མཁས་གྲུབ་རིན་པོ་ཆེའི་སྒྲ་དོན་རྒྱན་དུ་བཀོད་པའི་ཞུ་ཡིག

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2021-09-25 12:46:26     རྩོམ་པ་པོ།   མཁས་གྲུབ་དགེ་ལེགས་དཔལ་བཟང་།    ཀློག་ཐེངས།  

སྙན་ངག་མི་སྦྱངས་སྙན་ངག་ཚུལ་རྣམས་ལ། །རྣམ་དཔྱོད་བློ་གྲོས་རྣམ་གཞག་མི་འཇུག་བརྫུན། །མི་བརྫུན་བདེན་ན་མི་རིགས་ཚིག་ངན་ལ། །ནང་འགལ་འགལ་བར་ནང་དོན་བསྟན་འདི་ཅི། །ལེགས་བཤད་བཤད་དོན་དོན་གཉེར་བློ་ལྡན་ཀུན། །མཁས་གྲུབ་གྲུབ་མཆོག་མཆོག་གྱུར་ཙོང་ཁ་པའི། །རིང་ལུགས་ལུགས་བཟང་བཟང་པོའི་རྗེས་སུ་ཞུགས། །ལུགས་གཞན་གཞན་དག་དག་མིན་ཅི་རིགས་སྣང་།།སྤྲུལ་པའི་སྐྱེས་མཆོག་པ་འབྱུང་གནས་ཀྱིས།།ང་སྤྲུལ་ཡིན་ཟེར་གཏེར་མིན་གཏེར་འདྲ་འདོན། །དམ་ཉམས་གང་ཡང་མ་ཟིན་ཁྱུ་གཅིག་ཚོགས། །ཉ་མའི་མགོ་སྐོར་འབྲེལ་མེད་ཆོས་བཤད་བྱེད། །ལུང་བསྟན་འདི་ཡང་ད་ལྟའི་གཏེར་སྟོན་མཁན། །པད་གླིང་ཐོལ་①ལ་བརྟེན་པའི་སྟེང་དུ་འབབ། །བདེན་བརྫུན་གཟུར་གནས་རྣམ་དཔྱོད་དང་ལྡན་པའི། །མཁས་པའི་དབང་པོ་རྣམས་ཀྱིས་གཟིགས་པས་གསལ།།རྣམ་དཀར་སྟོན་ཀའི་གངས་རིའི་དཔལ་འཕྲོག་པའི། །རྣམ་དག་ངག་གི་དབང་ཕྱུག་དབྱངས་ཅན་མས། །རྣམ་གསལ་སྒྲ་དོན་རྒྱན་མཛེས་སྙན་ངག་རིགས། །རྣམ་གྲངས་མཐའ་ཡས་ད་དུང་བདག་ལ་སྩོལ།།བདག་གིས་ཐུབ་ལ་འཁོར་གྱིས་སྨད་ཚུལ་དེ།།དེ་བཞིན་དོན་གནས་སྙམ་པ་ག་ལ་སེམས། །སེམས་ཅན་བདུད་ཀྱི་བར་ཆད་བརྩམས་པའི་ཚུལ། །ཚུལ་བསྟན་སྣང་ངོར་ཡིན་སྙམ་གདོན་མི་ཟ། །སྐབས་དེར་བདུད་དཔུང་དཔུང་ཚོགས་གསར་བརྩམས་ནས། །བདུད་བཞི་མ་བཅོམ་བཅོམ་ལྡན་སྲིད་པར་འགྱུར། །བཅུ་གཉིས་མཛད་ཀུན་ཀུན་མཁྱེན་མཛད་མི་འགྱུར། །ཐུབ་པས་སྔོན་ཚེ་ཚེ་རབས་དཔག་མེད་ནས། །རྫོགས་སངས་ཐུབ་གསུང་གསུང་དེ་མི་བདེན་འགྱུར།།རྩ་མཆོག་དྲུང་དུ་མྱ་ངན་འདས་གྱུར་ན།།དེ་བཞིན་སངས་རྒྱས་མྱ་ངན་ཡོངས་མི་འདའ། །ཆོས་ཀྱང་ནུབ་པར་མི་འགྱུར་ཞེས་གསུངས་པའི། །མདོ་སྡེ་དམ་པ་གསེར་འོད་སོགས་དང་འགལ། །ཤེས་བྱེད་ལུང་རིགས་མང་ཡང་འདིར་མ་བཀོད། །དཔེར་ན་ངེས་དོན་དངོས་གནས་དབང་བྱས་ན། །ལེགས་སྐར་ལྷས་སྦྱིན་སྟོན་པ་དྲུག་ལ་སོགས། །སངས་རྒྱས་ཆེ་བ་འདོན་ཕྱིར་ལེགས་སྤྲུལ་བས།།རྗེ་ཉིད་སྟོན་པའི་སྤྲུལ་པར་སྒྲུབ་པར་མཚར། །ཇི་སྐད་གསོལ་རྣམས་མི་དབང་ཁྱོད་ཉིད་ལ། །དེ་ འདྲའི་དགོངས་ཚོམ་འཁྲུལ་སྙམ་སུ་ཞིག་སེམས། །གསུང་གི་ནུས་པའི་ཤུགས་ལས་རབ་དཔྱད་དེ།།གོ་ཚོད་ཅུང་ཟད་སྤྲོས་ནས་ཕུལ་བ་ལགས།།བསྐལ་པ་ལ་ཡང་མུན་དང་སྒྲོན་བསྐལ་གཉིས། །སྒྲོན་བསྐལ་ནང་ནས་སངས་རྒྱས་སྟོང་འབྱོན་པའི། །བསྐལ་པ་འདི་ལ་བསྐལ་པ་བཟང་པོ་ཞེས། །ལྷ་ཡི་རྔ་བཞིན་ཤེས་ལྡན་ཡོངས་ལ་གྲགས། །འོན་ཀྱང་སྟོན་དེའི་བསྟན་པ་ནམ་གནས་ཀྱི། །བསྐལ་པ་འདི་ནི་སྙིགས་མ་ལྔས་སྦགས་མཐུས། །སངས་རྒྱས་སྟོང་ཀུན་ལམ་ལ་སློབ་པའི་ཚེ། །ཞིང་འདི་ཐུགས་ཀྱིས་བོར་ཀྱང་བདག་ཅག་གི །སྟོན་པ་མཆོག་དེས་མི་མཇེད་འཇིག་རྟེན་གྱི། །འགྲོ་རྣམས་སྒྲོལ་བར་ཞལ་བཞེས་དམ་བཅས་ཚེ།།བཅོམ་ལྡན་རིན་ཆེན་སྙིང་པོ་ལ་སོགས་པའི། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱིས།།ཐུབ་དབང་འདི་ཉིད་པད་དཀར་ལྟ་བུར་བསྔགས།།དེ་ཕྱིར་བསྐལ་བཟང་ནང་ནས་བསྐལ་པ་འདི། །རྩོད་དུས་སྙིགས་མའི་བསྐལ་པར་མདོ་ལས་གསུངས།།ཐུབ་དབང་བསྟན་པའི་ཐོག་མཐའ་བར་གསུམ་ལ།།ལུང་སྒྲུབ་འབྲས་བུའི་གནས་སྐབས་གསུམ་དུ་འབྱེད། །དེ་ལའང་གདུལ་བྱའི་སྨིན་གྲོལ་མྱུར་བུལ་གྱི། །ཁྱད་པར་མི་འདྲ་ཤིན་ཏུ་ཆེ་བའི་ཕྱིར། །བསྟན་པ་འདི་ལ་བསྐལ་པ་སྙིགས་མ་དང་། །རྫོགས་ལྡན་གསུམ་ལྡན་ལ་སོགས་དབྱེ་བ་འཐད། །འགྲོ་ཀུན་བསམ་པའི་དབྱེ་བ་མཐའ་ཡས་པས། །རྒྱལ་བས་དྲང་ངེས་སྣ་ཚོགས་སྤྱིར་གསུངས་ཤིང་། །ཁྱད་པར་དམན་དང་རྒྱ་ཆེ་ཟབ་མོ་ལ། །ལྷག་པར་མོས་པའི་བློ་ངོར་ཆགས་བྲལ་དང་། །ས་དང་ཕར་ཕྱིན་ཕྱག་ཆེན་སྤྱོད་པ་ཡི། །ཐེག་པའི་རིམ་པ་དུ་མ་གསུངས་པ་ལྟར། །མོས་པའི་དབང་གིས་འཇུག་པའི་སྒོ་མང་ཡང་། །དེང་སང་གདུལ་བྱ་ཕལ་ཆེར་བློ་རྨོངས་①པས། །ཟབ་མོའི་ཆོས་ཀྱིས་ཕན་པ་ཉིན་སྐར་ཙམ། །གདུལ་བྱའི་ཁམས་དང་མི་ལྡན་ཆོས་བཤད་སྐྱོན། །དེ་ཕྱིར་ཇོ་བོ་བོད་དུ་བྱོན་པའི་ཚེ། །རྒྱལ་སྲས་འབྲོམ་གྱིས་རྗེ་ལ་འདི་སྐད་དུ། །བོད་འདིར་ཟབ་ཟབ་ཆོས་ཀྱིས་ཕན་མི་ཐོགས། །ཀུན་ལ་ཐུན་མོང་ཉིད་དུ་ཕན་བྱའི་ཕྱིར། །སྐྱེས་བུ་གསུམ་གྱི་ལམ་རིམ་བློ་སྦྱོང་ཟབ། །ཚུལ་འདི་རྒྱུ་མཚན་དུ་མས་གསོལ་བ་བཞིན།།ཇོ་བོ་ཆེན་པོས་གདུལ་བྱའི་རྒྱུད་བརྟགས་ཏེ། །སྲས་ཀྱི་ཐུ་བོ་དགེ་བཤེས་སྟོན་པ་སོགས། །ཐུན་མོང་མིན་པའི་གདུལ་བྱ་འགའ་ཞིག་དོན། །གསང་སྔགས་ཟབ་མོའི་ཆོས་རྣམས་སྦས་ཏེ་གསུངས། །དངོས་བརྒྱུད་གདུལ་བྱ་ཡོངས་ལ་ཕན་ཕྱིར་དུ། །ལས་འབྲས་ཐུན་མོང་བ་ཡི་ཆོས་ཆར་ཕབ། །དེས་ན་རྟོགས་པ་བཟང་ངན་ཐམས་ཅད་ཀྱིས། །འཁོར་བར་འཆིང་བ་སྤང་བྱའི་གཙོར་འཛིན་ཅིང་། །འཁྲུལ་སྣང་རང་གྲོལ་མཁས་པ་སུ་ཞིག་འདོད།།འོན་ཀྱང་བློ་གསལ་པའི་ངང་ཚུལ་གྱིས།།རྒྱ་ནག་མཁན་པོ་རིགས་པས་མཐར་བསྐྲད་ཚེ། །མཆིལ་ལྷམ་ཟུང་གཅིག་ལུས་པས་མ་འོངས་དུས། །གངས་རིའི་ཁྲོད་འདི་ཁོ་བོའི་རིང་ལུགས་ཉིད། །འཛིན་པ་མང་དུ་བྱུང་ཞེས་ལུང་བསྟན་ལྟར། །ཕྱི་རུ་པཎ་གྲུབ་བཞེད་སྲོལ་བརྫུ་ལ་བརྟེན། །ནང་ན་ཧྭཱ་ཤང་ལྟ་སྒོམ་ཉམས་ལེན་པའི།།སྒོམ་ཆེན་མང་པོས་གངས་ཁྲོད་གང་བར་འགྱུར། །རྣལ་འབྱོར་དབང་ཕྱུག་མི་ལ་རས་པས་ནི། །བླ་མ་བརྟེན་ནས་སྡིག་བཤགས་དཀའ་སྤྱད་སོགས།།ཐུན་མོང་ལམ་གྱིས་ཐུགས་རྒྱུད་སྦྱངས་པའི་ཕྱིར། །རྣམ་ཐར་མགུར་འབུམ་གཉིས་ན་གསལ་བར་བཞུགས། །ནག་ཕྱོགས་དུས་འཁྲུག་ནང་སྡིག་དར་བའི་སྐབས། །ཆོས་པ་ཕལ་ཆེར་ཆོས་བཞིན་མི་སྤྱོད་པར། །ཆོས་མཛད་རྣམས་ལ་ཆོས་མིན་སྐུར་བ་འདེབས། །མངོན་བརྗོད་བརྡས་བཅིངས་གབ་ཚིག་རྒྱན་ལ་སོགས། །སྙན་ངག་མ་སྦྱངས་རང་གར་མི་ཤེས་མོད། །འོན་ཀྱང་སྐྱེས་སྟོབས་བློ་གྲོས་ཀྱིས་དཔྱད་པའི། །སྒྲ་དོན་རྒྱན་དུ་བཀོད་པའི་ཞུ་ཡིག་འདི།།མི་དབང་ཐུགས་ཀྱི་རྒྱན་དུ་འགྱུར་བར་སྨོན།།རྣམ་དཔྱོད་དཔྱོད་ལྡན་ཡིད་ཆེས་ལེགས་བཤད་འདི། །མཁས་གྲུབ་དུ་མའི་དབང་ཕྱུག་དགེ་ལེགས་དཔལ།།སྒྲུབ་གནས་གནས་མཆོག་བ་སོ་ཞེས་བྱ་ནས།།སརྦ་ཛ་ག་ཏཾ།། །།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།