བྲག་དཀར་དཀའ་བཅུ་རིན་པོ་ཆེས་ཆོས་རྗེ་གསེར་ཁ་བ་ནས་བརྒྱུད་པའི་ གདམས་པ་སླར་ཡང་སྤེལ་བ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-09-16 15:41:56     རྩོམ་པ་པོ།   གྲུ་ཆར།     ཀློག་ཐེངས།  

ད་ལན་རང་ཉིད་ཀྱིས་སྔར་མཐོང་མྱོང་བའི་ཡིག་ཆ་ཁུངས་ལྡན་དག་གུང་བསྒྲིགས་ཏེ་ཡི་གེའི་ཚགས་ལ་མ་རྩེགས་པར་བྲི་བར་བྱ་བ་ནི། རིམ་གཉིས་རྣལ་འབྱོར་ལ་མངའ་བརྙེས་ཤིང་། གསང་ཆེན་གདམས་པའི་གཏེར་མཛོད་དུ་གྱུར་བ་བྲག་དཀར་དཀའ་བཅུ་རིན་པོ་ཆེ་ངག་དབང་གྲགས་པའི་རྣམ་ཐར་རྒྱ་མཚོ་ལྟ་བུ་ལས་ཆོས་རྗེ་གསེར་ཁ་བ་ནས་བརྒྱུད་པའི་གདམས་པ་གང་བཞུགས་སྡེ་འདིར་སླར་ཡང་སྤེལ་བའི་ཐུགས་བཞེད་དུས་སུ་སྨིན་པའི་བཀའ་དྲིན་དྲན་པའི་ཕྱིར་སྐྲ་རྩེར་བླངས་པའི་ཆུ་ཐུགས་ཙམ་ཞིག་ཅུང་ཟད་བརྗོད་ན།

དམ་པ་འདི་གང་དུ་འཁྲུངས་པའི་ཡུལ་ནི་རྨ་ཆུ་བཞུར་རྒྱུན་གྱིས་ལྷོ་བྱང་གཉིས་སུ་བགོས་པའི་ལྷོ་རྒྱུད། རོང་བོ་མར་ནང་ཚོ་ལྔའི་ས་ཆ། ཤིང་ལས་ཁ་བཀྲ་ཤིས་ཆོས་རྫོང་གི་ལྷ་སྡེ་རྫོང་ངེ་བྲ་འགྱོང་དུ་ཆོས་རྗེ་སྟག་གེ་སྒོམ་ཆེན་པ་དོན་ཡོད་རྒྱ་མཚོའི་དབོན་པོ་རུ་ཤིང་སྦྲུལ་སྤྱི་ལོ་༡༧༢༥ ལོར་སྐུ་འཁྲུངས། བཀྲ་ཤིས་ཆོས་རྫོང་དུ་བཞུགས། གསེར་ཁ་བ་བསོད་ནམས་རྒྱ་མཚོའི་དྲུང་དུ་ཀུན་མཁྱེན་གོང་མ་ཡབ་སྲས་ནས་བརྒྱུད་པའི་རིམ་གཉིས་ཀྱི་ཁྲིད་དང་འཇིགས་བྱེད་ཀྱི་དབང་སོགས་གདམས་པ་མང་དུ་གསན། དེ་ནས་དབུས་ཀྱི་གདན་ས་འཛམ་གླིང་མཁས་པའི་འབྱུང་གནས་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གི་ཆོས་གྲྭར་ཞུགས། སྐབས་དེར་སྒོ་མང་དཔོན་སློབ་མཁན་པོ་སངས་རྒྱས་རྡོ་རྗེས་མཛད་པའི་སྐབས་ཡིན་པས་དེ་ལས་བརྩི་བཞག་གསན། འཇམ་མགོན་རྒྱལ་ཚབ་དགའ་ལྡན་ཁྲི་རབས་ང་ལྔ་བ་ཁྲི་ཆེན་ནམ་མཁའ་བཟང་བོ་ལས་བསྙེན་པར་རྫོགས་ཏེ་བསླབ་ཁྲིམས་མིག་འབྲས་ལྟར་བསྐྱངས། ༧ སྐྱབས་མཆོག་འཇིགས་མེད་དབང་བོ་སྒོ་མང་གི་གཞུང་གསར་འཛིན་གྲྭ་ནས་གསར་དུ་ཕེབས་སྐབས་ཁོང་ལོ་ཤས་ཀྱིས་རྒན་ཡང་སྐྱབས་མགོན་མཆོག་དང་ལྷན་དུ་འཛིན་གྲྭ་གཅིག་པ་བྱས་ནས་ཕེབས། སློབ་གཉེར་ཤིན་ཏུ་ལེགས། རྩོད་པའི་རིགས་ལམ་ལ་ཤེས་རབ་མེ་ལྕེ་ལྟར་འབར་ཞིང་ལུང་རིགས་གནམ་ལྕགས་ཀྱི་རྣོ་དབལ་ཚ་བས་རྩོད་པའི་དོ་ཟླ་མེད་པར་གླེང་། དེ་ལྟར་དགུང་ལོ་སོ་གཉིས་པ་མེ་བྱི་ལོའི་དགུན་ཁར་ཀུན་མཁྱེན་འཇིགས་མེད་དབང་བོ་སོགས་དང་ལྷན་དུ་མཁས་གྲུབ་བྱེ་བའི་དབུས་སུ་ཕར་ཕྱིན་སྟོན་མོའི་དམ་བཅའ་བཞག་སྟེ་དབུ་མའི་འཛིན་གྲྭར་ཕེབས། འདིའི་སྔ་ཕྱི་ཀུན་ཏུ་རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ་མཆོག་དང་། ཞྭ་སེར་བསྟན་པའི་མངའ་བདག་པཎ་ཆེན་དཔལ་ལྡན་ཡེ་ཤེས། བྱང་ཆུབ་ལམ་གྱི་རིམ་པའི་མངའ་བདག་ཕུར་ལྕོག་ངག་དབང་བྱམས་པ། མཁས་གྲུབ་ཆེན་པོ་ལྕང་སྐྱ་རོལ་བའི་རྡོ་རྗེ། རྭ་སྒྲེང་ཡང་དགོན་ན་བཞུགས་པའི་སྔགས་རམས་པ་བློ་བཟང་དོན་འགྲུབ། སྟག་ཕུ་བློ་བཟང་བསྟན་པའི་རྒྱལ་མཚན། འབྲས་སྤུངས་ཀླུ་འབུམ་རི་ཁྲོད་པ་དཀའ་བཅུ་བློ་བཟང་དོན་གྲུབ་སོགས་ལས་དབུས་སུ་ཁྱོམ་བསྡོམས་ལོ་ངོ་བཅུ་ཕྲག་གཅིག་ཡས་མས་སུ་བཞུགས་པའི་རིང་ལ་གསུང་ཆོས་ཤིན་ཏུ་མང་བོ་གསན་པ་དང་། དབུ་ཕར་གཉིས་ལ་སློབ་གཉེར་མཐར་ཕྱིན་པ་གནང་བའི་འབྲས་རྟགས་སུ་དགུང་ལོ་སོ་ལྔའི་སྟེང་གསང་ཕུ་ནས་དཀའ་བཅུའི་མཚན་བཏགས་བཞེས།

རྭ་སྒྲེང་སྔགས་རམས་པ་རྗེ་འདི་ལ་ཐུགས་ཤིན་ཏུ་དགྱེས་ཏེ་འགོལ་བའི་སྐབས་ཤིག་ཏུ་ཀུན་མཁྱེན་འཇིགས་མེད་དབང་བོར་རྗེ་འདིའི་མཚན་ནས་སྨོས་ཏེ། གྲྭ་བ་འདི་ཁྱེད་རང་ཡུལ་དུ་ཕེབས་ན་ཡང་། ཉེ་འཁོར་དུ་བསྟེན་ཐུབ་པ་ཨེ་ཡོང་གསུངས་པར་ཡོང་ངེས་ཡིན་ཞུས་པས་དེ་ཤིན་ཏུ་ལེགས། ཤེས་རབ་མེ་འབར་བ་འདི་ལྟ་བུ་མང་ན་ཡང་། ཏིང་ངེ་འཛིན་གྱི་མན་ངག་སེམས་ལ་ཁྲིག་ཁྲིག་འཆར་བ་འདི་འདྲ་དཀོན་གསུངས།

ས་ཡོས་ལོར་ཀུན་མཁྱེན་འཇིགས་མེད་དབང་བོ་འབྲས་སྤུངས་ནས་ཆིབས་ཁ་བསྒྱུར་ཏེ་མདོ་སྨད་དུ་ཕེབས་སྐབས་རྗེ་འདི་ཡང་སྐུ་རྗེས་འབྲངས་ཏེ་ཕྱིར་རང་ཡུལ་དུ་ཆས། ཞལ་ནས། དབུས་སུ་ད་དུང་ཅུད་ཟད་བསྡད་ན་སློབ་གཉེར་ཞིག་འོང་ཚོད་ཡིན་ཡང་སྐུ་ཞོགས་ཀྱི་གསུང་ནན་མ་ལྕོགས་པར་རྗེས་དེད་ནས་འོང་བ་ཡིན་གསུངས། རིམ་གྱིས་མདོ་སྨད་དུ་བདེ་བར་ཕྱག་ཕེབས། ཀུན་མཁྱེན་མཆོག་ལ་དགོངས་པ་ཞུས་ཏེ་ཕྱིར་རང་གི་འཁྲུངས་ཡུལ་དུ་བྱོན། སྟག་གེ་དོན་ཡོད་རྒྱ་མཚོ་ཡུན་རིང་བཞུགས་གནས་བྲག་དཀར་རི་ཁྲོད་དུ་རྒྱུན་བཞུགས་མཛད་པས་ཕྱིས་བྲག་དཀར་དཀའ་བཅུ་བར་གྲགས། དུས་རྒྱུན་ཐུན་དྲུག་རྣལ་འབྱོར་གྱི་ཉམས་བཞེས་ཆག་མེད་ངང་ནས་ལམ་ཁྲིད་དང་།གསང་བདེ་འཇིགས་གསུམ་གྱི་བསྐྱེད་རྫོགས་ཀྱི་ཁྲིད་སྐྱོང་བ་སོགས་ནི། ཞལ་ནས་ཀྱང་། ལམ་རིམ་དང་བདེ་གསང་འཇིགས་གསུམ་གྱི་ཁྲིད་སྐྱོང་བ་ཆོ་གའི་ཚིག་བརྗོད་པ་ལ་ལྟོས་པ་བྱེད་ཀྱིན་མེད་གསུངས་ཏེ། ཁྲིད་དམིགས་རྒྱུན་དུ་བསྐྱངས་པས་ཆོ་གའི་ཚིག་ལ་མི་ལྟོས་པར་དམིགས་རིམ་ཐུགས་ངོར་ཤིན་ཏུ་འདྲེས་པའི་རྟགས་སུ་སྣང་ངོ་།།

དབུས་ནས་ཕུར་ལྕོག་བྱམས་པ་རིན་པོ་ཆེ་ལས་བདེ་གསང་འཇིགས་གསུམ་གྱི་བསྐྱེད་རྫོགས་དང་ཡང་དགོན་སྔགས་རམས་པ་ལས་འཁྲུལ་འཁོར་གྱི་ཁྲིད་གསན་སྐབས། བདག་གི་བླ་མ་གསེར་ཁ་བ་དེ་ཡང་དབུས་གཙང་དུ་བཞུགས་ན་འདི་རྣམས་ལས་མི་དམན་པ་འདུག་སྙམ་པ་ཤར་གསུངས།

མདོ་སྨད་དུ་ཕེབས་མ་ཐག་ཀུན་མཁྱེན་འཇིགས་མེད་དབང་བོར་སྔར་དབུས་སུ་མ་ཕེབས་གོང་ནས་གསེར་ཁ་དཔོན་སློབ་རིན་པོ་ཆེར་ཆོས་འབྲེལ་ཡོད་ཚུལ་སོགས་ཀྱི་རྒྱུ་མཚན་ཞུས་ཏེ་སླར་ཡང་སྐུ་མདུན་དུ་འགྲོ་རྒྱུའི་དགོངས་པ་ཞུས་པར། ཐུགས་ཤིན་ཏུ་དགྱེས་ནས་སྔོན་ཆོས་འབྲེལ་ཞུས་པ་ཤིན་ཏུ་ལེགས། ཕྱིན་ཆད་ཁྱེད་རང་ཡང་དང་ཡང་དུ་སོང་ལ་ཀུན་མཁྱེན་གོང་མ་ནས་བརྒྱུད་པའི་གདམས་ངག་སྔར་ཐོབ་པ་རྣམས་དག་ཐེར་དང་།མ་ཐོབ་པ་རྣམས་ནན་ཏན་དུ་ཞུས་ལ་ཞིབ་མོར་སློབས། ང་ལ་ཡང་དྲི་རྟོག་བྱེད་རྒྱུ་མང་བོ་ཡོད་གསུངས་ནས་མཚམས་འདྲའི་ཁ་བཏགས་ཀྱང་བསྐུར། བཀའ་བཞིན་དུ་གསེར་ཁ་དཔོན་སློབ་ཀྱི་དྲུང་དུ་ལན་དུ་མར་ཕེབས་སྐབས་ཀུན་མཁྱེན་འཇིགས་མེད་དབང་བོས་མན་ངག་རྣམ་གསུམ་དང་། ཕྱག་ལེན་གྱི་སྐོར་དུ་མར་དོགས་གཅོད་བཀའ་འདྲི་ཡང་ཡང་བསྐུར་བ་ལ། ཀུན་མཁེན་འཇམ་དབྱངས་བཞད་པ་དང་། ཐུགས་སྲས་ངག་དབང་བཀྲ་ཤིས་གཉིས་ཀྱི་གསུང་རྒྱུན་ལྟར་བཀའ་ལན་གནད་དུ་སྨིན་པ་ཡང་ཡང་ཕུལ་བས་ཀུན་མཁྱེན་མཆོག་ཀྱང་ཐུགས་འཕྲོག་པ་བྱུང་གསུང་། རྗེ་དེའི་དྲུང་ནས་སྔ་ཕྱིར་ཆོས་བཀའ་མང་དུ་གསན་པ་སོགས་ནི་གཞན་དང་གཞན་ལས་ཤེས་པར་བྱ་སྟེ། ཡི་གེ་མངས་དོགས་སོ། །

ཆོས་རྗེ་གསེར་ཁ་བ་དགུང་ལོ་གྱ་བཞི་ཡས་མས་གང་རུང་གི་སྐབས། སྐྱབས་མཆོག་འཇིགས་མེད་དབང་བོ་ཁོང་བཞུགས་སའི་ཕྱོགས་དེར་བྱོན་སྐབས། ཆོས་རྗེ་གསེར་ཁ་བ་ཆེད་གཉེར་གྱིས་མཇལ་བར་ཕེབས་ཏེ་ཚེ་རབས་རྗེས་འཛིན་གྱི་སྐྱབས་འཇུག་སོགས་ཞུས་ཤིང་། དེའི་རྗེས་བྲག་དཀར་དཀའ་བཅུ་སྐུ་མདུན་དུ་ཕེབས་པར་ད་ལོ་སྐུ་ཕྱོགས་ཡང་འདིར་ཕེབས་ནས་ང་རང་མཇལ་རྒྱུ་བྱུང་བ་སྐལ་བ་བཟང་། སྲད་རྒྱུད་རྡོ་རྗེ་འཆང་དང་ཀུན་མཁྱེན་བླ་མ་གཉིས་ནས་བརྒྱུད་པའི་མན་ངག་གསུམ་སོགས་ང་ལ་རྒྱུན་གང་ཡོད་ཁྱེད་ལ་བྱིན་ཚར། འདི་ཕྱོགས་འཁྱར་མེད་པར་གདན་ས་རང་ལ་འཕྲོད་ཐབས་ཞིག་རེམ་གསུངས། རྗེ་འདིའི་ཀྱང་བླ་མའི་ཞལ་ཆེམས་འདི་སློབ་མ་དག་ལ་ཡང་ཡང་བསྐྱར་ཞིང་ཐུགས་ཀྱི་བཞེད་པ་ཡོངས་སུ་བསྒྲུབས་པའི་ཚུལ་ནི། སྐྱབས་མཆོག་འཇིགས་མེད་དབང་བོ་རྗེ་འདིའི་སྐུ་ཡོན་ལ་རྒྱུས་མངའ་ཆེ་བས་གདན་ས་རང་དུ་ཕེབས་ནས་ཆོས་རྒྱུན་སྤེལ་དགོས་འཆར་གྱི་གསུང་རབ་གནང་བར་མ་ཟད། ཁྲི་ཆེན་འཇིགས་མེད་རིགས་པའི་སེང་གེ་ལ་ཁྱེད་ཀྱིས་བྲག་དཀར་དཀའ་བཅུ་ངག་དབང་གྲགས་པ་ལ་བཀའ་ཆོས་ཞུས་དགོས་པའི་བཀའ་སློབ་བསྩལ་བ་བཞིན། ཧོར་གཙང་ཚང་དང་དབལ་མང་རིན་པོ་ཆེ་སོགས་དོན་གཉེར་ཅན་བདུན་བཀའ་ཆོས་གསན་པར་ཚགས་བཙུགས། སྐབས་འདིར་ཆོས་རྒྱུན་ཉག་ཕྲ་བ་མང་བོ་ཆེད་གཉེར་གྱིས་སྤེལ་དུ་བཅུག་པ་ནི་ཆོས་རྒྱུན་དེ་དག་མི་ཉམས་པའི་སྲོག་གི་ཆད་འཐུད་པ་ལྟ་བུར་གྱུར་ཏོ། ཆོས་བཀའ་གསན་པའི་སྐོར་ཞུས་ན་མང་དྲག་ལ་དེ་དག་དབལ་མང་རིན་པོ་ཆེའི་གསན་ཡིག་དང་རྗེ་ཤེས་རབ་རྒྱ་མཚོའི་ཁྲིད་ཡིག་སོགས་ན་གསལ།  སྐབས་དེ་དུས་འཇམ་པའི་དབྱངས་དཀོན་མཆོག་བསྟན་པའི་སྒྲོན་མེའི་དྲུང་ནས་སྒྲུབ་ཐབས་རྒྱ་མཚོ་དང་བ་རི་བརྒྱ་རྩའི་རྗེས་གནང་སྒྲུབ་ཐབས་ཀྱི་ལུང་དང་བཅས་གསན།

སྔོན་འབྲས་སྤུངས་ནས་རྗེ་ཉིད་དང་གྲྭ་ཐོག་མཉམ་པ་གདན་ས་འདི་གའི་ཁྲི་རབས་བཅོ་ལྔ་བ་རྭ་བསོད་ནམས་དབང་རྒྱལ་དང་ཁྲི་རབས་བཅུ་བདུན་པ་རྗེ་བསོད་ནམས་གྲགས་པ་གཉིས་དང་།རླུང་གི་རྣལ་འབྱོར་བ་ལ་མངའ་བརྙེས་པའི་རི་ཁྲོད་པ་ཙ་ཡུས་ངག་དབང་ཆོས་འཕེལ་རྣམས་ལས་ཀྱང་ཉེར་མཁོ་འགའ་གསན།

དགུང་ལོ་བདུན་ཅུ་བཞེས་པ་ཤིང་སྟག སྤྱི་ལོ་1794ལོར་དབང་མང་རིན་པོ་ཆེ་ལ་ཕྱག་བྲིས་ཚིག་བཅད་མ་ཞིག་བསྐུར་བའི་ནང་འཆི་བ་ལ་སྒུག་ནས་ཡོད་ཚུལ་སོགས་དགོངས་གཞི་ཅན་གྱི་གསུངས་གནང་བར། དབལ་མང་པཎྜིཏས་ཆིབས་པ་མི་སྣ་དང་བཅས་འཕྲལ་དུ་མངགས་ནས་གདན་དྲངས། ཕེབས་མ་ཐག་གསོལ་ཇ་བཞེས་སྐབས། ཁྱོད་ཚོ་ན་གཞོན་པའི་སྟབས་རེད། ང་ན་སོ་རྒས་པས་ཅི་ཡང་མི་ནུས་འདུག སྔོན་བསྐྱེད་རྫོགས་རེའི་ཁྲིད་བྱེད་ནའང་ཅུང་ཟད་རེ་བློ་ལ་ཡོད། ད་ལྟ་ཐམས་ཅད་བརྗེད་ནས་མེད་གསུངས། དཔའ་རིས་དགེ་བཤེས་འཇིགས་མེད་དམ་ཆོས་ཀྱིས། བཀའ་ཆོས་སྐུ་གཟུགས་ཀྱི་བབ་དང་བསྟུན་ཆོག་མཇལ་བ་བཀའ་དྲིན་ཆེ་ཞུས་པར། སློབ་མའི་མགོ་ལ་ལག་པ་བཞག་ནས་སྨིན་གྲོལ་ལ་འགོད་ཐུབ་མཁན་དེ་ང་མ་རེད་གསུངས། དེ་ནས་ཟླ་གཅིག་རིང་ལ་བདེ་གསང་འཇིགས་གསུམ་གྱི་བསྐྱེད་རྫོགས་ཀྱི་ཁྲིད་ཞལ་ཤེས་དང་བཅས་པ་ཐུགས་ཐོག་ནས་གནང་། གསུང་བཤད་ཐམས་ཅད་མ་འདྲེས་པར་ཐུགས་ལ་བཞུགས་ཤིང་།བཤད་པ་གཞན་མི་བསྲེ་བར་བླ་མས་གང་གསུང་ཚིག་གཅིག་ཀྱང་མ་ཆད་པར་མཐར་ཆགས་སུ་བཏོན་པ་ལྟ་བུ་ཞིག་མཛད།ཐ་ན་གསུང་གི་གདངས། སྐུའི་ཉམས་འགྱུར་ཚུན་ཆད་བླ་མས་གང་གནང་ལྟར་སྟོན་པའི་གསུང་ཚུལ་ངོ་མཚར་བ་ཞིག་ཡོད་སྟབས། སློབ་མ་དག་གི་སེམས་ངོ་ལ་གསུང་བཤད་དཔར་བཏབ་པ་ལྟ་བུ་བྱུང་བས་ཁོང་རྣམས་ཐུགས་ཚིམས། ཕྱིས་སུ་རྗེ་འདིའི་གསུང་སྒྲོས་མང་བོ་དབལ་མང་རིན་པོ་ཆེའི་གསུང་རྩོམ་དུ་བཞུགས་པར་མ་ཟད། རྗེ་འདིས་གསུང་བཤད་ཀྱིས་དབལ་མང་པཎྜིཏ་ཆེན་པོ་ཐུགས་གཏིང་ནས་འཕྲོག་པའི་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བའི་ཚིག་དུ་མ་སྣང་ངོ་། རྨོངས་པའི་སྐྱེ་བོ་དག་ཡིད་བཀུག་ནས་བསྟོད་པའི་ཅ་ཅོ་སྒྲོག་པ་ལ་ཡ་མཚན་རྒྱུ་མེད་མོད། དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་མཁས་པ་ཆེན་པོ་འདི་ལྟ་བུའི་ཐུགས་འཕྲོག་རྒྱུ་ལས་སླ་བ་ག་ལ་ཡིན། ཞིབ་རྒྱས་ཤེས་འདོད་པ་དག་གིས་ཨ་ཁུ་རྒྱབ་ཡོལ་དར་རྒྱས་མཛད་པའི་རྗེ་འདིའི་རྣམ་ཐར་ལ་གཟིགས་པར་ཞུ། དེ་ལྟར་རྗེ་འདི་བླ་མའི་གདམས་ངག་གིས་ཐུགས་རྒྱུད་གཏམས་ཤིང་། གསང་ཆེན་གདམས་པའི་གཏེར་མཛོད་དུ་གྱུར་བ་ཞིག་ཡིན་ན་ཡང་། དུས་རྒྱུན་མཁས་ཉམས་མེད་པར་ཕར་བལྟས་ཚོད་ཀྱིས་ཕྱིའི་རྣམ་པ་ཡང་གྲྭ་བ་གྲྭ་རྐྱང་གི་ཚུལ་བཟུང་སྟེ། ཕྱིང་བའི་སྐུ་འགག་དང་། རྭ་རྒྱའི་ཕྱོགས་ཀྱི་ལྷམ་མཐིལ་མཐོན་པོ་ཅན་ཞིག་བཞེས་ནས་ཡར་མར་དུ་རྡོག་རྡོག་ཕེབས། དྲི་བ་འདྲ་ཞུས་ཀྱང་། སུས་ཤེས་ཟེར་བ་ལྟ་བུའི་གྱོང་གྱོང་བའི་ལན་རེ་གནང་སྟེ་ཆོས་ལ་བཀའ་དམ་པོ་གནང་བས་རྒྱུས་མེད་ཚོས་ཅི་ཡང་མི་ཤེས་པར་བརྩི་ཡང་། སྐྱབས་མཆོག་འཇིགས་མེད་དབང་བོའི་རྣམ་ཐར་དུ་རྗེ་འདི་ལ་གསང་ཆེན་གདམས་པའི་གཏེར་མཛོད་དང་། གསང་ཆེན་གདམས་པའི་བཀའ་བབས་སུ་བསྔགས་པ་ཡང་ངེས་པ་དོན་གྱི་རང་བཞིན་བརྗོད་པའོ། །

རྗེ་འདིས་ཆོས་གྲྭའི་ཐལ་སྐད་གསན་དུས་འདི་གོ་ན་ངན་སོང་དུ་མི་འགྲོ་ཞེས་ཐུགས་སྨོན་རྒྱ་ཆེར་མཛད།

མདོར་ན་རྗེ་འདི་སྐུ་ན་གཞོན་དུས་ཆོས་སྒོར་ཞུགས། མདོ་དབུས་ཀྱི་ཉི་ཟླ་ལྟ་བུའི་མཁས་གྲུབ་གཅིག་ལས་གཅིག་ལྷག་གི་ཞབས་ལ་གཏུགས་ནས་གཞུང་ཆེན་མོ་དག་ལ་ཐོས་བསམ་ཀྱིས་སྒྲོ་འདོགས་བཅད། མདོ་སྔགས་སྤྱི་དང་ཁྱད་པར་སྙན་བརྒྱུད་གདམས་པའི་གཏེར་དུ་གྱུར། རིན་པོ་ཆེ་ལྟ་བུའི་གདུལ་བྱ་མང་བོར་ཟབ་རྒྱས་ཀྱི་གདམས་པའི་མན་ངག་བྱིན། དབེན་པའི་རི་ཁྲོད་ནས་ཚེ་དང་སྒྲུབ་པ་སྙོམས་ནས་མཛད་པ་མཐར་ཕྱིན་པ་ནི་རྗེ་འདིའི་རྣམ་པར་ཐར་བའི་སྙིང་ནོར་རོ། །

      ཟུར་དུ་ཞུ་མཆིད་ནི། འདིར་དམ་པ་ཁོང་གི་སྐུ་ཚེ་མཛད་རྣམ་གྱི་ཆ་ལས་སྡེ་འདི་དང་འབྲེལ་བའི་སྐོར་གྱི་ཡིག་ཆ་ཁུངས་ཐུབ་དག་ལས་ནང་དོན་གནད་དུ་བསྡུས་ཁུལ་གྱི་ཅུང་ཟད་ཅིག་བྲིས་པ་ཙམ་ལས། ད་དུང་འདིར་མ་འདུས་པ་དང་མ་ཟིན་པ་དག་ཅིས་ཀྱང་ཡོད་ངེས་པས་མཁྱེན་ལྡན་དག་ལ་དགོངས་འཁྲོལ་ཞུ་བ་དང་ཆབས་ཅིག དྲུག་པའི་ཤིང་སློང་ལ་ཉེ་བའི་སྐབས་ཀྱི་དུས་ཚོད་༢༠༢༠/༦/༤ཉིན་གྱི་ཁོམ་ལོང་འདི་བེད་སྤྱད་དེ་འདི་ནས་བརྩིས་པའི་མི་ལོ་སུམ་བརྒྱ་ཡས་མས་ཀྱི་སྐྱེས་ཆེན་དམ་པ་ཞིག་གི་མཛད་རྣམ་གྱི་ཆ་ལ་རྒྱང་ལྟ་བྱེད་ཁུལ་ཞིག་བྱས་པ་ཡིན་པས་ནོར་བ་ནི་ཅིས་ཀྱང་ཡོད་སྲིད་དོ།།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།