ལེགས་བཤད་གསེར་འཕྲེང་ཀློང་ཆེན་རབ་འབྱམས་པའི་གསུང་རྩོམ་ཡིན་མིན་གྱི་དྲིས་ལན།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-12-05 08:13:44     རྩོམ་པ་པོ།   སོག་ཚང་བློ་བཟང་ཟླ་བ།    ཀློག་ཐེངས།  

༄༅།།གསེར་འཕྲེང་རྗེའི་གསུང་རྩོམ་ཡིན་པའི་ཤེས་བྱེད་ཅིག་ནི། རྗེ་ཉ་ཊཱིཀ་ཡིད་ཀྱི་མུན་སེལ་དང་མཇལ་ནས་ཐུགས་ཡིད་འཕྲོག་པ་རྣམ་ཐར་དུ་གསལ་བ་བཞིན། ཁོང་གིས་ཉ་དབོན་ཀུན་དགའ་དཔལ་ཕར་ཕྱིན་གསན་ཡུལ་གྱི་བླ་མར་ཚུལ་བཞིན་དུ་བསྟེན་པར་མ་ཟད། གསེར་འཕྲེང་གི་ས་བཅད་ལེན་སྟངས་དང་རྩོམ་སྟངས་མང་པོ་ཞིག་ཉ་ཊཱིག་དང་མཐུན་པར་བྱས་མོད། ཉ་ཊཱིཀ་ཏུ་རྗེའི་བཞེད་པ་དང་མི་མཐུན་པ་གང་ཡོད་རྣམས་ཐད་ཀ་ཐད་ཀ་ནས་དགག་པས་སུན་ཕྱུང་སྟེ་བརྩམས་ཡོད་པ་འདིས་ཀྱང་གསེར་འཕྲེང་རྗེའི་གསུང་རྩོམ་ཡིན་པར་གྲུབ་ལ།  གལ་ཏེ། གསེར་འཕྲེང་ཀློང་ཆེན་པས་བརྩམས་པ་ཡིན་ན་ཀློང་ཆེན་པའི་དུས་སྐབས་སུ་ད་དུང་གྲུབ་མ་ཟིན་པའི་ཉ་ཊཱིཀ་གི་བཞེད་པ་རྣམས་གསེར་འཕྲེང་ལས་ཇི་ལྟར་འགོག་སྟེ་འགོག་མི་རིགས་སོ།།

གསེར་འཕྲེང་དགེ་འདུན་ཉི་ཤུ་ལས། དགེ་འདུན་འདི་དག་ནི་ཆེ་ལོང་ཙམ་སྟེ་རྒྱས་པར་ནི་ཡི་གེ་ལོགས་ཤིག་ཏུ་བྲིས་ཡོད་པས་དེར་བལྟའོ།། ཞེས་པའང་སྔར་བདེ་བ་ཅན་དུ་རྗེ་དགུང་ལོ་ཉེར་གཉིས་སྟེང་བརྩམས་ཟིན་པ་དགེ་འདུན་ཉི་ཤུའི་རྣམ་བཞག་བློ་གསལ་བགྲོད་པའི་ཐེམ་སྐས་ལ་ཞལ་འཕངས་མཛད་པ་ནི་གསེར་འཕྲེང་ལ་ཅུང་རྒྱུས་མངའ་ཡོད་པ་ཀུན་གྱིས་གྲུབ་ཅིང་ཡོངས་སུ་གྲགས་པའང་ཡིན་ནོ།།

གསེར་འཕྲེང་གི་དབུར་ཆོས་རྗེ་དོན་གྲུབ་རིན་ཆེན་ལ་མཆོད་པར་བརྗོད་ཅིང་སྐབས་རེ་རེ་རྫོགས་པའི་མཚམས་སུ་རྗེའི་མཚན་དངོས་སུ་སྨྲས་པ་དང་། མཛད་བྱང་དུའང་རབ་ལོ་ཟླ་དུས་སོགས་བཀོད་ནས་ཡི་གེ་པ་ནི་རྗེའི་སྲས་སྔ་ཚར་བཞིའི་ནང་ཚན་ལྡོང་སྟོན་ཛྙཱ་ན་ཤྲཱི་ཡིན་པར་བཀོད་ཡོད་པའང་སྒྲུབ་བྱེད་དུ་ཆེའོ།།

གཞན་ཡང་གསེར་ཕྲེང་ཀློང་ཆེན་པས་བརྩམས་ཟེར་བ་ནི་ལོ་རྒྱུས་ལ་དབྱེ་ཞིབ་མ་བྱས་ཤིང་ཀློང་ཆེན་པའི་གསུང་རྩོམ་ལ་རྒྱུས་མངའ་ཡེ་ནས་མེད་པའི་སྐྱོན་ཡིན་ཏེ། ཀློང་ཆེན་པའི་གསུང་རྩོམ་དུ་འཕགས་བོད་མཁས་པའི་གཞུང་ལུགས་ལ་དགག་བཞག་བྱེད་སྲོལ་དེ་ཙམ་མེད་ཅིང་། གསེར་ཕྲེང་ལས་དགག་བཞག་ཆེས་ཆེར་མཛད་ཡོད་པ་ནི་རྗེའི་ཐུན་མོང་མིན་པའི་ལུགས་སོ།། ཞེས་བྱེས་ཀྱི་སྔ་འགྱུར་རྣམ་གྲོལ་གླིང་གི་མཁས་པ་ཚོས་ཀྱང་སྨྲ་བར་སྐད་དོ།།

བུ་སྟོན་༡༣༦༤/ ལོར་སྐུ་གཤེགས། ཀློང་ཆེན་པ་༡༣༦༣/ ལོར་སྐུ་གཤེགས།  ཉ་ཊཱིཀ་ཡིད་ཀྱི་མུན་སེལ་དུ་བུ་ཊཱིཀ་ལུང་གི་སྙེ་མ་སྐབས་དུ་མར་ཤེས་བྱེད་དུ་དྲངས་ཤིང་དེའི་བཞེད་པ་མང་བོ་བཀོད་ཡོད་པ་ལྟར། གལ་སྲིད། ཀློང་ཆེན་པས་བརྩམས་པ་ཡིན་ན། ཉ་ཊཱིཀ་དང་རྩོམ་ལུགས་བརྗོད་བྱ་སོགས་ཤིན་ཏུ་མཐུན་པའི་གསེར་འཕྲེང་ཡང་དེར་ཤེས་བྱེད་དུ་འདྲེན་པ་འམ་དེའི་བཞེད་པ་འགོད་རིགས་པ་ལ་ཉ་ཊཱིཀ་ན་ཟུར་ཙམ་ཡང་མེད་པ་སོགས་ཀྱིས་གསེར་འཕྲེང་ཉ་ཊཱིཀ་གི་སྔོན་དུ་མ་བྱུང་བར་གྲུབ་ལ། ཉ་ཊཱིཀ་གི་སྔོན་དུ་མ་བྱུང་ཚེ་དུས་ཚིགས་ཀྱི་ཆ་ནས་ཀློང་ཆེན་པའི་མིན་པར་གྲུབ་སྟེ། ཉ་དབོན་དགུང་ལོ་བཅུ་དགུའི་སྐབས་ཀློང་ཆེན་རབ་འབྱམས་པ་སྐུ་ཞི་བར་གཤེགས་ཤིང་། ཉ་ཊཱིཀ་རྩོམ་དུས་ནི་ཉ་དབོན་ཀུན་དགའ་དཔལ་ལེགས་བཤད་རྣམས་རྩོམ་པའི་རྩལ་རྫོགས་ནས་དགུང་ལོ་ཅུང་མཐོན་པོར་ཕེབས་སྐབས་ཡིན་པ།

ཉ་ཊཱིཀ་རང་ལས།

དེ་སླད་རྒྱ་བོད་མཁས་པས་ལེགས་བཤད་པ།།

ཕལ་ཆེར་གསལ་ལ་རྫོགས་པར་བསྡུ་བ་ཡི།།

བཤད་སྦྱར་ཡིད་ཀྱི་མུན་སེལ་རྩོམ་པ་ལ།།

རིང་མོ་ཞིག་ནས་བདག་ཡིད་རབ་ཏུ་སྤྲོ།།

གསུངས་པས་ཤེས་ནུས་སོ།།

ཞེས་༢༠༡༨/༡༢/༥/ ཉིན་སྒོ་མང་གསེར་འཕྲེང་གླིང་དུ། ལེགས་བཤད་གསེར་འཕྲེང་ཀློང་ཆེན་རབ་འབྱམས་པའི་གསུང་རྩོམ་ཡིན་པར་སྨྲ་མཁན་ཡོད་ན་དེ་དག་ལ་མིན་པའི་ཤེས་བྱེད་ཇི་ལྟར་འགོད་ཅེས་དྲིས་པའི་ལན་དུ། འབྲས་སྒོ་མང་ཐེ་བོ་ཁང་ཚན་པ་སོག་ཚང་བློ་བཟང་ཟླ་བས་རྨོངས་བློར་ཤར་ཚོད་ཙམ་བྲིས་ཏེ་སྤྲིངས་པའོ།།

             རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།