སྐྱེ་ཁམས་ཁོར་ཡུག་གི་སྲུང་སྐྱོབ་དང་བོད་བརྒྱུད་ནང་བསྟན་གྱི་གཏེར་སྒྲུབ་ཀྱི་ཆོ་ག

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-12-07 10:20:38     རྩོམ་པ་པོ།   དམ་ཆོས་རབ་རྒྱས།    ཀློག་ཐེངས།  

བོད་བརྒྱུད་ནང་བསྟན་ལ་སྣོད་བཅུད་མ་ཉམས་པ་སྲུང་བ་དང་སྣོད་བཅུད་ཉམས་པ་གསོ་ཚུལ་གཉིས་ལས་ཕྱི་མ་དམིགས་ཡུལ་དུ་བྱས་པའི་གཏེར་སྒྲུབ་ཀྱི་ཆོ་ག་ཡོད་པ།གཏེར་སྒྲུབ་ཀྱི་ཆོ་ག་སྤྱིའི་ངོ་སྤྲོད།དེ་དག་ལས་རིགས་ལྔའི་བུམ་གཏེར།སའི་ལྷ་མོའི་གཏེར་སྒྲུབ་ཀྱི་ཆོ་ག་དང་།ས་བཅུད་བུམ་སྒྲུབ་དང་ཀླུ་བུམ་གྱི་བྱེ་བྲག་དུ་མ།ས་བདག་སྙིང་གཏེར་སོགས་ཀྱི་སྐོར་བྱེ་བྲག་ཏུ་གླེང་བ། གཏེར་བུམ་དེ་དག་གི་འབུལ་ཚུལ།ཉེ་དུས་ཀྱི་གཏེར་སྒྲུབ་དང་མཚོ་གཏེར་འབུལ་ཚུལ་ལ་ལས་་ཁོར་ཡུག་སྲུང་སྐྱོབ་ལ་ཕན་གནོད་གང་ཡོད་ཀྱི་སྐོར་གླེང་པ་བཅས་སོ།།

སྐྱེ་ཁམས་ཁོར་ཡུག་གི་སྲུང་སྐྱོབ་དེ་ཡང་ཕར་དེད་ན་སྣོད་བཅུད་མ་ཉམས་པ་སྲུང་སྐྱོབ་དང་སྣོད་བཅུད་ཉམས་པ་སླར་གསོ་གཉིས་སུ་འདུས་པ་ཡིན།དེ་གཉིས་གང་ཡིན་ཀྱང་དེ་ལ་ལྟོས་བཅས་ཀྱི་ཐབས་ང་ཚོ་བོད་བརྒྱུད་ནང་བསྟན་གྱི་ཆོ་གའི་ཁྲོད་ན་མང་དུ་ཡོད་དོ།གཏེར་སྒྲུབ་ཀྱི་ཆོ་ག་ཡང་ཐབས་དེ་དག་གི་ཁྲོད་ཀྱི་གཅིག་ཡིན་ལ། ཤཱཀྱའི་དགེ་སྦྱོང་དུ་འབོད་པ་མ་གཏོགས་མཛད་པ་པོ་སུ་ཡིན་མི་གསལ་བའི་དཔེ་རྙིང་ལག་བྲིས་མ་《ས་དཔྱད་བརྟག་ཚུལ་སོགས་ཕྱོགས་གཅིག་ཏུ་འཁྱེར་བདེ་བར་བཀོད་པ་བཀྲ་ཤིས་དགེ་མཚན་གྱི་གཏེར་བརྒྱའི་སྒོ་འབྱེད་པའི་འཕྲུལ་གྱི་ལྡེ་མིག་》ཅེས་ས་དཔྱད་བརྟག་དང་གཏེར་སྒྲུབ་དཀྱུས་གཅིག་ཏུ་བཀོད་པའི་ཆོ་ག་དེར།“འདི་ནི་རྒྱུད་ལས།ས་ཡི་ལྷ་མོའི་མཁའ་དབྱིངས་སུ།།གཏེར་སྦེད་ཆོ་ག་རྒྱས་པར་བྱ།།ཞེས་པའི་དོན་ཡིན་ནོ”ཞེས་གཏེར་སྒྲུབ་ཀྱི་ཆོ་ག་དང་དེ་ཡང་ས་འོག་ཏུ་སྦེད་དགོས་པའི་ཁུངས་སུ་རྒྱུད་ཀྱི་ཚིག་འདི་དྲངས་ནས་གསུངས་འདུག་ཀྱང་།རྒྱུད་གང་ཡིན་གྱི་ཁུངས་མི་གསལ།བསྟན་པ་དར་རྒྱས་ཀྱིས་མཛད་པའི་《སའི་ལྷ་མོའི་བུམ་གཏེར་གྱི་ཆོ་ག་སོགས་སའི་བཅོས་ཐབས་དགོས་འདོད་འབྱུང་གནས་(དཔེ་རྙིང་ལག་བྲིས་མ)》ཞེས་པར་ས་ལྷའི་བུམ་གཏེར་གྱི་ཁུངས་གསེར་འོད་དམ་པ་མདོ་སྡེ་དབང་གི་རྒྱལ་པོའི་སའི་ལྷ་མོའི་ལེའུར་བཅོལ་འདུག་ལ།འདི་གཉིས་ནི་བདག་གིས་ད་སྔ་མཐོང་བའི་གཏེར་སྒྲུབ་ཀྱི་ཆོ་ག་རྣམས་ལས་གཏེར་སྒྲུབ་ཀྱི་ཁུངས་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་རབ་ལ་གཏུགས་པ་ཆེས་གསལ་ཤོས་ཡིན།དེ་ལ་བོད་བརྒྱུད་ནང་བསྟན་གྱི་གཏེར་སྒྲུབ་ལ་རྣམ་པ་མང་དུ་ཡོད་ལ།དེ་ཡང་ལྷ་མི་འདྲ་བ་དང་ལྷ་གཅིག་ལའང་མཛད་པ་པོ་དང་ཆོས་བརྒྱུད་མི་འདྲ་བའི་དབང་གིས་གཏེར་སྒྲུབ་ཀྱི་ཆོ་ག་མི་འདྲ་བ་དུ་མ་ཡོད་པའང་ཡོད།དེ་དག་གང་ཡིན་ཀྱང་མཐར་གཏུགས་ན་དམིགས་ཡུལ་གཉིས་སུ་འདུས་པ་ཡིན་ཏེ།དེ་ཡང་“ལོངས་སྤྱོད་རྒྱས་པའི་ཕྱིར་དུ་”ཞེས་གསུངས་པ་ལྟར་ནོར་སྒྲུབ་ཀྱི་དམིགས་ཡུལ་དང་།“ཆུ་མིག་དང་མཚོ་སོགས་རྒྱས་པའི་ཕྱིར”(1)ཞེས་གསུངས་པ་ལྟར་ས་དང་ཆུ་རྩི་ཤིང་ནགས་ཚལ་སོགས་ཀྱི་བཅུད་ཉམས་པ་གསོ་བ་དང་མ་ཉམས་གོང་དུ་སྤེལ་བ་སྟེ་དམིགས་ཡུལ་རྣམ་པ་འདི་གཉིས་སུ་འདུས་པ་ཡིན།དམིགས་ཡུལ་ཕྱི་མ་འདི་ལ་དམིགས་པའི་གཏེར་སྒྲུབ་ཀྱི་ཆོ་ག་རྣམས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཁྱད་པར་དུ་ཁོར་ཡུག་ཉམས་པ་གསོ་ཐབས་ཀྱི་ཕྱོགས་སུ་བཀོལ་པ་ཡིན་ན་དེ་ལ་དོན་སྙིང་ཆེན་པོ་ལྡན་ནོ་སྙམ་པས།འདིར་བདག་གིས་ཚུལ་དེ་ཅུང་ཟད་གླེང་བར་འདོདདོ།། སྤྱིར་གཏེར་སྒྲུབ་ཀྱི་ཆོ་ག་འདི་ནི་རྒྱ་བརྒྱུད་དང་ལྷོ་བྱང་གི་ནང་བསྟན་ལྟ་བུ་ནང་བསྟན་གཞན་ལ་མེད་པའི་བོད་བརྒྱུད་ནང་བསྟན་གྱི་སྒོས་ཆོས་དང་།བོད་བརྒྱུད་ནང་བསྟན་གྱི་ཡང་སྔགས་ཀྱི་ཆོ་གའི་ཁོངས་སུ་གཏོགས་པ་ཡིན།འདི་ལ་གོང་དུ་བཤད་པ་ལྟར་བོད་ཀྱི་ཆོས་བརྒྱུད་སོ་སོར་རང་རང་གི་ལུགས་ཀྱི་གཏེར་བུམ་སྒྲུབ་ཚུལ་གྱི་ཆོ་ག་མི་འདྲ་བ་ཡོད་ལ།ལྷ་ཡང་རྒྱུད་སྡེ་བཞི་དང་དེ་ཡང་གཙོ་བོར་བྱ་རྒྱུད་ལ་བརྟེན་པ་ཤུགས་ཆེ།དེ་དག་ལས་དགེ་ལུགས་ཀྱི་ཕྱོགས་གཅིག་པུར་ཡང་གྲངས་མེད་པ་ཡོད་ལ་ད་ལྟ་གནས་སྐབས་འདིར་བདག་གི་ལག་ཏུ་འབྱོར་བ་གཅིག་པུ་ལའང་ཆོ་ག་མི་འདྲ་བ་བཅུ་བདུན་ཙམ་ཡོད་དེ།དེ་དག་ནི།

  ༡.《ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་བ་ཆེན་པོའི་རིགས་གསུམ་སྤྱི་སྒྲུབ་ལ་བརྟེན་པའི་ས་བཅུད་བུམ་སྒྲུབ་ཀྱི་ཆོ་ག་དགོས་འདོད་ཆར་འབེབས》ཡོངས་འཛིན་ཕུར་ལྕོག་པ་བློ་བཟང་ཚུལ་ཁྲིམས་བྱམས་པ་རྒྱ་མཚོས་མཛད།

  ༢.《ས་བཅུད་བུམ་པ་སྒྲུབ་པ་དང་སྦ་བའི་ཆོ་གའི་ངག་འདོན་གྱི་རིམ་པ་ཕྱོགས་གཅིག་ཏུ་བསྒྲིགས་པ་མཐོང་གྲོལ་མུ་ཏིག་ཆུན་པོ་》ཞེས་བྱ་བ་ཁྲི་ཆེན་ངག་དབང་མཆོག་ལྡན་གྱི་ཇི་ལྟ་བ་བཞིན་བསྒྲིགས་པ(2)།

  ༣.《རྟ་མགྲིན་གསང་སྒྲུབ་ཀྱི་ཆོས་སྐོར་ལས་བུམ་གཏེར་ཆོ་ག་དགོས་འདོད་ཀུན་འབྱུང་》།ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་མཛད།

  ༤.《ཕོངས་པ་སེལ་བའི་སྒོ་ནས་བུམ་གཏེར་སྒྲུབ་ཚུལ་དངོས་གྲུབ་རིན་པོ་ཆེའི་གཏེར་མཛོད།》ཤཱཀྱའི་དགེ་སློང་བློ་བཟང་ཆོས་ཀྱི་དབང་ཕྱུག་གམ་མིང་གཞན་གར་གྱི་དབང་པོས་མཛད།

  ༥.《རྗེ་བཙུན་འཕགས་མ་སྒྲོལ་མ་ལ་བརྟེན་ནས་གཏེར་སྒྲུབ་བྱ་ཚུལ་དངོས་གྲུབ་གྲུ་ཆར་གཡོ་བའི་སྤྲིན་ཕུང》འཇམ་དབྱངས་ཐུབ་བསྟན་རྒྱ་མཚོས་མཛད།

  ༦.《ས་དཔྱད་བརྟག་ཚུལ་སོགས་ཕྱོགས་གཅིག་ཏུ་ཁྱེར་བདེ་བར་བཀོད་པ་བཀྲ་ཤིས་དགེ་མཚན་གྱི་གཏེར་བརྒྱའི་སྒོ་འབྱེད་པའི་ལྡེ་མིག།》ཤཱཀྱའི་དགེ་སྦྱོང་ཞེས་པ་ཙམ་མ་གཏོགས་མཛད་པ་པོའི་མཚན་ཧྲིལ་པོ་མི་གསལ།འོན་ཀྱང་འདིའི་རིགས་ལྔའི་བུམ་གཏེར་གྱི་སྐབས་སུ་གོང་གི་ཐུའུ་བཀྭན་གྱི་གསུང་གི་རིགས་ལྔའི་བུམ་གཏེར་གྱི་ཆོ་ག་ཕལ་ཆེར་སོར་གཞག་དང་ཆོ་ག་རང་ན་རང་རེའི་དགེ་ལྡན་པའི་ལུགས་ལ་སོགས་ཀྱི་གླེང་མོར་བྱུང་བས་དགེ་ལྡན་པར་གསལ་ལོ།།

  ༧.《སའི་ལྷ་མོའི་བུམ་གཏེར་གྱི་ཆོ་ག་སོགས་སའི་བཅོས་ཐབས་དགོས་འདོད་འབྱུང་གནས་ཞེས་བྱ་བ་བཞུགས།》བསྟན་པ་དར་རྒྱས་ཀྱིས་མཛད།

  ༨.《ས་བརྟག་བསླང་སྦྱང་གསུམ་བུམ་གཏེར་དང་བཅས་པའི་ལག་ལེན་ཨུཏྤལ་ཆུན་པོ》སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས་མཛད།

  ༩.《ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཡི་དམ་སྒྲུབ་སྐོར་ན་བཞུགས་པའི་ཉེར་མཁོའི་བུམ་གཏེར་གྱི་ཆོ་གའི་ལག་ལེན།》འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ཀྱིས་མཛད།

  ༡༠.《ཀླུ་གཏེར་དགོས་འདོད་ཀུན་འབྱུང་།》ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་མཛད།

  ༡༡.ས་ལྷའི་བུམ་གཏེར་གྱི་ལག་ལེན་དང་སྒྲུབ་ཚུལ་སྦ་ཆོག།》རྭ་རྒྱའི་དགེ་རྒན་བྱམས་པ་བཟང་པོས་མཛད།

  ༡༢.《རྗེ་བཙུན་བཅོམ་ལྡན་འདས་མ་ལྷ་མོ་རིག་བྱེད་མའི་གཏེར་སྒྲུབ་ཀྱི་ཆོ་ག་དོན་ཡོད་འཁོར་ལོ།》རྗེ་བཙུན་འཇིགས་མེད་འཕྲིན་ལས་རྒྱ་མཚོས་མཛད།

  ༡༣.《ལྷ་མོ་ནོར་རྒྱུན་མའི་གཏེར་སྒྲུབ་དཔག་བསམ་ལྗོན་པ།》བཙུན་གཟུགས་མཉྫུའི་མིང་ཅན་ཞེས་པ་ལས་མཚན་ཧྲིལ་པོ་མི་གསལ།

  ༡༤.《མགོན་དཀར་ཡིད་བཞིན་ནོར་བུའི་གཏེར་སྒྲུབ་ཇི་ལྟར་བྱ་ཚུལ་དངོས་གྲུབ་འདོད་པ་འཇོ་བའི་བུམ་བཟང་།》རྭ་སྒྲེང་བློ་བཟང་ཡེ་ཤེས་བསྟན་པ་རབ་རྒྱས་ཀྱིས་མཛད།

  ༡༥.《རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ལ་བརྟེན་ནས་བུམ་གཏེར་སྒྲུབ་ཚུལ་དངོས་གྲུབ་འདོད་དགུའི་ཆར་འབེབས།》མཛད་པ་པོ་མི་གསལ།

  ༡༦.《འཕགས་པ་སའི་སྙིང་པོ་ལ་བརྟེན་ནས་ས་བདག་སྙིང་གཏེར་འབུལ་ཚུལ་གྱི་ཆོ་ག་དཔག་བསམ་ལྗོན་པ།》འཇམ་དབྱངས་ཐུབ་བསྟན་ཉི་མས་མཛད།

  ༡༧.《ཛམ་དཀར་འབྲུག་ཞོན་ལྷ་ལྔའི་སྒོ་ནས་ནོར་སྒྲུབ་བྱ་ཚུལ་ཡིད་བཞིན་ནོར་བུའི་བང་མཛོད།》ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་མཛད་པའོ།།འདི་དག་ལས་རྗེ་བླ་ཁོ་རིན་པོ་ཆེ་འཇིགས་མེད་འཕྲིན་ལས་རྒྱ་མཚོའི་ལྷ་མོ་རིག་བྱེད་མའི་གཏེར་སྒྲུབ་ཀྱི་ཆོ་ག་དང་།རྭ་སྒྲེང་ཚང་གི་མགོན་དཀར་གཏེར་སྒྲུབ་གཉིས་ནི་བླ་མེད་ཀྱི་ལྷ་ལ་བརྟེན་པའི་གཏེར་སྒྲུབ་ཀྱི་ཆོ་ག་དང་།གཞན་རྣམས་ཕལ་ཆེ་བ་བྱ་རྒྱུད་ཀྱི་ལྷ་ལ་བརྟེན་པའི་གཏེར་སྒྲུབ་ཀྱི་ཆོ་གར་གཏོགས་སོ།།དེ་དག་ལས་ཕོངས་སེལ་སྒྲོལ་མ་དང་རྗེ་བཙུན་སྒྲོལ་མ།ནོར་་རྒྱུན་མ།མགོན་དཀར་ཡིད་བཞིན་ནོར་བུ།རིག་བྱེད་མ།རྣམ་ཐོས་སྲས།འཛམ་དཀར་འབྲུག་ཞོན་ལྷ་ལྔ་ལ་བརྟེན་པའི་གཏེར་སྒྲུབ་འདི་རྣམས་ནི་ནོར་སྒྲུབ་ཀྱི་དམིགས་ཡུལ་ཅན་དང་།ལྷག་མ་དགུ་ནི་སྣོད་བཅུད་ཉམས་པ་གསོ་སྲུང་གི་དམིགས་ཡུལ་ཅན་ཡིན་ནོ།།འདི་དག་ད་སྔ་བདག་གི་ལག་ན་ཡོད་པའི་དགེ་ལུགས་ཕྱོགས་ཀྱི་གཏེར་སྒྲུབ་ཀྱི་ཆོ་ག་དུ་མ་ཡིན་ལ།དེར་མ་ཟད་འཕྲུལ་དེབ་ཏུ་བཀོད་པའི་རྙིང་མའི་ཕྱོགས་ཀྱི་གཏེར་སྒྲུབ་ཀྱི་ཆོ་ག་མི་འདྲ་བ་བཅུ་གསུམ་ཙམ་ཕྱོགས་གཅིག་ཏུ་བསྒྲིགས་པ་ཡང་མཐོང་ལ་།སྣ་ཐུང་ཁྲུ་གང་ཅན་ས་དགེ་བཀའ་རྙིང་གི་གཏེར་སྒྲུབ་ཀྱི་ཆོ་ག་མི་འདྲ་བ་བདུན་ཅུ་ཙམ་པོད་གསུམ་དུ་བསྡུས་པ་དེ་འདྲ་ཡང་འདུག་པས་རེ་རེ་བཞིན་ཞིབ་ཏུ་འགོད་པ་མང་དྲགས་ནས་རྔོ་མ་ཐོགས་སོ།།

   དེ་ལྟར་གོང་དུ་བཤད་པ་ལྟར་བོད་བརྒྱུད་ནང་བསྟན་གྱི་གཏེར་སྒྲུབ་ཀྱི་ཆོ་ག་ལ།ནོར་སྒྲུབ་དམིགས་ཡུལ་དུ་བཟུང་པའི་གཏེར་སྒྲུབ་ཀྱི་ཆོ་ག་དང་།སྣོད་བཅུད་ཀྱི་གསོ་སྲུང་དམིགས་ཡུལ་དུ་བཟུང་བའི་གཏེར་སྒྲུབ་ཀྱི་ཆོ་ག་རིགས་གཉིས་སུ་འདུས་པའི་རིགས་སྔ་མ་ཅན་རྣམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཕྱོགས་འདིར་དེ་ཙམ་མཁོ་གལ་མི་ཆེ་བས་བཏང་སྙོམས་སུ་བསྐྱུར་ཏེ།འདིར་སྣོད་བཅུད་གསོ་སྲུང་གི་འབྲས་བུ་དམིགས་ཡུལ་དུ་བཟུང་བའི་གཏེར་སྒྲུབ་ཀྱི་ཆོ་ག་འགའ་བྱེ་བྲག་ཏུ་འཆད་པ་ལ།

     ༡.རིགས་ལྔའི་བུམ་གཏེར་གྱི་ཆོ་ག

     ཐུའུ་བཀྭན་ཆོས་ཀྱི་ཉི་མའི་《བུམ་གཏེར་གྱི་ཆོ་ག་དགོས་འདོད་ཀུན་འབྱུང་》ལས།འདིར་བཅོམ་ལྡན་འདས་རྟ་མགྲིན་གསང་སྒྲུབ་ཀྱི་ཆོས་སྐོར་གྱི་ཡན་ལག་ཏུ་ཡུལ་གཞིས་བཀྲ་ཤིས་པར་བྱ་བའི་ཐབས་བུམ་གཏེར་གྱི་ཆོ་ག་འགོད་པ་ལ་བཞི།རིགས་ལྔའི་བུམ་པ་དང་ཞེས་རིགས་ལྔའི་བུམ་གཏེར་འདི་ཡུལ་གཞིས་བཀྲ་ཤིས་པར་བྱ་བའི་བུམ་གཏེར་གྱི་ཐོག་མར་གསུངས་ཡོད།དེ་ལ་ཐུའུ་བཀྭན་གསུང་གི་རིགས་ལྔའི་བུམ་གཏེར་གྱི་ཆོ་ག་དང་ཤཱཀྱའི་དགེ་སྦྱོང་གི་རིགས་ལྔའི་བུམ་གཏེར་གྱི་ཆོ་ག་གང་ཡིན་ཀྱང་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་《བཻ་དཀར་》ལ་ཁུངས་བཅོལ་པ་ཤིན་ཏུ་གསལ་ཏེ།ཐུའུ་བཀྭན་གསུང་གི་རིགས་ལྔའི་བུམ་གཏེར་གྱི་སྦ་ཆོག་གི་སྐབས་སུ།ཧཱུཾ།སྐྱོབ་པ་སངས་རྒྱས་བཅོམ་ལྷན་འདས།།ས་ཡི་ལྷ་མོའི་མཁའ་ཕྱེས་ཤིག་ཅེས་སོགས་ཀྱི་ཚིགས་བཅད་མང་པོ་ནི་བཻ་དཀར་གྱི་ཚིག་(3)ཇི་ལྟ་བ་བཞིན་བཀོད་ཡོད་པས་ཡིན་ལ།ཤཱཀྱའི་དགེ་སྦྱོང་གི་ཆོ་གའི་སྦྱར་བྱང་དུ་རིགས་ལྔའི་བུམ་གཏེར་སྐོར་གྱི་ཁུངས་གསང་བདག་སྤྲུལ་སྐུའི་གསུང་ལ་བཅོལ་བར་བཤད་ཀྱང་ཚིག་ཕལ་ཆེར་བཻ་དཀར་དང་ཐུའུ་བཀྭན་གྱི་གསུང་སོར་གཞག་མཛད་ཡོད་པས་དེ་ཡི་ཁུངས་ཀྱང་མཐར་གཏུགས་ན་བཻ་དཀར་རང་ལ་ཐུག་པ་ཡིན་ནོ།།དེ་ལ་བཻ་དཀར་ལས།སྐྱབས་སེམས་བདག་བསྐྱེད་སྔོན་འགྲོ་བས།།རྒྱ་ཆེན་མཆོད་པ་དང་བཅས་ལ།།བུམ་པ་བྷྲཱུཾ་ལས་གཞལ་ཡས་ཁང་།།ཕྱི་ནས་བལྟས་ན་ནང་གསལ་བ་།།ནང་ནས་བལྟས་ན་ཕྱི་གསལ་ཞིང་།།ས་གཞི་པད་མ་འདབ་མ་བརྒྱད།། གནམ་འཁོར་རྩིབས་བརྒྱད་ལོ་རྟགས་བརྒྱད།།དེའི་ནང་པད་འདབ་བཞི་པའི་སྟེང་།།དབུས་སུ་ཨོཾ་ལས་རྣམ་སྣང་དང་།།ཤར་དུ་ཧཱུཾ་ལས་རྡོ་རྗེ་སེམས།།ལྷོ་རུ་ཛ་ལས་རིན་ཆེན་འབྱུང་།།ནུབ་ཏུ་ཧྲཱིཿལས་སྣང་མཐའ་ཡས།།བྱང་དུ་ཧོ་ལས་དོན་ཡོད་གྲུབ།།བསྐྱེད་ལ་ཕྱོགས་བཅུའི་འཇིག་རྟེན་དང་།།འཇིག་རྟེན་ལས་འདས་བཀྲ་ཤིས་དང་།།དུས་གསུམ་སངས་རྒྱས་བཀྲ་ཤིས་དང་།།རྒྱལ་བ་རིགས་ལྔའི་བཀྲ་ཤིས་དང་།།བདེ་ལེགས་ཐམས་ཅད་དེར་བྱོན་བསམས།།ཞེས་སོགས་ཀྱིས་རིགས་ལྔའི་བུམ་པ་སོ་སོའི་ས་བོན་དང་།ལྷ་གང་དུ་བསྐྱེད་པ།སྒྲུབ་དུས་ཀྱི་དམིགས་པ་སོགས་གསལ་བར་གསུངས་ཡོད་ལ།དེ་ལྟ་བུའི་བུམ་གཏེར་དེ་ཐུན་བཞིར་བཅད་དེ་ཞག་སྦྲེལ་གྱི་ཉིན་མང་པོ་དང་།ཡང་ན་ཉིན་རྐྱང་སོགས་ཀྱིས་ནུས་ལྡན་དུ་བསྒྲུབས་ཏེ་ས་དམིགས་སུ་སྦས་ན།“ཆོ་ག་འདི་ནི་སྤྱིར་ཡུལ་ཕྱོགས་དགོན་གྲོང་སོགས་གང་ལ་ཡང་བཀྲ་ཤིས་པའི་ཐབས་མཆོག་ཏུ་འགྱུར་(4)”པར་གསུངས་པ་ལྟར་སྣོད་བཅུད་གསོ་སྲུང་གང་ལ་ཡང་མཆོག་ཏུ་གྱུར་པ་ཡིན་ནོ།།

༢.ས་བཅུད་བུམ་སྒྲུབ་ཀྱི་ཆོ་ག

       ས་བཅུད་བུམ་སྒྲུབ་ཀྱི་ཆོ་ག་འདི་ལ་ཆོ་ག་འགའ་རེར་ལྷ་ཀླུའི་བུམ་སྒྲུབ་ཏུ་ཡང་འབོད་ལ།་ཆོ་ག་འདི་རྙིང་མ་སོགས་ཆོས་བརྒྱུད་གཞན་དང་གཞན་ལའང་འདུག་གོ།དགེ་ལུགས་ཀྱི་ཕྱོགས་འདིར་བླ་བྲང་ཨ་ཁུ་ཤེས་རབ་རྒྱ་མཚོའི་《ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཉེར་མཁོ་བུམ་གཏེར་གྱི་ལག་ལེན་ཟིན་བྲིས་》སུ།འཇམ་དབྱངས་བདེ་བའི་རྡོ་རྗེ་ལའང་འདིའི་ཆོ་ག་ཡོད་པར་གསུངས་ལ།འདི་དང་ཁྲི་ཆེན་ངག་མཆོག་ལྡན་གྱིས་མཛད་པའི་བུམ་གཏེར་སོགས་ཕྱག་ལེན་ཅུང་ཟད་མ་འདྲ་བར་ཡོད་ཅེས་གསུངས།ཁྱད་པར་དུ་《དམིགས་བརྩེ་མའི་ཆོས་སྐོར་དངོས་གྲུབ་ཀུན་འབྱུང་ཡིད་བཞིན་ནོར་གྱི་བང་མཛོད་(ཡོངས་གྲགས་སུ་དམིགས་བརྩེ་མའི་བེའུ་བུམ)》ན་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་ས་བཅུད་བུམ་སྒྲུབ་ཀྱི་ཆོ་ག་དང་།ལྕགས་ར་ངག་དབང་འཕྲིན་ལས་ཀྱི་ས་བཅུད་བུམ་སྒྲུབ་ཀྱི་ལྷན་ཐབས།ཤར་ཆེན་ངག་དབང་ཚུལ་ཁྲིམས་ཀྱི་《རྗེ་བླ་མ་རིགས་གསུམ་སྤྱི་སྒྲུབ་ལ་བརྟེན་ནས་ས་བཅུད་གསོ་བའི་ལྷ་ཀླུའི་བུམ་པ་གཅིག་མཐུས་སུ་སྒྲུབ་པའི་བཅའ་སྒྲིག་སྒྲུབ་སྦས་ཀྱི་ཆོ་གའི་འཁྲིགས་སྡེབས་བྱིན་རླབས་འོད་སྟོང་འདྲེན་པའི་ངོ་མཚར་སྐྱ་རེངས་གསར་བ་》བཅས་ས་བཅུད་བུམ་སྒྲུབ་ཀྱི་ཆོ་ག་མི་འདྲ་བ་དུ་མ་བཞུགས་པར་མ་ཟད་།གོང་གི་ངོ་སྤྲོད་སྐབས་ཀྱི་ཡོངས་འཛིན་ཕུར་ལྕོག་རིན་པོ་ཆེའི་ས་བཅུད་བུམ་སྒྲུབ་ཀྱི་ཆོ་ག་དེ་ཡང་དམིགས་བརྩེ་མའི་ཆོས་སྐོར་རང་ན་ཡོད་པ་ཡིན་ནོ།།འདི་དག་ནི་གཙོ་བོར་རྗེ་བླ་མ་རིགས་གསུམ་སྤྱི་སྒྲུབ་ལ་བརྟེན་པའི་ས་བཅུད་བུམ་སྒྲུབ་ཀྱི་ཆོ་ག་ཡིན་ལ།ཆོ་ག་འདིའི་མན་ངག་གི་ཁུངས་ནི་་རྒྱལ་དབང་ལྔ་བའི་མན་ངག་དང་པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་མན་ངག་གི་རྒྱུན་ལས་བྱུང་བར་གསུངས་སོ།།དེ་ལྟ་བུའི་ས་བཅུད་བུམ་སྒྲུབ་འདི་ལ་འདས་མ་འདས་ཀྱི་བུམ་པ་རིགས་གཉིས་དང་།འདས་ལྷའི་བུམ་པར་རྗེ་བླ་མ་སོགས་བླ་མ་ཡི་དམ་གང་རུང་།འཇིག་རྟེན་ལས་མ་འདས་པའི་བུམ་པར་ཀླུ་ཆེན་བརྒྱད་ལ་བུམ་པ་བརྒྱད་དམ་ཡང་ན་གཅིག་གིས་ཆོག་པར་གསུངས།ཆེས་ངོ་མཚར་བ་ནི་གོང་གི་ཁྲི་ཆེན་ངག་དབང་མཆོག་ལྡན་གྱི་གསུང་ལྟར་བསྒྲིགས་པའི་ས་བཅུད་བུམ་སྒྲུབ་ཀྱི་ཆོ་ག་དེར།ཀླུ་བུམ་ལ་དབུས་དང་ཕྱོགས་མཚམས་བརྒྱད་ལ་བུམ་གཏེར་རེ་རེ་དང་།དབུས་ཀྱི་བུམ་པར་ཀླུའི་རྒྱལ་པོ་མལ་དྲོ་གཟི་ཆེན།དེ་ལ་གཡས་ཀྱི་རུ་འདྲེན་ཚོང་དཔོན་དཀར་པོ།གཡོན་གྱི་རུ་འདྲེན་ཁམས་ཀྱི་བྱ་ཐུལ་སེར་པོ།གངས་ཀྱི་གཅུང་བོ།པ་དྲོ་སྐྱེར་ཆུའི་ལྷ་ཁང་རྒྱལ་ཞྭ་མོ་འདོད་ལྷ་སེར་པོ།སླད་ཀྱི་རྗེས་ཉུལ་ཚལ་ནག་གི་ཀླུ་བདུད། སྐྱང་བུ་ཚལ་གྱི་ཀླུ་བདུད་ཁྱེའུ་ཆུང་གཡུའི་ཟུར་ཕུད་ཅན།ནག་པོ་ཀློང་དོལ་གྱི་ཀླུ་བདུད་མདོག་ནག་མེ་འབར་བ།ལུམ་ནག་པོའི་ཀླུ་བདུད་རྟ་སྔོན་གྱི་ཟེ་བ་ཅན།ཟངས་གྲི་མཚོ་དམར་གྱི་ཀླུ་བདུད་གླང་དམར་གྱི་རྣམ་པ་ཅན་སོགས་བོད་ཡུལ་གྱི་ཀླུ་མིན་ནམ་སྙམ་པ་རྣམས་འགོད་དགོས་པར་གསུངས་པ་ཡང་ཡོད་དོ།།དེ་དག་ཀྱང་སྟེགས་གཙང་མའི་ཁར་གདན་དཀར་པོ་པདྨ་འདབ་བརྒྱད་བྲིས་པའི་སྟེང་དུ།བླ་མ་ཡི་དམ་བཞུགས་པའི་བུམ་པ་སྟེང་དང་།དེའི་མདུན་དུ་ཀླུའི་བུམ་པ་བཀོད་དེ་ལེགས་པར་བསྒྲུབས་རྗེས།གང་དུ་ས་བཅུད་གསོ་དགོས་པ་ལྟ་བུའི་ས་དམིགས་བཙལ་ཏེ་བུམ་པ་སར་སྦ་བའམ་མཚོར་གཤེགས་པ་སོགས་བྱས་ན།སངས་རྒྱས་འཁོར་དང་བཅས་པ་དང་།།བྱང་སེམས་སྲས་བཅས་ཉན་ཐོས་དང་།།ཁྱད་པར་རྒྱལ་བ་ཙོང་ཁ་པའི།།བདེན་པའི་བྱིན་རླབས་དམ་པ་ཡིས།།གཏེར་ཆེན་འདི་ཉིད་སྦས་པའི་མཐུས།།ཀླུ་དང་ས་བདག་ཐམས་ཅད་ཀྱི།།ལས་ངན་སྡིག་སྒྲིབ་སྡུག་བསྔལ་ཞི།།བསམ་པ་ཆོས་བཞིན་འགྲུབ་གྱུར་ཅིག།དེ་ལྟར་འོག་ཏུ་ཀླུ་བདེ་བས།།སྟེང་དུ་མི་རྣམས་དར་ཞིང་རྒྱས།།ཆར་ཆུ་འཕེལ་ཞིང་ལོ་ཏོག་ཀུན།།དབྱར་གྱི་མཚོ་ལྟར་རྒྱས་གྱུར་ཅིག(5)་ཅེས་གསུངས་པ་ལྟར།འོག་ཏུ་ཀླུ་རྣམས་བདེ་བར་འགྱུར་ཞིང་དེ་ལ་བརྟེན་ནས་ཆར་ཆུ་འཕེལ་ཞིང་རྩི་ཤིང་ལོ་ཏོག་སོགས་ཀྱི་བཅུད་འཕེལ་བར་གསུངས་སོ།།

༣.ས་ལྷའི་བུམ་གཏེར་གྱི་ཆོ་ག

     ས་ལྷའི་བུམ་པ་ཞེས་པའི་ས་ལྷ་ནི་སའི་ལྷ་མོ་བརྟན་མ་ཡིན་ལ།ནང་བསྟན་གྱི་གཞུང་དུ་“སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི།སྤྱོད་པའི་ཚུལ་དང་ཁྱད་པར་དུ།།ས་དང་ཕ་རོལ་ཕྱིན་རྣམས་ལ།།ལྷ་མོ་ཁྱོད་ནི་དཔང་དུ་གྱུར་”(6)ཅེས་ས་ཡི་ལྷ་མོ་བརྟན་མ་ནི་སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་པའི་དཔང་པོ་དང་།ས་ལ་གནས་ཤིང་ས་ལ་དབང་བའི་ལྷ་མོ་ཡིན་པར་འདོད་ཡོད།དེའི་ཕྱིར་སའི་ལྷ་མོ་བརྟན་མར་བརྟེན་ནས་ས་བཅུད་གསོ་བའི་བུམ་གཏེར་གྱི་ཆོ་ག་ཆོས་བརྒྱུད་གཞན་དང་གཞན་ལའང་བཞུགས་པར་མ་ཟད།དགེ་ལུགས་ཕྱོགས་འདིར་ཡང་ཐུའུ་བཀྭན་ཆོས་ཀྱི་ཉི་མའི་གསུང་གི་ས་ལྷའི་བུམ་གཏེར་གྱི་ཆོ་ག་དང་། ཐར་ཤུལ་དགེ་རྒན་བྱམས་པ་བཟང་པོའི་གསུང་གི་ས་ལྷའི་བུམ་གཏེར་གྱི་ཆོ་ག་སོགས་ཀྱང་བཞུགས་པ་ཡིན།དེ་གཉིས་ཀར་ཡང་ས་ལྷའི་བུམ་གཏེར་འདི་ཉིད་གྲོང་ཁྱེར་རམ་ཡུལ་ཕྱོགས་ཀྱི་དབུས་དང་ཕྱོགས་མཚམས་བརྒྱད་དུ་སྦས་ལ་ཤིས་པ་བརྗོད་ཅིང་སྨོན་ལམ་བཏབ་ན་གྲོང་ཁྱེར་རམ་ཡུལ་ཕྱོགས་དེ་ལ་ཤིན་ཏུ་བཀྲ་ཤིས་པར་འགྱུར་ཅེས་གསུངས་ཡོད།འོན་ཀྱང་ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ་དང་ཐར་ཤུལ་དགེ་རྒན་བྱམས་པ་བཟང་པོའི་ས་ལྷའི་བུམ་གཏེར་གྱི་ཆོ་ག་ནི་གཉིས་ཀ་ཡང་ཤིན་ཏུ་བསྡུས་ལ། གོང་དུ་ངོ་སྤྲད་པའི་བསྟན་པ་དར་རྒྱས་སུ་འབོད་པའི་གསུང་གི་《སའི་ལྷ་མོའི་བུམ་གཏེར་གྱི་ཆོ་ག་སོགས་སའི་བཅོས་ཐབས་དགོས་འདོད་འབྱུང་གནས་》ཞེས་པའི་དཔེ་རྙིང་ལག་བྲིས་མ་དེ་ནི་དེ་གཉིས་ལས་རྒྱས་པར་ཡོད་དོ།།དེ་ལ་དཔེ་རྙིང་དེར་ས་ལྷའི་བུམ་གཏེར་གྱི་བུམ་པའི་རྒྱུར་ནི་རབ་གསེར་དངུལ་དང་།འབྲིང་ལ་ཟངས།ཐ་མ་རྫ་བུམ།དེ་ཡང་མ་འཛོམས་ན་ཤིང་བྲེའམ་གའུ་ཡང་རུང་བར་གསུངས་ལ།ཆེ་ཆུང་གི་ཚད་ཡུལ་གྱི་བྲེ་གང་ཤོང་པ།ཁ་དོག་རང་བཞིན་གྱི་དཀར་པོ་དང་སེར་པོའམ་ཚོན་རྩིས་བྱུགས་པ་ཡང་རུང་བར་གསུངས།དེའི་ནང་དུ་ཀླུ་ས་བདག་ལ་མི་གནོད་པའི་རྫས་སྣ་གང་འཛོམས།

  དེའི་ནང་དུ་རབ་གསེར་རམ་ཁམ་ས་ལ་གསེར་བསྲེས་པ་ལས་སའི་ལྷ་མོའི་སྐུ་དང་།དེ་ལྟ་བུའི་འབུར་སྐུ་མ་གྲུབ་ན་བྲིས་སྐུ་དང་། དེ་ཡང་མ་འཛོམས་ན་ཤོག་དྲིལ་གྱི་སྟེང་དུ་སའི་ལྷ་མོའི་སྔགས་བྲིས་པ་ཡང་རུང་བར་གསུངས་ལ།སྔགས་ཀྱི་མཐར་སྤེལ་ཚིག་ཀྱང་མི་ཕྱུགས་ཀྱི་ནད་ཡམས།འཁྲུག་རྩོད།བཙའ་ཐན།འབུ་སྲིན།སད་སེར།མུ་གེ་ལ་སོགས་པ་ཉེར་འཚེ་ཐམས་ཅད་དང་།ཀླུ་ས་བདག་གི་ནད་དང་གནོད་པ་ཐམས་ཅད་ཉེ་བར་ཞི་ཞིང་མི་འབྱུང་བ་དང་།ཆར་ཆུ་དུས་སུ་འབེབས།ས་བཅུད་ཤིན་ཏུ་འཕེལ།ལོ་ཕྱུགས་རྟག་ཏུ་ལེགས་ཞེས་སོགས་ཀྱི་སྤེལ་ཚིག་ཀྱང་འབྲི་དགོས་པར་གསུངས་ཡོད།དེ་ལྟ་བུའིགཏེར་བུམ་དེ་ཞག་བདུན་ལ་སོགས་པར་སྔགས་ཅི་ཐུབ་བཟླས་ཏེ་བསྒྲུབས་རྗེས།མཚོ་དང་རྫིང་བུ་སོགས་ས་དམིགས་གང་ཡིན་དེར་སྦས་ན་ཤིན་ཏུ་བཀྲ་ཤིས་པར་གསུངས་སོ།།

༤.ཀླུའི་བུམ་གཏེར་གྱི་ཆོ་ག

      ཀླུའི་བུམ་གཏེར་སྐབས་ཀྱི་ཀླུ་ནི་གཙོ་བོར་ཀླུ་ཆེན་བརྒྱད་ལ་གོ་དགོས་ལ།དེ་ཡང་ཆོ་ག་ལར་“ཀླུ་ཡིས་སྤྱད་ན་མི་ལ་ཕན།།འོག་ཏུ་ཀླུ་ཕྱུག་དར་བ་ལྟར།།སྟེང་དུ་མི་ཕྱུགས་དར་བ་ཡིན།།འོག་ཏུ་ཀླུ་རྒྱས་དར་བ་བཞིན།།སྟེང་དུ་མི་རྒྱས་དར་བ་ཡིན”(7)ཞེས་སོགས་གསུངས་པ་ལྟར་ཀླུ་ཆེན་པོ་དེ་དག་ནི་འཛམ་བུ་གླིང་གི་ས་དང་ཆུ་དང་རྩི་ཤིང་སོགས་ཀྱི་བདག་པོ་དང་།དེ་ཡང་ས་སྟེང་གི་ས་ཆུ་རྩི་ཤིང་སོགས་ཀྱི་བཅུད་རྒྱས་པ་ནི་འོག་གི་ཀླུ་ཆེན་བརྒྱད་སོགས་ཀླུ་རྣམས་བདེ་བ་ལ་རག་ལས་པར་འདོད་ཡོད།དེ་ལ་ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཡི་དམ་སྒྲུབ་སྐོར་ན་བཞུགས་པའི་ཉེར་མཁོ་གཏེར་བུམ་གྱི་ལག་ལེན་དུ་ཀླུ་བུམ་གྱི་ཁུངས་“སློབ་དཔོན་འཕགས་པའི་འདིའི་སྒྲུབ་ཐབས་ལས། བུམ་པ་གཉིས་ལ་གཅིག་ཏུ་བཅོམ་ལྡན་འདས་འཁོར་དང་བཅས་པའི་སྐུ་གཟུགས་དང༌། རིན་པོ་ཆེ་དང༌། འབྲུ་སྣ་ཚོགས་ཀྱིས་གང་བར་བྱའོ། །བུམ་པ་གཅིག་ཏུ་ཀླུ་ནོར་རྒྱས་ཀྱི་བུ་ལ་ཀླུ་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་གཟུགས་བཅུག་ལ། རིན་པོ་ཆེ་སྣ་ཚོགས་དང༌། ཀླུ་སྨན་སྣ་ཚོགས་དང༌། འབྲུ་སྣ་ཚོགས་ཀྱིས་བཀང་ལ”ཞེས་པའི་སློབ་དཔོན་ཀླུ་སྒྲུབ་ཀྱི་གསུང་འདིར་བཅོལ་ཡོད།འོན་ཀྱང་ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཀླུ་བུམ་གྱི་ཆོ་ག་འདི་ལ་ལྷ་བུམ་དང་ཀླུ་བུམ་གཉིས་དགོས་པར་གསུངས་པས་དེའི་ལྷ་བུམ་གྱི་ནང་དུ་དེ་བཞིན་གཤེགས་པ་ཀླུ་དབང་གི་རྒྱལ་པོ་འཁོར་དང་བཅས་པ་དང་།ཀླུ་བུམ་གྱི་ནང་དུ་ཀླུ་ཆེན་བརྒྱད་འཁོར་དང་བཅས་པ་བསྐྱེད་དགོས་པར་གསུངས་ལ།འཇོག་དུས་ཀྱང་ལྷ་བུམ་སྟེང་དང་ཀླུ་བུམ་འོག་ཏུ་འཇོག་དགོས་པར་གསུངས་པས་ཀུན་མཁྱེན་གསུང་གི་ཀླུའི་བུམ་གཏེར་འདི་ནི་འབོད་ཚུལ་མ་འདྲ་བ་ཙམ་ལས་དོན་གྱིས་གོང་གི་ས་བཅུད་བུམ་པ་ཉིད་ཡིན་པ་འདྲ་ལ།བླ་བྲང་ཨ་ཁུ་ཤེས་རབ་རྒྱ་མཚོའི་བུམ་གཏེར་ལག་ལེན་ཟིན་བྲིས་སུ་ཡང་འདི་ལ་ལྷ་ཀླུའི་བུམ་པར་ཡང་གསུངས་ཡོད་པ་ཡིན།ཐུའུ་བཀྭན་ཆོས་ཀྱི་ཉི་མའི་རྟ་མགྲིན་ཆོས་སྐོར་ན་བཞུགས་པའི་ཀླུའི་བུམ་གཏེར་གྱི་ཆོ་ག་དེ་ནི་ལྷ་བུམ་མེད་པའི་ཀླུ་བུམ་རྐྱང་བའི་ཆོ་ག་ཡིན་པས་ཀུན་མཁྱེན་བླ་མའི་གསུང་གི་ཀླུ་བུམ་གྱི་ཆོ་ག་དང་འདི་གཉིས་ནི་མིང་འདྲ་ཡང་དོན་མི་འདྲའམ་སྙམ།དེ་ལ་བླ་བྲང་ཨ་ཁུ་ཤེས་རབ་རྒྱ་མཚོའི་ཟིན་བྲིས་དེར་ཀླུ་བུམ་ལ་ཞི་རྒྱས་དབང་དྲག་གི་བུམ་གཏེར་མི་འདྲ་བ་བཞི་དང་ལས་བཞིའི་གཏེར་བུམ་གྱི་ཁ་དོག་ཀྱང་ཞི་བ་ལ་དཀར་པོ་དང་།རྒྱས་ལ་སེར།དབང་ལ་དམར།དྲག་པོ་ལ་ཁ་དོག་ནག་པོར་གསུངས་ལ།དེ་ལྟར་ན་དེ་དག་གི་རྫས་ལ་ཡང་ལས་བཞི་སོ་སོར་མི་འདྲ་བ་ཡོད་དགོས་པ་ཡིན་ན།དེའི་ཚེ་་དྲག་པོའི་ཀླུ་གཏེར་གྱི་རྫས་ལ་ཇི་ལྟར་དང་།དྲག་པོའི་བུམ་པ་ནི་སུ་ལ་གང་གི་ཆེད་དུ་འབུལ་དགོས་སོགས་དཔྱད་པར་བྱ་བ་མང་དུ་ཡོད་ཀྱང་ད་རེས་སྐབས་དོན་མིན་ནམ་སྙམ་པས་དེ་ཙམ་གྱིས་ཆོག་པར་བྱས་སོ།།གཞན་ཡང་ཐུའུ་བཀྭན་ཆོས་ཀྱི་ཉི་མས་“དེའི་ལྟ་བུའི་ཀླུ་བུམ་དེ་ཉིད་ལོངས་སྤྱོད་རྒྱས་པའི་ཆེད་དུ་ཡིན་ན་ནོར་རྒྱས་གཙོ་བོ་དང་།ཆུ་མིག་དང་མཚོ་སོགས་རྒྱས་པ་དང་ཆར་འབེབས་ལྟ་བུ་ལ་ཝ་རུ་ན་གཙོ་བོར་བྱ་”དགོས་པར་གསུངས་པས་ས་བཅུད་ཉམས་པ་གསོ་བ་ལྟ་བུ་ལ་ངེས་པར་དུ་ཝ་རུ་གཙོ་བོར་བྱེད་དགོས་པ་ཡིན་ནོ།།

༥. ས་བདག་སྙིང་གཏེར་གྱི་ཆོ་ག་དང་གཏེར་རྒོད་ཀྱི་སྐོར།

    ས་བདག་སྙིང་གཏེར་ནི་འཕགས་པ་སའི་སྙིང་པོ་ལ་བརྟེན་པའི་བུམ་གཏེར་ཡིན་ལ།འདི་ལ་རྙིང་མའི་ཕྱོགས་སུའང་ཆོ་ག་མི་འདྲ་བ་དུ་མ་འདུག དགེ་ལུགས་ཀྱི་ཕྱོགས་འདིར་གོང་དུ་བཀོད་པའི་མཁན་པོ་འཇམ་དབྱངས་ཐུབ་བསྟན་ཉི་མའི་དཔག་བསམ་ལྗོན་པ་ལས་གཞན་པའི་ཆོ་ག་བདག་གིས་ད་སྔ་མཐོང་མ་མྱོང་ངོ།།དེ་ལ་མཁན་པོ་འཇམ་དབྱངས་ཐུབ་བསྟན་ཉི་མའི་གསུང་གི་ཆོ་ག་དེར་འདི་ལ་ལྷའི་སྐུའམ་སྔགས་ཕྲེང་འབྲི་དགོས་པར་མ་གསུངས་པས་འདི་དང་གཏེར་སྒྲུབ་གཞན་རྣམས་ཅུང་ཟད་མ་འདྲ་བར་ཡོད་ལ།བུམ་གཏེར་དེ་ཉིད་ས་སྙིང་དུ་བསྐྱེད་དགོས་པར་གསུངས་པས་འོག་ཏུ་འཆད་རྒྱུའི་གཏེར་རྒོད་དང་ཡང་ཁྱད་པར་ཡོད་པ་ཡིན།གོང་གི་གཏེར་སྒྲུབ་ཀྱི་ཆོ་ག་དེ་དག་དང་མི་འདྲ་བའི་གཏེར་རྒོད་ནི་ལྷར་བསྐྱེད་མི་དགོས་པའི་གཏེར་བུམ་ལ་ཟེར་པ་ཡིན།འདི་ལ་ཐུའུ་བཀྭན་ཆོས་ཀྱི་ཉི་མའི་བུམ་གཏེར་ཆོ་ག་དགོས་འདོད་ཀུན་འབྱུང་དུ་“བཞི་བ་གཏེར་གྱི་བུམ་པ་ནི་”ཞེས་གསུངས་པ་མ་གཏོགས་གཏེར་རྒོད་སོགས་ཀྱི་མིང་བཏགས་མེད།གཏེར་རྒོད་ཅེས་པའི་འབོད་ཚུལ་འདི་ཐར་ཤུལ་དགེ་རྒན་བྱམས་པ་བཟང་པོའི་《ས་ལྷའི་བུམ་གཏེར་གྱི་སྒྲུབ་ཚུལ་དང་སྦ་ཆོག་》ཏུ་བྱུང་།ཐུའུ་བཀྭན་ཆོས་ཀྱི་ཉི་མའི་ཆོ་ག་དེར་འདི་ལ་བུམ་པ་དཀར་པོ་སྐྱོན་བྲལ་གྱི་ནང་དུ་རིན་པོ་ཆེ།འབྲུ་སྣ།གོས་སྣ།སྨན་སྣ།རྫས་སྣ།ས་སྣ་སོགས་བླུགས་པ་ཀླུ་བུམ་ཇི་ལྟ་བ་ལ་ཀླུའི་གཟུགས་དང་སྔགས་སོགས་མི་དགོས་ཞེས་གསུངས་ཤིང་།ཐར་ཤུལ་དགེ་རྒན་བྱམས་པ་བཟང་པོའི་ཆོ་ག་ཡང་ཆོ་གའི་བབས་ཐུའུ་བཀྭན་གྱི་གསུངས་དེ་ཉིད་དང་མཐུན་པར་ཡོད།དེ་ལ་ཐུའུ་བཀྭན་ཆོས་ཀྱི་ཉི་མའི་གཏེར་གྱི་བུམ་པའི་ཆོ་ག་དང་འཇམ་དབྱངས་ཐུབ་བསྟན་ཉི་མའི་སྙིང་གཏེར་གྱི་ཆོ་ག་གཉིས་ཀའི་ཡང་མཇུག་གི་སྨོན་ལམ་ལ་རང་གི་ཐུགས་ཀའི་ཧྲཱི་ཡིག་ཞེས་པ་དང་རང་གི་ཐུགས་ཀའི་ཀྵིཾ་ཡིག་འོད་ཟེར་གྱིས་ཞེས་རྟ་མགྲིན་དང་ས་སྙིང་གི་ས་བོན་ཙམ་ལ་མ་འདྲ་བ་མ་གཏོགས་སྨོན་ལམ་ཧྲིལ་པོ་ཇི་མ་ཇི་བཞིན་དུ་འདྲ་ལ།དེར་མ་ཟད་ཐར་ཤུལ་དགེ་རྒན་རིན་པོ་ཆེའི་གཏེར་རྒོད་ཀྱི་ཆོ་གའི་མཇུག་གི་སྨོན་ལམ་ཡང་ཚིག་གི་རྐང་བའི་རིང་ཐུང་ཙམ་མ་གཏོགས་དོན་གྱི་ཆ་ནས་གོང་གི་ཆོ་ག་གཉིས་པོ་ཇི་བཞིན་དུ་ཡོད་དོ།།དེ་ལྟ་བུའི་སྙིང་གཏེར་དང་གཏེར་རྒོད་གང་ཡིན་ཀྱང་དེ་དག་ཕུལ་བ་བརྟེན་ནས་“དཀར་ཕྱོགས་སྐྱོང་རྣམས་མཐུ་སྟོབས་གཟི་བརྗིད་འཕེལ།།ཆར་ཆུ་དུས་འབབ་རྩི་ཤིང་ལོ་ཏོག་རྒྱས་”(8)ཞེས་གསུངས་པ་ལྟར་ཡིན་ལ།ཁྱད་པར་དུ་གཏེར་རྒོད་ཀྱི་རིགས་འདི་ནི་ཐར་ཤུལ་དགེ་རྒན་བྱམས་པ་བཟང་པོས་“འདི་ནི་ས་བཅུད་གསོ་བ།ས་དཔྱད་དང་ས་དགྲ་ངན་པ།ཅི་བྱས་ལམ་དུ་མི་འགྲོ་བ།ས་བརྐོས་རྡོ་སློག་སོགས་ཀྱིས་ཉེར་འཚེ་བྱུང་བ་སེལ་བ་དང་།རིགས་བརྒྱུད་འབྱོར་བ་ཀུན་ལ་ཆོ་ག་འདི་ཉིད་ཁྱད་པར་དུ་འཕགས་ཤིང་།འདི་བུམ་གཏེར་གཞན་རྣམས་དང་མི་འདྲ་བར།སྦ་བའི་གནས་ཀྱི་ས་བཀྲ་ངན་པ་དང་འཕྲད་རུང་མི་གནོད་པ་ཅིང་།རི་དགོན་གྲོང་གསུམ་གང་དུ་སྦས་ཀྱང་བཀྲ་ཤིས་བདེ་ལེགས་ཀྱི་དགའ་སྟོན་རྒྱུན་མི་ཆད་དུ་འབྱུང་བར་དམ་པ་རྣམས་ཀྱིས་གསུངས་པས་གཅེས་པར་ཟུངས་ཤིག་”(9)ཅེས་གསུངས་པ་ལྟར་ཡིན་ནོ།།

   གཏེར་བུམ་གང་དུ་སྦ་བའི་ཡུལ་ལ་བསྟན་པ་དར་རྒྱས་ཀྱི་ས་ལྷའི་བུམ་གཏེར་གྱི་ཆོ་གར།ས་ལྷའི་བུམ་གཏེར་སྦས་པའི་གནས་ནི་གྲོང་ཁྱེར་རམ།ཡུལ་ཕྱོགས་ས་ཕྱོགས་གང་ཡིན་པ་དང་།གཙུག་ལག་ཁང་དང་།ཁང་བཟང་ལ་སོགས་པར་སྦ་ན་རྒྱབ་མདུན་གྱི་རྩིག་པའི་སྐེད་ཙམ་དུ་སྦ་ཞིང་།གཙོ་བོར་ལབ་ཙེ་མཚོ་རྫིང་བུ་ཆུ་མིག་གཡའ་སྤང་ནགས་ཚལ་སྐྱེད་ཚལ་སོགས་གཙང་ཞིང་དབེན་ལ་ཡིད་དུ་འོངས་པ་རྣམས་སུ་སྦ་བ་ཡིན་ལ་ཞེས་སོགས་གསུངས་ཤིང་།ཐུའུ་བཀྭན་ཆོས་ཀྱི་ཉི་མས་ས་ལྷའི་བུམ་གཏེར་ནི་“གྲོང་ཁྱེར་རམ་ཡུལ་ཕྱོགས་ཀྱི་དབུས་དང་ཕྱོགས་མཚམས་བརྒྱད་དུ་སྦ་བར་”གསུངས།དེ་ཉིད་ཀྱིས་ཀླུ་བུམ་སྦ་བའི་གནས་ལའང“་གཙོ་བོར་མཚོ་རྫིང་ཆུ་མིག་གཡའ་སྤང་ནགས་ཚལ་སྐྱེད་ཚལ་སོགས་གཙང་ཞིང་དབེན་ལ་ཡིད་དུ་འོང་པ་རྣམས་སུ་སྦ་བ་ཡིན་ལ།གཙུག་ལག་ཁང་དང་།ཁང་བཟང་ལ་སོགས་པར་སྦ་ན་རྒྱབ་མདུན་གྱི་རྩིག་པའི་སྐེད་”ཅེས་གོང་གི་ས་ལྷའི་བུམ་གཏེར་ཇི་ལྟ་བ་བཞིན་དུ་གསུངས་སོ།།ཕུར་ལྕོག་བྱམས་པ་རིན་པོ་ཆེས་ས་བཅུད་བུམ་སྒྲུབ་ཀྱི་ཆོ་གར་འདས་ལྷའི་བུམ་པ་ཡུལ་ཕྱོགས་སམ་ཆུ་མིག་སོགས་སུ་ཞལ་གཟིགས་ཏེ་བཞུགས།དེ་ལས་ཅུང་དམའ་བའི་སྟེགས་ཀྱི་ཁར་འཇིག་རྟེན་པའི་བུམ་པ་འདས་ལྷའི་བུམ་པ་དང་ཞལ་སྤྲོད་ཀྱིས་བཞུགས་དགོས་པར་གསུངས་ཡོད།བླ་བྲང་ཨ་ཁུ་ཤེས་རབ་རྒྱ་མཚོས་བུམ་གཏེར་ལག་ལེན་ཟིན་བྲིས་སུ་ཆུ་མིག་གི་མགོ་ནས མར་གོམ་པ་དགུ་སོང་བའི་མཚམས་ནས་ཁ་ཡར་ཆུ་མགོ་ལ་བསྟན་ནས་བུམ་པ་གཉིས་ཆུ་མིག་དང་ཁ་སྤྲོད་དུ་བཞག་ན་དེར་གནས་པའི་ཀླུ་དར།དེ་ལ་བརྟེན་ནས་སྦྱིན་བདག་དར་བར་ཡིན།ཁང་བ་ལ་ཡང་དེ་ལྟར་སྦ་བ་ཀླུ་སྒྲུབ་ཀྱི་སྒྲུབ་ཐབས་ཀྱི་དགོངས་པ་སྲད་རྒྱུད་་པའི་གསུང་རྒྱུན་མ་ནོར་པ་ཡིན་པར་གསུངས་སོ།།དེ་ལྟ་བུའི་གནས་སུ་གཟའ་སྐར་འཕྲོད་སྦྱོར་རམ་ཁྱད་པར་ཀླུ་ཐེབས་པའི་ཉིན་དང་།དེ་ཡང་སྔ་དྲོར་སྦ་མཁན་གྱིས་ཁྲུས་བྱས་ལ་གཙང་སྦྲ་དང་ལྡན་པའི་སྒོ་ནས་གནམ་ས་སྣང་བརྒྱད་དང་བཀྲ་ཤིས་བརྩེགས་པ།ཉེས་པ་ཀུན་སེལ་སོགས་གསུང་བཞིན་དུ་འབུལ་དགོས་པར་སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས་གསུངས་ལ།དེའི་དུས་སུ་སྦ་མཁན་གྱིས་གཏེར་བུམ་ལག་ཏུ་བཟུང་ནས་ལྷའི་ང་རྒྱལ་དང་ལྡན་པའི་ངང་ནས་ཧཱུཾ་ཉོན་ཅིག་ས་བདག་ཀླུ་གཉན་ཀུན།།བྱོལ་སོང་གླེན་བག་ཅན་གྱི་རིགས།།ཀླུ་ཆེན་བརྒྱད་པོ་འཁོར་དང་བཅས།།དེ་རིང་ཁྱེད་ལ་གཏེར་དག་སྦ།།རིན་ཆེན་མི་ཟད་གཏེར་ཆེན་འདི།།ཀླུ་ཡི་གཞལ་ཡས་ཕོ་བྲང་དུ།།མི་ཟད་གཏེར་ཆེན་འདི་སྦས་པས།།དཔྱིད་ཀྱི་དུས་སུ་མ་སྐམས་ཤིག།དབྱར་གྱི་དུས་སུ་མ་རུལ་ཅིག།སྟོན་གྱི་དུས་སུ་མ་ཆིག་ཅིག།དགུན་གྱི་དུས་སུ་མ་འཁྱགས་ཤིག།མི་ཟད་གཏེར་ཆེན་འདི་སྦས་པས།།ཀླུ་རྣམས་རྟག་ཏུ་ལོངས་སྤྱོད་ལྡན།།བདེ་སྐྱིད་ཕུན་སུམ་ཚོགས་གྱུར་ཅིག།རིན་ཆེན་ལྔ་ཡིས་གཏེར་སྦས་པས།།མི་ཟད་གཏེར་དང་འཕྲད་པར་ཤོག་(10)ཅེས་སོགས་ཀྱི་ཚིགས་བཅད་རྣམས་ཀྱང་བརྗོད་དགོས་པར་གསུངས།གཞན་ཡང་ཐར་ཤུལ་དགེ་རྒན་བྱམས་པ་བཟང་པོས་གཏེར་སྦས་ཡིད་བཞིན་ནོར་བུའི་གསུངས་དྲངས་པ་ལས་དུས་ནི་ཞིང་རྨོ།བྱ་གྲགས།སྣྲོན་ཟླ་གསུམ་ལ་ཁ་ཤར་ལྷོ་དང་།ཟླ་བ་དྲུག་པ་།བདུན་པ།བརྒྱད་པ་གསུམ་ལ་ཁ་ནི་ལྷོ་ནུབ་ཀྱི་མཚམས་སུ་བལྟས་ཏེ་སྦའོ།དེ་མིན་ཟླ་བ་དྲུག་ལ་མི་སྦའོ་ཞེས་ཀྱང་གསུངས་སོ།།དེ་ལྟར་ལེགས་པར་སྦས་རྗེས་“སངས་རྒྱས་འཁོར་དང་བཅས་པ་དང་།།བྱང་སེམས་སྲས་བཅས་ཉན་ཐོས་དང་།།ཁྱད་པར་རྒྱལ་བ་ཙོང་ཁ་པའི།།བདེན་པའི་བྱིན་རླབས་དམ་པ་ཡིས།།གཏེར་ཆེན་འདི་ཉིད་སྦས་པའི་མཐུས།།ཀླུ་དང་ས་བདག་ཐམས་ཅད་ཀྱི།།ལས་ངན་སྡིག་སྒྲིབ་སྡུག་བསྔལ་ཞི།།བསམ་པ་ཆོས་བཞིན་འགྲུབ་གྱུར་ཅིག།དེ་ལྟར་འོག་ཏུ་ཀླུ་བདེ་བས།།སྟེང་དུ་མི་རྣམས་དར་ཞིང་རྒྱས།།ཆར་ཆུ་འཕེལ་ཞིང་ལོ་ཏོག་ཀུན།།དབྱར་གྱི་མཚོ་ལྟར་རྒྱས་གྱུར་ཅིག་”ཅེས་སོགས་ཀྱི་སྨོན་ལམ་ཡང་བྱ་དགོས་པར་གསུངས་སོ།།ཁྱད་པར་དུ་གལ་ཆེ་བ་གཏེར་བུམ་གྱི་གྲངས་ནི་བསྟན་པ་དར་རྒྱས་ཀྱི་ས་ལྷའི་བུམ་གཏེར་གྱི་ཆོ་གར་རབ་ནི་བུམ་པ་དགུ་དབུས་དང་ཕྱོགས་མཚམས་སུ་སྦ།འབྲིང་ལྔ་དབུས་དང་ཕྱོགས་བཞིར་སྦ།ཐ་མའང་གཅིག་བྱས་སོ་ཞེས་གསུངས་ཤིང་།ཐུའུ་བཀྭན་ཆོས་ཀྱི་ཉི་མས་ཀྱང་བུམ་པ་དགུ་མ་འབྱོར་ན་ལྔ་ཕྱོགས་བཞི་དང་དབུས་སུ་སྦ་ཞིང་།གཅིག་གིས་ཀྱང་རུང་བ་ཙམ་མོ་ཞེས་གསུངས་ཡོད།ས་བཅུད་བུམ་སྒྲུབ་ཀྱི་ཆོ་ག་མང་པོར་ཡང་རབ་བྱུང་ན་འདས་ལྷའི་བུམ་པ་གཅིག་དང་འཇིག་རྟེན་ལས་མ་འདས་པ་ཀླུ་ཆེན་བརྒྱད་ལ་བུམ་གཏེར་བརྒྱད་དེ་དགུ་ལས་ལྷག་གསུངས་པ་མེད་དོ།།འདི་ནི་ཤིན་ཏུ་གལ་ཆེན་པོ་ཡོད་དེ།དེང་གི་དུས་སུ་གནས་གཅིག་ཏུ་མི་མང་པོས་གཏེར་བུམ་བརྒྱ་སྟོང་མང་པོ་འབུལ་པ་དང་སྐབས་ལ་ལར་མི་གཅིག་གིས་ཀྱང་མཚོ་དང་རྫིང་བུ་སྤང་ལྗོངས་སོགས་ཀྱི་གནས་གཅིག་ཏུ་གཏེར་བུམ་བརྒྱ་སྟོང་མང་པོ་འབུལ་བ་ཡང་ཡོད་དོ།འདི་ནི་ཤིན་ཏུ་མི་ལེགས་ཏེ།རང་རེ་ནང་བསྟན་ཆོས་ལུགས་ཀྱི་དགོངས་པ་ལྟར་ན་བྱ་དངོས་གང་ཡིན་ཀྱང་བཟང་ངན་གཉིས་དང་མང་ཉུང་གཉིས་སོགས་ཀྱི་མཐར་མ་ལྷུང་བ་ཞིག་དགོས་པ་ལ།འདི་ནི་མང་མཐར་ལྷུང་བའི་སྐྱོན་དང་།ཁྱད་པར་དུ་རྫིང་བུ་སོགས་ལ་བུམ་གཏེར་མང་དུ་ཕུལ་པ་སྐབས་ལ་ལར་རླབས་ཀྱིས་དེད་ནས་མཐར་ཕུད་དེ་སྤུངས་པ་དང་།ནང་གི་གཏེར་རྫས་རུལ་བས་རྫིང་ཆུ་དང་དེ་ལས་འབབ་པའི་ཆུ་རྒྱུན་སྦགས་ཏེ་དྲི་མ་ཅན་དུ་བྱས་པས།རྫིང་བུར་གནས་པའི་སྲོག་ཆགས་དང་ཆུ་རྒྱུན་འཐུང་མཁན་གྱི་མི་ཕྱུགས་ལའང་གནོད་པ་དང་།དེ་ཉིད་ཀྱིས་དབང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་དང་འགལ་བ་སོགས་ཉེས་སྐྱོན་མང་དུ་འབྱུང་བས་སྤང་དགོས་པ་ཡིན་ནོ།།

  དེ་ལྟར་དེང་གི་དུས་སུ་འཛམ་བུ་གླིང་འདིར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དཔལ་ཡོན་ཤིན་ཏུ་དར་ཞིང་རྒྱས་པར་ཡོད་ལ།རང་རེའི་རྒྱལ་ཁབ་ལྟ་བུར་མཚོན་ན་ཁོར་ཡུག་སྲུང་སྐྱོབ་ཕྱོགས་ཀྱི་ཁྲིམས་ཡིག་(11)ཀྱང་ལེགས་པར་གཏན་ལ་ཕབ་པ་ཡོད་དོ།།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དཔལ་ཡོན་དེ་ཡང་མཐར་དེད་ན་རང་བྱུང་ཁམས་ལ་བརྩི་འཇོག་དང་།རང་བྱུང་ཁམས་ལ་བེད་སྤྱོད།རང་བྱུང་ཁམས་ལ་སྲུང་སྐྱོབ།རང་བྱུང་ཁམས་དང་ཕན་ཚུན་མཐུན་པོའི་སྒོ་ནས་མཉམ་གནས་ཀྱི་དཔལ་ཡོན་རྣམ་པ་ཞིག་ལ་གོ་དགོས་པ་ཡིན་ནོ།།དེ་ལ་སྟེང་གི་རྩི་ཤིང་ནགས་ཚལ།རི་ཀླུང་ཐང་གསུམ་གང་ཡིན་ཀྱང་།དེ་དག་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་ནི་འོག་གི་ཀླུ་དང་ས་བདག་སོགས་ཀྱི་དར་རྒུད་ལ་རག་ལས་པ་དང་།དེ་དག་དང་མཐུན་པོ་མཉམ་གནས་དང་།དེ་དག་གི་ལོངས་སྤྱོད་རྒྱས་པ་སོགས་ཀྱི་ཆེད་དུ་གཏེར་བུམ་འབུལ་དགོས་པར་འདོད་པ་ལྟ་བུའི།བོད་བརྒྱུད་ནང་བསྟན་གྱི་གཏེར་བུམ་རིག་གནས་འདི་ཡང་།ཁོར་ཡུག་སྲུང་སྐྱོབ་ཀྱི་དཔལ་ཡོན་མང་པོའི་ཁྲོད་ཀྱི་རིགས་ཤིག་ལ་ནི་ངེས་པར་དུ་བརྩི་དགོས་པ་ཡིན་ནོ། དེར་མ་ཟད གཏེར་བུམ་འབུལ་པ་དེ་ཡང་གོང་དུ་བཤད་ཟིན་པ་ལྟར་མང་ཉུང་དང་བཟང་ངན་གྱི་མཐར་མི་ལྷུང་བ་དང་།རང་བྱུང་ཁོར་ཡུག་ལ་མི་གནོད་པའི་སྒོ་ནས་འབུལ་དགོས་ཤིང་།གཏེར་སྒྲུབ་ཀྱི་ཆོ་ག་དེ་དག་ནས་འབྱུང་བ་ལྟར་གཟའ་སྐར་འཕྲོད་སྦྱོར་སོགས་ཕྱི་རྐྱེན་དང་།ཇི་སྐད་དུ“་རྫས་ཀྱི་ནུས་པ་བསམ་མི་ཁྱབ།སྔགས་ཀྱི་ནུས་པ་བསམ་མི་ཁྱབ་”ཅེས་གསུངས་པ་ལྟར་གྱི་་སྨན་ལྔ་དང་རིན་ཆེན་ལྔ་ལ་སོགས་པའི་“རྫས་”དང་།ལྷ་རང་རང་གི་སྔགས་གང་ཡིན་བཟླ་བ་སོགས་“སྔགས”།བུམ་གཏེར་དེ་ཉིད་ལྷ་དེ་དང་དེར་སྒོམ་པ་སོགས་“ཏིང་ངེ་འཛིན་”ཏེ།་རྫས་སྔགས་ཏིང་ངེ་འཛིན་གྱི་རྟེན་འབྲེལ་རྣམས་ཀྱང་འཛོམས་པར་བྱས་ཏེ་ཕུལ་ན་།ཆོ་ག་རང་ནས་འབྱུང་བའི་འཕྲལ་ཡུན་གྱི་ཕན་ཡོན་རྣམས་འབྱུང་བ་དངོས་པོའི་ཆོས་ཉིད་ཡིན་པར་མ་ཟད།ས་བཅུད་བུམ་སྒྲུབ་ཕུལ་པ་སོགས་རང་རང་གི་ལག་ལེན་འགའ་རེ་ཁྲོད་དུ་མྱོང་བས་ཀྱང་གྲུབ་པས།ད་ལྟའི་དུས་སུ།གཏེར་ཁ་རྔོག་འདོན་སོགས་ཀྱི་དབང་གིས་སྣོད་བཅུད་རྒུད་པ་དང་།མཚོ་རྫིང་ཉམས་པ།ཆུ་མིག་སྐམ་པ་སོགས་ཉམས་པ་སླར་གསོ་བའི་སྒོས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཕྱོགས་ལ།འདི་ལྟ་བུའི་སྒོ་ནས་ཀྱང་རང་རང་གིས་ནུས་པས་སྲི་ཞུ་ཅུང་ཟད་བསྒྲུབ་ཐུབ་པ་ཡིན་ན།དེ་ནི་བསྐལ་བ་མ་སྟོང་གི་བར་དུ་དགེ་བའི་ལས་ཡིན་པར་མ་ཟད།རྒྱལ་ཁབ་ཀྱི་ཁྲིམས་དང་ཡང་མི་འགལ་ལ་གོང་རིམ་གྱི་སྲིད་ཇུས་དང་ཡང་ཤིན་ཏུ་མཐུན་པ་ཡིན་ནོ་སྙམ་མོ།།

  མཆན:

  (1)《ཐུའུ་བཀྭན་ཆོས་ཀྱི་ཉི་མའི་བུམ་གཏེར་ཆོ་ག་དགོས་འདོད་ཀུན་འབྱུང་》མཐོ་ལས་དགོན་པའི་གཏེར་སྒྲུབ་ཕྱོགས་བསྒྲིགས་འཕྲུལ་དེབ་ཤོག་ངོས་220ན་གསལ།

  (2)སྐུ་འབུམ་དགོན་པའི་ཤིང་པར་སྣ་ཐུང་།འདི་ཁྲི་ཆེན་གྱི་གསུང་ལྟར་སྒྲིག་མཁན་སུ་ཡིན་མི་གསལ་ལོ།།

  (3)སྡེ་སྲིད་སངས་རྒྱས་རྒྱ་མཚོའི་《བཻ་དཀར》སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་གི་2020ལོའི་པར་མ།སྨད་ཆ།ཤོག་ངོས་228ན་གསལ།

  (4)《ཐུའུ་བཀྭན་ཆོས་ཀྱི་ཉི་མའི་བུམ་གཏེར་ཆོ་ག་དགོས་འདོད་ཀུན་འབྱུང་》མཐོ་ལས་དགོན་པའི་གཏེར་སྒྲུབ་ཕྱོགས་བསྒྲིགས་འཕྲུལ་དེབ་ཤོག་ངོས་33ན་གསལ།

  (5)《དམིགས་བརྩེ་མའི་ཆོས་སྐོར་དངོས་གྲུབ་ཀུན་འབྱུང་ཡིད་བཞིན་ནོར་གྱི་བང་མཛོད་(ཡོངས་གྲགས་སུ་དམིགས་བརྩེ་མའི་བེའུ་ བུམ》།མི་རིགས་དཔེ་བསྐྲུན་ཁང་གི་པར་མ།བར་ཆ།ཤོག་ངོས་48ན་གསལ།

  (6)《སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་ས་བརྟག་བསླང་སྦྱང་བུམ་གཏེར་དང་བཅས་པའི་ལག་ལེན་ཨུཏྤལ་ཆུན་པོ་》མཐོ་ལས་དགོན་པའི་གཏེར་སྒྲུབ་ཕྱོགས་བསྒྲིགས་འཕྲུལ་དེབ་ཤོག་ངོས་133ན་གསལ།

  (7)《ས་བཅུད་བུམ་པ་སྒྲུབ་པ་དང་སྦ་བའི་ཆོ་གའི་ངག་འདོན་གྱི་རིམ་པ་ཕྱོགས་གཅིག་ཏུ་བསྒྲིགས་པ་མཐོང་གྲོལ་མུ་ཏིག་ཆུན་པོ་》ཞེ ས་པ་སྣ་ཐུང་སྐུ་འབུམ་པར་མའི་ཤོག་ངོས་34ན་གསལ།

  (8)འཇམ་དབྱངས་ཐུབ་བསྟན་ཉི་མའི་《འཕགས་པ་སའི་སྙིང་པོ་ལ་བརྟེན་ནས་ས་བདག་སྙིང་གཏེར་འབུལ་ཚུལ་གྱི་ཆོ་ག་དཔག་བསམ་ལྗོན་པ་ 》མཐོ་ལས་དགོན་པའི་གཏེར་སྒྲུབ་ཕྱོགས་བསྒྲིགས་འཕྲུལ་དེབ་ཤོག་ངོས་156ན་གསལ།

  ( 9)ཐར་ཤུལ་དགེ་རྒན་བྱམས་པ་བཟང་པོའི་ས་ལྷའི་བུམ་གཏེར་གྱི་ལག་ལེན་དང་སྒྲུབ་ཚུལ་སྦ་ཆོག་དང་བཅས་པ་ མཐོ་ལས་དགོན་པའི་གཏེར་སྒྲུབ་ཕྱོགས་བསྒྲིགས་འཕྲུལ་དེབ་ཤོག་ངོས་172ན་གསལ།

  (10)ས་བཅུད་བུམ་པ་སྒྲུབ་པ་དང་སྦ་བའི་ཆོ་གའི་ངག་འདོན་གྱི་རིམ་པ་ཕྱོགས་གཅིག་ཏུ་བསྒྲིགས་པ་མཐོང་གྲོལ་མུ་ཏིག་ཆུན་པོ་》ཞེ ས་པ་སྣ་ཐུང་སྐུ་འབུམ་པར་མའི་ཤོག་ངོས་33ན་གསལ།

  (11)རང་རེའི་རྒྱལ་ཁབ་ལ།༡༩༨༩ལོའི་ཟླ་༡༢པའི་ཚེས་༢༦ཉིན་གཏན་འབེབས་བྱས་ཤིང༢༠༡༤ལོར་བསྐྱར་ཞུས་བྱས་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་ལེ་ཚན་བདུན་ལ་དོན་ཚན་བདུན་ཅུ་ཅན་བཞུགས།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།