སྔགས་ལོག་སུན་འབྱིན་ཤེས་རབ་རལ་གྲི།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2021-10-21 15:36:04     རྩོམ་པ་པོ།   ཆག་ལོ་ཙཱ་བ་ཆོས་རྗེ་དཔལ།    ཀློག་ཐེངས།  

  ཨོཾ་སྭ་སྟི། བླ་མ་དང་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །

   གངས་རིའི་ཁྲོད་དུ་ཐུབ་བསྟན་སྤེལ་བའི་ཕྱིར། སྔགས་ལོག་སུན་འབྱིན་ཤེས་རབ་རལ་གྲི་འདི། བླ་མ་ཆེན་པོ་ཆག་ལོ་ཆོས་རྗེ། སྒྲ་ཚད་ལུང་རིགས་སྡེ་སྣོད་རྒྱུད་སྡེ་བསྟན་བཅོས་གྲུབ་མཐའ་དག་ལ་མཁས་པ། ཁྱད་པར་དུ་སྔགས་རྒྱུད་སྡེ་དྲུག་ལ་མཁས་ཤིང་། ཡི་དམ་གྱི་ལྷ་དཔག་ཏུ་མེད་པ་ཞལ་གཟིགས་པ། རྗེ་བཙུན་མ་སྒྲོལ་མའི་ལུང་བསྟན་དངོས་སུ་ཐོབ་པ། ཐུགས་རྗེ་ཆེན་པོ་ཁ་སར་པ་ནི་རྨི་ལམ་དུ་ཞལ་གཟིགས་པ་དེས། བོད་ཁ་བ་ཅན་གྱི་རྒྱལ་ཁམས་འདིར། སངས་རྒྱས་ཀྱི་བསྟན་པ་མ་ཡིན་པ་ལ་ཡིན་པར་བསྟན་པ། ཡིན་པ་ལ་མ་ཡིན་པར་བཏགས་ཏེ་བསྟན་པ། ཆོས་ལོག་དྲི་མ་ཅན་དཔག་ཏུ་མེད་པ་དར་བར་གཟིགས་ནས་དེ་ལ་དགོངས་ཏེ། སངས་རྒྱས་ཀྱི་བསྟན་པའི་ཁུར་ཆེ་བ་དང་། ལོག་པའི་ལམ་དུ་ཞུགས་པ་རྣམས་སྙིང་རྗེ་བ་དང་། མཁས་པ་ངོ་མཚར་སྐྱེས་པའི་ཕྱིར་དུ། བོད་དུ་ཇི་ལྟར་ཡོད་པའི་ཆོས་གསར་རྙིང་གཉིས། བཀའ་གཏེར་གཉིས་ལ་སོགས་པ་རྣམས་དཀར་ཆག་ལ་བཏབ་ནས་རྒྱ་གར་ལ་གཤེགས་ཏེ། མ་ག་དྷ་རྡོ་རྗེ་གདན་ན་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་གནས་གང་དང་། ཆོས་གང་དང་། འཁོར་གང་དང་། གང་ལ་གསུངས་པའི་ཡུལ་དང་། དཀར་ཆག་གང་དང་བསྟུན་པ་དང་། པཎྜི་ཏ་ལུང་རིགས་སྒྲ་ཚད་གྲུབ་མཐའ་ལ་མཁས་པ་བརྒྱད་ཅུ་ལ། བོད་དུ་དར་བའི་ཆོས་འདི་རྣམས་ཡང་དག་པ་ཡིན་ནམ་མ་ཡིན་རྩར་གཅོད་པ། རྒྱ་གར་ཤར་ནུབ་ཆུ་བཞིང་གྲགས་པའི་སྡེ་དང་གཙུག་ལག་ཁང་རྣམས་ན། ལྷ་དང་གསང་སྔགས་གང་དང་གང་འདུག་བལྟས་ཤིང་། དུར་ཁྲོད་དང་གནས་གཉན་པོ་རྣམས་སུ་དཔའ་བོ་མཁའ་འགྲོ་རྣམས་ལ་དམོད་བོར་ནས་རྨི་ལམ་བརྟགས་པས། ཆོས་དང་ཆོས་མ་ཡིན་པ་དྲི་བ་དང་ཁྱད་པར་དུ་མཁས་ཤིང་གྲུབ་པ་བརྙེས་པའི་པཎྜི་ཏ་རཀྵི་ཏ་དང་། ཉི་མ་དང་པོའི་འོད་ཟེར་དང་། སྒྲ་གཅན་འཛིན་བཟང་པོ་དང་། གནས་བརྟན་ཆེན་པོ་ལེགས་སྐྱོང་ཞབས་བཞི་ལ་འདི་ལྟར་བོད་དུ་དར་བའི་ཆོས་རྣམས་ཀྱང་བསྟན་ནས་དོན་དང་བཅས་པའི་དབྱེ་བ་ཞུས་པས། ཁྱོད་བོད་མཐའ་འཁོབ་ཡིན་པས་ཆོས་ཁྲིམས་དང་རྒྱལ་ཁྲིམས་གཉིས་ཀ་མེད་པར་འདུག ངེད་རྒྱ་གར་དུ་འདི་འདྲའི་རང་བཟོའི་ཆོས་ལོག་དང་གཞུང་ལུགས་བྱས་ན། ཆོས་ཁྲིམས་དང་རྒྱལ་ཁྲིམས་གཉིས་ཀ་ཕོག་ནས། དེ་བྱེད་མཁན་གྱི་རིགས་རྒྱུད་བཅས་བརླག་འགྲོའོ། །ད་ཁྱོད་ཀྱིས་ཆོས་དང་ཆོས་མིན་གྱི་ཡིན་ལུགས་འདི་ལྟར་ཡིན་པའི་བཀའ་ཤོག་གྱིས་ལ། ཆོས་རྒྱལ་དང་སྡེ་བའི་རྒྱལ་པོ་དང་། གསང་སྔགས་ཀྱི་རྒྱལ་པོ་དང་གནས་བརྟན་དང་། མཁན་པོ་དང་། སློབ་དཔོན་གྲོང་དུ་རྒྱུ་བ་རྣམས་ལ་སྐུར་ཅིག་ཅེས་ལུང་བསྟན་ཏེ། དེ་ལྟར་ལྷ་བླ་མས་ལུང་བསྟན་ཐོབ་པའི་ཕྱིར་དང་གྲུབ་མཐའི་དོན་ཁོང་དུ་ཆུད་པས། བོད་ཀྱི་རང་བཟོས་བྱས་པའི་སྔགས་ལོག་སུན་འབྱིན་པའི་ཤེས་རབ་རལ་གྲི་འདིས་ལོག་རྟོག་གི་དྲི་མ་དང་བྲལ་བའི་ཕྱིར་ལོ་ཙཱ་བ་དང་པཎ་ཆེན་གདན་འཛོམས་པ་རྣམས་ཀྱིས་ངག་འདོན་ཡི་གེར་བྲིས་པ་འདི། རྒྱ་གར་རྡོ་རྗེ་གདན་ནས་བལ་ཡུལ། པུ་རངས། བོད་ཡུལ་གྱི་ལྷ་ས། བསམ་ཡས། ཐང་པོ་ཆེ་སོགས་སུ་བྲིས་ནས་བསྒྲགས་སོ། །

   སྤྱིར་བོད་ཀྱིས་བྱས་ཤིང་སངས་རྒྱས་ཀྱིས་མ་གསུངས་ལ། རྒྱ་གར་ན་མེད་པར་གསང་སྔགས་རྙིང་མར་མིང་བཏགས་པ་རྣམས་སོ། །དེའི་ནང་ནས་ལྷ་རྡོ་རྗེ་གཞོན་ནུའི་གསང་སྔགས་ཀི་ལ་ཡའི་ཆོས་བརྩམས་འདུག་པ་ཡང་དག་པ་ཡིན། ཡང་སྒྲུབ་པ་ཆེ་བརྒྱད་འདུས་པ་གསུམ་ནི་རྡོ་རྗེ་འཆང་གི་ཕྱག་ན་རྡོ་རྗེ་ལ་བསྟན་ཏེ། ལི་བྱི་ནས་བརྒྱུད་དོ། །གུ་རུ་པདྨའི་ཐུགས་དམ་ཡིན་ཏེ། བོད་ཕྱིར་སྟོན་བྱ་བས་རྒྱུད་ནས་ཡོད་པ་ནི་ཆོས་མ་ནོར་བ་ཡིན་ནོ། །དེ་རྣམས་དང་མི་མཐུན་པར་བྱས་ནས་བོད་རྒན་རྣམས་ཀྱིས་དཔག་ཏུ་མེད་པ་ཞིག་བརྩམ་སྟེ། སོ་ཟུར་སྣུབས་གསུམ་གྱི་ཁོངས་སུ་རྒྱལ་པོ་ཞུགས་ཏེ་ཕྱི་རོལ་པའི་གཞུང་ལུགས་དང་། ནང་པའི་སྒྲུབས་ཐབས་གོང་འོག་དང་། འཇིག་རྟེན་པའི་དྲེགས་བྱེད་རྣམས་ཀྱིས་རྒྱུད་བོན་པོའི་གཞུང་ལུགས་རྣམས་བསྲེས་ནས་མིང་ཆོས་དང་མཐུན་པར་བཏགས་ནས་ཀི་ལ་ཡ་བཅུ་གཉིས་བྱ་བ་ལ་སོགས་པ་ཕུར་རྒྱུད་དཔག་ཏུ་མེད་པ་བརྩམས། དེ་ལ་བརྟེན་ནས་དཔག་ཏུ་མེད་པ་བྱུང་སྟེ། པདྨ་འབྱུང་གནས་ཡང་ལེ་ཤོད་དུ་བསྡད་པ་ལ་རྒྱ་གར་ནས་མི་བདུན་གྱིས་ཐིག་ཚད་བསྐུར་བྱུང་བ་དེ་ཡིན་ཟེར་ནས་རྫུན་བྱས་ཏེ་འདི་རྣམས་ལ་ཡང་དག་གཅིག་ཀྱང་མེད་དོ། །

   ཡང་བདེ་མཆོག་འདུས་པའི་རྒྱུད་ཅེས་བྱ་བ་གཅིག་བརྩམས། དེ་ལ་བརྟེན་ནས་སྒྲུབ་པ་བཀའ་བརྒྱུད་བྱ་བ་གཅིག་བརྩམས་ཏེ། འདི་རྣམས་ལ་མི་སྟེགས་བྱེད་ཀྱིས་བོན་བྲན་པའི་སྔགས་འགྲོས་དང་བྲམ་ཟེ་ལས་སྒྲུབ་པའི་ལྷ་རྣམས་བསྲེས་པར་འདུག་པས། འདི་རྣམས་ལ་ཡང་དག་གཅིག་ཀྱང་མེད་དོ། །

   པདྨ་དབང་ཆེན་བྱ་བ་དང་། རྟ་མཆོག་རོལ་བ་བྱ་བ་གཉིས་བརྩམས། དེར་བརྟེན་ནས་དབང་ཆེན་སྐོར་དཔག་ཏུ་མེད་པ་བརྩམས། འདི་རྣམས་ལ་མུ་སྟེགས་ཀྱི་ལྷ་དང་གསང་སྔགས་རང་ཆེས་མང་བར་འདུག འདིའི་ལྷ་ཚོགས་རྣམས་ཀྱང་རྒྱ་གར་དང་བལ་བོ་ན་མུ་སྟེགས་ལྷ་ཁང་རྣམས་ན་བྲིས་འདུག

   ཡང་ཀརྨ་མ་ལེ་བྱ་བ་གཅིག་བརྩམས། དེ་ལ་བརྟེན་ནས་ཁྲག་འཐུང་དམ་པ་རིགས་བརྒྱ་བྱ་བ་ལ་སོགས་དཔག་མེད་གཅིག་བརྩམས། འདི་རྣམས་མུ་སྟེགས་རེ་ཧོ་མའི་སྒྲུབ་ཐོབ་ལ་ནང་པའི་དགྱེས་པ་རྡོ་རྗེ་བསྲེས་པ་དང་། བྲམ་ཟེ་བལ་ནག་བསྲེས་པར་འདུག་གོ །

   ཡང་ཞི་ཁྲོ་འདུས་པའི་རྒྱུད་བྱ་བ་གཅིག་བརྩམས། དེ་ལ་བརྟེན་ནས་ཞི་ཁྲོ་དཔག་མེད་བྱུང་། འདི་བོན་པོའི་གཞུང་དང་། ནང་པའི་རྒྱུད་དང་བྲམ་ཟེ་བསྲེས་པར་འདུག་པས་ཡང་དག་པ་གཅིག་ཀྱང་མེད་དོ། །

   ཡང་བྲ་ཁོག་སྣང་བྱ་བའི་གཤིན་རྗེའི་རྒྱུད་གཅིག་བརྩམས། དེའི་རྗེས་སུ་རྒྱུད་བཅོ་བརྒྱད་བརྩམས། དེ་ལ་བརྟེན་ནས་གཤིན་རྗེའི་སྐོར་ལ་ལུས་ཟིལ་གནོན་ཨུར་མོ་ཚེ་བདག་ཁ་ཐུན་ཟླ་གསང་ལ་སོགས་པ་དཔག་མེད་བརྩམས། འདི་རྣམས་མུ་སྟེགས་ལྟ་བའི་གཞུང་ཆེན་པོ་ནས་བྱུང་བའི་ལྷ་སྔགས་དང་འཁྲུལ་འཁོར་དང་། དེ་ལས་བྱུང་བའི་ངན་སྔགས་ཤ་སྟག་ཡིན་པས་ཡང་དག་གཅིག་ཀྱང་མེད་དོ། །

   ཡང་མོ་མ་སྲིད་པའི་རྒྱུད་ལུང་བྱ་བ་གཅིག་བརྩམས། དེའི་རྗེས་སུ་མ་མོའི་རྒྱུད་ཉི་ཤུ་བརྩམས། དེ་ལ་བརྟེན་ནས་མ་མོའི་རྒྱུད་དཔག་མེད་བྱུང་སྟེ། འདི་རྣམས་མུ་སྟེགས་མན་ངག་བྲམ་ཟེ་མཆོག་སྦྱིན་པ་དང་འདྲེ་རྒྱུད་རྣམས་བསྲེས་པར་འདུག་པས་མི་བདེན་ནོ། །

   ཡང་སྒྱུ་འཕྲུལ་བརྒྱད་ཅུ་བྱ་བ་བརྩམས། དེའི་རྗེས་སུ་སྒྱུ་འཕྲུལ་གྱི་རྒྱུད་ལྔ་བརྩམས། དེ་ལ་བརྟེན་ནས་དཔག་མེད་བྱུང་སྟེ། འདི་རྣམས་མུ་སྟེགས་འཇིག་ཚོགས་ཀྱི་ལྟ་བར་འདུག་པས་མི་བདེན་ནོ། །

   ཡང་སྤ་སྒོར་བཱེ་རོ་ཙ་ན་བྱ་བ་ལ་ལྷའི་བུའི་བདུད་ཞུགས་ནས་རྫོགས་ཆེན་ལྟ་བའི་མདོ་ལྔ་བྱ་བ་བརྩམས། དེ་དང་ཆ་མཐུན་པར་སྙམ་སྦྱོར་བྱ་བ་སོགས་ཏེ་རྒྱུད་གལ་སྔ་རྟོག་པའི་དུམ་བུ་སོགས་ཉི་ཤུ་རྩ་གཅིག་བརྩམས། དེ་ལ་བརྟེན་ནས་རྫོགས་ཆེན་སྐོར་གསེར་ལ་སོགས་པ་རིན་པོ་ཆེའི་མིང་ཅན་བསྟན་པ་དང་། བཏགས་གྲོལ་བྱ་བ་སོགས་དཔག་མེད་བརྩམས། འདི་རྣམས་མུ་སྟེགས་ཆད་ལྟ་བ་དང་། མཆོད་འོས་པ་དང་ནང་པའི་དུས་འཁོར་གྱི་སྦྱོར་དྲུག་བསྲེས། བོན་པོའི་ལྟ་བ་བལ་ནག་བསྲེས་པར་འདུག འདིས་ལམ་ལོག་པར་འགྲོ་ངེས་ཏེ། དམ་པ་དང་པོའི་རྒྱུད་དཔང་པོར་ཡོད།

   ཡང་གྲུ་གུ་དབང་ཕྱུག་བྱ་བས་རྟ་མགྲིན་དྲེགས་པ་ཀུན་འདུལ་བྱ་བའི་རྒྱུད་དང་། དེའི་རྗེས་སུ་དྲེགས་པ་ཟིལ་གནོན་ཡིད་བཞིན་ནོར་བུ་བྱ་བ་སོགས་བདུན་བརྩམས། དེ་ལ་བརྟེན་ནས་རྟ་མགྲིན་སྐོར་དཔག་མེད་བྱུང་འདི་རྣམས་མུ་སྟེགས་ལྷའི་བླ་མ་དང་། ཚངས་པའི་ལྷའི་རྒྱུད་དང་། ཕྱི་རོལ་བའི་འདྲེ་རྒྱུད་རྣམས་བསྲེས་པར་འདུག་གོ །

   དེ་ལ་སོགས་པའི་བཀའ་རྙིང་མར་བཏགས་པ་རྣམས། དང་པོར་སྟོན་པ་སངས་རྒྱས་ཀྱི་མ་གསུངས་ཏེ། མདོ་རྒྱུད་སྒྲུབ་ཐབས་བསྟན་བཅོས་རྣམས་ཀྱིས་དཔང་པོར་བྱེད་པ་ཡིན། བར་དུ་དགོངས་འགྲེལ་མཁན་རྣམས་ཀྱིས་མ་འགྲེལ་ཏེ། དོན་འགྲེལ་མན་ངག་སྡེབ་སྦྱོར་སྙན་ངག་ཚོགས་ཀྱང་རྣམས་ཀྱིས་ཤེས་པ་ཡིན། བོད་དུ་ལོ་པན་རྣམས་ཀྱིས་མ་འགྱུར་ཏེ། སྒྲོ་འདོགས་ཚིག་རིང་ཐུང་ལྕི་ཡང་སྲབ་འཐུག་རྣམས་ཀྱིས་ཤེས་པ་ཡིན།

   འདི་རྣམས་བོད་རྒན་རྣམས་ཀྱི་སྙིང་དུ་འདྲེ་ཞུགས་ནས། འཇིག་རྟེན་འདིར་ཟས་སྐོམ་དང་། ཟང་ཟིང་འདོད་པ་དང་། བོད་རྣམས་བསོད་ནམས་ཆུང་བ་དང་ནག་ཕྱོགས་ལ་དགའ་བའི་བདུད་ཀྱི་མཐུ་ཡིན། ཕར་ཕྱིན་གྱི་བདུད་བརྟགས་པའི་ལེའུ་ལས་ཤེས་པར་བྱའོ། །

   དེ་ཡང་དུག་དངོས་སུ་བྱིན་ན་སུས་མི་བཟའ། ཁ་ཟས་བཟང་པོ་བསྲེས་ན་ཀུན་གྱིས་བཟའ། དཔེ་དེ་བཞིན་དུ་མིང་བཟང་པོར་བཏགས་པའི་ཆོས་ལོག་པར་བསྟན་ཏེ། མུ་སྟེགས་དངོས་ཡིན་ན་བོད་དུ་མི་ཚུགས་པ་ཡིན། དེ་ལས་གནོད་ཆེ་བ་མི་ཤེས་པ་ཁ་ཅིག་འདི་ལྟར་ཟེར། རྙིང་མ་རྣམས་ལ་གྲུབ་ཐོབ་དང་། ངག་ནུས་དང་། གྲུབ་རྟགས་ཅན་དང་། མཐུ་ནུས་པ་ཅན་མང་པོ་ཡོད་ཟེར་ལོ། དེ་ལྟར་ཡིན་ན་མུ་སྟེགས་པ་དང་། གར་ལོག་དང་། བོན་པོ་རྣམས་ལ་ཡང་མཐུ་དང་ཐུན་མོང་གི་རྟགས་ནམ་མཁའ་ལ་འགྲོ་བ་སོགས་དཔག་མེད་ཡོང་། འཇིག་རྟེན་འདིར་ཡང་སྟག་གཟིག །བྲ་སྦྱང་སོགས་དང་། དུད་འགྲོ་རྣམས་གསོད་པ་ལ་ཚད་མེད་པ་ལྟར། ནུས་མཐུ་འཇིག་རྟེན་པ་ལ་འབྱུང་ན། ཡིན་མིན་གྲུབ་མཐའ་རྒྱ་མཚོ་ལྟ་བུ་དང་། དུས་འཁོར་རྩ་འགྲེལ་རྣམས་དང་། གསང་འདུས་མཐའ་དྲུག་གི་དོན་དང་། མཚན་བརྗོད་སོགས་རྒྱུད་འགྲེལ་དང་། དགོངས་འགྲེལ་རྣམས་དགོངས་ཤིང་སྒྲ་རྟོགས་པ་ཅིག་གིས་ཤེས་ཀྱི། བོད་རྒན་སྔགས་པར་རློམས་པས་ཐེག་པ་དང་། ཏིང་ངེ་འཛིན་མི་ཕྱེད་པར་སྣང་བས་ཆོས་ལོག་མ་ལོག་གང་ཡིན་མི་ཤེས།

  ཡང་བསམ་ཡས་བཞེངས་དུས་རྒྱ་གར་ནས་གུ་རུ་པདྨ་འབྱུང་གནས་བྱོན་ནས་ཆོས་ལོག་ཚར་བཅད། རྗེས་སུ་བཟུང་བའི་རྟེན་འབྲེལ་འགའ་བརྩམས་ནས་སླར་རྒྱ་གར་དུ་གཤེགས་སོ། །དེ་རྗེས་སུ་རྒྱལ་པོ་པེ་ཀར་བལ་པོ་ཀ་ཀ་རུ་འཛིན་བྱ་བའི་སྤུངས་སུ་ཞུགས་ནས་མགོ་ལ་སྒོམ་ཞུ་བྱོན། དེ་ལ་བྱ་སྤུ་བཙུགས་ལུས་ལ་ཟ་བེར་གྱོན་ནས། བསམ་ཡས་སུ་པདྨ་མ་ཡིན་ཞེས་བསྒྲགས་ནས། ཆོས་ལོག་དཔག་མེད་བཤད། དེའི་རྗེས་སུ་ཆོས་ལོག་དཔག་མེད་དར་ཏེ་གཏེར་ཡིག་ཡིན་ཞེས་ཟེར་ནས་རཱ་ཛ་སྙིང་ལ་ཞུགས་ནས་བྱིན་གྱིས་བརླབས་པའི་གུ་རུ་ཆོས་དབང་བྱ་བ་ཅིག་གིས། ཆོས་ལོག་དཔག་མེད་རླམས། དེས་བྱས་པའི་ཆོས་ལོག་ལ་ཀླུ་དང་བདུད་དང་རྒྱལ་འགོང་འཁོར་ནས། མཛེ་དང་སྨྱོ་འབོགས་ལ་སོགས་པ་འོང་བ་ཡིན་ཏེ་དེ་ལ་གྲུབ་རྟགས་སུ་བྱེད་པ་ཡིན་ནོ། །དེ་ལ་སོགས་པའི་གཏེར་ནས་བྱུང་བ་རྣམས་ཡང་དག་པ་མ་ཡིན་ནོ། །

   ཡང་གསར་མ་ལ་ཆོས་ལོག་དར་བ་ནི་རྒྱ་གར་ན་དམ་པ་ནག་ཆུང་བྱ་བ་ཞིག་གིས་ཅིག་ཆར་རིག་པ་རྒྱང་འདོད་བྱ་བའི་ཆོས་ལོག་འགའ་དང་རྫོགས་ཆེན་འགའ་བསྟན་ཏེ། དེ་ལ་བསླད་ནས་དམར་པོ་སྐོར་གསུམ་གྱི་ཞི་བྱེད་བྱ་བའི་ཆོས་ལོག་དཔག་མེད་བརྩམས་ཏེ་མུ་སྟེགས་ཞི་བྱེད་དཀར་པོ་བྱ་བས་ནང་པ་དང་མི་མཐུན་པ་བྱས་པའི་གཞུང་ལུགས་སུ་འཇུག་གོ །

   ཕར་ཕྱིན་གྱི་ལྟ་སྒོམ་ཨརྱ་དེ་བས། གཅོད་བྱ་བ་གཟུང་འཛིན་ཡུལ་བདེན་པར་མ་གྲུབ་པར་སྟོན་པའི་གཞུང་ལུགས་གཅིག་མཛད། དེ་ལ་བསླད་ནས་བོད་རྒན་རྣམས་ཀྱིས་སྔགས་དང་བསྲེས་ནས་རང་བཟོ་བྱས་ཏེ། བཙན་ཐབས་ལྷ་ཀླུ་ལ་འགྲས་ཆོལ་བའི་གཅོད་ཡིན་ཟེར་བའི་ཆོས་ལོག་དཔག་མེད་བརྩམས།

  ཡང་ལ་སྟོད་དམར་པོ་བྱ་བ་གཅིག་གིས། གསེར་འདོད་པའི་ཕྱིར་དུ་ཐུགས་རྗེ་ཆེན་པོའི་ཡི་གེ་དྲུག་པ་སྒྲ་ལོག་པར་བསྒྱུར་ནས། ཨོཾ་ལ་ཨམ་དུ་བོས་པས་དང་། བྱ་སྤྱོད་ཀྱི་ལྷ་ལ་བླ་མེད་མ་རྒྱུད་ཀྱི་རྩ་འཁོར་བཞི་བཏགས་པ་ལ་ཞི་བྱེད་སྟོང་རིམ་བསྲེས་ནས། ཐུགས་རྗེ་ཆེན་པོ་ཨ་མ་ལུགས་ཡིན་ཟེར་བའི་ཆོས་ལོག་བརྩམས་སོ། །

   ཡང་བླ་མ་རས་ཆུང་པས་གཞན་ཁྱད་གསོད་དང་འཁོར་འབངས་མང་བར་འདོད་ནས་ཕྱག་ན་རྡོ་རྗེ་གསང་བ་བསྟན་པ་བྱ་བའི་རྒྱུད་ལེའུ་ཉི་ཤུ་རྩ་གཅིག་བརྩམས། དེའི་ལྷ་གསང་སྔགས་སྟོན་པའི་སྒྲུབས་ཐབས་ལ་རྒྱ་གར་ལས་ཀྱི་རྡོ་རྗེས་མཛད་པ་ཡོད་དོ། །དེ་ལ་བསླད་ནས་མི་གཡོ་བའི་ཆོས་དང་རང་བཟོ་མར་པོ་བསྟན་ནས། གཏུམ་མོའི་སྒྲུབ་སྐོར་འདྲ་མིན་ཉི་ཤུ་བྱའོ། །

  ཡང་བདེ་མཆོག་སྙན་རྒྱུད་ལ་བསླད་ནས་ཏི་ཕུ་ལ་ཁུངས་ཕྱུང་ནས་རྫོགས་རིམ་འདྲ་མིན་དཔག་མེད་བརྩམས། དེ་ལ་མུ་སྟེགས་པའི་སྒྲུབ་ཐབས་མང་པོ་བསྲེས་པའི་སྐྱོན་སྣང་ཡང་། བིར་བ་པ་ལ་ཁ་འཕངས་ནས་བོད་རྒན་འགས་མུ་སྟེགས་ཀྱི་འགུགས་བྱེད་ཕག་མགོ་མའི་སྒྲུབ་ཐབས་བྱས་ནས་སྔོན་བྱུང་རྒྱུད་ཀྱི་མཁའ་འགྲོ་མ་བྱ་བ་ཡིན་ནོ། །

   ཡང་མུ་སྟེགས་ཁྲི་འབུམ་གྱི་དམར་པོ་སེང་མགོ་མ་བྱ་བའི་མོ་འགུགས་བསྒྲུབས་ནས། མ་རྒྱུད་ཀྱི་རྫོགས་རིམ་བསྟན་ཏེ་དམ་པ་རྒྱ་གར་གྱིས་མཛད་པའི་ཡེ་ཤེས་ཀྱི་མཁའ་འགྲོ་མ་སེངྒེའི་གདོང་པ་ཡིན་ཟེར་ལ། གཞན་ཡང་མཁའ་འགྲོ་མ་དང་མིང་ལེགས་པོ་བཏགས་ནས་ཡེ་ཤེས་ཀྱི་ལྷ་ཡིན་ཟེར་ལོ།

  ཡང་མི་འཁྲུགས་པའི་བྱ་བའི་རྒྱུད་ཀྱི་ཆོ་ག་ལ་རྣལ་འབྱོར་རྒྱུད་ཀྱི་ལས་བྱེད་པ་དང་། རང་གིས་རྡོ་རྗེ་སློབ་དཔོན་གྱི་དབང་མ་ཐོབ་པར་ཕར་བསྐུར་བ་དང་། ངེས་པ་ལྔ་ལྡན་མི་ཤེས་པས་སེམས་སྐྱེད་མགོ་བར། ཐེག་ཆེན་པར་ཁས་ལེན་པ་དང་། སྡོམ་པ་མི་བསྲུངས་ཤིང་འདུལ་བ་མི་ཤེས་པར་མཁན་པོ་བྱེད་པ་རྣམས་བོད་རྒན་རྣམས་ཀྱི་ཆོས་ལུགས་ཡིན། འདི་རྣམས་དམ་པའི་ཆོས་དང་མི་མཐུན་ཞིང་། རྒྱ་གར་དུ་དྲི་རྟོག་བྱས་པ་ལས་གསལ་ལོ། །

   དེ་ལྟར་བདག་གིས་བགྱིས་པས་སྤྲིངས་ཡིག་འདི་ནི་དོན་ཆེན་པོ་ཞིག་སྟེ། ཕྲག་དོག་དང་། ང་རྒྱལ་དང་། གཞན་ཟིལ་གྱིས་གནོན་པའི་ཕྱིར་མ་བྱས་ཤིང་། སངས་རྒྱས་ཀྱིས་བསྟན་པ་བསྲུང་བའི་ཕྱིར་དང་། དམ་པའི་ཆོས་དར་བར་བྱ་བ་དང་། ཆོས་ལོག་དྲི་མ་ཅན་སུན་འབྱིན་པ་དང་། ལོག་རྟོག་བྱེད་ཀྱི་སྒྲུབ་གཡོགས་བསལ་བའི་ཕྱིར་དང་། དོན་ཆེ་ཞིང་གོ་སླ་བའི་ཕྱིར་འདི་བྱས་པ་ཡིན་ཏེ། བསྟན་ཆོས་འདི་ལ་མཁས་པ་འགའ་ཡི་སྙན་ངག་དང་ཚིག་རྒྱན་དང་། སྡེབ་སྦྱོར་དུ་བྱས་ན་རྨོངས་པ་རྣམས་ཀྱིས་མི་གོ་བས། ཚིག་ལྷུག་པར་བྱས་པ་ཡིན་ནོ། །

   སུན་འབྱིན་འདི་དང་མཐུན་པར་རིན་ཆེན་བཟང་པོའི་སྔགས་ལོག་སུན་འབྱིན་དང་། འགོས་དང་ཕོ་བྲང་ཞི་བ་འོད་དང་། ཙ་མི་ལ་སོགས་པའི་སྤྲིངས་ཡིག་དང་། པཎྜི་ཏ་ཤཱཀྱ་ཤྲིའི་ཞུས་ལན་དང་། ལྷོ་བྲག་གི་གཟེ་མ་ར་མགོ་དང་། དཔག་མེད་ཀྱི་སྤྲིངས་ཡིག་ཡོད་དོ། །

   ཆག་ལོ་ཆེན་པོས་མཛད་པ་དགེ་ལེགས་འཕེལ། སྔགས་འདིས་ཀྱང་བསྟན་པ་ལ་ཕན་ཐོགས་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག


བརྒྱུད་འགོད།