སེམས་གཙོ་སྨྲ་བའི་མཚན་ཉིད་རིག་པའི་ནང་དངོས་གཙོ་སྨྲ་བ་འདྲེས་ནས་ཡོད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-07-05 07:54:52     རྩོམ་པ་པོ།   དུང་དཀར་བློ་བཟང་འཕྲིན་ལས།    ཀློག་ཐེངས།  

 

照片 227.JPG

དེང་སྐབས་རྒྱལ་སྤྱིའི་ཐོག་ཆོས་ལུགས་ཁག་གི་མཚན་ཉིད་རིག་པ་ལ་བརྟག་དཔྱད་ཞིབ་འཇུག་བྱེད་མཁན་མང་པོ་ཡོད་ཐོགརྒྱལ་ནང་དུའང་མེས་རྒྱལ་དབུ་བརྙེས་པ་ནས་ཆོས་ལུགས་སྤྱི་དང༌།ལྷག་པར་སངས་རྒྱས་ཆོས་ལུགས་དང༌།བོད་ཀྱི་སངས་རྒྱས་ཆོས་ལུགས་བཅས་ལ་ཞིབ་འཇུག་བྱེད་འགོ་ཚུགས་ནས་ལོ་མང་སོང་བ་དང༌།ཞིབ་འཇུག་གནང་མཁན་གྱི་སྡེ་ཚན་དང༌།མི་སྒེར་བཅས་ལོ་རེ་ཇེ་མང་དུ་འགྲོ་བཞིན་ཡོད་པ་བཅས་ནི་ཧ་ཅང་དགའ་སྤྲོ་སྐྱེ་དགོས་པའི་བྱ་བ་བཟང་པོ་ཞིག་རེད།ཀྲུང་གོ་གུང་ཁྲན་ཏང་གི་མི་རིགས་སྲིད་ཇུས་དང༌།ཆོས་ལུགས་སྲིད་ཇུས་ནི་དངོས་ཐོག་བདེན་འཚོལ་དང༌།ལོ་རྒྱུས་དངོས་གཙོ་སྨྲ་བའི་སྲིད་ཇུས་ཡིན་སྟབས་དེ་ལག་ལེན་མཐར་ཕྱིན་པ་བསྟར་དགོས་ན།ལག་ལེན་བསྟར་མཁན་གྱི་མི་ཚང་མས་ཆོས་ལུགས་མི་སྣ་དང༌།ཆོས་ལུགས་བསམ་བློའི་དོན་གནད་ཐད་ལ་འཛིན་པའི་རྣམ་འགྱུར་ཡང་དག་པ་ཞིག་དགོས་པ་དང༌།ཆོས་ལུགས་ཁག་གི་མཚན་ཉིད་རིག་པར་གོ་བ་གཏིང་ཟབ་ལོན་པ་བྱས་ཐོག་དེ་དང་མཐུན་པའི་དངོས་གཙོ་སྨྲ་བའི་སྲིད་ཇུས་ལག་ལེན་བསྟར་དགོས་ཀྱི་རེད།བྱ་བ་དང་དངོས་པོ་རྣམས་ཀྱི་འབྱུང་རྐྱེན་དང༌།ཆོས་ཉིད།གནས་ཚུལ་བཅས་ཞིབ་ཕྲ་ཤེས་རྟོགས་མ་བྱུང་ན་རང་ཉིད་ཀྱི་ལག་ལེན་དེ་མུན་འཐོམས་ཀྱི་ལག་ལེན་དུ་འགྱུར་འགྲོ་བ་དེ་དང་འདྲ་བར་ལོ་ངོ་སྟོང་ཕྲག་མང་པོར་མིའི་བསམ་བློར་ཤུགས་རྐྱེན་གཏིང་ཟབ་ཐེབས་པའི་ཆོས་ལུགས་བསམ་བློའི་དོན་གནད་དེར་དངོས་གཙོ་སྨྲ་བའི་ལྟ་ཚུལ་བཟུང་ནས་སྲིད་ཇུས་ལག་ལེན་བསྟར་མཁས་པོ་ཞིག་ཡོང་བ་བྱེད་དགོས་ན།དངོས་སུ་ལག་ལེན་བྱེད་མཁན་གྱི་མིས་ཆོས་ལུགས་ཁག་གི་མཚན་ཉིད་རིག་པ་ལ་གོ་བ་གཏིང་ཟབ་ལོན་པ་བྱེད་དགོས།དེར་བརྟེན་ངས་སངས་རྒྱས་ཆོས་ལུགས་ཀྱི་མཚན་ཉིད་རིག་པ་དང་འབྲེལ་བ་ཡོད་པའི་དོན་གནད་ཁ་ཤས་དཔྱད་གཞིར་བཤད་རྒྱུ་གཤམ་གསལ།

1 སེམས་གཙོ་སྨྲ་བའི་མཚན་ཉིད་རིག་པའི་ནང་དངོས་གཙོ་སྨྲ་བའི་ལྟ་ཚུལ་མང་པོ་འདྲེས་ནས་ཡོད་པ།

འཇིག་རྟེན་ཐོག་གི་བྱ་བ་དང་དངོས་པོ་ཚང་མར་ཕྱིའི་སྣང་ཚུལ་དང་ངོ་བོ་གཉིས་ཡོད་པའི་ནང་ནས་ངོ་བོ་ངོ་མ་དེ་ངོས་འཛིན་བྱེད་སྐབས་རང་རང་སོ་སོའི་ཕྱིའི་སྣང་ཚུལ་བརྒྱུད་ནས་ངོས་འཛིན་བྱེད་པ་མ་གཏོགས།ཕྱིའི་སྣང་ཚུལ་དེ་མ་བརྒྱུད་པར་ངོ་བོ་ངོ་མ་དེ་ངོས་འཛིན་བྱེད་མི་ཐུབ།ཕྱིའི་སྣང་ཚུལ་དེ་ནི་ངོ་བོ་མཚོན་པའི་མཚོན་རྟགས་ཡིན་པས།དེ་ལ་མཚན་མ་ཟེར་ཞིང༌།སྣང་ཚུལ་དེ་ལ་ངེས་ཅན་གྱི་ངོ་བོ་དང་ཆོས་ཉིད་ཅིག་ཡོད་པས།དེ་འདྲའི་མཚན་མ་དང༌།ཆོས་ཉིད་གཉིས་ཟུང་དུ་འབྲེལ་ནས་བརྟག་དཔྱད་བྱ་ཐབས་ཀྱི་རིག་པ་དེ་ལ་མཚན་ཉིད་རིག་པ་ཞེས་པའི་མིང་བཏགས་པ་རེད།དེ་འདྲའི་མཚན་ཉིད་རིག་པ་ལ་བྱ་དངོས་སོ་སོའི་གནས་ཚུལ་དངོས་དང་མཐུན་པའི་མཚན་ཉིད་རིག་པ་ཞིག་དང༌།གནས་ཚུལ་དངོས་དང་མི་མཐུན་པའི་མཚན་ཉིད་རིག་པ་གཉིས་ཡོད་པས་དང་པོ་དེ་ལ་དངོས་གཙོ་སྨྲ་བ་ཟེར་ཞིང༌།རྗེས་མ་དེ་ལ་སེམས་གཙོ་སྨྲ་བ་ཟེར།མཚན་ཉིད་རིག་པ་དེ་གཉིས་ཀྱང་ཕྱི་རོལ་ཡུལ་གྱི་སྣང་ཚུལ་དངོས་དེ་གཞིར་བཟུང་ནས་རང་རང་སོ་སོའི་རིགས་པའི་གཞུང་ལུགས་ཤིག་བཏོན་པ་ཡིན་པ་ལས།སྣང་ཚུལ་དངོས་དང་ཁ་བྲལ་ནས་རང་བཟོ་བྱེད་མི་ཐུབ།དངོས་གཙོ་སྨྲ་བའི་མཚན་ཉིད་རིག་པས་བྱ་དངོས་དེའི་སྣང་ཚུལ་བརྒྱུད་ནས་ངོ་བོ་ངོ་མ་ཡང་དག་པར་མཚོན་ཐུབ་ཀྱི་ཡོད་པ་དང༌།སེམས་གཙོ་སྨྲ་བའི་མཚན་ཉིད་རིག་པས་སྣང་ཚུལ་བརྒྱུད་ནས་ངོ་བོ་ངོ་མ་ཡང་དག་པར་མཚོན་མི་ཐུབ།མཚན་ཉིད་རིག་པ་གོང་འཕེལ་འགྲོ་བའི་གོ་རིམ་ནང་དངོས་གཙོ་སྨྲ་བ་དང༌།སེམས་གཙོ་སྨྲ་བ་འདྲེས་ནས་འཕེལ་རྒྱས་འགྲོ་བ་དང༌།ཕན་ཚུན་འཐབ་རྩོད་བྱས་པ་བརྒྱུད་རིམ་བཞིན་གོང་མཐོར་འགྲོ་བ་མ་གཏོགས་ཕན་ཚུན་མ་འདྲེས་པ་དང༌།ཕན་ཚུན་འཐབ་རྩོད་མ་བྱས་པར་ཁེར་རྐྱང་རང་ཚུགས་སུ་གནས་པའི་སྒོ་ནས་འཕེལ་རྒྱས་དང༌།གོང་མཐོར་འགྲོ་མི་ཐུབ།དེའི་རྒྱུ་མཚན་ནི་མིའི་རིགས་ཀྱི་སྤྱི་ཚོགས་དང༌།འཇིག་རྟེན་ཐོག་གི་སྣང་ཚུལ་སྣ་ཚོགས་པ་དེ་ཚོའི་ནང་ནས་འགའ་ཞིག་ནི་ངོ་བོ་ངོ་མ་མཚོན་པའི་སྣང་ཚུལ་ཡིན་པ་དང༌།འགའ་ཞིག་ནི་ངོ་བོ་ངོ་མ་བསྒྲིབས་པའི་སྣང་ཚུལ་རྫུན་མ་ཞིག་ཡིན་ཞིང༌།སྣང་ཚུལ་རྫུན་མ་དང་ངོ་མ་གཉིས་རྟག་པར་མཉམ་དུ་འདྲེས་ནས་ཡོད་པས།སྣང་ཚུལ་རྫུན་མ་དེ་གཞིར་བཟུང་ནས་བཟོས་པའི་རིགས་པའི་གཞུང་ལུགས་དེ་སེམས་གཙོ་སྨྲ་བ་ཡིན་པ་དང༌།སྣང་ཚུལ་ངོ་མ་གཞིར་བཟུང་ནས་བཟོས་པའི་རིགས་པའི་གཞུང་ལུགས་དེ་དངོས་གཙོ་སྨྲ་བ་རེད།དེང་སྐབས་མི་འགའ་ཞིག་གིས་སེམས་གཙོ་སྨྲ་བ་དང་དངོས་གཙོ་སྨྲ་བའི་ཁྱད་པར་དེ།སེམས་གཙོ་སྨྲ་བས་སེམས་ཨང་དང་པོ་དང༌།དངོས་པོ་ཨང་གཉིས་པ་ཡིན་པར་ཁས་ལེན་གྱི་ཡོད་ཅེས་གསལ་བ་དེ་ཡང་དག་པ་མིན།སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་རིགས་མི་འདྲ་བ་མང་པོ་ཡོད་པ་སུས་ཀྱང་སེམས་དེ་དང་པོར་བྱུང་བ་དང༌།དངོས་པོ་དེ་རྗེས་སུ་བྱུང་བ།དངོས་པོ་ཚང་མ་སེམས་ཀྱིས་བཟོས་པ་ཡིན་ཟེར་མཁན་རྒྱ་གར་དང༌།རྒྱ་ནགབོད་གང་དུའང་མེད།རྒྱ་གར་དང༌།རྒྱ་ནག་ཏུ་བྱུང་བའི་སེམས་ཙམ་པའི་གྲུབ་མཐའ་ལའང་དེ་འདྲ་མེད།བོད་ཀྱི་སངས་རྒྱས་ཆོས་ལུགས་ཀྱི་གཞུང་གང་དུའང་དེ་འདྲ་མེད།ས་སྐྱའི་ཆོས་ལུགས་དང༌།བཀའ་བརྒྱུད་ཆོས་ལུགས་ཀྱི་བླ་མ་གོང་མ་ཚོས་མཛད་པའི་མགུར་དང་རྩོམ་ཡིག་གི་ནང་སྣང་བ་ཐམས་ཅད་སེམས་ཡིན་གསུངས་པ་དང༌།འཁྲུལ་སྣང་ཚང་མ་སེམས་ལས་བྱུང་ཞེས་གསལ་བ་དེ་ནི།སེམས་དེ་དང་པོ་བྱུང་བ་དང༌།དངོས་པོ་དེའི་རྗེས་སུ་བྱུང་བའི་གོ་དོན་རྩ་བ་ནས་མིན།དེ་ནི་དངོས་པོ་དེ་འགྱུར་བ་མེད་པ་དང༌།དངོས་པོ་དེ་རྒྱུ་རྐྱེན་གང་ལའང་མ་ལྟོས་བར་རང་ཚུགས་ཁེར་རྐྱང་དུ་གནས་པའི་འཆར་སྣང་ཞིག་ཡོང་གི་ཡོད་པ་དེ་རང་ཉིད་ཀྱི་ངོས་འཛིན་ཡང་མ་དག་པ་ལ་བརྟེན་ནས་བྱུང་བ་མ་གཏོགས།རང་ལ་འཆར་སྣང་བྱུང་བ་ལྟར་དོན་དངོས་སུ་ཡོད་པ་ཞིག་མིན།

གལ་ཏེ་འཆར་སྣང་ཡང་མ་དག་པ་དེ་རང་གི་ངོས་འཛིན་ཡང་མ་དག་པ་ལ་བརྟེན་ནས་བྱུང་བ་མ་གཏོགས་དོན་དངོས་ཁོ་རང་གི་སྟེང་དུ་དེ་འདྲ་ཡོད་པ་ལ་བརྟེན་ནས་བྱུང་བ་མིན།རང་ལ་ནོར་འཁྲུལ་གྱི་འཆར་སྣང་བྱུང་བ་དོན་དངོས་དང་མི་མཐུན་པའི་འཆར་སྣང་ཡིན་པར་བརྟེན་འཆར་སྣང་བྱུང་བ་ལྟར་དོན་དངོས་སུ་མེད།ནོར་འཁྲུལ་གྱི་འཆར་སྣང་དེ་རང་གི་བསམ་བློའི་ངོས་འཛིན་ཡང་མ་དག་པ་ལ་བརྟེན་ནས་བྱུང་བ་ཞིག་རེད་ཞེས་གསུངས་པ་རེད།

འདིར་དཔེ་ཞིག་བཤད་ན།ཐག་པ་ཁྲ་བོ་ཞིག་འཁྱིལ་ནས་ཡོད་པའི་སྟེང་དུ་མུན་པ་ཅུང་ཟད་བབས་པའི་སྐབས།དེ་སྔོན་ལ་སྦྲུལ་ཁྲ་བོ་མཐོང་མྱོང་བའི་མི་ཞིག་གིས་གློ་བུར་དུ་མཐོང་ན།འདི་སྦྲུལ་ཡིན་ནོ་སྙམ་ནས་འཇིགས་སྣང་སྐྱེ་བ་དེ།སྦྲུལ་དང་འདྲ་བའི་ཐག་པ་ཁྲ་བོ་དེ་ཆ་རྐྱེན་ངེས་ཅན་ཞིག་གི་འོག་སྦྲུལ་ཁྲ་བོ་ཡིན་པའི་འཁྲུལ་སྣང་ཡོང་ཐུབ་ཅིང༌།འཁྲུལ་སྣང་དེ་མི་དེས་སྔར་སྦྲུལ་ཁྲ་བོ་མཐོང་མྱོང་བའི་མྱོང་ཚོར་དེ་ལ་བརྟེན་ནས་རང་སེམས་ཀྱིས་བཟོས་པ་ཞིག་ཡིན།དེ་སྔོན་སྦྲུལ་ཁྲ་བོ་དངོས་སུ་མཐོང་མ་མྱོང་བའི་མིས།གོང་གསལ་འཆར་སྣང་དང་བསམ་ཚུལ་ཡོང་མི་ཐུབ།དེར་བརྟེན་བྱ་དངོས་ཐོག་གི་སྣང་ཚུལ་རྫུན་མ་ལ་ངོ་མར་འཁྲུལ་བའི་འཆར་སྣང་གང་བྱུང་བ་ཚང་མ་བྱ་དངོས་ཐོག་གི་སྣང་ཚུལ་རྫུན་མ་ལ་བརྟེན་ནས་བྱུང་ཡང༌།སྣང་ཚུལ་རྫུན་མ་དེ་བསམ་བློ་ཡང་མ་དག་པའི་འབྱུང་རྩ་མ་ཡིན་པར།དེའི་འབྱུང་རྩ་ངོ་མ་ནི་རྫུན་མ་དེ་ངོ་མར་འཁྲུལ་བའི་ནོར་འཁྲུལ་གྱི་བསམ་བློ་དེ་ཡིན།དེ་འདྲའི་བསམ་བློ་དེ་ནོར་འཁྲུལ་ཡིན་པའི་རྒྱུ་མཚན་ཡང༌།བསམ་བློ་དེར་བྱུང་བའི་འཆར་སྣང་དེ་དོན་དངོས་དང་མི་མཐུན་པ་དེར་ཐུག་ཡོད།གལ་ཏེ་བསམ་བློ་ཡང་མ་དག་པའི་འཆར་སྣང་དེ་ཡང་དོན་དངོས་ལ་བརྟེན་ནས་བྱུང་བ་ཡིན་ན།འཆར་སྣང་དེ་དོན་དངོས་དང་མཐུན་པའི་འཆར་སྣང་ཞིག་ཡིན་དགོས་ཟེར།གོང་གསལ་གྱི་ཤོད་སྟངས་དེར་ངས་བལྟས་ན་དངོས་གཙོ་སྨྲ་བ་ཡིན་པ་ལས།སེམས་གཙོ་སྨྲ་བ་མིན།

2 དེ་དང་འདྲ་བར་སྟོང་པ་ཉིད་ཟེར་བ་ཡང༌།ཕྱི་རོལ་ཡུལ་དུ་དངོས་སུ་ཡོད་པའི་དངོས་པོ་ཚང་མ་རང་རང་སོ་སོའི་རྒྱུ་དང་རྐྱེན་ལ་བརྟེན་ནས་བྱུང་བ་མ་གཏོགས།ཁེར་རྐྱང་རང་ཚུགས་སུ་བྱུང་བའི་དངོས་པོ་གཅིག་ཀྱང་མེད་པ་དེ་ལ་སྟོང་པ་ཉིད་ཟེར་བ་ལས།དངོས་སུ་ཡོད་པའི་དངོས་པོ་ཚང་མ་གང་ཡང་མེད་པའི་སྟོང་པ་ཡིན་པར་ཁས་ལེན་པའི་སངས་རྒྱས་ཆོས་ལུགས་པ་རྒྱ་གར་དང༌།རྒྱ་ནགབོད་གང་དུའང་མེད།སངས་རྒྱས་ཆོས་ལུགས་པས་རང་བཞིན་གྱིས་བྱུང་བ་མེད་ཟེར་བའི་གོ་དོན་དང༌།དེང་སང་རང་བཞིན་གྱིས་བྱུང་བ་ཡོད་ཟེར་བའི་གོ་དོན་གཉིས་རྩ་བ་ནས་མི་འདྲ།སངས་རྒྱས་ཆོས་ལུགས་པས་རང་བཞིན་གྱིས་བྱུང་བ་མེད་ཟེར་བའི་གོ་དོན་ནི་བྱ་དངོས་ཚང་མ་རྒྱུ་དང་རྐྱེན་ལ་བརྟེན་ནས་བྱུང་བ་མ་གཏོགས།རྒྱུ་དང་རྐྱེན་ལ་མ་ལྟོས་པར་རང་བཞིན་གྱིས་བྱུང་བ་མེད་ཟེར་བའི་དོན་ཡིན་པས།དེ་ཡང་དངོས་གཙོ་སྨྲ་བའི་ལྟ་བ་ཡིན་ཅིང༌། དེང་སང་རང་བཞིན་གྱིས་བྱུང་བ་ཡོད་ཟེར་བའི་གོ་དོན་ནི་མིས་བཟོས་པ་ལ་ལྟོས་མི་དགོས་པར་རང་བཞིན་གྱིས་བྱུང་བ་ཡོད་པའི་དོན་ཡིན་པས་དེ་ཡང་དངོས་གཙོ་སྨྲ་བའི་ལྟ་བ་རེད།ལྟ་བ་དེ་གཉིས་ཚིག་ཐོག་ནས་འགལ་བ་ཡོད་ཀྱང་དོན་གྱི་འགལ་བ་མེད་པར་མ་ཟད།དོན་དངོས་དང་མཐུན་གྱི་ཡོད་པ་རེད།

3 སངས་རྒྱས་ཆོས་ལུགས་པས།མཐར་ཐུག་པའི་བདེན་པ་ཡོད་ཟེར་བ་ཡང་དངོས་གཙོ་སྨྲ་བ་ཡིན།ཁོ་ཚོས་བདེན་དོན་ངོ་མ་ཞིག་ཡིན་ཕྱིན།ལུང་པ་གང་འདྲ་ཞིག་དང༌།དུས་ཚོད་གང་འདྲ་ཞིགགནས་ཚུལ་གང་འདྲ་ཞིག་གི་འོག་ཏུ་ཡང་སྤྱི་ཚོགས་ཐོག་གི་མི་ཆེས་མང་ཆེ་བས་ཁས་ལེན་པ་དེ་ནི་མཐར་ཐུག་གི་བདེན་དོན་ཡིན།དཔེར་ན།ཉེས་པ་མེད་པར་ཞྭ་མོ་གཡོགས་པ་དང༌།ཉེས་པ་མེད་པར་མི་གསོད་པ།མི་གཞན་གྱི་རྒྱུ་ནོར་འཕྲོག་པ་སོགས་ནི་བྱ་སྤྱོད་ངན་པ་ཡིན་པ་དང༌།རང་དོན་དོར་ནས་གཞན་དོན་སྒྲུབ་པ།སྐད་ཆ་དྲང་པོ་ཤོད་པ།ལས་ཀ་དྲང་པོ་བྱེད་པ།བདེན་པ་ཡོད་པའི་མི་ལ་རྒྱབ་སྐྱོར་བྱེད་པ་སོགས་ནི་བྱ་སྤྱོད་བཟང་པོ་ཡིན་པ་བཅས་ནི་དུས་སྐབས་གང་འདྲ་ཞིག་དང༌།གནས་ཚུལ་གང་འདྲ་ཞིག་གི་འོག་ཏུ་ཡང་སྤྱི་ཚོགས་ཐོག་གི་མི་ཆེས་མང་ཆེ་བས་ཁས་ལེན་པའི་བདེན་དོན་ཞིག་ཡིན་ཅིང༌།བདེན་དོན་དེ་ལ་འགྱུར་བ་ནམ་ཡང་ཡོང་མི་སྲིད་པས།མཐར་ཐུག་པའི་བདེན་དོན་ཡིན་ཟེར་གྱི་ཡོད།དེ་ཡང་དངོས་ཡོད་གནས་ཚུལ་དང་མཐུན་པའི་དངོས་གཙོ་སྨྲ་བ་ཡིན།

4 མི་ཞིག་ཚད་ལྡན་ཡིན་དང་མིན་གྱི་ཚད་གཞི་དེ་མི་དེ་ལ་རྒྱབ་སྐྱོར་བྱེད་མཁན་མང་ཉུང་ཐོག་ནས་བལྟ་རྒྱུ་མེད་པར།མི་དེས་བཤད་པའི་སྐད་ཆ་དེ་དང་བསམ་བློ་དེ་དངོས་ཡོད་གནས་ཚུལ དང་མཐུན་ན་མི་དེ་ཚད་ལྡན་ཡིན་པ་དང༌།དེ་མིན་ན་ཚད་ལྡན་མིན།དེར་བརྟེན་སྐབས་རེ་མི་མང་ཆེ་བས་བཤད་པ་དེ་དངོས་ཡོད་གནས་ཚུལ་དང་མཐུན་པ་དང༌།སྐབས་རེ་མི་ཉུང་ཤས་ཀྱིས་བཤད་པ་དེ་དངོས་ཡོད་གནས་ཚུལ་དང་མཐུན་པ་ཡོང་གི་ཡོད་པས།སུས་བཤད་པའི་སྐད་ཆ་དེ་དང་བསམ་བློ་དེ་དངོས་ཡོད་གནས་ཚུལ་དང་མཐུན་ན་མི་དེ་ཚད་ལྡན་རེད་ཟེར།ཤོད་སྟངས་དེ་ཡང་དོན་དངོས་དང་མཐུན་པ་ཞིག་རེད།

5 ཡང་སྒོས་སངས་རྒྱས་ཆོས་ལུགས་ཀྱི་ནང་ནས་ཐེག་པ་ཆེན་པོའི་ཆོས་ལུགས་ཀྱི་ནང༌།བྱ་སྤྱོད་ངན་པ་ཚང་མ་མི་རང་རང་སོ་སོའི་སྒེར་སེམས་ལ་བརྟེན་ནས་བྱུང་བ་རེད།སྒེར་སེམས་མེད་པའི་མི་ལ་བྱ་སྤྱོད་ངན་པ་གཏན་ནས་མེད་ཟེར་བ་དེ་ཡང་དངོས་གཙོ་སྨྲ་བ་རེད།གང་ཡིན་ཟེར་ན།ཁོ་ཚོས་འདི་འདྲ་ཤོད་ཀྱི་ཡོད་པ་སྟེ།འཇིག་རྟེན་ཐོག་གི་བྱ་སྤྱོད་ངན་པ་ཚང་མ་སྒེར་སེམས་ལ་བརྟེན་ནས་བྱུང་བ་ཡིན་པ་དཔེར་ན།རྐུན་མ་རྐུ་བ་དང༌།མི་གསོད་པ།རྫུན་ཤོད་པ།དབྱེན་སྦྱོར་དཀྲུག་ཤིང་བྱེད་པ།འཛིང་རེས་བྱེད་པ།རྒྱུ་ནོར་འཕྲོག་པ།མགོ་སྐོར་བསླུ་བྲིད་བྱེད་པ་སོགས་ཚང་མ་རང་གི་ཁེ་ཕན་བློས་མ་བཏང་བ་ལ་བརྟེན་ནས་བྱུང་བ་ཤ་སྟག་ཡིན་པས་དེ་དག་ཡོང་སའི་རྩ་བ་རང་ཉིད་ལ་ཡོད་པའི་སྒེར་སེམས་དེ་གཏོར་ཐུབ་ན་བྱ་སྤྱོད་ངན་པ་དེ་ཚོ་ཡོང་དོན་མེད།སྒེར་སེམས་དེ་མེད་པ་བཟོ་བ་ཧ་ཅང་གིས་ཁག་པོ་ཡིན་པས།ཐོག་མར་གོམ་པ་དང་པོར།མི་རྣམས་ཀྱི་བྱ་སྤྱོད་ངན་པ་བཀག་འགོག་བྱ་རྒྱུ་དང༌།མི་རྣམས་རང་རྟོགས་ཡོད་པའི་སྒོ་ནས་བྱ་སྤྱོད་བཟང་པོ་ལྡན་པ་ཞིག་ཏུ་འགྱུར་ལྡོག་ཡོང་ཆེད།བཙན་ཤེད་ཀྱི་རང་བཞིན་ལྡན་པའི་སྤྱི་ཚོགས་ཀྱི་སྒྲིག་ཁྲིམས་དང༌།སློབ་གྲྭའི་སྒྲིག་ཁྲིམས།ཆོས་ལུགས་ཀྱི་སྒྲིག་ཁྲིམས་བཅས་སྒྲིག་ཁྲིམས་ཁག་གསུམ་ལ་བརྟེན་ནས་མི་རྣམས་གཅུན་ཏེ་བྱ་སྤྱོད་ངན་པ་བཀག་འགོག་བྱེད་དགོས།དེ་ནས་གོ་རིམ་གཉིས་པ་ལ་བསམ་བློའི་ཐོག་ནས་སློབ་གསོ་བྱ་རྒྱུ་སྟེ།བྱ་སྤྱོད་ངན་པ་དེ་ཚོའི་གནོད་སྐྱོན་དང༌།བྱ་སྤྱོད་བཟང་པོའི་དགེ་མཚན་བཤད་དེ་དངོས་ཡོད་ཀྱི་མིག་དཔེ་བསྟན་ན།མི་རྣམས་རང་རྟོགས་དང་རང་འགུལ་ཐོག་ནས་སྒྲིག་ཁྲིམས་སྲུང་མཁན་ཞིག་ཏུ་འགྱུར་ལྡོག་ཡོང་ཐུབ།གོམ་རིམ་གསུམ་པ་ལ་བྱ་སྤྱོད་ངན་པ་དེ་ཚོའི་འབྱུང་རྩ་སྒེར་སེམས་ཡིན་པས་དེ་མེད་པ་བཟོ་བའི་སློབ་གསོ་བྱ་རྒྱུ་ཡིན།དེ་ལ་དུས་ཡུན་ཧ་ཅང་རིང་པོ་དགོས་ཤིང༌།དེ་ལ་ཚད་ཡོད་པའི་སྒེར་གྱི་ཁེ་ཕན་ལ་ལྟ་རྟོག་དང༌།སྲུང་སྐྱོབ།ཚད་མེད་པའི་སྒེར་གྱི་ཁེ་ཕན་བཀག་འགོག་བྱས་ཏེ་རིམ་བཞིན་མི་རྣམས་སྒེར་སེམས་ཆུང་དུ་སོང་ནས་མཐར་སྒེར་སེམས་མེད་པའི་མི་ཞིག་ཏུ་འགྱུར་ཐུབ་པ་དང༌།མི་ཚང་མ་སྒེར་སེམས་མེད་པའི་མི་ཞིག་ཏུ་གྱུར་མཚམས་སྤྱི་ཚོགས་དེ་ཆེས་བདེ་སྐྱིད་ལྡན་པ་དང༌།དཔལ་འབྱོར་ཕུན་སུམ་ཚོགས་ཤིང་དམག་འཁྲུག་མེད་པ་ཞིག་ཏུ་འགྱུར་ཐུབ་ཅེས་ཤོད་ཀྱི་ཡོད།དེ་ཡང་དོན་དངོས་དང་མཐུན་པའི་དངོས་གཙོ་སྨྲ་བ་རེད།དེར་བརྟེན་སངས་རྒྱས་ཆོས་ལུགས་ཀྱི་རིགས་པའི་གཞུང་ལུགས་ནང་སེམས་གཙོ་སྨྲ་བ་དང་དངོས་གཙོ་སྨྲ་བ་གཉིས་ཀ་འདྲེས་ནས་ཡོད་པའི་དཔེ་མང་པོ་བཤད་རྒྱུ་ཡོད་པས་སངས་རྒྱས་ཆོས་ལུགས་ཀྱི་མཚན་ཉིད་རིག་པ་ལ་ཞིབ་འཇུག་དང་བརྟག་དཔྱད་བྱེད་རིན་ཡོད་པ་ཞིག་ཡིན་པ་དང༌།ཞིབ་འཇུག་བྱས་པ་བརྒྱུད་ནས་སངས་རྒྱས་ཆོས་ལུགས་ཀྱི་བསམ་བློ་དེས་ལོ་ངོ་སྟོང་ཕྲག་གཉིས་ལྷག་ཙམ་རིང་མི་རྣམས་ཀྱི་བསམ་བློར་བག་ཆགས་གཏིང་ཟབ་ཡོང་བའི་རྒྱུ་རྐྱེན་གང་ཡིན་དང་དེང་སང་ཚན་རིག་དར་རྒྱས་ཆེ་བའི་རྒྱལ་ཁབ་ནང་དུ་ཡང་ད་དུང་མུ་མཐུད་ནས་གནས་ཐུབ་པའི་རྒྱུ་མཚན་གང་ཡིན་གསལ་པོར་ཤེས་ཐུབ་པ་མ་ཟད།མི་རྣམས་ཀྱི་བསམ་བློའི་དོན་གནད་ཡིན་པའི་ཆོས་ལུགས་ཀྱི་བྱ་སྤྱོད་དང་བསམ་བློར་ལྟ་སྟངས་ཡང་དག་པ་དང༌།སྲིད་ཇུས་ཡང་དག་པ་གང་འདྲ་འཛིན་དགོས་མིན་ཡང་གསལ་པོར་ཤེས་ཐུབ་རྒྱུ་རེད།འདིར་ངས་ལོ་ངོ་སུམ་ཅུ་ལྷག་ཙམ་རིང་སངས་རྒྱས་ཆོས་ལུགས་ལ་ཞིབ་འཇུག་བྱས་པའི་ལྟ་ཚུལ་ཁག་གཅིག་ཐེངས་དང་པོར་དཔྱད་གཞིའི་ཚུལ་དུ་བྲིས་པ་ཡིན་པས།གཟིགས་པ་པོ་རྣམས་ཀྱིས་སྐྱོན་བརྗོད་དང༌། ལེགས་བཅོས་ཀྱི་དགོངས་འཆར་ལྷུག་པོར་གནང་རོགས་ཞུ་རྒྱུ་བཅས།།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 

དྲ་བའི་སྦྲེལ་ཐགhttp://www.tb1025.cn  


བརྒྱུད་འགོད།