སྐྱེ་བ་སྔ་ཕྱི་དང་འབྲེལ་བའི་དྲི་བ་སོ་ལྔའི་ལན།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ །     སྤེལ་དུས།  2018-09-05 13:07:23     རྩོམ་པ་པོ།   བློ་བཟང་དགེ་ལེགས།    ཀློག་ཐེངས།  

 (དང་པོ།)

སྐྱེ་བ་སྔ་ཕྱི་དང་འབྲེལ་བའི་དྲི་བ་སོ་ལྔའི་ལན།

རྗེ་བཙན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །

མཁས་དབང་དཔའ་བརྟུལ་ལགས་ཀྱིས་སྐྱེ་བ་སྔ་ཕྱི་དང་འབྲེལ་བའི་དྲི་བ་སུམ་ཅུ་སོ་ལྔ་ཞེས་པ་ཞིག་དྲ་ཐོག་ཏུ་བཏང་འདུག་པ་ལ་རང་བློ་སྦྱོང་ཕྱིར་ལན་གང་ནུས་ཤིག་མཐར་ཆགས་སུ་འབུལ་ན་རིགས་པ་སྨྲ་བ་དག་གིས་བརྒལ་བརྟག་མཛད་པར་བཞེད་ན་མཛོད་ཅིག

དྲི་བ། ༄༅༎ སྐྱེ་བ་སྔ་ཕྱི་དང་འབྲེལ་ཡོད་དྲི་བ་སོ་ལྔ་པ་ཞེས་བྱ་བ།།

ཤེས་པ་ཟེར་བ་རྩ་དང་ཀླད་པར་དབང་བསྒྱུར་མཁན་དང༌། གཟུགས་ཅན་ལས་འདས་པ། ཐོགས་རེག་དང་བྲལ་བ། ཚེ་སྔ་མ་ནས་འདིར་འོངས་བ། ལུས་དང་བྲལ་ནས་ཕྱི་མར་འགྲོ་བ་ཞིག་ཡོད་པར་འདོད་མཁན་རྣམས་ཀྱིས་འདི་དག་ལ་ལན་ཐོབ། དེ་ཡང་ཆོས་ཁས་མི་ལེན་མཁན་ཞིག་དང་། ལུང་ལ་ཡིད་མི་ཆེས་མཁན་ཞིག་ལ་ལན་ཇི་ལྟར་འདེབས་དགོས་པ་ལྟར་ཐོབ་ཅིག

༡ རྩ་དང་ཀླད་པ་སྣད་ན་རིག་པ་འཆོལ་འགྲོ་བ་མངོན་སུམ་ཡིན་ན། རིག་པ་རྣོ་ལོད་སོགས་ཀྱང་རྩ་དང་ཀླད་པ་བཟང་ངན་ལས་འབྱུང་ཆོག་པས། རྣམ་ཤེས་ཀྱིས་ཚེ་སྔ་མ་ནས་བག་ཆགས་ཤིག་འདིར་ཁུར་ཡོང་དགོས་དོན་གང་ཡིན་ནམ།

ལན། ༼༡༽ འདིའི་ལན་རྣམ་འགྲེལ་ལས་གསུངས་ཏེ། རྩ་དང་ཀླད་པ་བསྣད་ན་རིག་པ་འཆོལ་འགྲོ་བ་ནི། དེ་དག་འཁྲུག་པས་དེ་གཟུང་དོན་དུ་བྱེད་པའི་དབང་ཤེས་འཆོལ་ཞིང་དེས་བདག་རྐྱེན་བྱས་པའི་ཡིད་བློ་འཆོལ་བ་ཡིན་གྱི། གཞན་དུ་ན། རྩ་ཀླད་དེ་དག་མེད་པའི་རུས་སྦལ་དང་འབུ་སོགས་ཤེས་པ་མ་འཆོལ་བར་ལས་ལ་ཞུགས་པ་མ་མཐོང་ངམ། རྩ་དང་ཀླད་པ་བཟང་བའི་རོ་དང་ཏིང་འཛིན་དང་གཉིད་ཐུག་གི་སྐབས་སུ་བློ་རགས་པའི་གཡེར་བག་ཡོད་པར་ཐལ་ཞིང་། སྟག་མཐོང་བས་བརྒྱལ་འགྲོ་བ་ཡོད་པས་སྟག་དེ་ང་ཚོའི་ཡིད་བློའི་ཉེར་ལེན་དུ་ཐལ་ལོ། །དངོས་ལན་ནི། རྩ་ཀླད་བཟང་བས་དབང་ཤེས་བསྐྱེད་པ་ལ་རྩ་ཀླད་བཟང་བ་ཙམ་གྱིས་མི་ཆོག་པར་དེའི་གྲོགས་སུ་ཡིད་ཤེས་ཀྱང་དགོས་ལ། དེ་དག་ཚོགས་པས་དབང་ཤེས་སྐྱེ་ཞིང་དེ་ལས་ཡིད་བློ་བཟང་ངན་འབྱུང་བ་ཡིན་པས་དོགས་པ་འདི་ཡང་རྣམ་འགྲེལ་ལས་གསལ་བར་བཅད་ཡོད། དེས་ན་བག་ཆགས་འཁུར་ཟེར་བ་སྐབས་འདིར་འབྲེལ་བ་མེད་དོ། །མདོར་ན་རྩ་དང་ཀླད་པ་ཤེས་པའི་ཉེར་ལེན་ཡིན་པར་སྒྲུབས་ཤིག། བདག་ཅག་གིས་རྩ་དང་ཀླད་པ་ཤེས་པའི་ཉེར་ལེན་ཡིན་པ་འགོག་པ་ཡིན་གྱི། རྐྱེན་བྱས་པས་ཁྱད་པའི་ཁྱད་པར་སྐྱེ་བ་ཡོད་པ་ཙམ་ནི་དང་པོ་ནས་འདོད་པས་གནོད་བྱེད་འདི་དག་ངེད་ལ་མི་འཇུག་གོ །

དྲི་བ། ༢ རྩ་དང་ཀླད་པའི་གྲུབ་སྟངས་ལས་རིག་པ་བཟང་ངན་འབྱུང་ཆོག་ན། མི་དང་དུད་འགྲོའི་རིག་པ་བཟང་ངན་ཡང་དེ་གཉིས་ཀྱི་རྩ་ཀླད་གྲུབ་སྟངས་མི་འདྲ་བ་ལས་བྱུང་བ་མ་རེད་ཅེས་ཁ་ཚོན་བཅད་ནས་བཤད་ཐུབ་པའི་རྒྱུ་མཚན་དང་དཔང་རྟགས་གང་ཞིག་ཡོད་དམ།

ལན། ༼༢༽ལན་སྔ་མས་ཆོག་ལ། རྩ་ཀླད་བཟང་ངན། བཅུད་ལེན་གྲུབ་པ། དབང་པོ་གསལ་མིན་སོགས་ལས་རིག་པ་བཟང་དམན་སོགས་འབྱུང་བར་མི་འདོད་པ་མིན་པས་རྒྱུ་མཚན་དང་དཔང་རྟགས་མི་དགོས་ལ། སྔགས་ཀྱི་ཉམས་ལེན་ཡང་ལུས་ལ་ལྟོས་ཚབས་ཆེ་བའི་སེམས་འདི་གོང་འཕེལ་གཏོང་ཐབས་སུ་ལུས་ལ་བེད་སྤྱོད་བྱེད་པ་ཡིན་པར་ཤེས་པར་བྱ།

དྲི་བ། ༣ གཟུགས་ཕུང་གྲུབ་ཚུལ་བརྒྱ་ཆ་བརྒྱ་ཡོངས་སུ་གཅིག་པ་ཡིན་ཚེ་དེ་གཉིས་ཀྱི་བསམ་བློ་དང་བྱ་སྤྱོད་གཅིག་པ་ཡོང་མི་དགོས་ན། མི་དང་མི་ལྟ་བུ་ཇི་ཙམ་གྱིས་གཟུགས་ཕུང་གྲུབ་སྟངས་གཅིག་པ་ཡིན་པ་དེ་ཙམ་གྱིས་བསམ་བློ་དང་བྱ་སྤྱོད་འདྲ་བ་མང་ལ། མི་དང་རྟ་ལྟ་བུ་ཇི་ཙམ་གྱིས་གཟུགས་ཕུང་གྲུབ་ཚུལ་མ་འདྲ་བ་ཡོད་པ་དེ་ཙམ་གྱིས་བསམ་སྤྱོད་མ་འདྲ་བ་མང་བ་མངོན་སུམ་ཡིན་པའི་གནས་ལུགས་འདི་ལ་འགྲེལ་བཤད་ག་འདྲ་རྒྱག་གམ།

ལན། ༼༣༽འདི་ཡང་སྔ་མ་ལྟར་ལུས་ཕུང་གྲུབ་ཚུལ་ལས་དབང་ཤེས་དང་དབང་ཤེས་གྲུབ་ཚུལ་ལས་ཡིད་བློ་རྟོག་པ་སྐྱེ་ཚུལ་སྣ་ཚོགས་སུ་འབྱུང་ལ། དེས་ཚོར་བ་སོགས་མི་འདྲ་བས་བསམ་སྤྱོད་སྣ་ཚོགས་སུ་ཅི་ལ་མི་སྐྱེ་སྟེ། འོན་ཀྱང་སློབ་སྦྱོང་སོགས་ལས་བློ་གྲོས་ཁྱད་ཞུགས་པ་སོགས་ཅིས་ཀྱང་འབྱུང་སྟེ། སྟག་མཐོང་བས་བརྒྱལ་འགྲོ་བ་དང་དཔའ་བརྟན་སྐྱེ་བ་མི་འདྲ་བ་བཞིན་དུ་རྐྱེན་གཞན་ལས་ཁྱད་པར་མི་འགྱུར་ན། རྒྱུ་འབྲས་ཀྱི་འགྲོས་དང་འགལ་ལོ། །

དྲི་བ། ༤ བ་གླང་གི་བེའུ་སྐྱེས་མ་ཐག་ནས་ཁ་ཐུར་ལ་འཁོར་ནས་ཨ་མ་ལས་འོ་མ་ནུ་ཤེས་པ་དང༌། བྱ་ཕྲུག་གིས་སྒོ་ང་ཁ་བྱེ་མ་ཐག་ནས་ཁ་གནམ་ལ་གདང་ནས་ཨ་མ་ལས་འབུ་རོ་ལེན་ཤེས་པ་ཡང་སོ་སོའི་རྩ་ཀླད་དང་གཟུགས་ཕུངས་གྲུབ་སྟངས་ཀྱི་ཆ་ནས་མ་རེད་ཅེས་བཤད་ཐུབ་བམ།

ལན། ༼༤༽གཟུགས་ཕུང་གྲུབ་སྟངས་དེས་ཤེས་པ་དེ་ལྟར་སྐྱེ་དགོས་དོན་ཅི་ཡིན། གཟུགས་ཕུང་གྲུབ་སྟངས་མི་འདྲ་བ་དེ་དག་གི་རྒྱུ་མི་འདྲ་བ་དེ་དག་ཅི། རྒྱུ་མི་འདྲ་བ་དེ་དག་གི་རྒྱུ་མི་འདྲ་བའི་ཆ་དེ་དག་གང་ལས་ཞེས་འདྲི་སྙིང་འདོད། ཁོ་བོ་ཅག་ནི། མཐའ་གཞན་ཁེགས་པས་ལས་ལས་གྲུབ་པར་འདོད་དོ། །སྤྱིར་འདོད་ཆགས་ཆེ་བ་སོགས་གོམས་པ་ལས་འབྱུང་བ་མངོན་སུམ་མྱོང་བས་ངེས་ནུས་པས་དེའི་ཐོག་ནས་རིགས་བསྒྲེས་ཏེ། ཟས་ལ་འཇུག་པ་སོགས་ཀྱང་གོམས་པ་སྔོན་སོང་དུ་བསྒྲུབས་པ་ཡིན་མོད། གནས་སྐབས་ཀྱི་རྐྱེན་ལ་ཡང་ཤིན་ཏུ་ལྟོས་པས་འདིའི་གསལ་བཤད་ཞིབ་མོ་ཞིག་བདག་གིས་མ་ཤེས་ལགས། འོན་ཀྱང་ཉེར་ལེན་སྔ་མ་ཤེས་པ་ཡིན་དགོས་པར་སྒྲུབ་པའི་གཏན་ཚིགས་ཀྱི་བརྩིགས་པ་སྔར་བཞིན་བརྟན་པས་ཀློག་པ་པོ་དག་འདྲོགས་མགོ་ལང་སྔ་མ་བྱེད་ཅིག།

དྲི་བ། ༥ ལྷ་འདྲེ་མི་ལ་ཞུགས་ནས་མི་སྐད་ཐོག་ལུང་བསྟན་རྒྱག་ནུས་ན། ལྷ་འདྲེ་དེ་དག་ནེ་ཙོ་སོགས་དུད་འགྲོ་ལ་ཞུགས་ནས་མི་སྐད་ཐོག་ལུང་བསྟན་རྒྱག་ནུས་སམ་མི་ནུས། ནུས་ན་ཡིད་ཆེས་ཀྱང་ཆེ་བ་ཡོང་ངེས་པས་དེ་ལྟར་མི་ཞུགས་པའི་རྒྱུ་མཚན་གང་ཡིན་ནམ།

ལན། ༼༥༽མི་སྐད་སྨྲ་བ་ལ་མིའི་གྲེ་བ་དང་ལྕེ་སོགས་དགོས་ཤིང་། མི་སྐད་དང་འདྲ་བ་སྨྲ་བ་ལའང་དེ་དང་འདྲ་བའི་ཡན་ལག་དགོས་ཏེ། རྒྱུ་མི་འདྲ་བ་ལས་དངོས་འབྲས་མི་འདྲ་བ་འབྱུང་བ་རྒྱུ་འབྲས་ཀྱི་འདའ་ཐབས་མེད་པའི་ཆོས་ཉིད་རེད། ནེ་ཙོ་སོགས་འགའ་རེ་ལའང་ཆོ་ག་སོགས་རྐྱེན་ཚང་ན་འཇུག་ཆོག་པ་ལ་འགལ་བ་ཅི་ཡོད། རྟས་མི་སྐད་སྨྲ་བ་སོགས་དམིགས་བསལ་རེ་ཟུང་དམངས་ཁྲོད་དུ་བྱུང་བ་དེ་དག་རྟའི་ལྕེ་རྐན་མ་ཡིན་པ་ཞིག་ལ་བརྟེན་པ་ཡིན་མཆི།

དྲི་བ། ༦ གཟུགས་མེད་དང་བར་དོ་སོགས་ད་ལྟའི་རྩ་དང་ཀླད་པ་མེད་པའི་གནས་སྐབས་སུའང་རིག་པ་དྭང་གསལ་ཡིན་ན། ད་ལྟའི་རྩ་ཀླད་སྐྱོན་ཤོར་ན་རིག་པ་འཆོལ་འགྲོ་དོན་གང་ཡིན་ནམ། དེ་བཞིན་སྦྲིད་སྨན་བརྒྱབ་ནས་དབང་རྩ་སྦྲིད་ཚེ་དྲན་ཚོར་མེད་པར་ཆགས་འགྲོ་དོན་གང་ཡིན་ནམ།

ལན། ༼༦༽འདི་ངས་ཀྱང་ཁྱོད་ལ་འདྲི་ཆོག་སྟེ། རྩ་དང་ཀླད་པ་མེད་པའི་སྲོག་ཆགས་སྤྱི་དང་ཁྱད་པར་དུ་རིག་པ་དྭངས་གསལ་ལ་གནས་པའི་མི་ཡོད་འདུག་པ་ཅི་ཡིན། ཁོ་བོ་ཅག་ནི། རིང་རྒྱུ་ལས་དང་ཉེ་རྒྱུ་ཚོགས་པ་སྔ་མས་ལྷན་ཅིག་ཏུ་བསྐྱེད་ཡོད་པས་ཚོགས་པ་ལ་གནོད་སྐྱོན་བྱུང་ན་དེའི་དངོས་འབྲས་སྔར་དང་འདྲ་བར་ག་ལ་འབྱུང་།

དྲི་བ། ༧ རྟ་ལ་ཐོགས་རེག་མེད་པའི་མི་ཞིག་རྟ་གང་དུ་ཕྱིན་པ་དེར་སླེབས་མི་སྲིད་པ་དང༌། དངོས་སམ་བརྒྱུད་ནས་གྲུ་ལ་མ་རེག་པར་གྲུ་ལ་བརྟེན་ནས་བགྲོད་མི་ཐུབ་ཀྱང༌། ཤེས་པ་རླུང་དང་རྩ་ཀླད་སོགས་ལ་ཐོགས་རེག་མེད་པར་དེ་དག་གི་རྗེས་སུ་འབྲང་ཐུབ་པ་གང་ཡིན་ནམ།

ལན། ༼༧༽མིག་ཤེས་གྲུ་ལ་ཐོགས་རེག་མེད་ཀྱང་གྲུ་ལ་བརྟེན་ཅིང་། དེ་བཞིན་གྲུ་འགྲོ་བ་དང་མཉམ་དུ་ཤེས་པ་ཡང་དེའི་རྗེས་དེད་ནས་སྐྱེ། འོ་ན། སྟག་ལ་ཐོགས་རེག་མེད་པའི་མིག་ཤེས་སམ་མིག་འོད་འདི་ལ་བརྟེན་ནས་ཅི་ཕྱིར་སྐྲག་པའི་རྟོག་སྐྱེས་ནས་བརྒྱལ་བ་ཡིན་ཞེས་འདྲི། དངོས་ལན་ནི། སེམས་ལ་ཐོགས་རེག་ཡོད་པ་བཞི་བརྒྱ་པ་རྩ་འགྲེལ་ལས་གསུངས་པས་སེམས་ཐོགས་རེག་ཡོད་པའམ་དེ་དང་འབྲལ་དུ་མེད་པའི་རླུང་ལ་བརྟེན་ནས་ལུས་གཡོ་བར་བྱེད་ལ། ལུས་ཀྱི་གཡོ་བག་དང་ཁམས་ལས་ཀྱང་ཤེས་པ་ལ་འགྱུར་བ་སྐྱེ་བ་ལ་འགལ་བ་ཅི་ཡང་མེད།

དྲི་བ། ༨ རྣམ་ཤེས་ལུས་དང་བྲལ་ཏེ་བར་སྣང་ནས་རང་གི་ལུས་སོགས་མཐོང་ཞིང་༌། སྨན་པས་མྱུར་སྐྱོབ་བྱས་པ་ན་སླར་ལུས་ལ་ཞུགས་ཟེར་ན། སྨན་པས་མྱུར་སྐྱོབ་བྱེད་པ་ནི་གཙོ་བོར་དབུགས་འབྱིན་རྔུབ་དང་སྙིང་འཕར་ལྡིང་བྱེད་ཐབས་བྱེད་པ་ཡིན་ལ། སྙིང་འཕར་ལྡིང་བྱེད་པ་དང་དུས་མཉམ་དུ་རྣམ་ཤེས་སླར་ཞུགས་པ་ཡིན་ནམ། སྔོན་ནམ་ཕྱིས་སུ་ཞུགས་ནའང་འགྲིག་པ་ཞིག་ཡིན།

ལན། ༼༨༽འདི་ཉེ་རབས་ཀྱི་ལོ་རྒྱུས་ཤིག་ལས་དྲིས་པ་འདྲ་བས། རྣམ་ཤེས་སླར་ཞུགས་པ་དེ་སྨན་པས་མྱུར་སྐྱོབ་བྱེད་པ་དང་འབྲེལ་བ་དེ་ཙམ་ཨེ་ཡོད་སྙམ་སྟེ། ལར་རྣམ་ཤེས་གནས་པ་ལ་གེགས་བྱེད་པའི་རྨས་སྐྱོན་བཅོས་ན་སླར་རྣམ་ཤེས་ཞུགས་པ་ལ་དགོས་པ་ཡོད་པར་གྱུར་པ་དེ་འདྲ་ཡིན་སྲིད།

དྲི་བ། ༩ འཁྱག་པ་བཏང་ནས་ཁྲོམ་ནང་བཙོང་བའི་ཉ་འགའ་ཞིག་འཁྱག་པ་བཞུ་སྐབས་སླར་གསོན་པོར་གྱུར་ཡོང་བ་དང༌། འགའ་རེ་ཆུ་ཁོལ་མར་བཙོ་སྐབས་སླར་སོས་ཡོང་བ་འདི་དག་ནི་རྣམ་ཤེས་ལུས་དང་བྲལ་ནས་ཡུན་རིང་སོང་རྗེས་སླར་ཞུགས་པ་ཞིག་ཡིན་ནམ། འགྲེལ་བཤད་ག་རེ་ཡོད་དམ།

ལན། ༼༩༽རྣམ་ཤེས་ཕྲ་མོ་ལུས་དང་ལྷན་དུ་གནས་པ་མ་ཡིན་པའི་རྒྱུ་མཚན་ཅི་ཡོད། ནང་པས་ཉན་ཐོས་འགོག་སྙོམས་པ་འགའ་དབུགས་སོགས་མེད་པར་བསྐལ་པར་གནས་པར་འདོད་པས་འདི་གནོད་བྱེད་དུ་མི་སེམས།

དྲི་བ། ༡༠ གཉིད་ཐབས་ལ་བརྟེན་ནས་ཡུལ་གཞན་གྱི་དེབ་སོགས་ཀློག་སྟེ་དོན་ཤེས་པར་བྱེད་ཅིང༌་། དེ་ནི་རྣམ་ཤེས་ལུས་དང་བྲལ་ནས་འགྲོ་བའི་རྟགས་ཡིན་ཟེར་ན། མངོན་ཤེས་ཀྱིས་ཡུལ་གཞན་ཤེས་པའི་ཚེ་ཡང་རྣམ་ཤེས་ལུས་དང་བྲལ་ནས་འགྲོ་བ་དང༌། གཞན་རྒྱུད་མངོན་སུམ་དུ་རྟོགས་པའི་ཚེ་ཡང་རང་སེམས་གཞན་རྒྱུད་དུ་ཞུགས་པའམ་འཛུལ་བར་སྨྲ་ཆོག་གམ།

ལན། ༼༡༠༽འདིས་སྐྱེ་བ་སྔ་ཕྱི་ལ་གནོད་པའི་དོགས་གནས་ཅི་ཡང་མ་བསྟན་པས་ལན་མ་བཏབ་ཀྱང་ཆོག་མོད། དཀྱུས་ལ་ཆད་སྣང་སྟེར་ན་མི་ལེགས་པར་སེམས་མཁན་ཡོད་ན། རྨི་ལམ་གྱི་སྐབས་སུ་ལུས་ཕྲ་མོ་ཞིག་ལུས་རགས་པ་ལས་བྱེ་ནས་ཡུལ་གཞན་དུ་འགྲོ་བར་རྒྱུད་སྡེ་ནས་བཤད་པ་ལྟར་མངོན་སུམ་ལྟ་བུར་བྱུང་འདུག་སྟེ། པེ་ཅིང་ནས་བུ་མོ་ཞིག་རྨི་ལམ་དུ་མ་ཡི་ཁྱིམ་དུ་སོང་ནས་མ་ལ་རོགས་བྱས་ཏེ་ཁྱིམ་དེའི་གད་སྙིགས་འཕྱགས་པར་རྨིས་ཤིང་། རྨི་ལམ་དེ་ཕྱིས་སུ་མ་ལ་བཤད་པས་མས་ཟེར་བར་དེ་དུས་ཁྱེད་དངོས་ཉིད་སླེབས་སོང་། ངས་ཀྱང་མཐོང་ཞེས་ཟེར་བས། དེ་གྲོགས་མོ་ཚོར་བཤད་པས་ཁྱོད་འདྲེ་མོ་རེད་ཟེར་ནས་འགའ་ཤས་ཀྱིས་འབྲེལ་ཐག་བཅད་འདུག། འདི་བུ་མོ་དེ་དག་གི་སློབ་དཔོན་ངའི་ངོ་ཤེས་པའི་དགེ་བཤེས་ཡིན་པ་ཞིག་ཡོད་པ་ཁོང་གིས་གསུངས་བྱུང་། འོན་ཀྱང་ཡུལ་གཞན་གྱི་གནས་ཚུལ་མཐོང་ན་དེར་སླེབས་དགོས་པ་ནི་མི་འདོད་དེ། གཞན་དུ་ན་ཧ་ཅང་ཐལ་བར་འགྱུར་རོ། །

                  (གཉིས་པ།)

དྲི་བ། ༡༡ རྨི་ལམ་གྱི་སྐབས་སུ་ལུས་པོ་རྒྱ་གར་དུ་བཞག་ནས་རྣམ་ཤེས་བོད་ན་ཕྱིན་ཏེ་དེབ་ཀློག་པ་ལྟར་ན། བོད་ན་ཡང་གཟུགས་མངོན་སུམ་མཐོང་བའི་བདག་རྐྱེན་གྱི་དབང་པོ་གཅིག་དང༌། རྒྱ་གར་ན་ཡོད་པའི་ལུས་དེ་ལ་ཡང་བག་ལ་ཞ་བའི་དབང་པོ་གཅིག་སྟེ། གང་ཟག་གཅིག་ལ་མིག་གི་དབང་པོ་གཉིས་དུས་མཉམ་དུ་ཡོད་པར་སྨྲ་ཆོག་གམ།

ལན། ༼༡༡༽རྨི་ལམ་གྱི་ལུས་དེ་ལ་མིག་གི་དབང་པོ་ཡོད་མེད་མ་ཤེས། མེད་ཀྱང་དཔེ་ཆ་ཡིད་བློས་ལྟ་ཆོག་སྟེ། ཏིང་འཛིན་སྒོམ་མཁན་མང་པོ་ཞིག་གིས་མིག་གིས་མི་མཐོང་བའི་གཟུགས་སོགས་ཏིང་འཛིན་གྱིས་བལྟས་པས་མཐོང་བཞིན་པ་རེད་འདུག་པས་སོ། །འོན་ཀྱང་འདིའི་སྐོར་ས་ཕྱོགས་སོ་སོ་ན་གནས་པའི་སྤྲུལ་པ་བརྒྱས་གཟུགས་ལ་ལྟ་བ་ན་མིག་དབང་སྤྲུལ་མ་སྤྲུལ་གྱི་རྩོད་པ་དང་རྩོད་སྤོང་ནི་ཆོས་གྲྭའི་ནང་ན་ཡོངས་གྲགས་ཡིན་པས་འདིར་བཤད་པའི་ངལ་བ་སྤངས་སོ། །

དྲི་བ། ༡༢ རང་ཉིད་རྒྱ་གར་དུ་ཉལ་བཞིན་རྨི་ལམ་དུ་བོད་ནང་རྐང་པོལ་འགྲན་བསྡུར་བྱས་པ་རྨིས་ནས་རྐང་པ་གཡུག་གཡུག་བྱེད་པའི་ཚེ། རྣམ་ཤེས་དེ་རྨི་ལམ་དང་མཉམ་དུ་བོད་ནང་གི་རྩེད་ཐང་ཐོག་ཡོད་པ་ཡིན་ན། འདིར་རྐང་པ་གཡུག་གཡུག་བྱེད་པ་ནི་འདྲེ་ཞུགས་པ་ཡིན་ནམ།

ལན། ༼༡༢༽ཧ་ཧ་ཧ། འདྲེ་ཞུགས་པ་ལྟ་བུའི་སེམས་འདིས་ལུས་གཉིས་ལ་དབང་བསྒྱུར་བ་ནི་ཅི་འདྲའི་མཚར་པོ་ཞིག། འདི་ལ་ཚན་རིག་པས་ཅི་ཟེར་རམ། འོན་ཀྱང་རྨི་ལམ་གྱི་ལུས་བོད་དུ་ཐོན་མེད་ན། འཁྲུལ་སྣང་ཞིག་གིས་རྣམ་ཤེས་གནས་སའི་ལུས་རགས་པ་དེ་ཁ་བསྒུལ་བ་བྱས་པ་ཡིན་པས་ཡ་མཚན་ཅི་ཡང་མེད་དོ། །

དྲི་བ། ༡༣ ཕྲ་ཕུང་གཅིག་ལས་མཆེད་པའི་ཕྲུ་གུ་མཚེ་མ་གཉིས་པོར་མཚོན་ན། ཕྲ་ཕུང་གཅིག་ཡིན་པའི་གནས་སྐབས་སུ་རྣམ་ཤེས་ཞུགས་པ་ཡིན་ནམ། གཉིས་སུ་གྱེས་ཟིན་པའི་གནས་སྐབས་སུ་ཞུགས་པ་ཡིན། ཕྱི་མ་ལྟར་ན་གཅིག་ཅར་ཞུགས་སམ་སྔ་ཕྱིར་ཞུགས། ཕྲ་ཕུང་གཅིག་པའི་གནས་སྐབས་སུ་རྣམ་ཤེས་མ་ཞུགས་དོན་གང་ཡིན་ནམ།

ལན། ༼༡༣༽འདི་གསལ་པོ་མི་ཤེས། འོན་ཀྱང་ཕྲ་ཕུང་གཅིག་ལ་ཞུགས་ནས་ཕྲ་ཕུང་གཉིས་སུ་གྱེས་ཆོག་ལ། གཉིས་སུ་གྱེས་ནས་རྣམ་ཤེས་ཞུགས་ཀྱང་ཅིས་མི་ཆོག། དེ་བཞིན་དུ་ཅིག་ཅར་དང་སྔ་ཕྱིར་ཞུགས་པ་གང་ཡང་ཡིན་ཆོག།

དྲི་བ། ༡༤ ཚན་རིག་པས་ཆེད་དུ་གཉེར་ནས་འདྲ་བཟོ་(Clone)བྱས་པའི་ལུག་ཌོ་ལི་(Dolly)ཟེར་བ་དེ་སེམས་ཅན་རང་མཚན་པ་ཞིག་དང་། བསད་ན་སྲོག་གཅོད་ཀྱི་ཉེས་པ་འབྱུང་བའི་ཡུལ་ཞིག་ཡིན་ནམ་མིན། ཡིན་ན་དེའི་རྣམ་ཤེས་ཉིང་མཚམས་ཇི་ལྟར་སྦྱོར་ཚུལ་བཤད་རྒྱུ་ཡོད་དམ།

ལན། ༼༡༤༽ལུག་ཕྲུག་ཌོ་ལི་ལྟ་བུ་སེམས་ཅན་ལོས་ཡིན། མ་ཟད་ལུག་དང་ལུག་གི་མངལ་ལས་སྐྱེས་པ་རེད། འོ་ན། ཕོ་ལུག་མོ་ལུག་གཉིས་ལས་དགོས་ངེས་ཀྱི་ཕྲ་ཕུང་བླངས་ནས་ལུག་གི་མངལ་སྐྱོན་མེད་པ་བླུགས་པ་ན་དེར་ལུག་ཅིག་གྲུབ་པའི་ངེས་པ་མེད་པར་ཚན་རིག་པ་ཁོ་རང་ཚོས་འཆད་པར་བྱེད་པས་དེ་ལྟར་ན། རྒྱུ་ཁྱད་པར་སྒྲུབ་ཀྱི་འབྲས་རྟགས་ཀྱིས་རྒྱུ་གཞན་ཞིག་སྒྲུབ་ཐུབ་པས་དེ་ངེད་ཀྱིས་རྣམ་ཤེས་སུ་འདོད་ན། ཚན་རིག་པས་མངལ་དང་རིགས་རྫས་ལ་སོགས་པ་དེ་དག་ལ་སྐྱོན་ཞིག་ཡོད་རྒྱུ་རེད་ཟེར་ནས་སྡོད་དགོས་པ་འདི་ཅི་རེད་དམ།

དྲི་བ། ༡༥ རྒྱ་མཚོའི་ཉ་རིགས་འགའ་ཞིག་(Hydra)ཤིང་སྡོང་པོ་ལ་ཡལ་ག་སྐྱེ་བ་བཞིན། རང་གི་ལུས་ནས་རང་དང་འདྲ་བ་གཞན་ཞིག་རིམ་གྱིས་སྐྱེས་ཤིང་མཐར་སེམས་ཅན་གཉིས་ཆགས་ཀྱིན་ཡོད་པ་མཐོང་གསལ་ལ། སེམས་ཅན་ཕྱི་མ་དེའི་རྣམ་ཤེས་ག་དུས་ཞུགས་པ་དང་ཇི་ལྟར་ཞུགས་པའི་འགྲེལ་བཤད་གསལ་པོ་ཡོད་དམ།

ལན། ༼༡༥༽རྒྱ་མཚོའི་འགྲམ་དུ་འགྲོ་མི་དགོས་པར་ང་ཚོ་བོད་ས་བོད་ཡུལ་ནའང་ལྕོང་མོ་འམ་ལྕོང་མོ་མགོ་ལོག་ཟེར་བ་དེ་ལུས་བྱིང་སྦལ་པ་དང་རྔ་མ་ལ་མིག་དོད་ནས་ལོགས་སུ་གོག་ཏེ་ཉ་རུ་འགྱུར་བ་མཐོང་རྒྱུ་ཡོད་མོད་དེ་ལ། རྒྱ་བོད་མཁས་པ་སུས་ཀྱང་དོགས་གནས་སུ་མ་བྱས་པ་ཅི་ཡིན་ནམ། དེ་ལ་གསལ་བཤད་གསར་པ་དགོས་པ་མ་མཐོང་ལགས།

དྲི་བ། ༡༦ ཚན་རིག་པས་བཤད་པའི་ཕྲ་འབུ་(Bacteria, Virus)འདི་དག་སེམས་ཅན་ཡིན་ནམ་མིན། གལ་སྲིད་སེམས་ཅན་ཡིན་ན། འདི་དག་ནི་གཅིག་དེ་དུམ་བུ་གཉིས་སུ་གྱུར་ནས་སྐྱེ་འཕེལ་བྱེད་པ་ཡིན་པས་རྣམ་ཤེས་ཞུགས་སྟངས་ག་འདྲ་ཡིན་ནམ། སེམས་ཅན་མིན་ན་སྟོན་པས་སྲིན་བུའི་རིགས་གྲངས་མེད་ཡོད་གསུངས་པ་དེ་གང་ལ་ངོས་འཛིན་དགོས་སམ།

ལན། ༼༡༦༽ཕྲ་ཕུང་ལའང་ཞིབ་ཏུ་ཆ་ཕྱེ་ན་རྡུལ་ཕྲན་ཤིན་ཏུ་མང་པོ་འདུས་པ་ཡིན་པས་དེ་ལ་རྣམ་ཤེས་ཡོད་པར་འགལ་བ་ཅི་ཡོད། དེ་དག་ལ་ཀླད་པ་མེད་པས་དེ་དག་གིས་དགྲ་གཉེན་དབྱེ་བ་ཕྱེ་ནས་འགོག་བསུ་བྱེད་པ་དེ་ཅི་ཡིན་ཞེས་ཚན་རིག་པས་གསལ་བཤད་དགོས་པ་ལས་ནང་པ་ལ་དཀའ་བ་ཅི་ཡང་མེད་དེ། སྟོན་པས་ཤིང་རྟའི་འཕང་ལོ་ཙམ་གྱི་ས་ཁྱོན་ལ་སྲོག་ཆགས་གྲངས་མེད་ཡོད་ཚུལ་གསུངས་པ་བཞིན་ནོ། །

དྲི་བ། ༡༧ ཕྲ་འབུ་དང་རྩི་ཤིང་འདི་དག་ཀྱང་ཟས་ལ་བསྟེན་པ་དང༌། དབུགས་གཏོང་ལེན་བྱེད་པ། རིགས་རྒྱུད་སྤེལ་བ། དགྲ་ལ་གདོང་ལེན་བྱེད་པ། ལྷག་པར་ལྗོན་ཤིང་གཅིག་ལ་ནད་ཕོག་ཚེ་ལྗོན་ཤིང་གཞན་ཚོས་སྔོན་འགོག་གི་ཐབས་ལམ་བསྟེན་པར་བཤད་པ་ལྟར་ཁས་ལེན་ཐུབ་བམ། ཁས་ལེན་ན་འདི་དག་ཤེས་པ་ཡོད་པའི་རྒྱུ་མཚན་དུ་འགྲོའམ་མི་འགྲོ།

ལན། ༼༡༧༽ལར་འདི་དག་སྲོག་ལྡན་དུ་མུ་སྟེགས་གཅེར་བུ་པས་ཀྱང་ཁས་ལེན་ལ། དཔལ་ལྡན་ཆོས་གྲགས་སོགས་ཀྱིས་བཀག་གོ །དེ་ལ་ཤིང་སྲོག་ཆགས་མ་ཡིན་ཡང་ཤིང་གི་ཚོགས་པར་སྲོག་ཆགས་གྲངས་མེད་ཡོད་པར་སྨྲས་ན་ཅི་འདྲ། ཡང་ན་དགེ་ཆོས་ཀྱིས་གསེར་ཐང་དུ་གསུངས་པ་ལྟར་ཤིང་འགའ་ཞིག་སྲོག་ལྡན་དུ་འདོད་དགོས་སམ། ཡང་ན་རྟེན་འབྲེལ་ཚོགས་ཚུལ་གྱི་ཁྱད་པར་ཙམ་ལས་ཡིན་པས་སྲོག་ཆགས་མིན་བྱེད་སོགས་དཔྱད་དོ། །འདིའི་སྐབས་སུ། གཙང་སྟོད་དར་མ་མགོན་པོའི་གསུང་ལས། མགོ་སྲིན་ཡ་མའི་ཟིན་ཐིག་ནི། །ཞེས་པ་ནས། དབུགས་ཅན་དང་ནི་དབུགས་མེད་གཉིས། །ཞེས་དང་། དབུགས་མེད་འདུ་བ་བཞི་འཁྲུགས་ཏེ། །ཆུ་སེར་འཕེལ་འགྲིབ་བྱེད་པ་ཡིན། །ཞེས་ལུས་ཀྱི་སྲིན་བུ་ལ་དབུགས་མེད་ཀྱད་བཤད་དེ། ཚན་རིག་དང་མ་བགྲོས་གཅིག་ཏུ་མཐུན་པར་བྱུང་བར་སྙམ་ཞེས་ཞར་ལ་ཐལ།

དྲི་བ། ༡༨ རྣམ་ཤེས་མངལ་ལ་ཐོགས་པ་དང་བར་སྲིད་པ་དེ་བརྒྱལ་ནས་ཉིང་མཚམས་སྦྱོར་བ་སོགས་བཤད་སྟངས་ལྟར་ན། ཉ་ཡི་རིགས་འགའ་ཞིག་དང་པོ་ཨ་མས་སྒོ་ངའམ་ཁམས་དམར་ཕྱི་ལོགས་སུ་བཏོན་ནས་བཞག་པ་དེར་ཕ་རྒན་ཡོང་ནས་ས་བོན་ནམ་ཁམས་དཀར་གཏོར་བ་ལས་ཉིང་མཚམས་སྦྱོར་གྱི་ཡོད་པ་དེར་འགྲེལ་བཤད་ག་འདྲ་ཡོད་དམ།

ལན། ༼༡༨༽དེ་ལ་སྐྱོན་ཅི་ཡང་མེད། ཚན་རིག་པས་ཀྱང་ལུག་སྐྱེ་བ་ལ་མ་མོའི་མངའ་དུ་འཇོག་དགོས་པར་འདོད་པ་མིན་ནམ། ནང་པས་གནའ་གནའ་ནས་སྐྱེ་བཞི་དང་། རྒྱལ་པོ་བུ་རུམ་ཤིང་པ་དང་ཉི་མའི་གཉེན་གྱི་གཏམ་བརྒྱུད་བཤད་ཅིང་། སྣོད་གཅིག་གི་ཆུའི་ནང་དུ་ཁ་ཞབས་མེད་པར་སྲོག་ཆགས་འདྲ་མི་འདྲ་སྐྱེ་བ་འདི་སྐྱེ་བ་སྔ་མ་ཡོད་པའི་རྟགས་སུ་བྱེད་དེ། རྡུལ་ཕྲ་མོའམ་རིགས་རྫས་ཁོ་ན་ལས་ཡིན་ན་སེམས་ཅན་འདྲ་མིན་དུ་སྐྱེ་དོན་ཅི་ཞེས་འདྲི་ལ། དེ་ལ་རྡུལ་ཚོགས་ཚུལ་ལས་ལན་འདེབས་ན་ཚོགས་ཚུལ་མི་འདྲ་བ་འདི་གང་ལས་ཞེས་སོགས་དྲི་བ་རྫོགས་མེད་ཅིག་འདྲི་བར་འདོད།

                     (གསུམ་པ།)

དྲི་བ། ༡༩ ཤེས་པ་སྐྱེ་བར་ཤེས་པ་སྔ་མ་ཞིག་སྔོན་དུ་འགྲོ་དགོས་པའི་དོན། གྲོ་ནི་གྲོ་དང་ནས་ནི་ནས་ཀྱི་ས་བོན་ཁོ་ན་ལས་སྐྱེ་བས་སོ་ཟེར་བ་ལྟར་ན། འཇིག་རྟེན་ཐོག་མར་ཆགས་སྐབས་སུ་ནས་དང་གྲོ་ཡི་ས་བོན་སོགས་སྐྱེ་ལྡན་གྱི་དངོས་པོ་གང་ཡང་མེད་པར་ཁས་མི་ལེན་ནམ། ཡང་ན་ད་ཡོད་གྲོ་ནས་སྲན་གསུམ་གྱི་ས་བོན་དེ་དག་ཐོག་མར་གནམ་ནས་ཆར་ལྟར་བབས་པ་ཡིན་ནམ།

ལན། ༼༡༩༽ཤེས་པ་ལ་ཤེས་པ་སྔ་མ་དགོས་ཏེ། གྲོ་ལ་གྲོ་དགོས་པས་སོ་ཞེས་སུས་ཀྱང་མི་ཟེར། ཤེས་པའི་དངོས་ཀྱི་ཉེར་ལེན་ལ་ཤེས་པ་དགོས་པའི་རྒྱུ་མཚན་ནི་མཐའ་མང་པོ་ཞིག་བཀག་པའི་སྒོ་ནས་གཟུགས་ཀྱིས་ཤེས་པའི་དངོས་ཀྱི་ཉེར་ལེན་བྱེད་པ་དགག་པ་རྣམ་འགྲེལ་ན་ཞིབ་པར་གསུངས་ཡོད་པས་འདིར་བསྐྱར་ཟློས་མི་བྱའོ། །མདོར་ན། དངོས་པོ་ལ་གཟུགས་ཤེས་གཉིས་ཡོད་ཅིང་དེ་ནི་ལུང་པ་གཉིས་ནས་ཆུ་བོ་ཆེན་པོ་གཉིས་འབབ་པ་བཞིན་དུ་རྒྱུན་སོ་སོ་ནས་འོང་བར་ཁས་ལེན་གྱི། རླུང་ཕྲ་མོས་བར་དོའི་ལུས་དང་དབང་པོ་ལྔའི་དངོས་ཀྱི་ཉེར་ལེན་བྱེད་པར་སྨྲ་བས་མིག་དབང་ཡིན་ན་མིག་དབང་སྔ་མ་ལས་དངོས་སུ་སྐྱེ་དགོས་པ་སོགས་གཏན་ནས་མི་འདོད་དོ། །དེས་ན་ཤེས་པའི་དངོས་ཀྱི་ཉེར་ལེན་ལ་གཟུགས་ཡོད་པ་དགག་པ་ཡིན་པས་འདིར་མ་བྲིས་ཀྱི། གཞན་དུ་ལྟ་བར་བྱ་ལ། གོ་སླ་བ་ཞིག་བདག་གིས་ཀྱང་བྲིས་ཟིན་ཏོ། །

དྲི་བ། ༢༠ གཟུགས་མེད་ནས་འདིར་སྐྱེས་མ་ཐག་པའི་མིག་གི་རྣམ་ཤེས་དེ་ཡང་མིག་གི་རྣམ་ཤེས་སྔོན་མ་ཞིག་བར་སྐབས་ས་བོན་དང་བག་ཆགས་ཀྱི་ངོ་བོར་གནས་པ་ལས་སྐྱེས་པར་འདོད་པ་ལྟར་ན། འཇིག་རྟེན་སྔོན་མའི་སྐབས་ཀྱི་གྲོ་ནས་ལ་ཕུག་སོགས་ཀྱང་བར་སྐབས་བག་ཆགས་དང་ས་བོན་གྱི་ངོ་བོར་ཡུན་རིང་གནས་པ་ལས་སླར་སྐྱེས་པར་སྨྲ་ཆོག་གམ།

ལན། ༼༢༠༽སེམས་ཙམ་པ་ལྟར་ན་དེ་ལྟར་འདོད་ཆོག། དབུ་མ་པ་དང་ཚད་མ་ལྟར་ན། མིག་ཤེས་སོགས་ཤེས་པ་ཡིན་ན་དེའི་དངོས་ཀྱི་ཉེར་ལེན་ལ་ཤེས་པ་ཞིག་མེད་ན་རིགས་པ་དང་འགལ་ཞིང་། ཞི་འཚོ་དང་ཆོས་གྲགས་ཀྱང་ཤེས་པ་ལ་དངོས་ཀྱི་ཉེར་ལེན་ཤེས་པ་ལས་སྐྱེས་པས་ཁྱབ་པར་བཞེད་དོ། །མདོར་ན། གཟུགས་དང་ཤེས་པ་གང་ཡིན་ཡང་རྫས་རྒྱུན་གྱི་ཡ་མཐའ་དང་མ་མཐའ་གང་ཡང་མེད་ཅིང་། གཟུགས་ཤེས་ཕན་ཚུན་འགྱུར་བར་ཡང་མི་སྲིད་པ་འདི་རིགས་པའི་དབང་ཕྱུག་རྣམས་ཀྱི་བཞེད་པར་སྣང་ངོ་། །

དྲི་བ། ༢༡ སྐྱེས་མ་ཐག་པའི་ཕྲུ་གུའི་རྣམ་ཤེས་ཀྱི་རྒྱུ་ཡི་གཙོ་བོ་ཡང་རྣམ་ཤེས་ཡིན་པ་ལས་ཕ་མའི་ཁམས་ནི་མ་ཡིན་ཏེ། མྱུ་གུའི་རྒྱུ་ཡི་གཙོ་བོ་ནི་ས་བོན་ཡིན་པ་ལས་ཆུ་ལུད་ནི་རྐྱེན་ཙམ་ཡིན་པས་སོ་ཞེ་ན། ཆུ་ཡང་རླུང་གི་རྫས་འགའ་ཕན་ཚུན་འཕྲད་སྟོབས་ཀྱིས་བྱུང་བ་མ་ཡིན་པར་ཐོག་མའི་རྒྱུ་ཡི་གཙོ་བོ་དེ་ལ་ཡང་ཆུ་རང་མཚན་པ་ཞིག་ཡོད་པར་འདོད་དམ།

ལན། ༼༢༡༽མྱུ་གུ་སོགས་ནི་དཔེ་ཙམ་དུ་རུང་ན་ལས་གཏན་ཚིགས་དེ་འདྲ་དབུ་ཚད་ཀྱི་གཞུང་གང་ལས་ཀྱང་མ་བཀོད་ཀྱི། བོད་མཁས་འགའ་རེས་བཀོད་ཡོད་ན་གནས་སྐབས་རགས་པའི་སྤོམ་བཤད་ཙམ་ཡིན་ནམ་སྙམ་མོ། །སྤྱིར་མིག་གི་དབང་པོ་ཡོད་པར་དངོས་སྟོབས་རིགས་པས་དཔགས་པ་ལས་དེ་གཟུགས་ཡིན་པ་ཤིན་ཏུ་ལྐོག་གྱུར་ཏེ། སངས་རྒྱས་ཀྱི་གསུང་ལ་ཡིད་ཆེས་བྱས་པ་ཙམ་ལས་ཚད་མས་རྟོགས་པ་མ་ཡིན་པར་ཚད་མ་ལས་གསུངས་པ་ལྟར། གཟུགས་ཡིན་ན་དེའི་ཉེར་ལེན་ལ་གཟུགས་ཤིག་དགོས་པར་དཔོག་གི་གཟུགས་འདི་དང་འདི་འདྲ་ཞེས་ནི་དཔོག་པར་དཀའ་སྟེ། ཚན་རིག་པའི་བརྟག་ཐབས་ལས་དཔོག་པ་ནི་སྲིད་དོ། །འོན་ཀྱང་ཚན་རིག་པ་འགའ་རེས་རྒྱུ་མེད་པའི་དངོས་པོ་འདོད་པ་ནི་ཡུལ་དུས་ཀུན་ཏུ་སྐྱེ་བ་དང་མི་སྐྱེ་བའི་ཐལ་བ་བཞི་འཕངས་ན་རིགས་པ་ཤེས་པས་ཟློག་པར་མི་ནུས་སོ། །

དྲི་བ། ༢༢ ཁྱི་སྨྱོན་གྱི་ནད་འབུ་ཀླད་པར་ཞུགས་པ་ན་མི་དེ་ཆུ་དང་འོད་སོགས་ལ་སྐྲག་པའི་བློ་སྐྱེ་བ་བཤད་པ་ལྟར་ན། འཇིགས་སྐྲག་གི་བློ་དེ་དག་ནི་རྩྭ་གསེབ་ཏུ་ལྕགས་དམར་ལྷུང་བ་ན་མེ་འབར་ཡོང་བ་ལྟར་ནད་འབུ་དེ་ཉིད་ཀླད་པར་ཞུགས་པ་ན་གློ་བུར་དུ་བྱུང་བ་ཞིག་གམ། ཡང་ན་ཚེ་སྔ་མ་ནས་འདིར་བརྒྱུད་པའི་བག་ཆགས་ལས་བྱུང་སྟངས་ཤིག་ཡོད་དམ།

ལན། ༼༢༢༽དེ་ཡང་འབྱུང་བ་འཁྲུགས་ནས་དབང་ཤེས་འཁྲུགས་པས་ཡིད་བློ་འཁྲུགས་པ་ཡིན་པས་འཁྲུགས་པའི་ཡིད་བློའི་ཉེར་ལེན་ལ་འབུའམ་ནད་གཞག་དགོས་པ་མ་ཡིན་གྱི། ཉེར་ལེན་ནི་མ་འཁྲུགས་པའི་སྐབས་ཀྱི་ཤེས་པའམ་འཁྲུགས་པའི་དབང་ཤེས་དེ་ལ་འཇོག་པར་བྱའོ། །དབང་ཤེས་འཁྲུགས་དོན་ཡང་དེ་དག་གིས་དབང་ཤེས་ཀྱི་ཉེར་ལེན་བྱས་པས་མ་ཡིན་གྱི། དེ་དག་དབང་ཤེས་ཀྱི་གཟུང་དོན་དུ་གྱུར་པས་ཡིན་ནོ། །འདི་དག་ལ་གསལ་བཤད་དགོས་ཀྱང་རྣམ་འགྲེལ་རྩ་འགྲེལ་ན་གསལ་བཤད་འདུག་པས་འདིར་ངལ་བ་ལྷག་པོ་མི་བྱེད་ལགས།

 དྲི་བ། ༢༣ ཤེས་པ་ལ་ཕྱོགས་ཀྱི་ཆ་མེད་ཅིང༌་། ཕྱོགས་ཀྱི་ཆ་མེད་ན་མཐའ་དབུས་དང་བར་མཚམས་སོགས་ཀྱང་མེད་དགོས་པས། གང་ཟག་གཉིས་ཀྱི་ཤེས་པ་གཉིས་གཅིག་ཏུ་འདྲེས་མི་འགྲོ་བ་གང་ཡིན་ནམ།  མཚམས་གང་ནས་བཟུང་བ་དང་ཅི་ཞིག་གིས་བར་དུ་ཆོད་དམ།

ལན། ༼༢༣༽འདི་ཡང་མི་སྲིད་པ་མིན་པར་བླ་མ་འགའ་བཞེད་དེ། སངས་རྒྱས་པ་ན་སངས་རྒྱས་ཀུན་གྱི་ཤེས་པ་རྣམས་གཅིག་ཏུ་འདྲེས་ཟེར། བླ་མ་འགའ་ཞིག་དེ་མི་འཐད་པར་བཞེད། གཙོ་བོ་ནི། ཤེས་པ་རེ་རེ་ལ་རིགས་མཐུན་གྱི་ཤེས་པ་རེ་རེ་ཁོ་ན་སྐྱེད་པའི་ནུས་པ་ཡོད་ཅིང་ཤེས་པ་ཕྱི་མ་སྐྱེད་པས་ཁྱབ་པས་རྒྱའི་ཤེས་པ་གཉིས་མ་འདྲེས་ན་ཤེས་པ་ཕྱི་མ་གཉིས་འདྲེས་དོན་ཅི་ལ་ཡོད། གང་ཟག་གཉིས་ཀྱི་ཤེས་པ་གཅིག་ཏུ་འདྲེས་པ་མེད་པར་ཐལ། དེ་འདྲ་མཐོང་དུ་རུང་བ་ལས་མ་དམིགས་པའི་ཕྱིར། དེ་འདྲ་དྲན་པ་ཡང་མེད། ཕ་མ་སོགས་ཀྱི་གོམས་པ་བུ་ལ་མི་འདུག་པ་སོགས་འཇིག་རྟེན་ཕ་རོལ་གྲུབ་པ་ལས་གསུངས་པ་བཞིན་དུ་ཞིབ་ཙམ་སྨྲ་དགོས་པར་སྣང་ཡང་རེ་ཞིག་བཞག་གོ །ཕྱོགས་ཀྱི་ཆ་མེད་ན་འདྲེས་དགོས་པས་ཁྱབ་པ་ཇི་ལྟར་སྒྲུབ། ཕྱོགས་ཆ་མེད་པའི་རྡུལ་གཉིས་འདྲེས་ན་ཆེ་རུ་འགྲོ་རྒྱུ་མེད་པའི་ཐལ་བ་ཞིག་དབུ་སེམས་ཀྱིས་བྱེ་མདོ་ལ་འཕངས་པ་དེ་འདིར་ཁྱེར་བ་ཡིན་ན་ཁྱེར་སྟངས་མ་ཤེས་པའོ། །

དྲི་བ། ༢༤ ཁ་སང་གི་གནས་ཚུལ་ཞིག་བློ་ཡུལ་དུ་འཆར་བའི་རྒྱུ་མཚན་གྱིས་རྣམ་ཤེས་འདས་པ་ནས་མར་ཡོང་བ་ཡིན་ཟེར་ན། སང་ཉིན་གྱི་གནས་ཚུལ་ཞིག་ཤེས་པའི་རྒྱུ་མཚན་གྱིས་མ་འོངས་པ་ནས་ཡར་ཡོང་བར་ཁས་ལེན་ཆོག་གམ། དྲན་པ་ནི་ཡུལ་གང་རུང་ཞིག་ཤེས་པའམ་བློ་ཡུལ་དུ་འཆར་བ་ལ་དུས་ཀྱི་ཆ་ནས་འབོད་པ། དཔེར་ན། འགྲོ་བའི་འདས་པ་ལ་ཕྱིན་པ་ཞེས་བརྗོད་པ་ལྟ་བུ་མ་ཡིན་ནམ།

ལན། ༼༢༤༽ཁ་སང་རང་གི་མྱོང་བ་དྲན་ལ་གཞན་གྱི་མྱོང་བ་མི་དྲན་པས་མྱོང་བ་དེ་ད་ལྟའི་མྱོང་བའི་ངོ་བོར་སོང་བའམ་མྱོང་བ་སྔ་ཕྱི་རྒྱུད་གཅིག་ཏུ་གཏོགས་པས་ཡིན་ཏེ། ཁ་སང་ངས་དེ་ལྟར་བྱས་པ་ཡིན་ཞེས་སོགས་ང་སྤྱི་ཙམ་པ་དེའི་ཁོངས་སུ་མྱོང་དྲན་གཉིས་གཏོགས་པའི་ཚུལ་དུ་དྲན་པས་སོ། །ཡུལ་གང་ཞིག་མཐོང་ན་དེ་ཐམས་ཅད་བློ་རང་གི་ངོ་བོར་འཕོ་བའམ་འཕོས་པ་ཇི་ལྟར་སྒྲུབ་སྟེ། དེ་གཉིས་ཤིན་ཏུ་མི་འདྲ་ལ། ཁྱད་པར་རང་གི་བློ་འགྱུར་བ་འགྲོ་བཞིན་པ་མྱོང་བས་ཤེས་པ་འདི་ལ་མི་སྙོན་ན་དེས་ཆོག་ལ།  བློ་ཕྱི་མ་ལ་ཉེར་ལེན་དགོས་ཤིང་། གཟུགས་སོགས་ལ་དེའི་དངོས་ཀྱི་ཉེར་ལེན་གྱི་མཚན་ཉིད་མ་ཚང་ལ། བློ་སྔ་མ་ལ་དེ་ཚང་བས་བློ་སྔ་ཕྱི་གཉིས་ཉེར་ལེན་དང་ཉེར་འབྲས་སུ་གྲུབ་ཀྱི། བློ་ཕྱི་མ་བློ་སྔ་མར་འགྱུར་བའི་དོགས་པ་ནི། རྒྱུ་འབྲས་མི་ཤེས་པའི་རྣམ་འགྱུར་མ་ཡིན་ནམ། འགྲོ་བའི་འདས་ཚིག་ལ་ཕྱིན་པ་ཞེས་ཐོབ་པར་སྙམ་པ་ནི་བྱ་ཚིག་ལ་ཐུགས་ཞིབ་མ་ཆུབ་པ་སྟེ། རེ་ཞིག་སོང་ལ་མི་འགྲོ་སྟེ། །ཞེས་པ་དང་། ཕ་རོལ་ཏུ་ཕྱིན་པའི་དོན་བཤད་པ་ན། ཕྱིན་བྱ་ཕྱིན་བྱེད་གཉིས་ཀ་ཕྱིན་ཞེས་པའི་སྒྲ་འདིའི་ཐོག་ནས་གསུངས་པས་འགྲོ་བྱ་འགྲོ་བྱེད་སོང་ཟིན་སོང་ཞིག་ཅེས་བྲི་དགོས་པར་ཤེས་སོ། །

དྲི་བ། ༢༥ དྲན་པ་ནི་བློ་ཡུལ་དུ་འཆར་བ་ཙམ་མ་ཡིན་པར་རང་ཉིད་ཀྱིས་སླར་རྟོགས་པའམ་སླར་ཡང་བློ་ཡུལ་དུ་འཆར་བའི་དོན་ཡིན་ནོ་ཞེ་ན། ཁ་སང་གི་གནས་ཚུལ་རང་གིས་སླར་དྲན་པ་དང་གསར་དུ་རྟོགས་པ་གཉིས་ཀྱི་ཁྱད་པར་དེ་མི་གཞན་དང་གཞན་གྱིས་ཤེས་ཐུབ་པའི་ཐབས་ག་རེ་ཡོད་དམ།

ལན། ༼༢༥༽མི་གཞན་ལའང་མྱོང་བ་དང་དྲན་པ་ཡོད་པས་དེ་ངོ་སྤྲད་པས་ཆོག་སྟེ། དྲན་པ་ནི་འདྲིས་པའི་དངོས་པོ་མི་བརྗེད་པར་འཛིན་པ་ལ་བྱེད་པས་དེ་ལ་བརྡ་སྦྱར་བས་སྤྱིར་གསར་རྟོགས་དང་མི་འདྲ་བར་ཤེས་ནུས་པས་སོ། །

དྲི་བ། ༢༦ དེ་སྔོན་བྱུང་མ་མྱོང་བའི་འཕྲུལ་ཆས་གསར་པ་ཞིག་དེ་ཙམ་བསླབ་མ་དགོས་པར་སྤྱོད་ཤེས་པར་གྱུར་ཀྱང་དེས་སྐྱེ་བ་སྔ་མ་ཡོད་པར་མཚོན་མི་ནུས་ན། ཡི་གེ་དང་བརྡ་དག་སོགས་དེ་ཙམ་མ་བསླབ་པར་ཤེས་ཡོང་བ་དེས་ཀྱང་སྐྱེ་བ་སྔ་མ་ཡོད་པ་ཇི་ལྟར་སྒྲུབ་ཐུབ་བམ། ཡི་གེ་དེ་སྔར་ནས་ཡོད་པ་ཙམ་ལས་གཞན་པའི་རྒྱུ་མཚན་ཡོད་དམ།

ལན། ༼༢༦༽དེ་སྔ་བྱུང་མ་མྱོང་བའི་འཕྲུལ་ཆས་ལའང་འཕྲུལ་ཆས་སྤྱིའི་མཚན་ཉིད་ཡོད་ཅིང་འཕྲུལ་ཆས་སྤྱིའི་དགོལ་ཚུལ་ཡང་དེ་ལ་སྦྱར་ཆོག་པ་དང་འཕྲུལ་ཆས་དེའི་མི་འདྲ་བའི་ཆ་རྣམས་ལ་རྣམ་དཔྱོད་རྣོ་བས་ཤེས་ཐུབ་ཕྱིར་མི་དེ་འཕྲུལ་ཆས་ལ་གོམས་པ་སྔོན་དུ་སོང་བར་དཔགས་ན་མི་ཆོག་རྒྱུ་ཅི་ཡོད། འཕྲུལ་ཆས་ལ་རྣམ་དཔྱོད་རྣོ་བ་ཡང་སྔར་འཕྲུལ་ཆས་ལ་གོམས་པས་ཡིན་ཏེ། དཔེར་ན། ཚེ་འདི་ལའང་བོད་ཡིག་ཕལ་ཆེ་བ་ཤེས་ཚེ་སྔར་མ་བསླབས་པའི་ཝག་ཝུག་སོགས་ཀྱང་ཡང་ཤེས་ཐུབ་ལ། ཡི་གེ་གཅིག་ཀྱང་མི་ཤེས་པས་ཡི་གེ་དེ་དག་རང་སྟོབས་ཀྱིས་མི་ཤེས་པ་བཞིན་ནོ། །དེ་འདྲའི་འཕྲུལ་ཆས་གསར་པ་མ་བསླབས་པར་བཀོལ་བ་དེས་སྐྱེ་བ་སྔ་མི་དཔོག་པའི་རྒྱུ་མཚན་ཡང་མེད་དེ། འཕྲུལ་ཆས་དེ་གསར་པ་ཡིན་པས་སོ། །ཞེ་ན། འོ་ན་ཁ་སང་གི་ཡི་གེ་དེ་ཡང་དེ་རིང་གི་ཡི་གེ་མ་ཡིན་པས་ཁ་སང་བསླབས་པའི་བུ་ཆུང་གིས་དེ་རིང་ཡི་གེ་འདོན་ཤེས་མི་སྲིད་པར་ཐལ་ལོ། །

དྲི་བ། ༢༧ གལ་སྲིད་སྐུ་གོང་མས་བདག་ཏུ་བཟུང་བའི་རྡོར་དྲིལ་དང་ཕྱག་དཔེ་སོགས་རྫས་ཀྱི་དངོས་པོ་རྣམས་དྲན་ནས་ངོས་ཟིན་ཐུབ་པར་བཤད་པ་ལྟར་ན། སྐུ་གོང་མས་མི་ཚེ་གཅིག་ལ་ཉམས་ལེན་དང་སྦྱངས་བརྩོན་གནང་བའི་ནང་ཆོས་དང་ཤེས་ཡོན་རྣམས་དྲན་མི་ནུས་པར་འགོ་ནས་སྦྱང་དགོས་པ་འདི་ག་རེ་ཡིན་ནམ།

ལན། ༼༢༧༽སྐུ་གོང་མས་སྦྱངས་པའི་ཤེས་རབ་དང་བརྩོན་འགྲུས་སོགས་དྲན་མི་ནུས་པ་མ་ཡིན་ཏེ། ལོ་རྒྱུས་ཤིན་ཏུ་མང་ཡང་འདིར་མི་བགྲང་སྟེ། ཉིད་ཀྱིས་ཀྱང་གྲུབ་ཟིན་པ་ཁོ་ནའོ། །

              (བཞི་པ།)

དྲི་བ། ༢༨ ཀླད་པའི་བྱ་འགུལ་མཚམས་ཆད་ཀྱང་ཐུགས་དམ་ལ་བཞུགས་ཆོག་པ་དང་༌། ཤེས་པས་བྱ་བ་བྱེད་པ་རྩ་ཀླད་ལ་ལྟོས་པར་ཚན་རིག་པ་མ་ཟད་ང་ཚོས་ཀྱང་འདོད་དོ་ཟེར་བ་གཉིས་འགལ་ལམ་མི་འགལ། མ་གཞི་ཤེས་པ་ཡུལ་ལ་འཇུག་པར་རྩ་ཀླད་ལ་ལྟོས་པར་བཤད་པའི་གཞུང་ཚད་ལྡན་ཞིག་ཡོད་དམ། གཟུགས་མེད་དང་བར་སྲིད་པ་རྣམས་ལ་རྩ་དང་ཀླད་པ་ཡོད་དམ་མེད།

ལན། ༼༢༨༽ཤེས་པས་བྱ་བ་བྱེད་པ་ཀླད་རྩ་ལ་མ་ལྟོས་ཤིང་ཀླད་ལྡན་གྱི་སྐྱེས་བུའི་ཤེས་པའི་ཁྱད་པར་མང་པོ་ཞིག་ཀླད་རྩ་ལྟོས་པར་སུས་ཀྱང་ཤེས་ཏེ། ཀླད་པ་བསྣད་ནས་ངག་ལག་རྐང་པ་སོགས་ཀྱི་བྱ་བ་བྱེད་མི་ནུས་པར་མཐོང་བས་སོ། །དེ་ལྟར་བཤད་པའང་ཡོད་དེ། གསོ་རིག་བཤད་རྒྱུད་ལས། “ཀླད་པ་རྩ་ཡི་རྒྱ་མཚོ་ཆེན་པོ་ལས། །རྩ་བ་ལྟ་བུར་ཐུར་དུ་ཟུག་པ་ཡི། །བྱ་བ་བྱེད་པའི་ཆུ་རྩ་བཅུ་དགུ་ཡོད། །”ཅེས་ཆུ་རྩའམ་དབང་རྩ་བཅུ་དགུ་དང་དེ་དག་ལས་གྱེས་པས་ལུས་ཀྱི་བྱ་བ་དུ་མ་ཞིག་བྱེད་པར་བཤད་དོ། །སྔགས་གཞུང་རྣམས་ལས་ཀྱང་ཅི་རིགས་པར་བཤད་དེ། འདིར་མ་སྤྲོས།

དྲི་བ། ༢༩ ཐུགས་དམ་ལ་མ་ཞུགས་པའི་སྔོན་ཏེ་ཤེས་པས་ལུས་ཀྱི་ཆ་ཤས་ཀུན་ལ་ཁྱབ་པའི་གནས་སྐབས་སུ་ཡང་ལུས་ཀྱི་བྱེ་བྲག་འགའ་རེ་རུལ་བ་དང་འཕྲོ་བརླག་འགྲོ་བཞིན་ཡོད་ཀྱང་། ཐུགས་དམ་ལ་བཞུགས་ནས་ཤེས་པ་རྩ་དབུ་མའི་སྦུབས་སུ་སྡུད་ཟིན་ན་ཡང༌་ལུས་ཀྱི་ཆ་ཤས་རྣམས་མི་རུལ་བར་སྡོད་ཐུབ་པའི་རྒྱུ་མཚན་གང་ཡིན་ནམ།

ལན། ༼༢༩༽རྩ་ལ་སེམས་གནས་ཤིང་རྩ་རྣམས་སྐྱོན་མེད་པར་ཕན་ཚུན་འབྲེལ་བས་ཡན་ལག་མི་རུལ་བ་ཨེ་ཡིན་སྙམ་སྟེ། སེམས་མ་བསྡུས་པའི་སྐབས་སུ་མཛུབ་རྩེ་བསྣད་ནས་ཚོར་བ་མེད་པར་གྱུར་ཏེ་རུལ་བ་སོགས་འོང་བ་ནི་ཐུགས་དམ་ལ་བཞུགས་སྐབས་ཀྱང་མཚུངས་པར་རུལ་བར་འགྱུར་རམ་སྙམ།

དྲི་བ། ༣༠ མཁས་པ་ཁ་ཅིག་གིས་ཀུན་གཞི་མེད་ན་སྐྱེ་བ་སྔ་ཕྱིའི་ལས་འབྲས་འཇོག་མི་ཐུབ་ཟེར་བ་དང་༌། ཁག་ཅིག་གིས་ཀུན་གཞི་མེད་མོད། དྲུག་པ་ཡིད་ཀྱི་རྣམ་ཤེས་མེད་ན་འཇོག་མི་ཐུབ་ཟེར་བ་དང༌་། ཁག་ཅིག་གིས་ལས་འགག་པ་ལས་འབྲས་བུ་སྐྱེ་བས་དེ་གཉིས་ཡོད་མེད་ལ་ལྟོས་པ་མ་ཡིན་ཟེར་བ་སོགས་བཤད་སྟངས་སྣ་ཚོགས་ཤིག་འབྱུང་དོན་གང་ཡིན་ནམ།

ལན། ༼༣༠༽སེམས་ཅན་རྣམས་མོས་པ་མི་འདྲ་བ་དང་། མདོ་ལས་གསུང་ཚུལ་མི་མཐུན་པ་བྱུང་བར་བརྟེན། མི་སོ་སོས་རིགས་པས་དཔྱོད་སྟོབས་མི་འདྲ་བའི་དབང་གིས་ཡིན་ངེས།

དྲི་བ། ༣༡ མེ་བུད་ཤིང་ལ་བརྟེན་པ་ལྟར་ཤེས་པ་རྩ་ཀླད་ལ་བརྟེན་ནས་འབྱུང་བ་མི་འཐད་དེ། མེ་ནི་བུད་ཤིང་ལ་ལྟོས་ནས་འགྱུར་བ་འགྲོ་ཡང་འདོད་ཆགས་སོགས་ནི་རྩ་ཀླད་ལ་མི་ལྟོས་པར་འགྱུར་བ་འགྲོ་བ་མངོན་སུམ་ཡིན་ནོ་ཟེར་བ་ལྟར་ན། རྒས་བྱིས་གཉིས་ལས་དར་མའི་སྐབས་སུ་འདོད་ཆགས་དང་ཞེ་སྡང་ཆེ་བ་ཡོད་པ་དང་༌། གོ་སྟོབས་དང་བསམ་བློ་ཐོངས་ཆེ་བ་ཡོད་པའི་གནས་ལུགས་འདི་ལ་འགྲེལ་བཤད་ཇི་ལྟར་རྒྱག་གམ།

ལན། ༼༣༡༽འདིའི་ལན་སྔར་སོང་ཟིན་བས་ཆོག་ལ། རྩ་ཀླད་ལ་ཚེ་འདིར་ལྟོས་པ་ཡོད་པ་དང་གནས་སྐབས་ལྟོས་པ་ཡོད་པ་དང་ཁྱད་པར་རླུང་ལ་ལྟོས་མོད་ཀྱི། དངོས་ཀྱི་ཉེར་ལེན་ནི་མ་ཡིན་ཏེ། ཚན་རིག་གི་འཕྲུལ་ཆས་ལས་ལྟོས་དང་། ཤེས་པ་ཕྲ་རགས་དང་འདྲ་མིན་དུ་སྐྱེ་བ་ན། ཤེས་པའི་ཉེར་ལེན་ཡིན་ནམ་སྙམ་པ་རྣམས་རིགས་འདྲའི་རྒྱུན་མི་ཆད་པར་འདུག་ན་ཤེས་པའི་ཉེར་ལེན་མིན་པའི་རྟགས་ཡིན་ཏེ། ཉེར་ལེན་ཡིན་ན་ཉེར་འབྲས་ལས་ལོགས་སུ་རང་གི་རྫས་རྒྱུན་ཕྱི་མ་མེད་པ་ཞིག་དགོས་པས་སོ། །

དྲི་བ། ༣༢ གློག་ཀླད་ནང་གཟུགས་བརྙན་དང་སྒྲ་བརྙན་སྣ་ཚོགས་ལྟ་ཉན་བྱེད་ཐུབ་པ་ནི་གློག་ཀླད་ཀྱི་རྫས་ཙམ་ལས་བྱུང་བ་མ་ཡིན་པར་རྫས་དེ་དག་ཕན་ཚུན་འདུ་འཕྲད་བྱེད་སྟངས་ཀྱི་ཁྱད་པར་ལས་འབྱུང་བ་ལྟར། ཤེས་པ་ཡང་རྩ་ཀླད་ཙམ་ལས་བྱུང་བ་མ་ཡིན་པར་དེ་དག་གི་རྫས་མང་པོ་ཞིག་འདུ་འཕྲད་བྱེད་སྟངས་ཀྱི་ཁྱད་པར་ལས་བྱུང་བ་ཡིན་ནོ་ཞེ་ན་ལན་ཇི་ལྟར་ཡིན་ནམ།

ལན། ༼༣༢༽ ཤེས་པ་ཙམ་ནི་རྩ་ཀླད་ལ་མ་ལྟོས་ཤིང་། ལྟོས་པའི་ཤེས་པའང་ཁས་ལེན་པས་དེས་སྐྱེ་བ་སྔ་མ་ལ་ཅི་ཡང་མི་གནོད་དེ། རྣམ་འགྲེལ་ལས། རྒྱུ་མཚན་ཁས་བླངས་ཕྱིར་ན་འདོད། །ཉེར་ལེན་ཉིད་ནི་བསལ་བ་ཡིན། །ཞེས་གསུངས་པ་ལྟར་རོ། །འདི་མཐོང་མ་ཐག་ལུང་གིས་བསྒྲུབས་སོ་སྙམ་དུ་མ་སེམས་རོགས།

དྲི་བ། ༣༣ གལ་སྲིད་ཚན་རིག་པས་གློག་རྡུལ་ཕྲ་མོ་ཞིག་གི་བརྒྱུད་ནས་རང་གི་ཀླད་པའི་ནང་གི་གསང་བའི་གནས་ཚུལ་དང་འཆར་གཞི་ཚང་མ་བརྐུས་སོང་བ་ཡིན་ན། སྐབས་དེར་ནང་པས་འདོད་པ་ལྟར་གྱི་ཤེས་པ་ཟེར་བ་ཞིག་མེད་པར་ཁས་ལེན་ཐུབ་བམ།

ལན། ༼༣༣༽དེ་ཡང་མི་ཐུབ་སྟེ། ཤེས་པས་ལུས་ལ་ལག་རྗེས་འཇོག་པ་ཤིན་ཏུ་མང་བའི་ཕྱིར་ཏེ། རྣམ་འགྱུར་ཉིད་ལས་བསམ་པ་གོ་བ་ལྟ་བུས་མཚོན་ནོ། །

 དྲི་བ། ༣༤ གལ་སྲིད་ཚན་རིག་གི་ཐོག་ནས་མི་གཅིག་གི་ཀླད་པ་ནས་ཤེས་ཡོན་འདྲ་བཤུས་(Copy)བྱས་ཏེ། མི་གཞན་ཞིག་གི་ཀླད་པར་བླུགས་ནས་བེད་སྤྱོད་བྱེད་ཐུབ་པ་བྱུང་བ་ཡིན་ན། སྐབས་དེར་ནང་པས་འདོད་པ་ལྟར་གྱི་ཤེས་པ་ཟེར་བ་ཞིག་མེད་པར་ཁས་ལེན་ཐུབ་བམ།

ལན། ༼༣༤༽དེ་ཡང་མི་ཐུབ་སྟེ། དབང་ཤེས་དབང་པོ་ལ་བརྟེན་པས་དབང་པོ་དང་དབང་རྟེན་ལ་ཁྱད་པར་སྐྱེས་ན་དེས་དབང་ཤེས་ལ་ཁྱད་པར་བསྐྱེད། དེས་ཡིད་བློ་ལ་ཁྱད་པར་བསྐྱེད་པ་ཡོད་པས་དྲི་བའི་བརྟག་པ་མཐའ་བཟུང་དེ་ཡང་ཚུལ་འདི་ལ་མི་འགལ་བ་སྲིད་པའི་ཕྱིར།

དྲི་བ། ༣༥ གལ་སྲིད་ཚན་རིག་པས་བཟོས་པའི་འཕྲུལ་ཆས་ཀྱི་མི་(Robot)ལ་ཚོད་དཔག་ལས་བརྒལ་བའི་རང་འགུལ་གྱི་བསམ་བློ་སླེབས་ནས། མི་ཡི་དབང་བསྒྱུར་ལ་ངོ་རྒོལ་གྱེན་ལོག་བྱས་པ་ཡིན་ན། སྐབས་དེར་ནང་པས་འདོད་པ་ལྟར་གྱི་ཤེས་པ་ཟེར་བ་ཞིག་མེད་པར་ཁས་ལེན་ཐུབ་བམ།

ལན། ༼༣༥༽ཁས་ལེན་མི་ཐུབ་སྟེ། དེ་ལའང་རྣམ་ཤེས་ཞུགས་ནས་སྐྱེ་བ་བླངས་པར་རྩི་ཆོག་པའི་ཕྱིར། གཞན་དུ་ན་འཕྲུལ་ཆས་ཀྱི་མི་སོགས་ཀྱི་བསྒྲིག་ཆས་ལས་བཟོ་བ་པོའི་མ་བསམས་པའི་འགུལ་སྐྱོད་སོགས་ཀྱི་བྱ་བ་མང་པོ་ཞིག་མི་འབྱུང་བའི་ངེས་པའང་ཅི་ལ་ཡོད་དེ། རྫས་ཀྱི་ནུས་པ་བསམ་གྱིས་མི་ཁྱབ་པར་གསུངས་པས་སོ། །

ཆེད་ཞུ། གནད་གཙོ་བོ་ནི། རིགས་རྫས་ལ་སོགས་པའི་གཟུགས་དང་ཤེས་པ་ངོ་བོ་ཐ་དད་ཡིན་པ་དང་། གཟུགས་རྣམས་ལ་ཤེས་པའི་དངོས་ཀྱི་ཉེར་ལེན་གྱི་མཚན་ཉིད་མེད་པར་ཤེས་ན་སྐྱེ་བ་སྔ་ཕྱི་བདེ་བླག་ཏུ་ཤེས་པས་དེའི་སྐོར་བདག་གིས་གཞན་དུ་གསལ་བར་བྲིས་ཟིན་པས་འདིར་སྤྲོ་བའི་ངལ་བ་མ་བྱས་སོ།

དྲི་བའི་མཇུག་སྡུད། གསལ་བཤད་ཞུ་རྒྱུར། འདིའི་རྗེས་སུ་ཤེས་པ་ནི་དབང་རྩའི་བྱེད་ནུས་ཙམ་དུ་འདོད་མཁན་རྣམས་ལ་ཡང་དྲི་བ་དེ་མཚུངས་གཏོང་རྒྱུ་ཡིན་ལ། སུ་ཞིག་གིས་དྲིས་ལན་གནང་བ་དེར་དགའ་བསུ་དང་སྦྲགས། དེ་དག་གི་གསེབ་ན་བློ་སྐྱེད་འདྲ་འདུག་མིན་བལྟས་ནས་སྡོད་རྒྱུ་ལས་སླར་རྒོལ་བ་དང་འཕྲོས་དོན་དྲི་བ་སོགས་གཏོང་རྒྱུ་མིན། གང་ཡིན་ཟེར་ན། གཅིག་ནས་རང་ཉིད་བྲེལ་བས་ཁོམ་པ་མེད་ལ། གཉིས་ནས་དྲི་བ་ལ་རང་ལུགས་མེད་པས་(སྐབས་སུ་བབ་མིན་ཙམ་ལས་དྲི་བའི་ངོ་བོ་ལ་ནོར་འཁྲུལ་ཡང་མེད་ཟེར་སྲོལ་འདུག)རྩོད་སྤོང་དགོས་དོན་མེད་སྟབས། ལན་གནང་བ་ཁག་ལ་སླར་བརྒལ་ལན་དང་འདྲི་རྩོད་བྱས་བསྡད་པ་ཡིན་ན་ཀུན་སློང་ལ་དོགས་པ་དང་དམིགས་ཡུལ་ལ་གོ་ནོར་ཐེབས་སྲིད་པས་ཀྱང་ཡིན།

མཐའ་དོན་ཞུ་རྒྱུར། དྲི་བ་འགའ་རེ་ཕན་ཚུན་འབྲེལ་ནས་ཡོད་ཀྱང༌། དྲི་བ་ཁ་གསལ་པོ་དང་ལན་ཞིབ་ཚགས་པོ་ཡོང་ཆེད་ཁག་བགོས་ནས་བཀོད་ཡོད། དྲི་བ་འགའ་ཞིག་ལ་གོ་རྒྱུ་ཆེར་མེད་པའང་སྲིད་མོད། ལན་རྒྱག་རིན་མེད་པར་མ་དགོངས་པར་“སེམས་ཅན་རེ་རེའི་ཕྱིར་ཡང་མནར་མེད་པའི།། མེ་ནང་་་་༌།།” ཞེས་པ་ལྟར། ཐ་ན་གང་ཟག་གཅིག་གི་ཆེད་དུ་ཡིན་སྙམ་པ་ཞིག་དང་། གལ་ཆེ་བ་ཞིག་ནི། གནད་ལ་ཁེལ་བ་དང་དོན་ལ་གནས་པའི་ལན་རེ་གནང་ཞིང་ཐེབས་པ་ཡིན་ཚེ། ཚན་རིག་ལ་བརྟེན་ནས་སྐྱེ་བ་སྔ་ཕྱི་མེད་པར་འཐད་སྙམ་པ་དང་། དེ་ལྟར་སྨྲ་བ་རྣམས་ལ་ཡང་འགྲམ་ལྕག་ཚ་པོ་རེ་ཐེབས་པར་འདུག་ལ། གཙོ་བོ་ནི་བོད་ཀྱི་ཆོས་དང་རིག་གཞུང་གི་ཆེ་བ་དང་གཟི་བརྗིད་ཀྱང་འདོན་ཐུབ་པར་འདུག་པས། ད་རེས་འདི་ཕྱིའི་སྐྱབས་གནས་སུ་གྱུར་པའི་མཁས་དབང་རྣམ་པ་མ་འཁྱུག་ཅིག་ཅེས་ཀྱང་སྨྲ་བར་འདོད་དོ།། (དགའ་ཤར་ཚན་རིག་དུས་མེད་དེབ་བཀོད་པ་ཞིག)

ལན་གྱི་མཇུག་སྡུད། ཁ་སང་དང་དེ་རིང་གི་ཕྱི་དྲོ་གཉིས་ལ་ལན་ཚང་མ་ཕུལ་ཡོད། འོན་ཀྱང་རྣམ་འགྲེལ་གྱི་མཐའ་གཅོད་ཚུལ་ཞིབ་པར་མི་དྲན་ལ་དཔེ་ཆར་ལྟ་ལོང་མ་བྱུང་བས། རྗེས་ནས་བསྒྱུར་བཅོས་དགོས་པའང་སྲིད།

འོན་ཀྱང་ནང་པའི་རིགས་པའི་གནད་ཀྱང་གང་འཚམ་བསྟན་ཡོད་པས་ཐུགས་དགྱེས་པར་རེ། འདི་ཡང་དམིགས་ཡུལ་གཞན་ཅི་ཡང་མེད་ཀྱི། རང་གཞན་ལ་ཤེས་རབ་འཕེལ་བ་དང་། གཙོ་བོར་རྒན་ཁྱེད་ཀྱིས་དགོངས་ཚུལ་གསུང་བའི་རེ་བ་ཆེ། ཅིའི་ཕྱིར་ན། ཁྱེད་གཟུ་བོར་གནས་ཤིང་རྣམ་དཔྱོད་ཡངས་པ་དང་། བདག་གིས་ཀྱང་རང་གིས་སྐྱེ་བ་སྔ་ཕྱི་དང་ཤེས་རིག་གི་གསང་བ་ལ་གང་འཚམ་གྱི་ཤེས་རབ་རྙེད་ན་སེམས་པ་ཡིན་པས་སོ། །

༢༠༡༨/༤/༥/ལ་དུང་སེམས་ཀྱིས་བྲིས། དགེ་བར་གྱུར་ཅིག།


རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།