བོད་སོག་གི་སྐུ་སྐྱེའི་ལམ་ལུགས་སྐོར་ལ་དཔྱད་པ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-12-17 08:03:29     རྩོམ་པ་པོ།   རྗེ་ཚེ་ཏན་ཞབས་དྲུང་།    ཀློག་ཐེངས།  

སྟག་བླའི་སྐྱེ་སྤྲུལ་ཡིན་ནམ་མིན་ཡང་རུང་།

དེ་ཡི་མཚན་གྱི་དྲིལ་ཆུང་བཏགས་པ་ན།

རབ་བྱུང་སོ་ཐར་སྡོམ་པའི་སྒོ་མོ་ཆེའི།

འབབ་སྟེགས་མཐོན་པོར་ཚེགས་མེད་ཡུད་ཀྱིས་འཛེགས།

བླ་མ་ཡིན་ན་ཡོན་ཏན་ཡོད་དགོས་ཀྱི།

རྒྱ་བོད་རིགས་ལ་མཆོག་དམན་འབྱེད་པ་བླུན།

ཐང་རྒྱལ་དུས་ཀྱི་སློབ་དཔོན་ཧྱན་ཙང་དེ།  །{ཐང་སང་བླ་མ།}

ནཱ་ལེནྡྲ་ཡི་མཁན་པོར་བཞུགས་མིན་ནམ།

དུས་གསུམ་གསལ་ལེར་མཁྱེན་པའི་པཎྚི་ཏས།

མར་མེའི་བརྟག་པ་མཛད་ལ་སྙད་བཏགས་ནས།

བདག་ཉིད་ཁྱིམ་གྱི་བཙོན་ར་ལས་བཏོན་པའི།

གཞལ་དཀའི་བཀའ་དྲིན་ས་འདིའི་ཁུར་དུ་ལྕི།

ཞེས་བྱ་བ་ནི་བསླུ་མེད་རྟེན་ཅིང་འབྲེལ་འབྱུང་ལ་ཡིད་ཆེས་སྐྱེད་པའི་ཚིགས་བཅད་དོ།
འདིར་བོད་སོག་གི་སྐུ་སྐྱེའི་ལམ་ལུགས་སྐོར་ལ་སྔོན་བྱོན་དམ་པའི་གསུང་སྒྲོས་དང་འབྲེལ་བར་བདག་གི་རྗེས་སུ་འཇུག་པ་དག་ལ་ཕན་པའི་དོན་དུ་དཔྱད་པ་ཅུང་ཟད་བགྱིད་ན།རྒྱལ་བ་དགེ་འདུན་རྒྱ་མཚོ་ཡབ་ཀྱི་བང་ཐོགས་སྐབས་ནམ་མཁའི་དབྱིངས་ནས་འབྲུག་གྲགས་པ་གསན་ནས་ཡབ་ལ།ཕ་བློ་བཟང་གྲགས་པས་ཆོས་གསུངས་པ་འདྲ་བའི་སྒྲ་ཞིག་གོ་གསུངས་པར།ཡབ་ཀྱིས་ཕ་བློ་བཟང་གྲགས་པས་ཆོས་ཇི་ལྟར་གསུངས་དྲིས་པར།
འོ་ལགས་སོ།
བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ།
ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག
དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན།
བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བརྟེན།

ཞེས་གསུངས་པ་རེད་ཅེས་རྗེ་དགེ་འདུན་གྲུབ་པས་རྗེ་ཅོང་ཁ་བ་ལས་ཆོས་གསན་པ་རྗེས་སུ་དྲན་པ་དང་།ཡང་དགུང་ལོ་གསུམ་གྱི་དུས་ཡུམ་གྱིས་སྡིགས་མོ་བྱས་པར།ཁྱེད་རང་ང་ལ་མ་འཐབ་སྡིག་ཡོང་གསོལ་བ་ཐོབ་གསུངས།ཇི་ལྟར་འདེབས་ཞུས་པར།

དགོས་འདོད་ཀུན་འབྱུང་ནོར་བུ་བསམ་འཕེལ་ཁྱོད།

ཡོན་ཏན་ཐམས་ཅད་མ་བསླབས་ཐུགས་སུ་ཆུད།

ཐོས་བསམ་སྒོམ་པ་མཐར་ཕྱིན་གྲུབ་པ་བརྙེས།

འཕྲིན་ལས་རྒྱུན་མི་འཆད་ལ་གསོལ་བ་འདེབས།

འདི་ཐོན་གསུངས་ཏེ་སྐུ་ཚེ་དེ་ལ་ཚིགས་བཅད་རྩོམ་པའི་ཐོག་མ་ཡིན་ཞིང་།སྐུ་སྐྱེ་ཟེར་བ་འདི་འདྲའི་མཛད་པ་སྟོན་དགོས་པ་རེད།

དུས་ཕྱིས་སུམ་པ་པཎྚི་ཏ་ཡེ་ཤེས་དཔལ་འབྱོར་དགུང་ལོ་ཕྲ་མོའི་དུས་ཀུན་མཁྱེན་འཇམ་དབྱངས་བཞད་པར་མཇལ་ཁ་ཞུས་པར།ཁྱོད་སུ་ཡིན་ཞེས་དྲིས་པས་ང་བླ་མ་སེམས་པ་ཡིན་ཞེས་ལན་བཏབ།གང་ནས་འོངས་དྲིས་པས་རྒྱ་ནག་ནས་འོངས།རྐང་ཐང་ངམ་རྟ་ལ་ཞོན་གསུངས་པས་དེ་གང་ཡང་མ་ཡིན་པའི་འོང་ལུགས་སྣང་ཞུས་པ་ན།བར་དོ་བ་ཡིན་པས་དེ་བདེན་གསུངས་ནས་ཕྱག་མཛུབ་གཅིག་མནན།ཡང་བླ་མ་ཡིན་ན་སློག་པ་ཅི་ལ་གོན་ཞེས་པ་ན།འོ་ན་ཁྱོད་ཀྱིས་པགས་ཐུལ་ཅི་ལ་གྱོན་ཞུས་ཚེ་ཕྱག་མཛུབ་གཉིས་མནན།ཡང་བླ་མ་ཡིན་ན་ཆོས་ཤོད་ཆོས་ཐོན་གསུངས་ཚེ་བརྗེད་པ་མེད་དམ་ཞུས་པས་ཕྱག་མཛུབ་གསུམ་མནན་ནས་ང་ལ་འཁོར་གསུམ་སོང་བས་བྱིས་པ་ཤེས་རབ་ཅན་ཞིག་འོང་ཨ་ཙ་མ་གསུངས་ནས་མགོ་ལ་བྱུག་པ་མཛད།ཅེས་སུམ་པའི་རང་རྣམ་དུ་གསུངས་ཏེ་ལས་སྣང་མ་དག་པ་རྣམས་གོང་དུ་འདྲེན་པའི་སྐུ་སྐྱེ་འདི་འདྲ་བ་ཞིག་ཡིན་ན་སུ་ལ་ཡང་དད་པ་མི་སྐྱེ་བའི་རང་དབང་མེད་དོ།

འཇམ་དབྱངས་བཞད་པ་འཇིགས་མེད་རྒྱ་མཚོ་དགུང་ལོ་བཅུ་གཅིག་གི་དུས་སྨོན་ལམ་ཚོགས་དབུས་སུ་སྡེ་ཁྲི་རིན་པོ་ཆེ་ནས་མཎྜལ་བཤད་པ་ཞུས།དེའི་རྗེས་གསུང་འཕྲོས་སུ།ཁྱེད་ཀྱིས།ཀཱ་ལ་ཙཀྲ་མི་འགྱུར་བདེ་བའི་མཁར།།སོགས་དྲངས་ནས་ཤོམ་ཆེན་པོ་བྱེད་ཀི་ཨང་གསུངས།ཤོམ་ལོས་ཡོད།ངེད་ཚོ་མཛོད་དཀའ་རམས་ཀྱི་དགེ་བཤེས་རེད་མོད་ཅེས་རྩེད་མོ་ཞུས་པའི་ལན་དུ།ཆོག་གི་ཡ།ཅིག་ཉན་ཨེ་ཡོད་བསམས་ཀྱང་ད་ཅིག་ཉན་སོང་བ་རེད་གསུངས།གནས་ཚུལ་དེ་གུང་ཐང་རིན་པོ་ཆེར་ཞུས་པས།ཁོང་གིས་དེ་འདྲ་ཞིག་རེད།ངེད་ལན་གཅིག་སྐུ་མདུན་དུ་ཕྱིན་པར་དཔེ་སྣ་ཐུང་ཞིག་གཟིགས་ཀྱིན་འདུགཅི་རེད་ཞུས་པར།ངེད་ཀྱི་སྐུ་གོང་མའི་གསང་རྣམ་ཁྱེད་ཀྱིས་བརྩམས་པ་དེ་རེད་གསུངས།ངས་ཤུགས་ཕུད་ནས་བརྩམས་པ་ཡིན་ག་འདྲ་འདུག་ཞུས་པར།ད་དུང་གྱོང་གྱོང་བོར་ཡོད་ཀི་མོད་གསུངས།སྐྱབས་རྗེ་གོང་མས་ངེད་ཀྱི་རྩོམ་པ་ཁ་དམ་ཞིང་གྱོང་ཉམས་ཆེ་ཚུལ་གྱིས་མི་ལེགས་པའི་ཚུལ་ཡང་ཡང་གསུང་གི་ཡོད་ཅེས་རྣམ་གཉིས་ཐུགས་དད་ལྷག་པར་འཁྲུངས།ཞེས་ཀུན་མཁྱེན་འཇིགས་མེད་རྒྱ་མཚོའི་རྣམ་ཐར་སྟོད་ཆ་ཧོར་གཙང་ཁྲི་ཆེན་འཇིགས་མེད་བསྟན་པའི་ཉི་མས་བརྩམས་པ་ལས་འབྱུང་སྟེ།སྤྲུལ་བའི་སྐུ་ཟེར་བ་ནི་འདི་འདྲ་ཡིན་དགོས་པར་སྣང་ངོ་།

རྒྱལ་དབང་ལྔ་བའི་རང་རྣམ་དུ་ཀཱུ་ལའི་གོས་བཟང་དུ།བོད་ཡུལ་འདིར་རྒྱ་གར་དང་མི་འདྲ་བའི་བླ་མ་ལ་གདུང་བརྒྱུད་ཀྱིས་འཛིན་པ་དང་སྐྱེ་བས་འཛིན་པ་གཉིས་ཡོད་པ་ལས།དང་བོ་ནི་ས་སྐྱ་ཚང་གི་བདག་ཆེན་རིམ་བྱོན་ལྟར་ལུགས་གཉིས་ཀྱི་ཡོན་ཏན་རྣམས་ཕ་ཤུལ་བུ་འཇགས་ལྟ་བུས་བར་གསེང་མེད་ཅིང་བུ་སློབ་འཁོར་འབངས་རྣམས་བག་ཕེབས་པ་དང་།སྐྱེ་བས་འཛིན་པ་ནི་དེ་ལས་ལྡོག་སྟེ་བླ་མ་གྲོངས་པ་ལ་སེམས་ངལ་ཆེ་ཞིང་ཡུལ་གྲུ་ཆེ་གེ་མོ་ན་བྱིས་པ་ལ་ཕ་མ་སོགས་ཀྱིས་གཡོ་སྒྱུས་བཟོས་པ་འདྲ་ལ་ཚམ་ཚོམ་མེད་པར་བདག་ཏུ་བཟུང་བའི་བཞུགས་གྲལ་ལ་ཆུད་ངེས་དང་སྐྱེ་བོ་དུ་མའི་རི་བོང་གི་ཅལ་འདྲོག་ལ་བརྟེན་ཝ་སྐྱེས་སེང་གེར་བརྫུ་བའི་སྣང་ཚུལ་ཁོ་ནའོ།།ཞེས་གསུངས་པ་དང་།

སུམ་པའི་རང་རྣམ་ལས།སྔོན་བྱོན་ཤཱཀ་ཐུབ་རྒྱན་དྲུག་མཆོག་གཉིས་གྲུབ་ཆེན་བརྒྱད་ཅུ་ཁ་ཆེ་བལ་བོད་ཀྱི་པཎ་གྲུབ་མར་མི་བུ་སྟོན་ཙོང་ཁ་བ་ལྟ་བུ་ལ་སྐུའི་སྐྱེ་ཕྲེང་རྒྱ་མཚོའི་རླབས་ལྟར་ཡོལ་མེད་དུ་ཡོད་པ་གཞིར་བཅས་ཀྱང་།ཡུལ་དུས་དེར་སྤྲུལ་སྐུ་སྐུ་སྐྱེའི་དར་སོ་མེད་པས་སམ་ཞིང་གཞན་དུ་བྱོན་པ་ཅི་རིགས་ཀྱིས་སྔ་མའི་འཁྲུངས་ཡུལ་ཁོ་ནར་སྐུ་སྐྱེ་བྱོན་པའི་གཏམ་ཙམ་ཡང་མེད།དེ་ལྟ་ན་བོད་དུ་ཞབས་དྲུང་སྤྲུལ་སྐུ་སྐུ་སྐྱེའི་ཚུལ་མ་བཟུང་ཡང་བསྟན་དོན་དུ་བསམ་བཞིན་བྱོན་པ་མང་།དུས་ཕྱིས་དབུས་གཙང་མདོ་ཁམས་ཧོར་ཡུལ་དུ་རིམ་གྱིས་སྲོལ་དེ་དར་ནས།ཡུལ་ལུགས་ཚུལ་དུ་འབྱོར་ལྡན་ཕལ་ཆེར་གྱིས་གདན་འདྲེན།དེའི་ནང་ན་སྐྱེ་བའི་སྔོན་དང་སྐྱེ་དུས་དང་ཕྱིས་སུའང་ངོ་མཚར་བ་དང་།ཡུལ་མི་ལ་ལར་རྨི་ལམ་ངེས་འདྲོངས་བྱུང་བ་དང་།སྐྱེས་ནས་ཀྱང་རྟགས་མཚན་བཀྲ་ཤིས་པ་ཤར་བ་དང་།བླ་མ་ཆོས་སྐྱོང་གི་ལུང་བསྟན་ལ་དཔྱད་ལོག་དང་།བཅོས་སྐྱོར་མེད་པར་ངེས་འདྲོངས་བྱུང་བ་དང་།བྱིས་པ་དེས་ཀྱང་མངལ་གྲིབ་སོགས་མ་གོས་པར་སྨྲ་ཐུབ་མ་ཐག་ནས་སྔོན་གནས་རྗེས་དྲན་ཚུལ་དུ་སྔོན་མའི་གནས་དང་རྟེན་གསུམ་ངོས་འཛིན་དང་།བྱ་སྤྱོད་བཟང་བོའི་རྟགས་ལས་ནོར་སོ་མེད་པ་སྲིད་མཐའ་ཙམ་འགའ་ཞིག་བྱོན་པ་ནི་རྒྱལ་བ་ཡབ་སྲས་དང་ལྕང་སྐྱ་ལྟ་བུ་བྱུང་།

གཞན་ཆོས་མཐུན་གྱི་སྐྱེས་བུ་ཡིན་ཀྱང་འཇིག་རྟེན་གྱི་སྟོབས་འབྱོར་གྲགས་པ་ཧ་ཅང་མི་ཆེ་བ་དང་།ཟང་ཟིང་གི་དངོས་པོ་བདག་གིར་མི་བྱེད་ཅིང་གྲྭ་སློབ་འབྱོར་ལྡན་མེད་པ་དང་།མི་ལ་ལྟར་སྐུ་ཆས་སྲབ་པ་ཕལ་ཆེར་ལ་སྐུ་སྐྱེ་དཀོན་པར་སྣང་།ཡང་བླ་ཆེན་ཁ་ཅིག་སྣང་ངོར་ཡོན་ཏན་གསལ་ལམ་མི་གསལ་རུང་གྲྭ་སློབ་རྣམས་ཀྱིས་ལུང་བསྟན་ཞུ་ཡུལ་ལ་ཨུ་ཚུགས་བྱས་ནས་སྤྲུལ་སྐུ་བཙལ་བ་ལ།རྣལ་མ་ཡིན་པའང་སྲིད་ལ་ཕལ་ཆེར་མ་ངེས།གལ་ཏེ་སྔ་མ་དེའི་སྐྱེ་བ་མིན་ན་ལུང་བསྟན་བྱེད་མཁན་སོ་ཐར་སྡོམ་ལྡན་ཡིན་ན་ཉམས་རྒྱུར་འགྲོ་བ་དང་།སྔ་མ་དེའི་ལུང་གི་ཡོན་ཏན་བརྗེད་ཀྱང་རྟོགས་པའི་ཆོས་སྦྱོར་ལམ་དང་རྒྱུན་ཞུགས་ཐོབ་པ་ཡན་ཆད་ཡིན་ན་དེ་ཆེ་རུ་མ་སོང་ཡང་ཉམས་དོགས་མེད་མོད།ཁ་ཅིག་ལ་བློ་གསར་བ་ཞིག་གི་ཚོད་དུ་ཡང་མི་སླེབ་པ་དང་།ད་དུང་སྐྱོན་གྱི་གོང་བུར་གྱུར་ནས་དམ་པ་སྔ་མའི་ཞབས་འདྲེན་ནག་ཆང་སྨྱོ་སྤྱོད་ཁ་མཆུའི་མགོ་འདྲེན་བྱས་པས་སྐྱེས་བུ་མ་དག་པ་ཚོས་ལས་འབྲས་དང་ས་ལམ་སྐྱེ་རིམ་དང་།དེ་དག་ལས་ཉམས་མི་ཉམས་ཀྱི་ས་མཚམས་སོགས་ལ་ཐེ་ཚོམ་དང་སྒྲོ་སྐུར་དང་ཆོས་ལ་དབང་ཟ་བའི་སྡིག་པ་གསོག

ཡང་སྔར་གཤེགས་དེའི་རྒྱུས་ཡོད་པའི་ཕ་མ་འགས་སྔ་མ་དེ་མ་གཤེགས་གོང་ནས་སྐྱེས་པའི་བུ་ལ་རྫུན་གྱིས་དེའི་སྐྱེ་བ་ཡིན་པར་སྒྲོགས་པ་དང་།ཡང་ལ་ལས་སྐུ་སྐྱེ་གཞོན་དུས་འདས་པ་ན་དེ་དང་ལོ་མཉམ་རེ་དེའི་གོ་སར་འཇོག་པ་ནི་ནོར་རྫས་འགུགས་ཐབས་ཁོ་ན་ཡིན།ཞེས་ཡང་དག་པ་དང་ཡང་དག་པ་མ་ཡིན་པའི་ཚུལ་སོ་སོར་བཀར་ནས་ཁྱད་པར་ཕྱེ་བ་དང་།བརྟག་པ་བྱེད་པའི་ཐབས་ཀྱང་།རྒྱལ་དབང་ལྔ་བ་ནི་རྭ་སྒྲེང་གི་ཇོ་བོ་འཇམ་དཔལ་རྡོ་རྗེའི་དྲུང་དགེ་ལུགས་ཀྱི་བླ་མའི་བགྲེས་ཁ་བཀྲ་ཤིས་ལྷུན་པོའི་པཎ་ཆེན་རིན་པོ་ཆེ་དང་གླིང་སྨད་ཞབས་དྲུང་དཀོན་མཆོག་ཆོས་འཕེལ་གཉིས་ཀྱིས་ཟན་རིལ་བསྒྲིལ་བའི་ཐབས་ཀྱིས་ཐུགས་ཐག་བཅད་ཅེས་རང་རྣམ་ལས་གསུངས་པ་དང་།

པཎ་ཆེན་བསྟན་པའི་ཉི་མའི་རྣམ་ཐར་ལས།གོང་མ་ཆན་ལུང་གི་དུས་གོང་མ་ཆེན་པོས་བོད་སོག་གི་བླ་མའི་སྐྱེ་སྲིད་ངོས་འཛིན་བྱེད་སྐོར་ལ་སྔོན་དུས་འཁྲུལ་གཞི་སྣ་ཚོགས་བྱུང་བར་བརྟེན་ལྷ་ས་དང་།ཡུང་ཧྭ་གོན་དུ་གསེར་བུམ་རེ་གནང་ཡོད་པར་ཕྱིན་ཆད་བུམ་ནང་དུ་མིང་བྱང་བཅུག་ནས་བརྟག་པ་བྱེད་དགོས་ཀྱི་བཀའ་ཕབ།ཅེས་དང་།

འཇམ་དབྱངས་བཞད་པ་འཇིགས་མེད་རྒྱ་མཚོའི་རྣམ་ཐར་ལས།སྔར་གོང་མ་ཆན་ལུང་ནས་སྐུ་འབུམ་ཡན་ཆད་ཀྱི་བླ་སྤྲུལ་རྣམས་ལྷ་སའི་ཇོ་བོ་དང་།དེ་མན་ཆད་ཀྱི་བླ་སྤྲུལ་རྣམས་ཙན་དན་ཇོ་བོའི་མདུན་ནས་ཟན་སྒྲིལ་གྱིས་ཐག་གཅོད་དགོས་པར་བཀའ་བབས་ཡོད།ཅེས་པ་ལྟར་རྒྱལ་བ་དང་རྗེ་བཙུན་དམ་པ་སོགས་བླ་ཆེན་ཕལ་ཆེར་ཐག་གཅོད་བྱེད་སྐབས་གསེར་བུམ་དཀྲུགས་པའི་སྲོལ་དར།དཔེར་ན་རྒྱལ་བ་ལུང་རྟོགས་རྒྱ་མཚོ་ཐག་གཅོད་བྱེད་སྐབས་ལྷ་སའི་ཇོ་ཁང་དུ་གོང་མའི་འདྲ་ཐང་མདུན་གསེར་བུམ་ནང་ངོས་གཅིག་ལ་རྒྱ་ཡིག་དང་ངོས་གཅིག་ལ་བོད་ཡིག་འབྲུ་ཚ་བྲིས་པའི་བ་སོའི་བྱང་བུ་གསུམ་ལ་ཨམ་བྷན་ནས་དགུ་ཕྱག་སྔོན་དུ་བཏང་ནས་བུམ་ནང་དུ་བཅུག་སྟེ་ལི་ཐང་སྒྲོན་འདོགས་ཀྱི་ཁྱེའུ་ཐོན།ཅེས་པ་ལྟ་བུ་སྟེ་སྲོལ་འདི་རེ་ཞིག་གི་ཡུན་ལ་གནས་ཚོད་རེད།  ཕྱིས་སུ་རྒྱལ་བ་ཡབ་སྲས་སོགས་ལ་ཆོས་འཁོར་རྒྱལ་གྱི་ལྷ་མོའི་བླ་མཚོར་བརྟེན་ནས་ཐག་གཅོད་པའི་ཐབས་བླ་ན་མེད་པ་ཞིག་ཡོད་པར་སྣང་སྟེ་རྒྱུས་གསལ་མ་ངེས་སོ།

ཡང་དུ་ཀཱུ་ལར།སོག་པོའི་དཔོན་པོ་བུ་མང་བོ་ཡོད་པ་རྣམས་སྐུ་སྐྱེར་འགྲོ་བ་སྲོལ་ལ་འདུག་པས་ད་སྐབས་ངེད་ཀྱང་སྐུ་སྐྱེ་ཞིག་ཡིན་ནམ་གླེང་།ཞེས་དང་།ཁ་དཔེར།མེ་ཏོག་ཕལ་ཆེར་ཆུ་བོའི་འགྲམ་དུ་སྐྱེ།།བླ་མ་ཕལ་ཆེར་ཕྱུག་པོའི་བུ་ལ་འཁྲུངས།།ཞེས་པ་ལྟར་དུས་ཆེས་ཆེར་སྙིགས་པ་དང་བསྟུན་སྐུ་སྐྱེ་འཚོལ་བའི་སྲོལ་ག་བཟང་བོ་རྣམས་རིམ་གྱིས་ཉམས་ནས་རང་འདོད་གང་བྱུང་གིས་བླ་རྒན་རེ་གྲོངས་ན་སྤྲུལ་སྐུའམ་ཞབས་དྲུང་དང་།སྔགས་རྒན་རེ་གྲོངས་ན་སྐུ་ལོའམ་སྐུ་འབའ་ཞེས་གཅེས་མིང་བཏགས་པ་ཞིག་བཙལ་ནས་འདོན་ཆོག་ཙམ་ལས་ཡོན་ཏན་ཅི་ཡང་མི་སློབ་པར་ཟང་ཟིང་སྡུད་པའི་ཚོང་རྟེན་བྱེད་ཅི་ཐུབ་དང་།བླང་དོར་ལ་རྨོངས་པའི་སྐྱེ་བོ་རྣམས་བསླུ་གང་ཐུབ་བྱེད་པ་ནི་ངེས་པར་བསྟན་པ་ལ་གཅེས་པར་འཛིན་པ་ཞིག་གིས་བལྟས་ན་ཤིན་ཏུ་ཡ་ང་བའི་གནས་སོ།།དེའི་ཕྱིར་རྒྱལ་དབང་ལྔ་བས།

མི་ཤེས་གདོལ་བའི་ཕྲུ་གུ་དར་ཟབ་ཀྱིས།
ཕང་ཕུང་མཛེས་པར་བྱས་ཏེ་མཐོན་པོའི་ཁྲིར།
བླུན་པོའི་འཁོར་ཚོགས་དབུས་ན་འགྱིང་བ་ཡི།
བ་མོས་ཐུབ་བསྟན་པད་ཚལ་བཅོམ་གྱིས་དོགས།
ཆོས་སྤྱོད་བཅུ་ཡི་སྒྲུབ་པ་རྒྱབ་བོར་ནས།
ཁ་དྲག་དཔུང་དང་རྒྱུ་ནོར་གཡོ་ཁྲམ་གྱིས།
འགྲོ་བའི་ཕན་བདེ་སྒྲུབ་པར་རློམ་བྱེད་ན།
ཀུན་མཁྱེན་ཤཱཀྱའི་གཙོ་དེ་འཁྲུལ་བར་ངེས།
ཞེས་དང་།
ཚེ་འདིར་སྦྱངས་ཤིང་ཤེས་ལ་ཐ་མལ་ཟེར།
ཐོས་བྲལ་མ་བསླབས་སྐྱེས་བུ་དམ་པར་ལྟ།
གསེར་དང་སྣག་ཚ་བསྲེས་པའི་རྒྱལ་ཁམས་འདི།
ཡུལ་དབུས་ཟེར་ཡང་ཀླ་ཀློའི་གྲོང་ཁྱེར་འདྲ།
ཞེས་དང་།  
ལྕང་སྐྱ་རོལ་པའི་རྡོ་རྗེས།
བྱིས་པའི་དུས་ནས་ཐོས་བསམ་ལོང་མེད་པར།
དར་གོས་ཀྱིས་བཀླུབས་ཚོང་ཟོང་བཞིན་དུ་འགྲིམ།
དད་གཤིན་དཀོར་གྱི་ཟས་ལ་བག་མེད་སྤྱོད།
གནས་བརྟན་དགེ་འདུན་ཕྱག་དང་བསྙེན་བཀུར་ལེན།
ལྔ་བདོའི་སྐུ་སྐྱེ་རྣམས་ལ་ཐུགས་རྗེས་གཟིགས།
ཞེས་གསུངས་པས་མཚོན་དམ་པ་སོ་སོའི་གསུང་ན་འདི་འདྲ་བ་ཤིན་ཏུ་མང་བ་དང་།

ཨ་རིག་དགེ་བཤེས་ཆེན་མོ་སྐུ་འདའ་ཁར་སློབ་མ་རྣམས་ཀྱིས་སྐུ་སྐྱེ་འཁྲུལ་མེད་ཅིག་འབྱོན་པར་ཞུས་པ་ན་སྤྱིར་ཁོ་ལ་རང་དབང་ཞིག་ཡོད་ན་ཡིད་དགའ་ཆོས་འཛིན་དུ་འགྲོ་བས་སྐུ་སྐྱེ་མེད།གལ་ཏེ་དགོས་ན་བྱིས་པའི་དུས་སུ་ལམ་རིམ་དང་སྔགས་རིམ་གཉིས་བློ་ཐོག་ནས་ཤར་ཤར་འདོན་ཤེས་པ་ཙམ་དུ་མ་ཟད།ཁྱི་གཏུམ་པོས་དེད་ཀྱང་ཁ་ནས་མི་འཆད་པ་ཞིག་རྙེད་ན་ཁོའི་སྐུ་སྐྱེ་ཡིན།ཞེས་གསུངས་པ་རྣམས་ལ་ལྟོས་དང་བསྟན་འགྲོར་ཕན་པའི་མགོན་སྐྱབས་ཀྱི་སྐུ་སྐྱེ་ནི་ལས་སླ་བ་ཞིག་ག་ན་ཡིན།

ཕུར་ལྕོག་བྱམས་པ་རིན་པོ་ཆེས་འཁོར་སློབ་མང་བ་ལ་བཀའ་ཆོས་གསུང་སྐབས་ཤིག་འདི་ལྟར་གསུང་སྟེ།དུས་ངན་གྱི་སྐུ་སྐྱེ་ཚོ་སྐྱེ་བ་རེ་བླངས་ཀྱིན་ཇེ་ངན་དུ་འགྲོ་ཞེས་བཀྱོན།འཇམ་དབྱངས་བཞད་པ་ཕུད་ཅེས་ཀྱལ་ཀ་མཛད།ཅེས་ཀུན་མཁྱེན་འཇིགས་མེད་དབང་བོའི་རྣམ་ཐར་དུ་བཀོད་ཡོད་དོ།  །ངེས་པར་ཕལ་ཆེར་ཞིག་དེ་ཁོ་ན་ལྟར་རེད།

མྱི་རིང་སྔོན་མ་འདིར་བཱ་ཡན་སྟོད་ཀྱི་བླ་མ་ཞིག་ཡོན་བདག་ཁྱིམ་དུ་འགྲོ་དོན་ལ་ཕེབས་པར།བླ་མ་དེ་ལ་རྒྱུས་ཡོད་པའི་ཁྱིམ་བདག་རྒད་པོས་ཁོའི་བུ་ཆུང་བང་དུ་བཟུང་ནས་བླ་མ་དེ་ལ་འདི་སྐད་དུ།ཨ་ལགས་ཚང་།ངའི་བུ་ཚ་འདི་བླ་མ་ཞིག་གི་སྤྲུལ་སྐུ་རེད་པ།ཡ་ཐའི་དེ་ཡང་ཁོ་ལ་བྱིན།མ་ཐའི་དེ་ཡང་ཁོ་ལ་བྱིན།ཟེར་གི་འདུག་ཞུས་པས།བླ་མ་དེས་ཡོན་བདག་ལག་ནས་བརྣབ་སེམས་ཀྱི་ལྕགས་ཀྱུས་དངོས་རྫས་ཤིག་འགུགས་འདོད་པའི་རེ་བ་སྟོང་ཟད་དུ་བཏང་ཞེས་དགོད་བྲོ་བའི་ངག་སྒྲོས་དེ་ང་རང་ཆུང་དུས་ལན་གཅིག་མ་ཡིན་པར་རྣ་ཁུང་དུ་བབས་པ་ཞིག་ཡིན།དེའི་ཕྱིར་སློབ་རྒྱུའི་ཡོན་ཏན་མི་སློབ་པར།མི་སློབ་རྒྱུའི་ངན་གཡོ་བསླབས་ནས་སྐྱེ་བོ་ཐ་མལ་བ་སླུ་ཐུབ་པ་ན་བུ་སྐྱེས་སོང་སྙམ་པ་ནི་བདུད་ཀྱི་ཆོ་འཕྲུལ་གཟུགས་སུ་ཤར་བ་ཉིད་ཡིན་ནོ།

སངས་རྒྱས་སྐུ་ལ་ཆོས་ལོངས་སྤྲུལ་གསུམ་སྟེ།
སྤྲུལ་སྐུ་སངས་རྒྱས་ཁོ་ནའི་སྤྱོད་ཡུལ་ཡིན།
བདག་ཉིད་སྐུ་གསུམ་གྲངས་ལའང་རབ་རྨོངས་ན།
སྤྲུལ་སྐུ་འཁྲུལ་མེད་ཡིན་པ་མཐོལ་ལོ་བཤགས།
འོན་ཀྱང་ཨ་ལགས་སྔ་མ་དེ་དང་དེའི།
རྣམ་ཤེས་འཁྲུལ་མེད་བྱོན་ལ་ལོས་འབྱུང་སྟེ།
དེ་ལ་མཆོག་སྤྲུལ་དང་ནི་སྤྲུལ་སྐུ་ཞེས།
མིང་འདོགས་བདག་འདྲར་གཏན་ནས་འོས་པ་མིན།
སྦྱངས་ཡོན་ཆེ་ཞིང་ཚུལ་ཁྲིམས་ཡོངས་སུ་དག
ཐུགས་བསམ་དཀར་ཞིང་འདོད་ཆུང་ཅན་ཡིན་ན།
མར་མེ་ཟན་སྒྲིལ་ཐབས་ལ་ལྟོས་མིན་པར།
སྐྱེ་བོ་ཀུན་གྱིས་བཀུར་བའི་བླ་མར་འོས།

ཞེས་བྱ་བ་ནི་ཡིད་ལ་རིང་དུ་བརྣགས་པའི་བདེན་གཏམ་ཐོལ་བྱུང་དུ་སྨྲས་པའི་ཚིགས་བཅད་དོ།

宗喀嘉让འཕྲིན་སྟེགས་ལས་བཤུས།

བརྒྱུད་འགོད།