བླ་མ་ཆིན་ཏིན་མཆོག་གི་རིང་བསྲེལ་མཆོད་རྟེན་ལ་སྦྱར་བའི་རྡོ་རིང་ཡི་གེ །

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-07-08 22:38:14     རྩོམ་པ་པོ།   ཆོས་འཕགས་དགོན།    ཀློག་ཐེངས།  

b219ebc4b74543a9874737f61f178a82b90114af.jpg

༄༅།། བླ་མ་ཆིན་ཏིན་མཆོག་ནི་ཆུ་ཡོས་ལོའི་དགུན་ལ་ཡུལ་ཀྲི་ཅང་གི་སན་མིན་ཀའོ་ཇན་ལ་འཁྲུངས།  རབ་ཏུ་མ་བྱུང་གོང་གི་མཚན་ལ་ཀྲན་ཆོན་ཧྲན་ཞུ།   མཚན་གཞན་ཡུའུ་ཙང་གསོལ།  སྐྱེས་ཐོབ་ཀྱི་ཤེས་རབ་ཆེ་ཞིང་སྐུ་ན་ཕྲ་དུས་ནས་ནང་པའི་ཆོས་ཀྱི་བག་ཆགས་ཐེབས།  གཞོན་ཆེ་རྒྱལ་ཁབ་ལ་ཞབས་ཞུ་སྒྲུབ་རེས་ཀོང་ཀྲིའུ་སློབ་ཆེའི་མཚན་ཉིད་རིག་པའི་ཚན་ཁག་ནས་མཐར་ཕྱིན།   ཧོང་ཕུ་དམག་གི་སློབ་གྲྭར་རྒྱུགས་འཕྲོད་པས་དམག་ལ་ཞུགས།   བྱང་འདུལ་དམག་འཁྲུག་བརྒྱུད་དེ་ཧྲའོ་ཅང་གི་དམག་ཐོབ་བཞེས།  ལྕགས་སྦྲུལ་ལོའི་དབྱར་ཀར་དམག་ལས་བྱོལ་ནས་ནང་པའི་ཆོས་སྒོར་ཞུགས།  སྔ་ཕྱིར་ཁྲན་ཡེ་དང་ཏིན་ཧོས། ནན་ཧའེ་བཅས་བསྟེན་ནས་སྒོམ་སྒྲུབ་མཛད།   ཆོས་འཕགས་དགོན་དུ་བསྙེན་པར་རྫོགས།

དགུང་ལོ་གོ་བདུན་བཞུགས་ཏེ་འདུལ་ཁྲིམས་ལོ་ང་བརྒྱད་བསྲུངས།   སྐུ་ཚེ་ཧྲིལ་པོར་ཆོས་ཕྱིར་བརྩོན་དེ་གྲོལ་བ་དོན་དུ་གཉེར།  ཐོས་པ་ཕྱོགས་མེད་གནང་པས་ལུང་ལ་མཁས།   འདུས་པ་བསྐྱངས་ཏེ་མདོ་སྔགས་ཟུང་དུ་བསྒྲུབས།   ཚོགས་སུ་མཐུན་པར་གནས་ཤིང་གཤེགས་སྙིང་མངོན་པར་མཛད་པས་བསྟན་པའི་མིག་རྒྱན་དུ་གྱུར།   བྱམས་སྙིང་རྗེ་ཕུགས་སུ་མཛད་དེ་དབུལ་སྐྱོར་རྒུད་སེལ་དང་ཕུགས་རེའི་འདུ་འགོད་སོགས་སྤྱི་ཕན་བྱ་བཞག་ལ་ལྷག་བསམ་ཆེ་བས་གནང་སྤྱིན་ཆེར་མཛད་ཀྱང་རང་ལ་སྲི་ཞུ་ཆུང་།    དགོངས་སྤྱོད་བཟང་བས་རྒྱ་ནག་ལྕགས་རི་ཕྱི་ནང་དང་འབྲི་ཆུའི་གཡས་གཡོན།  རྒྱ་མཚོའི་ཕ་རོལ་བཅས་ནས་སྐྱབས་སྡོམ་དང་རབ་བྱུང་།  དབང་བསྐུར་དོན་གཉེར་བྱེད་མཁན་གྲངས་ལས་འདས།  བླ་མས་རྒྱལ་གཅེས་ཆོས་གཅེས་མཛད་དེ།  གཅིག་གྱུར་གསུམ་རྩལ་དུ་བཏོན་ཅིང་མཛད་སྤྱོད་རེ་བཞིན་དུ་རྒྱལ་ཁམས་བདེ་ཞིང་མེས་རྒྱལ་གཅིག་གྱུར་དང་འཛམ་གླིང་ཞི་བདེ་ཡོང་བའི་ཐུགས་སྨོན་མ་བརྗེད་པར་མཛད།  དེ་ནི་སྐུ་ཞབས་སུན་ཀྲུང་ཧྲན་གྱིས།  ནང་བསྟན་ནི་འཇིག་རྟེན་སྐྱོང་བའི་བྱམས་བརྩེའི་ཐབས་ལམ་ཏེ།  སྲིད་སྐྱོར་བར་ཕན་པས་ན་མ་འཁྲུལ་བ་རང་ཡིན་ནོ།། ཞེས་གསུངས་པ་ལྟར་རོ།།

 ས་ཡོས་ལོའི་དབྱར་ཁར་བླ་མ་ཞི་བར་གཤེགས་ཆེ་དད་པའི་བུ་སློབ་ཀུན་མིག་མཐར་མཆི་མས་བསྐོར་ཏེ་ཆོས་འཕགས་དགོན་དུ་འཚང་ཁ་ཤིབ་ཤིབ་བྱས་ནས་ཉིན་མང་སོང་བས་གྲོང་ཁྱེར་སྤོས་ངད་ལྡན་གྱི་ཁྲོམ་སྲང་དག་ཏུ་མིའི་རྒྱུ་འགྲུལ་མེད་པ་ཙམ་དུ་གྱུར།   བླ་མའི་སྐུ་གདུང་གི་མདུན་དུ་ཕྱག་མཆོད་བྱེད་མཁན་རྒྱུན་མ་ཆད་པའི་ཚུལ་ནི་མི་སེམས་འགུལ་བ་བླ་ན་མེད་པའོ།  །མཛད་སྤྱོད་ལེགས་ཏེ་ཀུན་གྱིས་སྦྱི་བོར་བླངས།  རྩེ་གཅིག་བསྒྲུབས་པས་རང་བཞིན་རྣལ་དུ་འབྱོར།  རིང་བསྲེལ་བཞག་པ་ལས་གསེར་མདོག་ཅན་བཞི་དང་།   ནག་ཅིང་དྭངས་པ་གྲངས་མེད་བཞུགས་པས་སྐུ་ཞབས་ཕུ་ཁྲུའུ་ཡིས་བཟང་རྩིའི་མུ་ཏིག་ལ་དཔེར་མཛད།   འདི་ནི་ནང་པའི་གཟི་བརྗིད་ཅིག་སྟེ་ཡི་གེར་མི་བཀོད་ཀ་མེད་ཡིན་པས་རྡོ་བརྐོས་མཆོད་རྟེན་བཞེངས་ཏེ་བརྗོད་ན་འདི་ལྟ་སྟེ།

ལང་ཚོ་དར་དུས་གསར་བརྗེའི་དྭྭངས་རྩེ་སྟེ།།   འཇིག་རྟེན་རྟོག་ཕྱིར་དཔུང་གི་ཁྱུ་མཆོག་མཛད།།

བཟང་ངན་རྐྱེན་ཀུན་རང་སེམས་དབང་དུ་སྟེ།། རྟོགས་པ་མངོན་གྱུར་བླ་མའི་བླ་མ་ཉིད།།

བརྒྱད་ཅུར་སི་ཁྲོན་ཕེབས་པས་གདན་ས་དར།།སྡེ་སྣོད་དབང་དུ་གྱུར་པས་ལུང་ལ་དབང་།།

ས་སྙིང་བཞིན་དུ་འགྲོ་ཀུན་སྒྲོལ་པར་སྨོན།།ཕྱི་ཁྲིམས་གཙང་ཞིང་ནང་དུ་ཡེ་ཤེས་རྒྱས།།

མདོ་སྔགས་ཟུང་ལས་ཞིང་གི་པད་མརའཁྲུངས།།   ཆོས་འཁོར་ཡེ་ཤེས་སྒྲོན་མེ་ནམ་ཡང་གསལ།།

         སྟོན་པ་འདས་ནས་ལོ༼༢༥༤༦༽ཕྱིན་དུས།

ཧོང་ཕུའི་སྐབས་ཀྱི་སློབ་གྲོགས་སྟོན་པའི་རྗེས་འཇུག་རྣམས་ཀྱིས་ཆུ་རྟ་ལོར་གུས་པས་བཞེངས།

ཅོ་ནེའི་དོན་འགྲུབ་རྒྱལ་གྱིས་གཏགས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།