱེད་ཀྱི་ལུང་དྲངས་ནས་གསུང་བ་ཞིག་ད་སྔ་རིག་མ་མྱོང་ལ། ཤེས་བྱེད་མ་མཐོང་བ་ཡི་གེར་བཀོད་པ་ལ་དགོས་པ་ཆུང་། ཡང་ཟུར་དུ་བཤད་འདོད་པ་ཞིག་ལ་ཤེས་བྱའི་མཁའ་དབྱིངས་མ་འདི་རིགས་པའི་ཁུ་བྱུག་ཆུང་བས་མཛད་པར་གྲག་ཅིང་འདིར་རྒྱ་གར་མཁས་པའི་གསུང་ལ་མི་འབྱུང་བའི་བོད་ཚིག་དུ་མ་དང་། དཔེ་དང་གསོལ་བ་འདེབས་ཚུལ་སོགས་ཀྱི་ཐད་ཅི་ནས་ཀྱང་རྒྱ་གར་མ་མིན་པའི་ཁྱད་པར་དུ་མ་ཞིག་ཡོད་པས་བཅོམ་ལྡན་རིགས་རལ་གྱིས་གསུང་ཡིན་ཟེར་མཁན་ཡོད་ཅེས་རང་རེའི་ཞིང་གཤེགས་དམ་པ་ཞིག་གི་གསུང་གི་ཟིན་བྲིས་ན་བཞུགས་ཞེས་བ་དང་། དེར་མ་ཟད་བཅོན་ལྡན་རིགས་རལ་གྱིས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཕྱག་གི་རལ་གྲི་བསྣམས་པས་མིང་དེ་ལྟར་ཐོགས་ཚུལ་སོགས་ངག་སྒྲོས་ཡ་མཚན་པ་ཞིག་ཅང་ཡོད།

ད་ལན་མཆིམས་སྔ་ཕྱིའི་ལོ་ཚོགས་བསྡུར་བའི་ཟིན་བྲིས་འདི་རང་གིས་སློབ་གཉེར་གྱི་གསེང་བར་ནས་སྔོན་གྱི་ཡི་གེ་རྙིང་བ་དག་ལས་འདིའི་སྐོར་གྱི་ཡིག་ཆ་ཁུངས་དག་རྙེད་པ་དག་ཕྱོགས་གཅིག་ཏུ་བསྒྲིག་ཐུབ་ན་ལྷག་དུ་གསར་སློབ་པ་དག་མཆིམས་མཛོད་ཀྱི་སྦྱར་བྱང་དང་འགྲེལ་བའི་ལོ་རྒྱུས་འགའ་ཞིག་ལ་འཇུག་པ་བདེ་སྙམ་ནས་བྲིས་པ་ཡིན་མོད། ནོངས་བའི་ཚོགས་གང་མཆིས་པ་ཐམས་ཅད་ཡེ་ཤེས་སྤྱན་ལྡན་གྱི་སྐྱེས་བུའི་ཚོགས་ཀུན་ལ་སྙིང་ནས་མཐོལ་ཞིང་བཤགས་སོ།

༢༠༡༩/༡༢/༢༦/ ཉིན་ལ་གྲུ་ཆར་གྱིས།               

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།