འགོས་ཁུག་པ་ལྷས་བཙས་ཀྱིས་མཛད་པའི་སྔགས་ལོག་སུན་འབྱིན་བཞུགས་སོ།།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2021-10-21 15:37:35         ཀློག་ཐེངས།  

ཨོ་སྭ་སྟི། གསང་སྔགས་མཐའ་དག་ལ་མཁས་པ། མཁས་པའི་དབང་ཕྱུག་འགོས་ཁུག་པ་ལྷས་བཙས་ཀྱིས་གདམས་པ། བསྐལ་པ་བཟང་པོའི་འདི་ལ་དུས་བཞི་ལས། བདེ་བར་གཤེགས་པ་འཁོར་འཇིག་འཇིག་རྟེན་དུ་གཤེགས་པའི་དུས་སུ་སེམས་ཅན་ལ་མ་བསླབ་པར་དགེ་བ་བཅུ་རང་གི་ངང་གིས་རྫོགས་པར་ལྡན་པས་རྫོགས་ལྡན་ཞེས་བྱའོ།། དེ་ནས་བདེ་བར་གཤེགས་པ་གསེར་ཐུབ་འཇིག་རྟེན་དུ་གཤེགས་པའི་སྐབས་སུ་དགེ་བ་ལས་ལུས་ངག་ཡིད་གསུམ་གྱི་ཕྲ་བ་བདུན་གྱི་ལུས་ཀྱི་སྲོག་གཅོད། ངག་གི་ཚིག་རྩུབ། ཡིད་ཀྱི་གནོད་སེམས་དེ་གསུམ་རགས་པ། ལས་འདི་གསུམ་ངང་གིས་བསྐྱངས་བས་ན་གསུམ་ལྡན་ཞེས་བྱའོ།། དེ་ནས་བདེ་བར་གཤེགས་པ་འོད་བསྲུངས་འཇིག་རྟེན་དུ་གཤེགས་པའི་དུས་སུ། སེམས་ཅན་གྱི་བསོད་ནམས་འགྲིབ་ནས་ལུས་ཀྱི་སྲོག་གཅོད་ངག་གི་ཚིག་རྩུབ་རགས་པ་འདི་གཉིས་ངང་གིས་སྤོང་བ་གཉིས་ལྡན་གྱི་དུས་ཞེས་བྱའོ།། དུས་དེ་གསུམ་གྱིས་དུས་སུ་ཕ་རོལ་ཏུ་ཕྱིན་པའི་སྡེ་སྣོད་རྒྱས་པར་གསུངས་ཏེ། དེའི་སྒོས་བྱང་ཆུབ་ཀྱི་འབྲས་བུ་གསུམ་ཐོབ་པ་ཡིན། དེ་ནས་བདེ་བར་གཤེགས་པ་ཤཱཀྱ་ཐུབ་པ་འཇིག་རྟེན་དུ་བྱུང་བའི་དུས་སུ་གསང་སྔགས་སྒྲོན་མེ་ལྟ་བུའི་བསྟན་བཅོས་བྱུང་སྟེ། དིང་སང་ཤཱཀྱ་ཐུབ་པ་ཞལ་བཞུགས་པའི་དུས་སྔགས་ལ་བྱ་བ་སྤྱོད་པ་རྣལ་འབྱོར་གྱི་རྒྱུད་གསུམ་རྒྱས་པར་གསུངས་པ་ཡིན། རྣལ་འབྱོར་བླ་མེད་ཕྱག་ན་རྡོ་རྗེས་ལུང་བསྟན་པ་དཔལ་ལས་རི་ལ་ཐབས་ཤེས་གཉིས་ཀའི་རྒྱུད་རྒྱས་པར་གསུངས་པ་ཡིན་ནོ།། མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་གཉིས་སོང་ནས་རྣལ་འབྱོར་བླ་མེད་གསུངས། དེ་ནས་རྒྱ་གར་གྱི་ཡུལ་དུ་མདོ་སྔགས་ཀྱི་ཆོས་རྒྱས་པར་གྱུར་པ་ཡིན་ཟེར་ཏེ། རྒྱ་གར་གྱི་པཎྜི་ཏ་ཀུན་ལ་དྲིས་པས་མི་བདེན་ཟེར་རོ།།

 དེ་ནས་བོད་ཀྱི་རྒྱལ་བློན་གྱི་སྐུ་དྲིན་ལས་པཎྜི་ཏ་མཁས་པ་ཀུན་སྤྱན་དྲངས་ནས་ལོ་ཙཱ་བ་རྣམས་ཀྱིས་སྡེ་སྣོད་གསུམ་བསྒྱུར་ཞིང་གཏན་ལ་ཕབས་པ་ཡིན་ནོ།། དེ་ནས་ཕྱི་རབས་གཅིག་ན་ལོ་ཙཱ་བ་ལེགས་རྩེགས་བཀྲ་ཤིས་དཔལ་གྱིས་སྔགས་ཀྱི་ཆོས་ལ་དཔལ་གསང་བ་འདུས་པ། ཟླ་གསང་ཐིག་ལེ། སངས་རྒྱས་མཉམ་སྦྱོར་སྒྱུ་འཕྲུལ་དྲ་བ་རྣམས་བསྒྱུར། ཐབས་ཀྱི་ཞགས་པ་བསྒྱུར་ཟེར་ཏེ་ཐེ་ཚོམ་ཟའོ།། པཎྜི་ཏ་ལ་དྲི་བས་རྒྱ་གར་ན་མེད་ཟེར་རོ།། དེ་རྣམས་ཀྱི་སྒྲུབས་ཐབས་དང་ཆོ་ག་ཉི་ཤུ་རྩ་གཅིག་བསྒྱུར་རོ།། དེ་རྣམས་བཀའ་དྲི་མ་མེད་པ་ཡིན་ནོ།།  དུས་ཕྱིས་རིན་ཆེན་མཆོག་གིས་གསང་བ་སྙིང་པོ་བརྩམས། དེའི་ཁ་སྐོང་སྒྱུ་འཕྲུལ་ལེའུ་ལ་སོགས་པ་བརྩམས་པ་རྒྱལ་བློན་རྣམས་ཀྱིས་རིག་ནས་ཚིག་ཕར་གཅོད་ཚུར་གཅོད་བྱས་པ་ལས། དེ་ལས་བཀའ་བཅད་དམ་པོ་བྱས་ཏེ་ལོ་བཅུ་ལ་མ་རྙེད་དེ་ཕྱིས་གཙང་གི་ཉང་རོང་དུ་ཤིའོ།། ཕྱིས་ལ་བསྟེན་ནས་ཟུར་ཆེན་ཟུར་ཆུང་གིས་གསང་བ་སྙིང་པོའི་འགྲེལ་པ་དཀྱིལ་འཁོར་གྱི་ཆོ་ག་སྒྲུབ་ཐབས་མང་དུ་བརྩམས། སྒྱུ་འཕྲུལ་གྱི་ཆོས་དེ་རྣམས་བོད་ཀྱིས་བྱས་པའི་ཆོས་ལོག་དྲི་མ་ཅན་ཡིན་ནོ།། 

 རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ་སྤ་གོར་གྱི་བཻ་རེ་ཙ་ནས་ཁུར་བྱུང་ནས། བེ་ཙ་ནའི་གླིང་དུ་སེམས་ཕྱོགས་ཀྱི་ཆོས་ལ་ནམ་མཁའ་ཆེ་དང་ཀུན་ལས་འཇུག་པ་རྩལ་ཆེན་དང་རྫོགས་པ་སྤྱི་དང་། རིག་པའི་ཁུ་བྱུག་དང་། ཆོས་ལྔ་བརྩམས་སོ།། རྒྱལ་བློན་གྱིས་རིག་ནས་རྒྱལ་མོ་ཚ་བ་རོང་དུ་གཤེགས། 

  གནུབ་སངས་རྒྱས་རིན་ཆེན་གྱིས་རྒྱ་གར་ནས་ཁུངས་བྱུང་། རྨད་དུ་བྱུང་བའི་ཆོས་བརྩམས། སྔགས་ཀྱི་ཆོས་ལྔ་དང་བཅོ་བརྒྱད་དང་སེམས་བྱུང་ཆེན་པོ་དང་བཅས་པ་ཀུན་བོད་ཀྱིས་བྱས་པའི་ཆོས་ལོག་དྲི་མ་ཅན་ཡིན་ནོ།།

  ཨ་རོ་ཡི་འབྱུང་གིས་བྱས་པའི་སེམས་ཕྱོགས་ལྔའི་འགྲེལ་པ་སེམས་གཉིས་ཆེ་ཆུང་དང་། དར་ཆེན་དཔལ་གྱི་གྲགས་པས་བྱས་པའི་ཆོས་ལ་དགོངས་འདུས་དང་། བཀའ་འདུས་དང་རྒྱལ་པོའི་ཆོས་ལྔ་བརྩམས་དྲི་མ་ཅན་ཡིན་ནོ།། 

  ཡང་སངས་རྒྱས་རིན་པོ་ཆེས་བྱས་པའི་ཞི་ཁྲོ་དང་། ར་ཧུ་ལའི་སྐོར་གཟའ་རྒྱུད་ཆེ་ཆུང་དང་། གདོང་མོ་ཆུ་འཁྱག་སོགས་བརྩམས་སོ།། ཡང་མ་མོ་འདུས་པའི་རྒྱུད་བྱ་བ་བརྩམས། དེ་ལ་བརྟེན་ནས་བོད་ཀྱིས་མ་མོའི་ཆོས་ལུགས་བསམ་གྱིས་མི་ཁྱབ་བརྩམས་སོ།། ཡང་པདྨ་དབང་ཆེན་བྱ་བ་གཅིག་བརྩམས་སོ།། ཕྱི་རབས་པའི་རྒྱུད་བསྲེས་པ་དང་། ཁོ་རང་གི་རང་བཟོ་ཡིན་ནོ།། དེ་བྱས་པའི་ཆོས་སྐུའི་རྒྱུད་རྡོ་རྗེ་ཐོད། གསུང་གི་རྒྱུད་རྟ་མཆོག་རོལ་པ། ཐུགས་ཀྱི་རྒྱུད་པུཎྜ་རི་ཀ་ཡང་ཟེར།  རན་ཏྲ་མི་རྒྱུད་དང་། ཡོན་ཏན་རིན་ཆེན་སྐུལ་བའི་རྒྱུད་དང་། འཕྲིན་ལས་ཀྱི་རྒྱུད་ཀརྨ་ཁྲ་ལེ་དང་། ཕུར་པ་ཀི་ལ་ཡ་བཅུ་གཉིས་ཀྱི་རྒྱུད་དང་མ་མོ་འདུས་པའི་རྒྱུད་དང་། བདུད་རྩི་ནག་པོ་བརྒྱད་པའི་རྒྱུད་དང་། དེ་རྣམས་སྒྲུབ་ལུང་རྒྱུད་ལྔ་ཟེར་རོ།། ཁ་སྐོང་གི་རྒྱུད་ལ་ཆོས་ཉིད་ཞི་བའི་ལྷ་རྒྱུད། གནས་ལུགས་ཆེན་པོའི་རྒྱུད། སྟོད་རྒྱུད་ཆེན་པོ་དང་། ནམ་མཁའ་མཛོད་ཀྱི་རྒྱུད་དང་དྲུག་གོ།། རྒྱུད་ཀྱི་རྒྱལ་པོ་དྲུག་ལ་དབང་བསྐུར་བའི་རྒྱུད་ཀུན་བཟང་རང་ལ་གནས་པའི་རྒྱུད། ཏིང་ངེ་འཛིན་མཆོག་གི་རྒྱུད། མཚོན་པ་དོན་བདུན་གྱི་རྒྱུད། དམ་ཚིག་བཀོད་པའི་རྒྱུད། ཀ་མ་ལིའི་རྒྱུད་དང་དྲུག་གོ།།

 གཞན་ཡང་ལུང་གི་སྒྲུབ་ཐབས་ཀྱི་ཡི་གེ་བདུན་ཅུ་རྩ་གཉིས་དང་། འདའ་ཀ་མའི་ཆོས་བཞི་དང་། གཉན་དཔལ་གྱིས་བྱས་པའི་སྒྲོལ་མ་རྣམས་དང་དྲུག་གོ།། དེའི་སྟེང་དུ་ཡིག་ཆུང་གཉིས་བརྩམས་སོ།། དེ་ཐམས་ཅད་ཆོས་ལོག་དྲི་མ་ཅན་ཡིན་ནོ།།

  དྲི་མ་མེད་པའི་ཆོས་ལ། རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད། དགྲ་ནག་འཁོར་ལོའི་རྒྱུད། དེ་ལ་རྒྱ་གར་གྱི་མཁན་པོས་བྱས་པའི་འགྲེལ་བ་དང་སྒྲུབ་ཐབས། དཀྱིལ་འཁོར་གྱི་ཆོ་ག་ཐམས་ཅད་དྲི་མ་མེད་པའི་ཆོས་ཡིན་ནོ།། ཐབས་ཀྱི་རྒྱུད་ལ་གསང་བ་འདུས་པའི་རྩ་རྒྱུད། དགོངས་པ་ལུང་སྟོན། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས། རྡོ་རྗེ་འཕྲེང་བ། ལྷ་མོ་བཞིས་ཞུས། སངས་རྒྱས་མཉམ་སྦྱོར། ཤེས་རབ་རྒྱུད་ལ་ཀྱེ་རྡོར། འཁོར་ལོ་བདེ་མཆོག རྡོ་རྗེ་མཁའ་འགྲོ། རྡོ་རྗེ་གདན་བཞི། སྒྱུ་འཕྲུལ་ཆེན་པོ། དེ་རྣམས་ཀྱི་རྒྱུད་ཕྱི་མ་བཤད་རྒྱུད་སམ་བྷུ་ཊི། དེ་ལ་རྒྱ་གར་མཁས་པས་བྱས་པའི་འགྲེལ་བ་མང་ངོ་།། སྒྲུབས་ཐབས་མང་ངོ་།། དཀྱིལ་འཁོར་གྱི་ཆོ་ག་མང་ངོ་།། དེ་ཐམས་ཅད་མ་ནོར་བ་དྲི་མ་མེད་པ་ཤ་སྟག་ཡིན་ནོ།།  

   འགོས་ཁུག་པ་ལྷས་བཙས་ཀྱིས་ཆོས་ལོག་དང་། ཆོས་མ་ནོར་བ་ཁྱད་པར་དབྱེ་པའི་ཕྱིར་དང་། ཡང་དག་པའི་ལམ་དུ་ཞུགས་པའི་ཕྱིར་དང་། མཁས་པ་ཤེས་རབ་ཅན་གྱིས་ཆོས་ལ་དཔྱད་པའི་ཕྱིར་དང་། རྒྱ་གར་གྱི་མཁས་པ་རྣམས་ལ་དྲིས་ནས་འདི་བྱས་པ་ཡིན་གྱིས། ཞེ་སྡང་དང་ང་རྒྱལ་དང་ཕྲག་དོག་དབང་གིས་འདི་བྱས་པ་མ་ཡིན་ནོ།། བརྩེ་བའི་དབང་གིས་ལོ་ཙཱ་བ་མཁས་པ་ཆེན་པོ་འགོས་ཁུག་པ་ལྷས་བཙས་ཀྱི་སྔགས་པ་དང་རབ་བྱུང་ཆོས་ནོར་བ་ལ་ཞུགས་པ་རྣམས་ལ་ཕན་པའི་ཕྱིར་དུ་འདི་བསྒྱུར་བ་ཡིན་ནོ།། 


བརྒྱུད་འགོད།