དབུ་མ་རིན་ཆེན་སྒྲོན་མའི་ཚིག་དོན་ལ་དཔྱད་ནས་མཛད་པ་པོ་སློབ་དཔོན་ཆེན་པོ་ལེགས་ལྡན་འབྱེད་མིན་པའི་ཁུངས་སྐྱེལ་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2022-01-10 21:40:43     རྩོམ་པ་པོ།   སེར་ཤུལ་ངག་དབང་མཁས་གྲུབ།     ཀློག་ཐེངས།  

   བརྗོད་བྱ་གནད་བསྡུས།

སྤྱིར་འདིའི་མཛད་པ་པོ་རང་རྒྱུད་པའི་གྲུབ་མཐའི་སྲོལ་འབྱེད་སློབ་དཔོན་ལེགས་ལྡན་འབྱེད་ཡིན་མིན་ལ་དོགས་དཔྱོད་འགའ་ཞིག་བྱས་པ་ཡོད་མོད།དམིགས་བསལ་གཞུང་འདིའི་ཚིག་དོན་ལ་དཔྱད་ནས་ཉམས་ཞིབ་བྱས་པའི་རྩོམ་ཡིག་ད་སྔ་ཁོ་བོས་མ་མཐོང་ལ།འདིར་གཞུང་འདིའི་ཚིག་དོན་འགའ་ཤས་ལ་དཔྱད་པའི་ཞོར་དུ་རྩོམ་པ་པོ་ལེགས་ལྡན་འབྱེད་ཡིན་མིན་གྱི་དོགས་སློང་དང་།ལེགས་ལྡན་འབྱེད་ཀྱི་ཕྱིས་སུ་ཕེབས་པའི་མཁས་པ་དང་།སེམས་ཙམ་པའི་གཞུང་ཁུངས་སུ་འདྲེན་པ་

རྣམས་དམིགས་སུ་དགར་ནས་དཔྱད་གཞིར་བཟུང་ཡོད།

བརྡ་ཆད་གཙོ་བོ།ལེགས་ལྡན་འབྱེད།སྐལ་ལྡན་གྲགས་པ།སློབ་དཔོན་བྷ་བྱས།བྷ་བྱ་ཀིརྟི།བདེན་པ་གཉིས་ཀྱི་ལེའུ།

དང་པོ་བདེན་པ་གཉིས་ཀྱི་སྐབས་ཏེ།གཞུང་འདིས་བདེན་གཉིས་ངོས་འཛིན་བྱེད་སྟངས་ནི།འཇམ་དཔལ་ཆོས་ཀྱི་དབྱིངས་ཚད་མར་བྱས་ན་ཀུན་རྫོབ་ཀྱང་མེད།དོན་དམ་པ་ཡང་མེད་དོ་ཞེས་གསུངས་ཏེ།འོན་ཀྱང་རེ་ཞིག་མི་ཤེས་པའི་ལིང་ཏོག་གིས་བློ་གྲོས་ཀྱི་མིག་བཀབ་པ།བདག་ཏུ་འཛིན་པ་ཆེན་པོ་སྙིང་ལ་ཞུགས་པ།ཐོག་མ་མེད་པ་ནས་དངོས་པོ་ལ་མངོན་པར་ཞེན་པ།ཚུ་རོལ་མཐོང་བའི་རྨོངས་པ་རྣམས་ཀྱི་ངོར་བྱས་ནས་བདེན་པ་གཉིས་རྣམ་པར་དབྱེ་བར་བྱའོ།།འདི་ལྟར་རྗེས་སུ་དཔག་པའི་ཚད་མ་གཙོ་བོར་བྱེད་པའི་རྟོག་གེ་པས་ནི་དེ་ཁོ་ན་ཉིད་དང་།སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་ཤིན་ཏུ་ལྐོག་ཏུ་གྱུར་པ་དག་བརྟགས་ཤིང་དཔྱད་པས་ཤེས་པར་མི་འགྱུར་ཏེ།ཕྱི་རོལ་པའི་ཤེས་པ་ཡིན་པའི་ཕྱིར་རོ།།ཞེས་བདེན་པ་གཉིས་སུ་ཕྱེ་བ་ནི་མ་རིག་པས་བསླད་པའི་སེམས་ཅན་གྱི་ཤེས་པའི་ངོར་ཡིན་པ་དང་།དེ་ཡང་དོན་དམ་བདེན་པ་ནི་བརྟགས་ཤིང་དཔྱད་པའི་རྟོག་གེའི་བློས་ཤེས་མི་ནུས་ཚུལ་ཏེ།རྗེས་སུ་དཔག་པའི་ཚད་མ་ནི་ཕྱི་རོལ་པའི་ཤེས་པ་ཡིན་པས།ཐར་པ་དོན་དུ་གཉེར་བ་དག་ལ་མི་མཁོ་བར་གསུངས།འདི་ཇོ་བོའི་བདེན་གཉིས་ལས་གསུངས་ཚུལ་དང་ཤིན་ཏུ་འདྲ་སྟེ།མངོན་སུམ་རྗེས་དཔག་དགོས་པ་མེད།།མུ་སྟེགས་རྒོལ་བ་བཟློག་པའི་ཕྱིར།།མཁས་པ་རྣམས་ཀྱིས་བྱས་པ་ཡིན།།ལུང་ལས་ཀྱང་ནི་གསལ་པོ་རུ།།རྟོག་བཅས་རྟོག་པ་མེད་པ་ཡིས།།ཤེས་པ་གཉིས་ཀྱིས་མི་རྟོགས་ཞེས།།སློབ་དཔོན་མཁས་པ་བྷ་བྱ་གསུང་།།ཞེས་རང་རྒྱུད་པས་མངོན་སུམ་དང་རྗེས་དཔག་གཉིས་དགོས་མེད་དུ་ཐལ་བའི་སྐྱོན་བཏང་བ་ལ།ཇོ་བོས་མུ་སྟེགས་པའི་རྒོལ་བ་བཟློག་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངས་པས་དགོས་མེད་དུ་མི་འགྱུར་བའི་ལན་བཏབ་པ་ལྟ་བུའོ།།དེས་ན་གསུངས་ཚུལ་འདི་ལས་འཕགས་པའི་ཡུལ་དུའང་རྗེས་དཔག་ཚད་མའམ་རྟོག་གེའི་རིག་པ་ལ་མོས་པ་མེད་པའི་སྐབས་ཤིག་ཀྱང་བྱུང་བར་ཚོད་དཔག་ནུས་ཏེ།ཕྱི་ལོའི་དུས་རབས་དང་པོའི་ནང་བྱོན་པའི་སློབ་དཔོན་འཕགས་པ་ཀླུ་སྒྲུབ(150-250)ཀྱིས་མཛད་པའི་ཐབས་ལ་མཁས་པའི་སྙིང་པོའི་བསྟན་བཅོས་ལས་ཀྱང་།ལ་ལ་ན་རེ།རྟོག་གེའི་བསྟན་བཅོས་རྩོམ་པར་མི་རིགས་ཏེ།ཅིའི་ཕྱིར་ཞེ་ན།གང་དག་རྟོག་གེའི་བསྟན་བཅོས་རྩོམ་པ་རྣམས་ནི།ཕལ་ཆེར་ཁོང་ཁྲོ་དང་།ང་རྒྱལ་དང་།བག་མེད་པ་དང་།རློམ་པའི་དབང་གིས་ཡིན་པས།རང་གི་སེམས་དཀྲུགས་པས་ཞི་དུལ་གྱི་སེམས་ནི་ཉུང་ལ།གཞན་གྱི་སྐྱོན་དང་རང་གི་ཡོན་ཏན་སྒྲོག་པའི་སླད་དུ་ཡིན་པས།དེ་ལྟ་བུའི་སྐྱོན་མང་དང་བཅས་པ་ནི་མཁས་པས་སྨད་པར་བྱ་བ་ཉིད་ཡིན་ནོ།།དེའི་སླད་དུ་གང་དག་འཕགས་པ་བཟང་བོ་རྣམས་ཀྱིས་ནི་ཐབས་ལམ་གྲངས་མེད་པས་རྩོད་པ་བཟློག་པར་བྱས་ཏེ།རྟག་པ་བདེ་བའི་བློ་འདོར་བ་ནི་དཔེར་ན་དུག་དང་བཅས་པའི་སྣོད་བཞིན་ནོ།།ཞེས་ཟེར་རོ།།ཞེས་རྟོག་གེའི་རིག་པ་བརྩམས་པ་ནི་ཁོང་ཁྲོ་དང་ང་རྒྱལ་སོགས་ཀྱི་དབང་གིས་རང་རྒྱལ་གཞན་ཕམ་དང་རྙེད་བཀུར་སྙན་གྲགས་སོགས་ཀྱི་ཕྱིར་ཡིན་པས་ཐར་པ་དོན་དུ་གཉེར་བ་དག་ལ་མི་མཁོ་ཚུལ་བཀོད་པས་ཀྱང་ཤེས་སོ།།དེ་ལྟར་ན་ཐབས་ལ་མཁས་པའི་སྙིང་པོའི་བསྟན་བཅོས་འདི་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་ཡིན་ཚེ་དུས་རབས་དང་པོའི་ནང་དུའང་རྩོད་པ་དེ་བྱུང་བར་ཤེས་ཐུབ་ལ།གང་ལྟར་གཞུང་འདི་སློབ་དཔོན་ཕྱོགས་གླང(380-460)འདས་ནས་ལོ་བཅུ་གཉིས་ཙམ་གྱི་རྗེས་སུ་ལི་ཡུལ་གྱི་སློབ་དཔོན་ཀིངྐ་རས་རྒྱ་ཡིག་ཏུ་བསྒྱུར་བར་བཤད་པས་ཕྱོགས་གླང་ཡབ་སྲས་ཀྱི་སྐབས་སུའང་བྱུང་བར་ཤེས་ཐུབ་བོ།།གཞུང་འདིས་ཀུན་རྫོབ་ཀྱི་ངོས་འཛིན་ནི།མ་བརྟགས་ཉམས་དགའི་མཚན་ཉིད་ཅན།།རྒྱུ་ལས་སྐྱེ་དང་དོན་བྱེད་ནུས།།ཚུ་རོལ་མཐོང་བའི་ཀུན་རྫོབ་ཡིན།།ཐོག་མ་མེད་པ་ནས་མ་རིག་པའི་གཉིད་ལོག་པའི་རྨི་ལམ་གྱི་གནས་སྐབས་ལྟ་བུའི་ཚུ་རོལ་མཐོང་བའི་ཤེས་པ་དང་།ཤེས་བྱ་འདི་ནི་སྐྲ་ཤད་འཛིངས་པ་ལྟ་བུར་བརྫུན་པ་ཡིན་ནོ།།འདི་ལྟར་བརྫུན་པ་ནི་ཡང་དག་པ་མ་ཡིན་ན་འདི་ལ་ནི།སྔོན་གྱི་སློབ་དཔོན་དག་གིས་ཡང་དག་པའི་ཀུན་རྫོབ་ཏུ་བཤད་པ་ནི།འདི་ལྟར་བདག་ཅག་དབུ་མ་པའི་གཞུང་གིས་ཕྱི་དང་ནང་གི་ཆོས་ཐམས་ཅད་ཀུན་རྫོབ་ཉིད་དུ་ཡང་བརྫུན་པ་དང་།བཅོས་མ་དང་།སྒྱུ་མ་ལྟ་བུར་འདོད་དེ།ཞེས་མ་བརྟགས་མ་དཔྱད་པའི་ཉམས་དགའ་བའི་དངོས་པོ་ལ་ཀུན་རྫོབ་འཇོག་ཚུལ་དབུ་མའི་གཞུང་ཕལ་མོ་ཆེ་འདྲ་སྟེ།ཇི་ལྟར་སྣང་བ་འདི་ཁོ་ན།།ཀུན་རྫོབ།།ཅེས་དང་།མ་བརྟགས་གཅིག་པུ་ཉམས་དགའ་ཞིང་།།སྐྱེ་དང་འཇིག་པའི་ཆོས་ཅན་པ།།དོན་བྱེད་པ་དག་ནུས་རྣམས་ཀྱིས།།རང་བཞིན་ཀུན་རྫོབ་པ་ཡིན་རྟོགས།།ཞེས་དང་།མངོན་སུམ་ལ་སོགས་འགལ་ཞེ་ན།།མ་ཡིན་མ་བརྟགས་ཉམས་དགའ་བ།།དེ་ནི་བདག་གིས་བཀག་པ་མེད།།ཅེས་དང་།མ་བརྟགས་གཅིག་པུ་ཉམས་དགའ་བའི།།སྐྱེ་བ་དང་ནི་འཇིག་པའི་ཆོས།།དོན་བྱེད་ནུས་དང་ལྡན་པ་ནི།།ཡང་དག་ཀུན་རྫོབ་ཡིན་པར་འདོད།།ཅེས་སོགས་དབུ་མའི་གཞུང་རྣམས་ཀྱིས་ངོས་འཛིན་བྱེད་སྟངས་དང་འདྲ་བས་སོ།།སྔོན་གྱི་སློབ་དཔོན་ནི་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་སློབ་དཔོན་ཡེ་ཤེས་སྙིང་པོ་ལ་ཟེར་བ་ཡིན་ནམ་སྙམ་སྟེ།སྣང་དུ་འདྲ་ཡང་དོན་བྱེད་དག།ནུས་པས་ཕྱིར་དང་མི་ནུས་ཕྱིར།།ཡང་དག་ཡང་དག་མ་ཡིན་པས།།ཀུན་རྫོབ་ཀྱི་ནི་དབྱེ་བ་ཕྱེས།།ཞེས་འདི་ལ་ཟུར་ཟ་བ་ཡིན་ནམ་སྙམ་སྟེ་དཔྱད་པར་བྱའོ།།བདག་ཅག་དབུ་མ་པའི་གཞུང་དག་ཅེས་སོགས་ཀྱིས་རྩོམ་པ་པོ་རང་གི་དགོངས་པ་དཔལ་ལྡན་ཟླ་བའི་བཞེད་ཚུལ་དང་འདྲ་བར་བསྟན་པ་སྟེ།སྐྱོན་ལྡན་དབང་རྣམས་ཀྱི་ཤེས་པ་ནི།།དབང་པོ་ལེགས་གྱུར་ཤེས་ལྟོས་ལོག་པར་འདོད།།གནོད་པ་མེད་པའི་དབང་པོ་དྲུག་རྣམས་ཀྱིས།།བཟུང་བ་གང་ཞིག་འཇིག་རྟེན་གྱིས་རྟོགས་ཏེ།།འཇིག་རྟེན་ཉིད་ལས་བདེན་ཡིན་ལྷག་མ་ནི།།འཇིག་རྟེན་ཉིད་ལས་ལོག་པར་རྣམ་པར་བཞག།ཅེས་དང་།གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ།།དེས་གང་བཅོས་མ་བདེན་པར་སྣང་དེ་ནི།།ཀུན་རྫོབ་བདེན་ཞེས་ཐུབ་པ་དེས་གསུངས་ཏེ།།བཅོས་མར་གྱུར་པའི་དངོས་ནི་ཀུན་རྫོབ་ཏུའོ།།ཞེས་དང་དེའི་ཐད་ཀྱི་འགྲེལ་པར།བརྟེན་ནས་འབྱུང་བ་གཟུགས་བརྙན་དང་བྲག་ཅ་ལ་སོགས་པ་ཅུང་ཟད་ཅིག་ནི་བརྫུན་ཡང་མ་རིག་པ་དང་ལྡན་པ་རྣམས་ལ་སྣང་ལ།སྔོན་པོ་ལ་སོགས་པ་གཟུགས་དང་སེམས་དང་ཚོར་བ་ལ་སོགས་པ་ཅུང་ཟད་ཅིག་ནི་བདེན་པར་སྣང་སྟེ།རང་བཞིན་ནི་མ་རིག་པ་དང་ལྡན་པ་རྣམས་ལ་རྣམ་པ་ཐམས་ཅད་དུ་མི་སྣང་ངོ༌།།དེའི་ཕྱིར་དེ་དང་གང་ཞིག་ཀུན་རྫོབ་ཏུ་ཡང་བརྫུན་པ་ཀུན་རྫོབ་ཀྱི་བདེན་པ་མ་ཡིན་ནོ།།དེ་ལྟར་ན་རེ་ཞིག་སྲིད་པའི་ཡན་ལག་གིས་ཡོངས་སུ་བསྡུས་པ་ཉོན་མོངས་པ་ཅན་གྱི་མ་རིག་པའི་དབང་གིས་ཀུན་རྫོབ་ཀྱི་བདེན་པ་རྣམ་པར་བཞག་གོ།ཞེས་འཇིག་རྟེན་ཤེས་ངོ་ལ་ལྟོས་ནས་ཀུན་རྫོབ་ལ་ཡང་ལོག་འཇོག་ཚུལ་དང་ཕྱི་དང་ནང་གི་ཆོས་ཐམས་ཅད་ཀུན་རྫོབ་ཉིད་དུ་ཡང་བརྫུན་ཚུལ་ཏེ་འཇོག་ཚུལ་འདི་དག་དང་འདྲ་བས་སོ།།དེ་ལྟར་ན་གཞུང་འདིའི་རྩོམ་པ་པོ་དབུ་མ་རང་རྒྱུད་པའི་གྲུབ་མཐའི་སྲོལ་འབྱེད་སློབ་དཔོན་ལེགས་ལྡན་འབྱེད་མིན་པར་སྙམ་མོ།།སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཉིད་ཀྱི་ཞལ་སྔ་ནས།དབང་བོ་རྣམས་ཀྱིས་གང་དམིགས་དེ།།གལ་ཏེ་ཡང་དག་ཡོད་གྱུར་ན།།བྱིས་པས་ཡང་དག་རིག་པར་འགྱུར།།ཡང་དག་ཤེས་པ་ཅི་ཞིག་དགོས།།ཞེས་གསུངས་པས།ཕྱི་རོལ་གྱི་དངོས་པོ་རིལ་གྱིས་བརྫུན་པ་ཉིད་དུ་བཤད་དོ།།ནང་གི་ཆོས་རྣམས་ཇི་ལྟ་བུ་ཞེ་ན།བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ།མིག་དང་རྣ་བ་སྣ་ཡང་ཚད་མ་མིན།།ལྕེ་དང་ལུས་དང་ཡིད་ཀྱང་ཚད་མ་མིན།།གལ་ཏེ་དབང་བོ་འདི་དག་ཚད་ཡིན་ན།།འཕགས་པའི་ལམ་དེ་སུ་ལ་དགོས་མི་འགྱུར།།ཞེས་གསུངས་སོ།།ཞེས་སོགས་དང་།སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས།ཐོག་མཐའ་མེད་པའི་སྲིད་པ་རུ།།མ་རིག་གཉིད་ཀྱིས་ལོག་པ་ཡི།།འགྲོ་ལ་གང་གང་སྣང་དེ་ཉིད།།བརྫུན་དེ་རྨི་ལམ་ལྟ་བུར་འདོད།།ཅེས་གསུངས་སོ།།དེ་བས་ཕྱི་ནང་གི་དངོས་པོ་ནི་བརྫུན་པར་གྲུབ་བོ།།ཞེས་གསལ་བ་ལྟར།ལུང་དོན་གཅིག་ལ་མཐར་གཏུགས་ན་གཞུང་འདིའི་དགོངས་དོན་ནི།འཇིག་རྟེན་ཀུན་རྫོབ་ཅེས་པ་འདི་མ་རིག་པས་ཕྱིན་ཅི་ལོག་ཏུ་བཟོས་པའི་བཅོས་མའི་སྣང་བརྙན་ཞིག་ཡིན་པར་གོར་མ་ཆགས་ལ།དེའི་རང་བཞིན་ངོ་མ་ནི་སྟོང་པ་ཉིད་ཅེས་པ་ཚིག་ཙམ་དུ་མ་སོང་བའི་ནང་དོན་སོ་མ་དེ་ཡིན་པར་གདའ་སྟེ།ཞེས་པ་དང་ཤིན་ཏུ་འདྲ་བར་སྣང་ངོ་།།འདིར་ཟླ་བ་གྲགས་པའི་ལུང་ཁུངས་སུ་འདྲེན་པས་འདིའི་རྩོམ་པ་པོ་ཟླ་གྲགས་ཀྱི་རྗེས་སུ་བྱོན་པ་ཞིག་ཡིན་པས་ལེགས་ལྡན་འབྱེད་ཡིན་མི་སྲིད་དོ།།ཀུན་རྫོབ་ཅེས་བྱ་བ་ནི་གཟུགས་ལ་སོགས་པ་ཇི་ལྟར་སྣང་བའི་དངོས་པོའོ།།དེ་ཉིད་བདེན་པ་སྟེ་ཚུ་རོལ་མཐོང་བའི་ངོ་ལ་ཚད་མ་ཡིན་པའི་ཕྱིར་དང་།འཇིག་རྟེན་གྱི་ཐ་སྙད་ཕྱིན་ཅི་མ་ལོག་པའོ།།དོན་ཞེས་བྱ་བ་ནི་བརྟག་པར་བྱ་བ་དང་།གོ་བར་བྱ་བའོ།།དམ་པ་ནི་མཆོག་གོ།ཡང་ན་དོན་ཡང་ཡིན་ལ།དམ་པ་ཡང་ཡིན་པས་དོན་དམ་པའོ།།ཡང་ན་དམ་པའི་དོན་ཏེ་ཡེ་ཤེས་དམ་པའི་དོན་ཡིན་པས་ན་དམ་པའི་དོན་ཏོ།།བདེན་པ་ནི་མི་སླུ་བའོ།།སེམས་ཅན་དང་བོའི་ལུས་ཅན་རྣམས།།དམ་པའི་དོན་ལ་འཇུག་པ་ལ།།ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས།།སྐས་ཀྱི་རིམ་པ་ལྟ་བུར་གསུངས།།ཀུན་རྫོབ་བདེན་པ་མི་ཤེས་པར།།དོན་དམ་བདེན་པ་ཤེས་མི་འགྱུར།།ཀུན་རྫོབ་བདེན་པ་ཤེས་གྱུར་ནས།།དོན་དམ་བདེན་ལ་འཇུག་པར་བྱ།།ཀུན་རྫོབ་བདེན་པ་ཇི་ལྟ་བུ།།ཆོས་རྣམས་ཀུན་ཞེས་བྱ་བ་གང་།།སྤྱི་དང་རང་གི་མཚན་ཉིད་དག།ཤེས་པ་ཀུན་རྫོབ་བདེན་པ་ཡིན།།ཀུན་རྫོབ་འདི་ལྟར་སྣང་བ་འདི།།རིགས་པས་བརྟགས་ན་འགའ་མི་རྙེད།།མ་བརྙེད་པ་ཉིད་དོན་དམ་ཡིན།།དེ་ཕྱིར་ཀུན་རྫོབ་ཤེས་པར་བྱ།།ཞེས་བདེན་གཉིས་ཀྱི་ནང་དོན་དང་ཀུན་རྫོབ་བདེན་པ་ནི་སྣང་བའི་གཟུགས་སོགས་རང་ལ་འཇོག་པ་དང་དེ་ཉིད་བདེན་ཚུལ་ཡང་ཚུ་རོལ་མཐོང་བའི་ཤེས་པ་ལ་སྣང་ཞིང་སྣང་བ་ལྟར་ཚད་མ་ལ་ཡང་འཇོག་དགོས་པ་དང་།ཚིགས་བཅད་འདི་དག་ལས་རྟོག་གེ་འབར་བ་དང་ཇོ་བོའི་བདེན་གཉིས་ཀྱི་གསུང་ཚིག་འགའ་རེར་འདྲེས་ཡོད་པས་གཞུང་དེ་དག་ལས་ཀྱང་ལེགས་ཆ་བླངས་ཡོད་པ་ཤེས་ཐུབ།དོན་དམ་བདེན་པ་ནི་མཉམ་གཞག་རྣམ་པར་མི་རྟོགས་པའི་ཡེ་ཤེས་ཁོ་ནའི་ཡུལ་ཡིན་པ་དང་།དམ་པ་ཡང་ཡིན་པས་དོན་དམ་བདེན་པར་འཇོག་ཚུལ་དང་།ཀུན་རྫོབ་བདེན་པ་ནི་དོན་དམ་བདེན་པ་ལ་འཇུག་པའི་ཐབས་ཡིན་པར་ཡང་བསྟན་ཏོ།།དེའི་ཤེས་བྱེད་དུ།སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས།ཐབས་སུ་གྱུར་པ་ཀུན་རྫོབ་བདེན་པ་དང་།།ཐབས་ལས་བྱུང་བ་དོན་དམ་བདེན་པ་གཉིས།།གཉིས་པོའི་དབྱེ་བ་གང་གིས་མ་རྟོགས་ན།།དེ་ནི་ལོག་པར་རྟོགས་ནས་ངན་འགྲོར་འགྲོ།།ཞེས་གསུངས་སོ།།ཞེས་ཟླ་བ་གྲགས་པའི་དབུ་མ་ལ་འཇུག་པའི་ལུང་དྲངས་ཏེ་བསྒྲུབས་འདུགའདིར་ནི་གཞན་དག་གིས་རྒོལ་བ།ཁྱེད་ཅག་ཉིད་ཀྱིས་ཕུང་པོ་ལ་སོགས་པའི་ཆོས་ཁས་བླངས་ནས།ཡང་དེ་ཉིད་འགོག་པར་བྱེད་པས་ཁས་བླངས་པས་གནོད་དོ།།དེ་བཞིན་དུ་ཡུལ་སོ་སོར་ངེས་པ་ལ་འཇུག་པ་ཉིད་ནི་དབང་པོ་རྣམས་ཀྱི་མངོན་སུམ་ཡིན་པས་མཐོང་བ་ལས་ལྷག་པའི་ཚད་མ་ནི་གཞན་མེད་ལ།ཁྱེད་ཅག་ཉིད་ཀྱང་ཡུལ་རྣམས་ཉམས་སུ་མྱོང་བ་ཡིན་ལ།འཇིག་རྟེན་པས་ཀྱང་མངོན་སུམ་དུ་ཉམས་སུ་མྱོང་བ་ཡིན་པས་དེ་དག་ཡོད་བཞིན་དུ་འགོག་པས་མངོན་སུམ་གྱིས་ཀྱང་གནོད་དོ།།དེ་བཞིན་དུ་རི་ཁྲོད་པ་དང༌།བ་ལང་རྫི་ཡན་ཆད་ལ་གྲགས་པའི་སྲ་བ་དང༌།གཤེར་བ་དང༌།ཚ་བ་དང༌།གཡོ་བ་ལ་སོགས་པའི་ཆོས་འཇིག་རྟེན་ལ་གྲགས་པའི་ཆོས་ཐམས་ཅད་སེལ་བར་བྱེད་པས་གྲགས་པས་ཀྱང་གནོད་དོ།།གཞན་ཡང་ཁྱེད་ཅག་ཆོས་ཐམས་ཅད་མེད་པར་ལྟ་བས།ཆད་པར་སྨྲ་བ་ཡིན་པས་ཐེག་པ་ཆེན་པོ་ཡང་མ་ཡིན་ལ།སངས་རྒྱས་ཀྱི་སློབ་མ་ཡང་མ་ཡིན་ནོ་ཞེ་ན།ཞེས་དང་།དེ་དག་གི་ལན་དུ།བཤད་པ་བདག་ཅག་དབུ་མ་པས་དོན་དམ་པར་ན་ཞེས་དམ་བཅས་པ་ཡོད་པས་ཁས་བླངས་པའི་གནོད་པ་མེད་དོ།།གཟུགས་ལ་སོགས་པའི་ཆོས་དེ་དག།བྱིས་པའི་བློ་དང་མཐུན་མཐོང་ལ།།གང་ཕྱིར་དེ་ནི་མི་འགོག་པས།།དེའི་ཕྱིར་ཇི་སྐད་སྨྲས་སྐྱོན་མེད།།དོན་དམ་པའི་ཤེས་རབ་ཀྱི་མདུན་ལ་བརྟག་བཟོད་པའི་དངོས་པོ་གཅིག་ཀྱང་གནས་པ་མེད་པས་སྐྱོན་དེ་དག་མེད་དོ།།ཞེས་བདག་ཅག་དབུ་མ་པ་ལ་གང་མེད་ཅེས་སྨྲས་པ་ཐམས་ཅད་དོན་དམ་པར་ན་ཞེས་དོན་དམ་གྱི་དབང་དུ་བྱས་པ་ཡིན་པ་དང་།ཡོད་པར་འདོད་པ་ནི་ཐ་སྙད་པའམ་ཀུན་རྫོབ་ཀྱི་དབང་དུ་བྱས་པ་ཡིན་པའི་ཁྱད་པར་གསལ་བར་བསྟན།ཡང་རྫས་བརྒྱད་འདུས་པ་དང་།དེ་ལ་དམིགས་པའི་བློ་དག་ནི་དམག་དང་ནགས་ཚལ་ལ་སོགས་པའི་བློ་བཞིན་དུ་རྫས་སུ་ཡོད་པ་མ་ཡིན་པས་དེ་ལྟར་མངོན་སུམ་མེད་པའི་ཕྱིར་ཁོ་བོ་ཅག་ལ་དེའི་གནོད་པ་མེད་དོ།།ཞེས་རྡུལ་རྫས་བརྒྱད་འདུས་པ་དང་དེ་ལ་དམིགས་པའི་བློ་ཡང་།དམག་དང་།ནགས་ཚལ་ལ་སོགས་པའི་བློ་བཞིན་དུ་རྫས་སུ་མེད་ཅེས་འཛིན་པའི་བློ་སོགས་རྫས་སུ་མེད་པར་བཤད་པ་འདིས།སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་ཡིད་ཀྱི་རྣམ་ཤེས་རྫས་སུ་ཡོད་པར་བཤད་པ་དང་མི་མཐུན་ལ།སློབ་དཔོན་གྱི་ལུགས་ལ་ནགས་ཚལ་འཛིན་པའི་བློ་སོགས་རྫས་ཡོད་མིན་ན།གཞན་རྫས་སུ་ཡོད་པའི་ཤེས་པ་ཞིག་ཀྱང་འཇོག་དཀའ་ཞིང་ཡིད་ཀྱི་རྣམ་ཤེས་ཀྱང་རྫས་ཡོད་དུ་བཞེད་དགོས་པའི་རྒྱུ་མཚན་མེད་པས།གཞུང་འདི་དང་རྟོག་གེ་འབར་བའི་རྩོམ་པ་པོ་ལེགས་ལྡན་འབྱེད་གཉིས་གང་ཟག་གཅིག་མིན་པར་བཤད་ཚུལ་འདི་དག་ལས་ཀྱང་ཤེས་ནུས་སོ།།གཞན་ཡང་འདི་ཉིད་ལས།དེ་བས་ན་ཡུལ་དང་དབང་པོ་རྫས་མེད་པས་ཤེས་པ་ཡང་རྫས་མེད་དེ།ཡུལ་དང་དབང་པོ་རྫས་མེད་པ་ལ་གནས་པའི་ཤེས་པ་ཡང་རྫས་སུ་གྲུབ་པ་མེད་དེ།གཞི་རྫས་མེད་པ་དང༌།སེམས་དང་སེམས་ལས་བྱུང་བ་དག་ཀྱང་མང་པོ་འདུས་པས་རྫས་སུ་གྲུབ་པ་མེད་དེ།ཞེས་གོང་དང་འདྲ་བར་ཡུལ་དབང་རྣམ་ཤེས་གསུམ་རྫས་སུ་མེད་པར་གསུངས་ལ།དེའི་དོན་ནི་འོག་གི་སྒྲུབ་བྱེད་དང་བསྡུར་ན།བརྟགས་པ་ཙམ་གྱི་རྒྱུ་རྐྱེན་ལས།།བརྟགས་པ་ཙམ་གྱི་འབྲས་བུ་འབྱུང༌།།བརྫུན་པ་རྫས་མེད་འབྲས་བུ་དེ།།གལ་ཏེ་འབྱུང་བར་མི་རིགས་ན།།ཆུ་ཟླ་ལ་སོགས་སུ་ཡིས་བསྐྱེད།།ཇི་སྲིད་བརྫུན་པའི་རྒྱུ་རྐྱེན་ཡོད།།དེ་སྲིད་སྒྱུ་མའི་སྐྱེ་འཇིག་གནས།།ཞེས་རང་བཞིན་གྱིས་གྲུབ་པའི་རྫས་ཡོད་ལ་དགོངས་པ་འདྲ་ཡང་སྤྱིར་གཞུང་འདིའི་རང་ལུགས་ལ་རྫས་ཡོད་ཅིག་གཏན་ནས་ཁས་ལེན་མིན་ནི་དཔྱད་པའི་གནས་སུ་མཐོང་མོད།ཁོ་བོས་གཞུང་གོང་འོག་བསྡུར་ནས་དཔྱད་ན་ལུགས་འདིར་རྫས་ཡོད་ཅིག་གཏན་ནས་ཁས་མི་ལེན་པ་འདྲ་སྟེ།རྫས་བརྒྱད་འདུས་པ་དང་དེ་ལ་དམིགས་པའི་བློ་ཡང་རྫས་སུ་མེད་པ་སྟེ་ཤེས་པ་ལའང་རྫས་ཡོད་ཅིག་ཁས་མི་ལེན་ན།གཞན་རྫས་ཡོད་ཅིག་ཁས་མི་ལེན་པ་འདྲའོ།།དེ་ལྟར་ན་སློབ་དཔོན་གྱི་ཞལ་སྔ་ནས་ཀྱང་།འདི་ལ་བསལ་བྱ་ཅི་ཡང་མེད།།གཞག་པར་བྱ་བ་གང་ཡང་མེད།།ཡང་དག་ཉིད་ལ་ཡང་དག་ལྟ།།ཡང་དག་མཐོང་བས་རྣམ་པར་གྲོལ།།ཅེས་སློབ་དཔོན་ནི་འཕགས་པ་ཀླུ་སྒྲུབ་ཡིན་པར་སེམས་ཏེ།དབུ་མའི་ཤིང་རྟའི་སྲོལ་འབྱེད་སློབ་དཔོན་ཀླུ་སྒྲུབ་ཁོ་ནར་ངེས་ན།ཁོང་གི་གཞུང་ལས།འདི་ལ་གསལ་བྱ་གང་ཡང་མེད།།གཞག་པར་བྱ་བ་ཅི་ཡང་མེད།།ཡང་དག་ཡང་དག་ཉིད་ལ་ཡང་དག་བལྟ།།ཡང་དག་མཐོང་ན་རྣམ་པར་གྲོལ།།ཅེས་ཚིག་འདི་ཐོག་མར་འབྱུང་བས་སོ།།དེ་ལས་གཞན་རྒྱ་གཞུང་མང་པོར་ལུང་ཚིག་འདི་དྲངས་ཡོད་དེ།རྒྱལ་བ་བྱམས་པས།འདི་ལ་དགག་པ་ཅི་ཡང་མེད།།བསྣན་པར་བྱ་ཅི་ཞིག་མེད།།ཡང་དག་ཉིད་ལ་ཡང་དག་ལྟ།།ཡང་དག་མཐོང་བས་རྣམ་པར་གྲོལ།།ཅེས་བཤད་དོ།།ཞེས་དང་།འདི་ལ་བསལ་བ་ཅུང་ཟད་མེད།།བསྣན་པར་བྱ་བ་ཅུང་ཟད་མེད།།ཡང་དག་ཉིད་ལ་ཡང་དག་ལྟ།།ཡང་དག་མཐོང་ནས་རྣམ་པར་གྲོལ།།ཅེས་སོགས་སོ།།མ་ཟད་ཧྭ་ཤང་གི་མདོ་སྡེ་བརྒྱད་ཅུའི་ཁུངས་དང་།གཞུང་གཞན་དུའང་ཀླུ་སྒྲུབ་ཀྱི་རྟེན་འབྲེལ་སྙིང་པོ་ལས་ཞེས་དྲངས་ཡོད།ཡོངས་གྲགས་རང་ཅག་རྒྱུས་ཆེ་བ་ནི་རྗེ་བཙུན་བྱམས་པས་མངོན་རྟོགས་རྒྱན་ལས།འདི་ལ་བསལ་བྱ་ཅི་ཡང་མེད།།གཞག་པར་བྱ་བ་ཅུང་ཟད་མེད།།ཡང་དག་ཡང་དག་ཉིད་ལ་ཡང་དག་བལྟ།།ཡང་དག་མཐོང་ནས་རྣམ་པར་གྲོལ།།ཅེས་པ་འདི་ཡིན་ནོ།།དེ་ལྟར་ན་ཤླཽ་ཀ་འདི་དབུ་མའི་གཞུང་ལས་ཐོག་མར་འཕགས་པ་ཀླུ་སྒྲུབ་ཀྱི་གཞུང་ལས་འབྱུང་བས་འདིར་ཡང་སློབ་དཔོན་གྱི་ཞལ་སྔ་ནས་ཞེས་ཀླུ་སྒྲུབ་ཀྱིས་མཛད་པར་གསུངས་སམ་སྙམ་མོ།།བདེན་པ་གཉིས་ཀྱི་སྐབས་ཏེ་དང་པོའི་བཤད་པའོ།།

མུ་སྟེགས་པའི་འདོད་ཚུལ་དང་དེ་འགོག་པའི་ལེའུ།

སྐབས་གཉིས་པ་ནི་ཕྱི་རོལ་མུ་སྟེགས་པའི་གྲུབ་མཐའི་འདོད་ཚུལ་དང་དེ་དག་འགོག་ཚུལ་ཏེ།ཆོས་ཀྱི་དབྱིངས་ལ་མངའ་བརྙེས་པའི།།ཀླུ་སྒྲུབ་དང་ནི་འཕགས་པ་ལྷ།།སྟོང་ཉིད་སྨྲ་བའི་སེང་གེའི་སྒྲ།།ཟླ་བ་གྲགས་པའི་ཞབས་ལ་འདུད།།རྗེས་སུ་དཔག་པ་གཙོར་བྱེད་པའི།།དམུས་ལོང་ལྟ་བུའི་རྟོག་གེ་བ།།རང་དང་གཞན་གྱི་སྡེ་བ་ཡི།།ལོག་པར་རྟོག་པ་བསལ་བར་བྱ།།ཞེས་ཤླཽ་ཀ་ཐ་མ་འདིས་ཐོག་མར་བཤད་བྱའི་ཆོས་དགོད་པ་སྟེ་གཤམ་དུ་འཆད་འགྱུར་གྱི་ལེའུའི་ལུས་མདོར་བསྟན་ལྟ་བུ་ཡིན།འདིར་ཟླ་བ་གྲགས་པ་ལ་མཆོད་པར་བརྗོད་པས་ཟླ་བའི་གཞུང་གི་རྗེས་འབྲང་པ་ཞིག་ཡིན་པར་ངེས་ལ།ཟླ་བ་དང་ལེགས་ལྡན་གཉིས་ལས་ཕྱི་མ་ཟླ་གྲགས་ཡིན་པས་ལེགས་ལྡན་འབྱེད་གཞུང་འདིའི་རྩོམ་པ་པོ་ཡིན་མི་སྲིད།ལྟ་བའི་ཕྲེང་བ་སུམ་བརྒྱ་དྲུག་ཅུ་རྩ་གསུམ་དང་།ལྟ་བ་དྲུག་ཅུ་རྩ་གཉིས་དང་།འཇིགས་ཚོགས་ཀྱི་རི་བོ་ཉི་ཤུ་དང་།བྱེད་པའི་སྐྱེས་བུ་བཅུ་གཉིས་དང་།བདག་ཏུ་སྨྲ་བ་བཅུ་གཉིས་དང་།ལྟ་བ་ལྔ་དང་།ལྟ་བ་གསུམ་དང་།ལྟ་བ་གཉིས་སོ།།ཞེས་སོགས་ལྟ་ངན་སུམ་བརྒྱ་དྲུག་ཅུ་རྩ་གསུམ་ངོས་བཟུང་ལ།སྔོན་གྱི་མཐའ་ལ་བརྟེན་པ་སོགས་ལྟ་ངན་དྲུག་ཅུ་རྩ་གཉིས་སོགས་ཀྱང་ངོས་འཛིན་བྱས་ཡོད།༡བདག་དང༢རྫས་དང༣གཙོ་བོ༤སྲོག།༥སེམས་ཅན༦དུས་དང༧སྐྱེས་བུ་དང་།།༨གང་ཟག༩གཙོ་བོ༡༠རྡུལ་ཕྲན༡༡ལས།།༡༢ཚངས་པ༡༣ཁྱབ་འཇ྄ུག༡༤དབང་ཕྱུག་ཆེ།།ཞེས་སོགས་ཏེ།དེ་ལ༡བདག་གི་ངོས་འཛིན་དང་།༢བྱེ་བྲག་པས་འདོད་པའི་རྫས་ལ་ཚིག་དོན་དྲུག་གི་འཇོག་ཚུལ་དང་།༣གཙོ་བོ་སྟེ་གྲངས་ཅན་པས་འདོད་པའི་དེ་ཉིད་ཉི་ཤུ་རྩ་ལྔའི་ངོས་འཛིན་དང་།༤སྲོག་ཅེས་བྱ་བ་ནི་གཅེར་བུ་པ་དག་གིས་བརྟགས་པའི་ཚིག་གི་དོན་དགུ་སྟེ།སྲོག་དང་།ཟག་པ་དང་།སྡོམ་པ་དང་།རེག་པར་དགའ་བ་དང་།འཆིང་བ་དང་།ལས་དང་།སྡིག་པ་དང་།བསོད་ནམས་དང་།ཐར་པ་ཞེས་བྱ་བ་དག་གོ།ཞེས་དང་།༥སེམས་ཅན་ཞེས་བྱ་བ་ནི་རྒོལ་བ་པོའི་གཞུང་གིས་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པའི་དངོས་པོ་ནི་སེམས་ཅན་ཞེའམ།འགྲོ་བ་རྣམས་སུ་སྦྱོར་བའི་དོན་གྱིས་སེམས་ཅན་ཞེས་བྱའོ།།ཞེས་དང་།༦དེ་ལ་དུས་རྒྱུར་སྨྲ་བ་དག་ནི་ས་བོན་ལ་སོགས་པ་དང་།དེ་དག་གི་རྐྱེན་ས་དང་།ཆུ་དང་།མེ་དང་།རླུང་དག་ཡོད་དུ་ཟིན་ཀྱང་།མྱུ་གུ་ལ་སོགས་པ་ལན་འགའ་འབྱུང་བར་སྣང་བའི་ཕྱིར་དུས་འདི་ཉིད་འཇིག་རྟེན་མ་ལུས་པའི་སྐྱེ་བའི་རྒྱུ་ཡིན་ནོ་ཞེས་ཟེར་རོ།།ཞེས་དང་།༧སྐྱེས་བུ་རྒྱུར་འདོད་པ་དག་ཀྱང་སྐྱེས་བུ་ཉིད་འཇིག་རྟེན་གསུམ་པོ་མ་ལུས་པའི་ཁུངས་སུ་རྒྱུ་ཡིན་ཏེ།འདི་སྐད་དུ།བ་ནི་བ་སྦ་རྣམས་ཀྱི་ཡིན།།ཆུ་ཤེལ་ཆུ་རྣམས་ཇི་བཞིན་དང་།།བླག་ཤ་ཡལ་ག་རྣམས་ཀྱི་བཞིན།།དེ་ནི་ལུས་ཅན་ཀུན་གྱི་རྒྱུ།།ཞེས་བྱ་བ་མངོན་པར་ཞེན་ཏོ།།ཞེས་དང་།༨གང་ཟག་ཅེས་བྱ་བ་ནི་གནས་མ་བུའི་སྡེ་པའི་གཞུང་ལས།ཡང་དང་ཡང་དུ་འགྲོ་བ་ལེན་པས་ན་གང་ཟག་ཅེས་སོ།།ཞེས་དང་།༩གཙོ་བོ་རྒྱུར་སྨྲ་བ་དག་ནི་ཚངས་པ་ལ་སོགས་པ་དང་།མྱུ་གུའི་མཐར་ཐུག་པ་བདེ་བ་དང་།སྡུག་བསྔལ་དང་།གཏི་མུག་གི་བདག་ཉིད་ཅན་འགྲོ་བ་མཐའ་དག་སྐྱེ་བའི་རྒྱུ་ནི་གཙོ་བོ་ཞེས་བྱ་བ་ཡིན་པར་སེམས་སོ།།ཞེས་དང་།༡༠དེ་བཞིན་དུ་རྡུལ་ཕྲ་རབ་རྒྱུར་འདོད་པ་དག་ཀྱང་།རྡུལ་ཕྲ་རབ་ཀྱིས་བརྩམས་པའི་ས་ལ་སོགས་པ་ནི་རྫས་སུ་ཡོད་པ་སྟེ།རྡུལ་ཕྲ་རབ་གཉིས་པ་རིམ་གྱིས་མངོན་པར་བསྒྲུབས་པའི་འབྱུང་བ་ཆེན་པོ་ལ་སོགས་པ་དག་གི་རྒྱུ་ནི།རྡུལ་ཕྲ་རབ་རྟག་པ་དག་ཡིན་པར་སེམས་སོ།།ཞེས་དང་།༡༡ལས་རྒྱུར་སྨྲ་བ་དག་ནི་འཇིག་རྟེན་གསུམ་པོ་མ་ལུས་པ་ལས་ཀྱི་རྒྱུ་ལས་བྱུང་བ་སྟེ།ལས་ལས་ཤིན་ཏུ་འདའ་བར་དཀའ།།ཞེས་སོ།།ཞེས་དང་།༡༢ཚངས་པ་རྒྱུར་སྨྲ་བ་དག་ཀྱང་།ཐམས་ཅད་ཚངས་པའི་སྒོང་ལས་འབྱུང་བར་སེམས་སོ།།ཞེས་སོགས་ཕྱི་ནང་གི་གྲུབ་མཐའ་སྨྲ་བ་དག་གིས་འཇིག་རྟེན་སྐྱེད་བྱེད་ཀྱི་རྒྱུ་ངོས་འཛིན་བྱེད་སྟངས་མི་འདྲ་བ་སྣ་ཚོགས་ངོས་བཟུང་ཡོད།ལུགས་དེ་དག་དགག་པ་ནི།བདག་ལས་མི་སྐྱེ་གཞན་ལས་མིན།།གཉིས་ལས་མི་སྐྱེ་རྒྱུ་མེད་མིན།།རྒྱུ་ངན་པ་ལས་མི་སྐྱེ་ཞིང་།།ཀུན་རྫོབ་ཉིད་དུའང་སྐྱེ་བ་མིན།།ཞེས་སོགས་ཀྱིས་བཀག་གོ།ཡང་འདིར་དབུ་མའི་གཞུང་འགའ་ཞིག་ངོས་བཟུང་སྟེ།དབུ་མའི་རྩ་བ་རྩོད་པ་ཟློག།སྟོང་ཉིད་བདུན་ཅུ་རིགས་དྲུག་ཅུ།།རྣམ་པར་འཐག་པ་ལ་སོགས་པས།།དངོས་རྣམས་སྐྱེ་མེད་ཤེས་པར་བྱ།།ཞེས་དེ་དག་ལ་ཞལ་འཕངས་མཛད་དེ་དབུ་མའི་དེ་ཁོ་ན་ཉིད་རྟོགས་དགོས་པར་གསུངས།ཀུན་རྫོབ་འཁྲུལ་བའི་ཤེས་རབ་ཀྱི་སྐབས་ཏེ་གཉིས་པའི་བཤད་པའོ།།

ཐེག་པ་འོག་མའི་འདོད་ཚུལ་དང་དེ་འགོག་པའི་ལེའུ།

སྐབས་གསུམ་པ་ནི་བདེན་པ་བཞི་སོགས་ཐེག་པ་འོག་མའི་གཞུང་ལས་རྫས་སུ་ཡོད་པ་དང་འབྲས་བུ་རྣམ་མཁྱེན་ཐོབ་པར་གསུངས་པ་སོགས་དྲང་དོན་ཡིན་པར་བསྟན་པ་སྟེ།གསུང་གི་ཉི་མ་ཤར་མོད་ཀྱི།།འོན་ཀྱང་དམན་པའི་རིགས་ཅན་ཡིན།།བྱིས་པ་བློ་གྲོས་ངན་པ་དག།འཁོར་བའི་གནས་ནས་དྲང་བར་མཛད།།དངོས་པོའི་གདོན་གྱིས་བརླམས་པ་ཡི།།ཟབ་མོའི་ཚུལ་གྱིས་སྐྲག་པ་རྣམས།།རིམ་གྱིས་བྲིད་པར་བྱ་བའི་ཕྱིར།།ཕུང་བོ་ལ་སོགས་ཆོས་རྣམས་གསུངས།།ཞེས་ཤླཽ་ཀ་འདི་གཉིས་ནི་སྐབས་འདིའི་བཤད་པའི་གཞི་དགོད་པའི་ལུས་མདོར་བསྟན་ཡིན་ལ།དེ་ལ་བདག་ཅག་དབུ་མ་པའི་བློའི་མདུན་དུ་གཟུགས་མ་གྲུབ་པ་བཞིན་དུ་ཕུང་བོ་གཞན་དང་།སྐྱེ་མཆེད་དང་ཁམས་རྣམས་ཀྱང་རྫས་སུ་གྲུབ་པ་མ་ཡིན་ནོ།།ཀུན་རྫོབ་ཏུ་བརྟགས་པའི་དངོས་པོ་ཙམ་དུ་ནི་ཡོད་དོ།།ཞེས་དོན་དམ་པར་མེད་ལ་ཀུན་རྫོབ་ཏུ་ཆོས་རྣམས་ཀྱི་རྣམ་གཞག་འཐད་པའི་ཚུལ་བསྟན་ལ།འདིའི་དོན་རྒྱས་པར་སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས་མཛད་པའི་དབུ་མ་ཕུང་པོ་ལྔ་པ་དང་།བདག་གིས་བཀོད་པ་རྟོག་གེ་འབར་བ་ལ་སོགས་པར་བལྟ་བར་བྱའོ།།ཞེས་དབུ་མ་ཕུང་པོ་ལྔ་པདཔལ་ལྡན་ཟླ་བ་གྲགས་པས་བརྩམས་པ་དང་དེར་བལྟ་དགོས་པར་གསུངས།འདིར་ཆེས་དོ་སྣང་མ་བྱས་ཐབས་མེད་ཅིག་ནི་བདག་གིས་བཀོད་པ་རྟོག་གེ་འབར་བ་ཞེས་པ་སྟེ།གཞུང་འདིའི་རྩོམ་པ་པོ་དང་རྟོག་གེ་འབར་བའི་རྩོམ་པ་པོ་གཉིས་སློབ་དཔོན་གཅིག་ཡིན་པའི་ཟོལ་འདུག་མོད།སྤྱིར་གཞུང་འདི་དང་རྟོག་གེ་འབར་བ་གཉིས་བདེན་གཉིས་ཀྱི་གཞི་རྩའི་ལྟ་གྲུབ་ཀྱི་རྣམ་གཞག་བསྟན་ཚུལ་མི་འདྲ་ལ།དེ་བས་བདག་གིས་བཀོད་པ་ཞེས་དབུ་མ་སྙིང་པོ་དང་དེའི་འགྲེལ་པ་རྟོག་གེ་འབར་བའི་མཛད་པ་པོ་གཉིས་གཅིག་ཡིན་པར་བསྟན་པ་ནི་ཆེད་དུ་བཀོད་པ་ཡིན་པ་འདྲ།ཡང་ན་བདག་གིས་བཀོད་པ་ཞེས་པའི་གོ་དོན་ནི་བདག་གིས་བཀོད་པ་ནང་བཞིན་རྟོག་གེ་འབར་བ་ལས་ཀྱང་འབྱུང་ཞེས་པའི་དོན་ནམ་སྟེ།དེའི་ཚུལ་ནི།རྟོག་གེ་འབར་བ་ལས།བདེ་བར་གཤེགས་པས་ཇི་སྐད་དུ།།སྲིད་གསུམ་བཏགས་པ་ཉིད་ཙམ་སྟེ།།དངོས་པོའི་ངོ་བོར་ཡོད་མ་ཡིན།།བཏགས་པ་དངོས་པོའི་དངོས་ཉིད་དུ།།ངན་རྟོག་རྣམས་ནི་རྟོག་པར་བྱེད།།ཅེས་དང་།དེ་བཞིན་དུ།གཟུགས་ནི་དབུ་བ་རྡོས་པ་འདྲ།།ཚོར་བ་ཆུ་བུར་དག་དང་མཚུངས།།འདུ་ཤེས་སྨིག་རྒྱུ་འདྲ་བ་སྟེ།།འདུ་བྱེད་རྣམས་ནི་ཆུ་ཤིང་བཞིན།།རྣམ་ཤེས་སྒྱུ་མ་ལྟ་བུ་ཞེས།།དེ་ཉིད་གཟིགས་པས་བཀའ་བསྩལ་ཏོ།།ཞེས་གསུངས་ལ།འདི་ལས་ཀྱང་།བཅོམ་ལྡན་འདས་ཀྱིས་ཀྱང་།སྲིད་གསུམ་བཏགས་པ་ཙམ་ཉིད་དེ།།དངོས་པོའི་ངོ་བོར་ཡོད་པ་མིན།།བཏགས་པ་དངོས་པོའི་དངོས་ཉིད་དུ།།ངན་རྟོག་རྣམས་ནི་རྟོག་པར་བྱེད།།ཅེས་གསུངས་སོ།།ཡང་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ།གཟུགས་ནི་དབུ་བ་རྡོས་པ་འདྲ།།ཚོར་བ་ཆུ་ཡི་ཆུ་བུར་འདྲ།།འདུ་ཤེས་སྨིག་རྒྱུ་འདྲ་བ་སྟེ།།འདུ་བྱེད་རྣམས་ནི་ཆུ་ཤིང་བཞིན།།རྣམ་པར་ཤེས་པ་སྒྱུ་མ་ལྟར།།ཉི་མའི་གཉེན་གྱིས་གསུངས་པ་ཡིན།།ཞེས་གསུངས་སོ།།ཞེས་དེ་མ་ཐག་ཏུ་བདག་གིས་བཀོད་པ་དེ་ཉིད་ཀྱི་ཤེས་བྱེད་དུ་རྟོག་གེ་འབར་བ་ལ་སོགས་པ་ལས་ཀྱང་འབྱུང་བས་དེར་བལྟ་བར་བྱ་ཞེས་ཞལ་འཕངས་མཛད་པ་ཡིན་ནམ་སྙམ་སྟེ།རྟོག་གེ་འབར་བ་ལས་ཇི་སྐད་དྲངས་པ་འདིར་དེ་སྐད་བཀོད་པར་ངེས་ལ།དེ་བས་བདག་གིས་བཀོད་པ་ལྟར་རྟོག་གེ་འབར་བ་སོགས་ལས་ཀྱང་འབྱུང་ཞེས་པའི་དོན་དུ་སྣང་སྟེ་ལོ་ཙཱ་པའི་འགྱུར་སྐྱོན་ཞིག་བྱུང་ཨེ་ཡོད་དམ།མ་གཞི་ལེགས་སྦྱར་དཔེ་ད་ལྟ་བཞུགས་ཡོད་ཚེ་ངེས་པར་དཔྱད་འོས་པ་ཞིག་ཏུ་འཁུམས་སོ།།འདི་ལ་དེང་གི་མཁས་པ་ལོ་ཆེན་བཞག་པ་རིན་པོ་ཆེ་དང་འབྲས་ལྷ་རམས་པ་ཟླ་བ་ཚེ་རིང་རིགས་པ་སྨྲ་བ་རྒན་དགྲ་ལྷ་བཅས་ཀྱིས་ཀྱང་དཔྱད་པ་སོ་སོར་བཏང་ཡོད་པས་གཟིགས་པར་འཚལ།འདིར་སྨྲས་པ།ཁྱེད་ཀྱིས་སྨྲས་པ་དེ་ལ་ཁ་ཅིག་ནི་བདེན་པ་ཉིད་དེ་འདི་ལྟར་འཁོར་བའི་སྡུག་བསྔལ་ལས་འབྱིན་པར་བྱེད་པ་དང་།ཉོན་མོངས་པའི་སྒྲིབ་པ་སྤོང་བར་བྱེད་པ་དང་།གང་ཟག་གི་བདག་མེད་རྟོགས་པའོ།།འདི་ལྟར་ཤེས་བྱའི་སྒྲིབ་པ་ནི་སྤོང་བར་མི་ནུས་ཏེ།ཤེས་རབ་གྱི་ཕ་རོལ་ཏུ་ཕྱིན་པ་རྟོགས་པ་དང་བྲལ་བའི་ཕྱིར་རོ།།ཞེས་བདེན་བཞི་རྟོགས་པའི་ཤེས་རབ་ཀྱིས་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་ཡང་ཐོབ་པར་འོག་མ་དག་གིས་འདོད་པ་ལ།ལན་འདི་ལྟར་བརྗོད་དེ།བདེན་བཞི་རྟོགས་པའི་བློས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྟོགས་པ་དང་བྲལ་བས་ཤེས་སྒྲིབ་སྤོང་མི་ནུས་ལ།དེ་བས་དེ་ལྟར་གསུངས་པ་ཐམས་ཅད་དྲང་དོན་དུ་བཀྲལ་བར་མཛད་དོ།།ཚུལ་འདི་ནི།སྲེད་དེ་ཉོན་མོངས་ཅན་མིན་ཡང༌།།ཀུན་རྨོངས་བཞིན་དུ་ཅི་སྟེ་མེད།།ཚོར་བའི་རྐྱེན་གྱིས་སྲེད་པ་ཡིན།།ཚོར་བ་དེ་དག་ལ་ཡང་ཡོད།།དམིགས་པ་དང་ནི་བཅས་པའི་སེམས།།འགའ་ཞིག་ལ་ནི་གནས་པར་འགྱུར།།སྟོང་ཉིད་དང་ནི་བྲལ་བའི་སེམས།།འགགས་པ་སླར་ཡང་སྐྱེ་འགྱུར་ཏེ།།ཞེསསྲེད་པ་ལ་ཕྲ་རགས་གཉིས་སུ་ཕྱེས་པའི་ལུགས་དང་འདྲ་བ་སྟེ།དེ་སྤོང་བྱེད་ཀྱི་ལམ་མཐར་ཐུག་པ་ལའང་ཆོས་རང་བཞིན་མེད་རྟོགས་ཀྱི་བློ་དགོས་པར་གསུངས་པ་དང་མཚུངས་པས་སོ།།དེ་བས་ན་དྲང་བའི་དོན་ཡིན་ཏེ།བཅོམ་ལྡན་འདས་ཀྱི་ཞལ་ནས།ཐབས་དང་མི་ལྡན་ཡེ་ཤེས་དང་།།བསླབ་པ་དག་ཀྱང་བསྟན་པ་ནི།།དཔའ་བོ་ཆེན་པོས་ཉན་ཐོས་རྣམས།།དེ་ལ་གཟུད་པའི་ཕྱིར་བཤད་དོ།།ཞེས་གསུངས་པ་ཡིན་ནོ།།ཞེས་ཐབས་ཤེས་ཡ་བྲལ་བའི་བསླབ་པ་བསྟན་ནས་གྲོལ་བར་གསུངས་པ་ནི།ཉན་ཐོས་ཀྱི་རིགས་ཅན་འགའ་ཞིག་རྗེས་སུ་བཟུང་བའི་ཕྱིར་བསྟན་པས་ངེས་དོན་སྒྲ་ཇི་བཞིན་པ་མིན་པར་གསུངས་སོ།།འདིར་འཕགས་པ་ཀླུ་སྒྲུབ་ཀྱི་ཡོན་ཏན་ལྔ་བརྗོད་པ་སྟེ།སྒྲ་དང་།གཏན་ཚིགས་དང་།གསོ་བ་དང་།བཟོ་རིག་པ་སྟེ་བཞི་དང་།བདག་དང་གཞན་གྱི་གྲུབ་མཐའ་ཐོས་པའི་ཕ་རོལ་ཏུ་སོན་པ་རྣམས་སོ།།དྲང་བའི་དོན་གྱི་ཡང་དག་པའི་ཀུན་རྫོབ་ཀྱི་ཤེས་རབ་ཀྱི་སྐབས་ཏེ་གསུམ་པའི་བཤད་པའོ།།

སེམས་ཙམ་པའི་འདོད་ཚུལ་དང་དེ་འགོག་པའི་ལེའུ།

སྐབས་བཞི་པ་ནི་སེམས་ཙམ་པའི་འདོད་པ་འགའ་ཞིག་འགོག་པ་སྟེ།ཕྱི་རོལ་མེད་ཅིང་སེམས་ཙམ་དུ་གསུངས་པ་དང་།རང་རིག་འདོད་པ་སོགས་ལས།དེ་ཡང་ཐེག་ཆེན་རིགས་ཅན་ཡིན་མོད་ཀྱི།།འོན་ཀྱང་མི་ཤེས་སྒྲིབ་པ་ཅན།།བློ་གྲོས་འབྲིང་དང་ལྡན་པ་ཡི།།བྱིས་པ་དེ་དག་བྲིད་པའི་ཕྱིར།།སེམས་ཙམ་ཉིད་དུ་གསུངས་པ་དེ།།བྱེད་པོ་ཟ་བོ་དགག་ཕྱིར་ཡིན།།ཤེས་རབ་མེད་པའི་ཐབས་རྒྱས་པ།།ཐམས་ཅད་ཁྱེན་པས་དྲང་དོན་གསུངས།།ཞེས་བཤད་པའི་གཞི་དགོད་པ་སྟེ།འཕགས་པ་ལང་ཀར་གཤེགས་པ་ལས།རང་གི་སེམས་ཉིད་སྣང་བའི་དབྱིངས།།མི་རྣམས་ལ་ནི་ཕྱི་རོལ་སྣང་།།ཕྱི་རོལ་སྣང་བ་དེ་མེད་དེ།།དེ་ཡི་ཕྱི་རོལ་ཡང་དོན་མེད།།ཅེས་བྱ་བ་ལ་སོགས་པ་མང་དུ་གསུངས་སོ།།འཇིག་རྟེན་ལས་འདས་པའི་ལེའུ་ལས་ཀྱང་།ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པོ་ནི་སེམས་ཙམ་མོ་ཞེས་གསུངས་སོ།།དེ་བཞིན་དུ་འཕགས་པ་རྒྱན་སྟུག་པོའི་མདོ་དང་།འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོ་དང་།ཆོས་ཆེན་པོའི་མེ་ལོང་གི་མདོ་ལ་སོགས་པ་ལས་ཆོས་ཐམས་ཅད་སེམས་ཉིད་དུ་གསུངས་པ་ནི་ཕྱི་རོལ་གྱི་ཡུལ་རྣམ་པ་ཐམས་ཅད་དུ་དགག་པར་ནི་མི་མཛད་ཀྱི།འདི་ལྟར་བྱེད་པ་དེ་དང་།ཟ་བ་པོ་དག་དགག་པ་དེ་ལྟ་བུའི་ཐབས་བཀོད་པར་མཛད་དེ།ཇི་སྐད་དུ།འཕགས་པ་ས་བཅུ་པའི་མདོ་ལས།ཞེས་སོགས་ལང་གཤེགས་དང་།དགོངས་འགྲེལ་ལ་སོགས་པས་སེམས་ཙམ་དུ་གསུངས་པའང་ཕྱི་རོལ་དགག་པ་མིན་པར་བྱེད་པ་པོ་གཞན་དགག་པའི་ཕྱིར་བསྟན་པར་གསུངས་པ་སྟེ།སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་བཀྲལ་ཚུལ་དང་ཅུང་མཐུན་པར་སྣང་སྟེ།ལང་གཤེགས་ཀྱི་ཕྱི་རོལ་འགོག་པའི་ལུང་དང་ས་བཅུ་པའི་མདོ་ལས་ཁམས་གསུམ་སེམས་ཙམ་དུ་གསུངས་པ་གཉིས་ཀས་ཕྱི་རོལ་འགོག་པ་མདོ་གཉིས་ཀྱི་དོན་མིན་པར་བཀྲལ་བ་དང་མཚུངས་པས་སོ།།དཔལ་ལྡན་ཟླ་བས་ནི་མདོ་སྔ་མ་གཉིས་ཀྱིས་ཕྱི་རོལ་བཀག་ཅིང་དེ་དྲང་དོན་ཡིན་པ་དང་ས་བཅུ་པའི་མདོས་ཕྱི་རོལ་མི་འགོག་པར་གསུངས་པའི་ཚུལ་དང་མི་མཐུན།འོན་ཏེ་ས་བཅུ་པའི་མདོ་ལས་རྟེན་འབྲེལ་ལུགས་འབྱུང་ལྡོག་གསུངས་པའི་རིགས་པས་དགག་ཕྱོགས་ཀྱིས་བྱེད་པ་པོ་གཞན་མུ་སྟེགས་ཅན་གྱི་འདོད་པ་དགག་པ་དང་།སྒྲུབ་ཕྱོགས་ཀྱིས་སེམས་གཙོ་བོ་ཉིད་དུ་བསྟན་པར་འདོད་པར་ས་བཅུ་པའི་ལུང་གིས་ལང་གཤེགས་ཀྱི་མདོ་སོགས་ལས་བཤད་པ་དྲང་དོན་དུ་བསྒྲུབས་པས་ཤེས།དེའི་ཕྱིར།དེ་བས་ན་གཞན་མུ་སྟེགས་ཅན་དག་གིས་རྣམ་པར་ཤེས་པ་ལས་གཞན་གྱི་བྱེད་པ་པོ་དང་།ཟ་བ་པོ་ཡོད་པར་བརྟགས་པ་སེལ་བར་མཛད་པས་སངས་རྒྱས་དང་།བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཙམ་ཞེས་བསྟན་པ་མཛད་པ་ཡིན་གྱི།ཕྱི་རོལ་གྱི་ཡུལ་བསལ་བའི་ཕྱིར་ནི་མ་ཡིན་ནོ།།ཞེས་སོ།།དེ་ནས་སེམས་ཙམ་པ་ལ་རྣམ་པ་དང་བཅས་པར་སྨྲ་བ་དང་།རྣམ་པ་མེད་པར་སྨྲ་བ་གཉིས་ཀྱིས་ཁ་ཚོན་བཅད་ནས་ལུགས་དེ་གཉིས་ཀྱི་འདོད་པ་རྒྱས་པར་བཀག་ཡོད།རང་རིག་པ་ཞེས་བྱ་བ་དང་།བདག་ཅེས་བྱ་བ་མིང་སོ་སོར་བཏགས་པ་ཙམ་མོ།།ཆོས་བདག་མེད་པ་ཡང་མ་རྟོགས་ཏེ།འདི་ཉིད་བདག་ཏུ་འཛིན་པ་ཆེན་པོ་ཡིན་པས་སོ།།ཞེས་སོགས་རང་རིག་དགག་པ་དང་།བློ་གྲོས་འབྲིང་བོ་དག་གིས་ཀྱང་སྨྲ་བ་བསྒྲུབ་བྱ་སངས་རྒྱས་ཀྱང་ངེད་ཀྱི་ལུགས་ལ་ཡོད་དེ།བཅོམ་ལྡན་འདས་ཀྱི་ཞལ་སྔ་ནས།འདུ་ཤེས་ཙམ་ཡང་སྤང་བའི་ཕྱིར།།རང་གི་ངོ་བོ་བརྗོད་དུ་མེད།།ཤེས་རབ་རང་རིག་ཙམ་ལ་ནི།།དེ་ལ་དེ་བཞིན་གཤེགས་ཞེས་བྱ།།ཞེས་གསུངས་པས་སོ།།དེ་ལྟར་ན་སེམས་ཙམ་པའི་ལུགས་འདི་ལས་ཡེ་ཤེས་ལྔ་དང་སྐུ་གསུམ་སོགས་འགྲུབ་པ་མེད་ཀྱང་དེ་ལྟར་གསུངས་པ་དྲང་དོན་དུ་བཅོམ་ལྡན་འདས་རང་ཉིད་ཀྱིས།ཇི་ལྟར་ནད་པ་ཞེས་སོགས་དང་།འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང་བསྒྲུབས་པས་དེ་ལྟར་བཀྲལ་བ་ལེགས་པར་བཀྲལ་བ་ཡིན་པར་གསུངས་སོ།།དྲང་བའི་དོན་གྱི་ཡང་དག་པའི་ཀུན་རྫོབ་ཀྱི་ཤེས་རབ་གཉིས་པའི་སྐབས་ཏེ་བཞི་པའི་བཤད་པའོ།།

དབུ་མ་པ་རང་གི་ལུགས་ཀྱིས་བདེན་གཉིས་འཇོག་ཚུལ།

སྐབས་ལྔ་པ་ནི་དབུ་མ་པ་རང་གི་ལུགས་ཀྱིས་བདེན་གཉིས་འཇོག་ཚུལ་དང་དེ་དག་གི་ཤེས་བྱེད་མཁས་པ་སྔ་མའི་ལུང་འདྲེན་པ་སྟེ།དེ་ཡང་འཕགས་པ་ཀླུ་སྒྲུབ་འཕགས་པ་ལྷ།།ཟླ་བ་གྲགས་པར་ཕྱག་བྱས་ནས།།རྗེ་བཙུན་དག་གི་གསུང་བཞིན་དུ།།བདེན་པ་གཉིས་ལ་འཇུག་པར་བྱ།།སྐྱེ་བ་གྲངས་མེད་དེ་དང་དེར།།ལེགས་པར་སྦྱངས་པའི་བདག་ཉིད་ཅན།།བློ་གྲོས་བཟང་བོ་དེ་དག་ལ།།ཐམས་ཅད་མཁྱེན་པས་ངེས་དོན་གསུངས།།ཞེས་སྐབས་འདིའི་བཤད་བྱའི་ཆོས་དགོད་པ་སྟེ།དབུ་མ་པའི་རང་ལུགས་ཀྱིས་བདེན་གཉིས་འཇོག་ཚུལ་གསལ་པོར་བསྟན་ཡོད།སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས་ཀྱང་།ཟད་དང་ཆགས་བྲལ་མྱ་ངན་འདས།།འགོག་དང་སྟོང་པ་ཉིད་ཞི་བ།།དེ་བཞིན་ཉིད་ཀྱི་ཆོས་རྣམས་ཀྱི།།རང་གི་ངོ་བོ་ཡིན་ཞེས་བཤད།།ཅེས་གསུངས་སོ།།ཞེས་ཟླ་བ་གྲགས་པའི་ལུང་ཚན་གཅིག་དྲངས་ལ།རྟོག་བཅས་རྟོག་པ་མེད་པ་ཡི།།ཤེས་པ་གཉིས་ཀྱིས་འདི་མི་རྟོགས།།སྒྲ་དང་ཚད་མའི་ཐ་སྙད་དག།དེ་དོན་བསྒོམ་ལ་དགོས་པ་མེད།།ཕ་རོལ་རྒོལ་བ་བཟློག་པ་དང་།།བསྟན་བཅོས་ཆེན་པོའི་དུས་དག་ཏུ།།སྔོན་གྱི་མཁས་པས་བཀོད་པ་བཞིན།།སྒྲ་དང་ཚད་མའང་སྨྲ་བར་བྱ།།ཞེས་སྒྲ་དང་ཚད་མ་དག་ལ་སྦྱང་བ་སྤྱིར་དགོས་པ་མེད་ཀྱང་ཕ་རོལ་རྒོལ་བ་བཟློག་ཕྱིར་བསླབ་དགོས་པར་ཡང་གསུངས།བཤད་ཚུལ་འདི་གོང་དུ་བཀོད་པ་ལྟར་མཉམ་མེད་ཇོ་བོ་རྗེས་བདེན་གཉིས་སུ་གསུངས་ཚུལ་དང་ཤིན་ཏུ་མཐུན་ཞིང་།གཞུང་འདི་དང་བདེན་གཉིས་བཀླགས་པའི་མྱོང་ཚོར་ལས་འདི་གཉིས་ཀྱིས་བརྗོད་དོན་གྱི་ཆ་ལ་ཧ་ཅང་འབྲེལ་བ་དམ་ཟབ་ཅིག་ཡོད་པ་ཚོར་ཡང་ཟུར་དུ་དཔྱད་པར་སྤྲོ་བས་འདིར་མི་དགོད།སྔོན་གྱི་མཁས་པས་བཀོད་ཅེས་པ་དེ།འོག་ཏུ་དྲངས་པའི་ཆོས་ཀྱི་གྲགས་པའི་ལུང་ལ་ཡིན་པར་ངེས་མོད།ཇོ་བོའི་བདེན་གཉིས་སུའང་ཚུལ་འདི་དང་འདྲ་བའོ།།དཔལ་ཀམ་པ་ལས་ཀྱང་།ཞེས་པ་འདི་སུ་ཡིན་མིན་དང་ལོ་ཚིགས་ནམ་ཡིན་བརྟགསློབ་དཔོན་ཕྱོགས་ཀྱི་གླང་པོས་ཀྱང་།འདི་ན་མྱ་ངན་འདས་ལམ་གྲོང་ཁྱེར་དུ།།དེ་བཞིན་གཤེགས་པའི་གསུང་གི་ཉི་མའི་འོད་ཅན་གྱིས།།བདག་མེད་ཤེས་པའི་འཕགས་པ་སྟོང་ཕྲག་འཇུག།བློ་གྲོས་རྩིང་བ་དག་གི་ཡུལ་མ་ཡིན།།ཞེས་དང་།རིགས་པ་ཤེས་པ་རྣམས་ཀྱི་མཆོག་རྟོག་གེ་པ་རྣམས་ཀྱི་གཙུག་གི་ནོར་བུར་གྱུར་པ་དྷརྨ་ཀཱིརྟིས་ཀྱང་།དེ་ཉིད་དོན་ནི་ཚོལ་འདོད་པས།།རྗེས་དཔག་གཏན་ཚིགས་བསྟེན་མི་བྱ།།ལེགས་པར་བསྒོམས་པས་མྱོང་འགྱུར་གྱི།།དེ་ཡིས་རང་རིག་རྟོགས་པ་མིན།།དེ་ཉིད་དོན་གྱི་སྙིང་པོ་ནི།།རྗེས་དཔག་ཤེས་པས་ཉམས་མྱོང་མིན།།བླ་མ་བཟང་པོ་བསྟེན་བྱས་ནས།།བསྒོམས་པས་ཉམས་སུ་མྱོང་བར་འགྱུར།།བདག་གཞན་སྡེ་བ་མ་ལུས་པ།།ལོག་པའི་ལམ་དུ་ཞུགས་མཐོང་དང་།།དེ་དག་བདག་ལའང་སྡང་བས་ན།།རྗེས་སུ་དཔག་པའང་སྨྲ་བར་བྱ།།ཞེས་དང་།ཕྱི་རྟེན་ཅིང་འབྲེལ་བར་འབྱུང་བ་ཡང་རིགས་པ་ཤེས་པའི་མཆོག་དྷརྨ་ཀཱིརྟིས་ཇི་སྐད་དུ།མྱུ་གུ་སོགས་དང་སྔོན་པོ་སོགས།།ནུས་མཐོང་ཀུན་རྫོབ་འདོད་ཅེ་ན།།དེ་སྐད་ཟེར་ན་དེ་ལྟར་ཟད།།ཅེས་སོགས་ཏེ།སློབ་དཔོན་ཕྱོགས་གླང་དང་ཆོས་གྲགས་གཉིས་ཀྱི་ལུང་ཁུངས་སུ་དྲངས་པས།སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་འཕགས་པ་ཐོགས་མེད་ཀྱང་སེམས་ཙམ་དུ་རྟོག་གེ་འབར་བར་བཤད་པས་ཐོགས་མེད་ཀྱང་ཚད་མར་མི་བྱེད་ན།སློབ་དཔོན་འདི་གཉིས་ཀྱི་ལུང་ཁུངས་སུ་འདྲེན་པ་མི་རིགས་པར་སྣང་ལ།རྟོག་གེ་འབར་བ་དང་ཤེས་རབ་སྒྲོན་མ་གཉིས་སུའང་སེམས་ཙམ་གྱི་སློབ་དཔོན་དེ་དག་གི་ལུང་ཁུངས་འདྲེན་པའང་མེད་ཚོད་ཡིན་པས་འདིས་ཀྱང་རྩོམ་པ་པོ་སློབ་དཔོན་ལེགས་ལྡན་འབྱེད་མིན་པར་གྲུབ་བམ་སྙམ་མོ།།ཆོས་གྲགས་ཀྱི་ལུང་གཞན་དག་ནི་དེ་ཁོ་ན་ཉིད་གསལ་བ་ལས་འབྱུང་བར་བཤད།སློབ་དཔོན་ཟླ་བ་གྲགས་པའི་ཞལ་ནས།ཟད་དང་ཆགས་བྲལ་མྱ་ངན་འདས།།ཞེས་སོགས་འདི་ཚར་གཉིས་དྲངས་འདུགཀུན་རྫོབ་ཀྱི་བདེན་པར་སྣང་བའི་སྣང་བ་འདི་དག་ཐམས་ཅད་ཁས་བླངས་པས་དེ་དག་ལ་སྐུར་བ་བཏབ་པ་ཡང་མ་ཡིན་ནོ།།ཞེས་སོགས་དོན་དམ་པར་ཆོས་ཐམས་ཅད་མེད་ཀྱང་ཀུན་རྫོབ་ཏུ་བྱ་བྱེད་ཐམས་ཅད་འཐད་ཅིང་འཇོག་རིགས་པས་ཆད་སྨྲ་བར་མི་འགྱུར་ཚུལ་དང་།རྒོལ་བ་བརྒྱད་ཀྱི་སྐྱོན་གྱི་དྲི་མས་གོས་པར་མི་འགྱུར་ཚུལ་ཏེ།བདེན་པ་གཉིས་ཀྱི་ཚུལ་ལ་གནས་པར་བྱ་དགོས་པར་གསུངས་སོ།།ངེས་པའི་དོན་གྱི་ཡང་དག་པའི་ཀུན་རྫོབ་ཀྱི་སྐབས་ཏེ་ལྔ་པའི་བཤད་པའོ།།

རང་ལུགས་ཀྱིས་དོན་དམ་བདེན་པ་ངོས་བཟུང་བའི་ལེའུ།

སྐབས་དྲུག་པ་ནི་རང་ལུགས་ཀྱིས་དོན་དམ་བདེན་པ་ངོས་འཛིན་པའི་སྐབས་ཏེ།དེ་ལ་དོན་དམ་པའི་ཤེས་རབ་ཇི་ལྟ་བུ་ཞེ་ན།རྟོག་པའི་དྲ་བ་མ་ལུས་པ།།བསལ་བར་གྱུར་པ་གང་ཡིན་དང་།།ཞི་དང་སོ་སོར་རང་རིག་དང་།།རྣམ་རྟོག་མེད་ཅིང་ཡི་གེ་མེད།།གཅིག་དང་ཐ་དད་ཉིད་བྲལ་བ།།མཁའ་ལྟར་དྲི་མེད་དེ་ཉིད་ལ།།འཇུག་པ་མེད་པར་འཇུག་པ་ནི།།ཤེས་རབ་དོན་དམ་ཤེས་པར་བྱ།།ཞེས་སོགས་དོན་དམ་བདེན་པ་ངོས་བཟུང་བ་སྟེ།དོན་དམ་པའི་ཤེས་རབ་ཀྱི་སྐབས་ཏེ་དྲུག་པའི་བཤད་པའོ།།

ཟབ་རྒྱས་ཀྱི་ཆོས་སྟོན་པའི་སྣོད་རུང་དང་ཞི་ལྷག་སྒོམ་ཚུལ་སོགས་ཀྱི་ལེའུ།

སྐབས་བདུན་པ་ནི་སྔར་བསྟན་ཟིན་པའི་ཟབ་རྒྱས་ཀྱི་ཆོས་ལ་འཇུག་པའི་གདུལ་བྱའི་སྣོད་ངོས་བཟུང་བ་དང་ལམ་དངོས་ལ་འཇུག་པའི་སེམས་གནས་དང་ཞི་ལྷག་བསྒོམ་ཚུལ་སོགས་བསྟན་ཏེ།གཞུང་ལས།དེ་ལྟ་བུའི་ཟབ་ཅིང་རྒྱ་ཆེ་བའི་ལམ་དུ་སུ་ཞིག་འཇུག་ཅེ་ན།དཔག་མེད་སྐྱེ་བ་དེ་དང་དེར།།སྦྱང་བ་བྱས་པའི་བདག་ཉིད་ཅན།།ཕ་རོལ་ཕྱིན་དྲུག་གོམས་བྱས་པའི།།སེམས་ཅན་ཆེན་པོའི་སྤྱོད་ཡུལ་ཡིན།།ཞེས་དང་།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྟོགས་པའི་རྒྱན་ལས།སངས་རྒྱས་རྣམས་ལ་བསྙེན་བཀུར་བྱས།།དེ་ལ་དགེ་བའི་རྩ་བ་བསྐྱེད།།དགེ་བའི་བཤེས་ཀྱིས་མགོན་བྱས་པ།།འདི་ཉན་པ་ཡི་སྣོད་ཡིན་ནོ།།ཞེས་དང་།དེ་བས་ན་མགོན་པོ་བྱམས་པས་ཡང་འདི་སྐད་དུ།སངས་རྒྱས་བསྙེན་བཀུར་ཡང་དག་ཞུགས།།སྦྱིན་དང་ཚུལ་ཁྲིམས་སོགས་སྤྱོད་པས།།སྣོད་དུ་དེ་ནི་དམ་པ་བཞེད།།ཅེས་འགྱུར་མི་འདྲ་བ་ཙམ་སྟེ་མངོན་རྟོགས་རྒྱན་ལས་གསུངས་པ་བཞིན་ཐེག་པ་ཆེན་པོའི་ཟབ་རྒྱས་ཀྱི་ཆོས་སྟོན་པའི་སྣོད་ངོས་བཟུང་བ་དང་།སློབ་དཔོན་རྗེ་བཙུན་ཟླ་བ་གྲགས་པའི་ཞལ་སྔ་ནས་ཀྱང་།སོ་སོ་སྐྱེ་བོའི་དུས་ན་སྟོང་ཉིད་ཐོས།།ནང་གི་དགའ་བ་ཡང་དང་ཡང་ནི་འབྱུང་།།དགའ་བ་ལས་བྱུང་མཆི་མས་མིག་བརླན་ཞིང་།།ལུས་ཀྱི་བ་སྤུ་ལྡང་བའང་སྐྱེ་བར་འགྱུར།།གང་ཡིན་དེ་ལ་བྱང་ཆུབ་ས་བོན་ཡོད།།དོན་དམ་བདེན་པ་དེ་ལ་བསྟན་པར་བྱ།།དེ་རྟོགས་པ་ཡི་ཡོན་ཏན་དེ་ལས་འབྱུང་།།ཞེས་སོགས་དཔལ་ལྡན་ཟླ་བ་ལ་རང་གི་བླ་མ་ལྟ་བུའི་གཙིགས་མཐོང་ཆེན་པོར་བྱེད་པ་ལ་གཞིག་ན།ཟླ་བའི་སློབ་མ་ཞིག་ཀྱང་ཡིན་པར་དོགས་སོ།།སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས།ཇི་ལྟར་བཀོད་པ་རྣམས་དང་།འཕགས་པ་ཐོགས་མེད་ཀྱིས།མདོ་སྡེ་ལས་བཏུས་པའི་བསླབ་པའི་གྲངས་ངེས་པར་བྱས་པ་དེ་དག་ནི་ལས་དང་པོ་པ་བློོ་གྲོས་དམན་པ་དག་གི་ཕྱིར་འདི་ཡིན་ཏེ།ཞེས་སོགས་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀྱི་བཤད་ཚུལ་བཀོད་ནས་འཕགས་པ་ཐོགས་མེད་ཀྱི་གསུངས་ཚུལ་ལའང་འཐད་ཕྱོགས་སུ་བཟུང་ངེས།སྟོང་པ་ཉིད་སྟོན་པའི་མདོ་སྡེ་རྣམས་འཆང་བ་དང་ཀློག་འདོན་བྱས་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད་ཚུལ་དང་།འདི་ལྟར་རྩོད་པའི་རྩ་བར་གྱུར་ཅིང་།འཁྲུག་ལོང་དུ་བྱེད་པ་ནི་རྣམ་པར་རྟོག་པ་ཡིན་ལ།དེ་ཉིད་ནི་རླུང་ཡིན་ཏེ།བགྲང་བ་དང་།འགག་པ་ལ་གནས་པར་བྱའོ།།ཞེས་རྣམ་རྟོག་ནི་འཁོར་བའི་རྩ་བའམ་ཉེས་ཚོགས་ཐམས་ཅད་ཀྱི་གཏེ་བོ་རུ་ངོས་བཟུང་ལ།དེ་ཞི་བར་བྱེད་པ་ལ་ཞི་གནས་དང་ལྷག་མཐོང་བསྒོམ་དགོས་པར་བསྟན་པ་དང་།སློབ་དཔོན་ཟླ་བ་གྲགས་པའི་ཞལ་ནས།དངོས་པོ་གཉིས་ཏེ།གཟུགས་ཅན་དང་།གཟུགས་ཅན་མ་ཡིན་ནོ།།གཟུགས་ཅན་ནི་གཉིས་ཏེ།འབྱུང་བ་དང་།འབྱུང་བ་ལས་གྱུར་པའོ།།ཞེས་སོགས་ཏེ་གསལ་ལོ།།འདིའི་དོན་ཡང་སློབ་དཔོན་གྱི་ཞལ་སྔ་ནས།དབུ་མ་སྲིད་པ་འཕོ་བ་ལས་ཇི་སྐད་དུ།འཇིག་རྟེན་རྣམ་པར་རྟོག་ལས་བྱུང་།།སེམས་ཀྱང་ལུས་ལས་བྱུང་བས་ན།།དེ་ཕྱིར་ལུས་ལ་རྣམ་པར་བརྟག།ཅེས་གསུངས་པ་ཡིན་ནོ།།ཞེས་སོ།།ད་ནི་ཕྲ་བའི་རྣལ་འབྱོར་བསྟན་པར་བྱ་སྟེ།འདི་ནི་ཕྲ་བ་ཡིན་ཏེ།འདི་ལྟར་ཆོས་ཐམས་ཅད་རང་གི་སེམས་ཉིད་སྒྱུ་མ་ཙམ་སྣང་བར་འབྱུང་སྟེ།འདི་ལྟར་སེམས་སྒྱུ་མ་ཙམ་ནི་དུས་གསུམ་ལས་འདས་པ།ཞེས་སོགས་སེམས་གཙོ་བོ་ཉིད་དུ་བསྟན་ཞིང་འདིའི་དོན་ལ།འཕགས་པ་ཀླུ་སྒྲུབ་དང་།སློབ་དཔོན་འཕགས་པ་ལྷ་དང་།སློབ་དཔོན་རྗེ་བཙུན་ཟླ་བ་གྲགས་པ་ནི་འདི་སྐད་དུ་གསུངས་པ་ཡིན་ཏེ།འདི་ལྟར་ཀུན་རྫོབ་ཀྱི་བདེན་པ་ཉན་ཐོས་ཀྱི་ཚུལ་དུ་སྨྲས་པ་ནི་ཕྱི་རོལ་གྱི་དབུ་མ་རགས་པ་ཡིན་ལ།དེ་ཉིད་རང་གི་སེམས་ཙམ་དུ་གནས་པ་ནང་གི་དབུ་མ་ཞེས་བྱ་བ་ཕྲ་བ་ཡིན་ནོ་ཞེས་གསུངས་པའི་དོན་རྒྱས་པར་ནི་ཇི་སྐད་དུ།མིག་ལ་སོགས་དང་ཡུལ་རྣམས་ཉིད།།ཡེ་ཤེས་ལྔ་པོ་ཉིད་དག་སྟེ།།ཕྱི་དང་ནང་དུ་རྣམ་ཕྱེ་བ།།ཐམས་ཅད་སེམས་ལས་གཞན་མ་ཡིན།།ཞེས་དང་།སློབ་དཔོན་འཕགས་པ་ལྷའི་ཞལ་སྔ་ནས།ཕྱི་རོལ་དོན་ནི་ཡོད་མ་ཡིན།།རང་གི་སེམས་ནི་མཐོང་བར་འགྱུར།།དེ་ཡང་སྒྱུ་མར་བསྒོམ་བྱ་ཞིང་།།དེ་བཞིན་ཉིད་ཀྱང་རྗེས་དྲན་བྱ།།ཞེས་སོགས་དང་།སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས་ཀྱང་།ཇི་སྐད་དུ།དེ་བས་ན་ཕྱི་རོལ་གྱི་དངོས་པོ་ལྟ་བུ་དམིགས་སུ་མེད་ཅིང་ཡོད་པ་མ་ཡིན་ཏེ།སེམས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ་ཞེས་པ་དང་།ཡང་ཆོས་ཐམས་ཅད་སེམས་ལས་ཕྱི་རོལ་ན་མི་གནས་ཏེ།མིག་ཡོར་ཙམ་དུ་སྣང་བ་གང་ཡིན་པ་དེ་ཐམས་ཅད་ནི་རང་གི་སེམས་ཏེ།རང་གི་སེམས་ཉིད་ལས་གཞན་ཅི་ཡང་མེད་དོ་ཞེས་པ་དང་།ཡང་གསུངས་པ།སེམས་ལས་དངོས་པོ་ཐ་དད་པ་ཡོད་དོ་ཞེ་ན།ཆོས་མེད་ཅེས་བྱའོ་ཞེས་རྒྱས་པར་གསུངས་སོ།།ཞེས་སོགས་སློབ་དཔོན་འདི་གསུམ་གྱིས་སེམས་ལས་གཞན་པའི་ཆོས་མེད་པ་དང་སེམས་ཉིད་ཕྱི་རོལ་ཏུ་སྣང་བ་ཙམ་དུ་གསུངས་པའི་ལུང་འདི་དག་དྲངས་ཡོད།འདི་ནི་དབུ་སེམས་ཀྱི་གཞུང་རྣམས་ལས་ཡོངས་གྲགས་ཀྱིས་བཤད་ཚུལ་དང་མི་མཚུངས་ཏེ།འཕགས་པ་ཀླུ་སྒྲུབ་དང་འཕགས་པ་ལྷའི་དབུ་མའི་གཞུང་དུ་ཕྱི་རོལ་ཡོད་མེད་གསལ་བར་བཤད་པ་མེད་ཅེས་རྗེ་བདག་ཉིད་ཆེན་པོས་ལེགས་བཤད་སྙིང་པོ་ལས།དེ་ལ་འཕགས་པ་ཡབ་སྲས་གཉིས་ཀྱིས་ནི་ཐ་སྙད་དུ་ཕྱི་རོལ་ཡོད་མེད་གསལ་བར་བཤད་པ་མེད་ལ།ཞེས་གསུངས་ལ།དེ་བས་ལུང་ཚན་འདི་རྣམས་སློབ་དཔོན་གསུམ་གྱི་སྔགས་ཕྱོགས་ཀྱི་གཞུང་རྣམས་སུ་ཡོད་པར་ངེས་ཀྱང་བཙལ་ཁོམ་མ་བྱུང་།ཚུལ་འདི་ཡང་ཕྲ་བའི་གནས་ཞེས་སྔགས་ཕྱོགས་ལས་སྒྱུ་མ་ལྟ་བུའི་འོད་གསལ་གཉུག་མའི་སེམས་ཀྱི་ངོས་འཛིན་བྱེད་སྟངས་ཤིག་ཡིན་པར་ངེས་ཏེ།སེམས་ཙམ་པས་འདོད་པའི་ཆོས་རྣམས་སེམས་ཀྱི་བདག་ཉིད་ཙམ་དུ་གནས་པར་བཤད་པ་དེ་རང་ལུགས་སུ་མི་བཞེད་པར་གོང་དུ་བསྟན་ཟིན་པ་ལྟར་རོ།།དེ་ལྟར་ན་གཞུང་འདིའི་བྱེད་པ་པོ་ནི་མདོ་སྔགས་གཉིས་ལ་རྒྱུས་མངའ་ཡོད་ཅིང་རང་ལུགས་སུའང་ཁས་ལེན་པ་ཞིག་ཡིན་པར་སེམས་སོ།།ཕ་རོལ་རྒོལ་བ་ཟློག་པ་དང་།།བསྟན་བཅོས་ཆེན་པོའི་གཞུང་དང་ནི།།རྩོད་པ་ཆེན་པོ་བྱུང་དུས་སུ།།རིགས་པའི་དབུ་མའི་གཞུང་སྨྲ་བྱ།།དེ་ཉིད་དོན་ནི་གཙོར་བྱེད་ཅིང་།།རྣལ་འབྱོར་ཉམས་སུ་ལེན་དུས་སུ།།ཕྲ་བའི་རྣལ་འབྱོར་བསྒོམ་པར་བྱ།།ཞེས་བཤད་ཚུལ་འདིས་རིགས་པའི་དབུ་མ་དང་ཉམས་སུ་ལེན་པའི་དབུ་མའི་ཚུལ་གཉིས་ཡོད་པ་ལྟ་བུར་བརྗོད་འདུག་སྙམ།མདོ་གཞན་ལས་ཀྱང་།གླང་ཆེན་བཞུགས་ཀྱང་མཉམ་པར་བཞག།གླང་ཆེན་བཞུད་ཀྱང་མཉམ་པར་བཞག།གླང་ཆེན་མནལ་ཡང་མཉམ་པར་བཞག།གླང་ཆེན་གཟིམས་ཀྱང་མཉམ་པར་བཞག།ཅེས་སོགས་སེམས་མཉམ་པར་བཞག་དགོས་པ་དང་།དེ་བཞིན་ཉིད་ཀྱི་དབྱིངས་སུ་མ་ལུས་པ་ཐམས་ཅད་ཐ་དད་པ་མེད་ཅིང་རོ་གཅིག་པ་དེ་ནི་སངས་རྒྱས་ཞེས་བྱ་སྟེ།དེ་རྟོགས་ཕྱིར་ན་གང་ཞིག་ལ།།བློ་སྐྱེ་མེད་པ་སངས་རྒྱས་དངོས།།རྣམ་རྟོག་ཉིད་ནི་སྤངས་ཕྱིར་དང་།།རྟོག་པ་མེད་པ་རྒྱས་ཕྱིར་རོ།།ཞེས་སོགས་རྣམ་པ་མ་ལུས་པ་མཁྱེན་པའི་སངས་རྒྱས་ངོས་བཟུང་བ་དང་།སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས་ཀྱང་།མ་རིག་གཉིས་ལས་སངས་ཕྱིར་དང་།།བློ་རྒྱས་ཕྱིར་ན་སངས་རྒྱས་ཡིན།།ཞེས་གསུངས་སོ།།ཞེས་སོགས་སངས་རྒྱས་ཀྱི་སྐུ་གསུམ་དང་ཡོན་ཏན་དུ་མ་དང་མཛད་པ་བཅུ་གཉིས་སོགས་བསྟན་ལ།འཕགས་པ་རྡོ་རྗེ་སྡེས་ནི་གཟུགས་ཀྱི་སྐུ་འོག་མིན་གྱི་སྤྱོད་ཡུལ་ཅན་ཆོས་ཀྱི་སྐུའི་གཞི་ལ་བརྟེན་པ་ནི་རྣམ་པར་སྨིན་པའི་སྐུ་ཞེས་བཤད་དོ།།འཕགས་པ་ཐོགས་མེད་ཀྱིས་ནི་དེ་ཉིད་ལོངས་སྤྱོད་རྫོགས་པའི་སྐུར་བཤད་པ།སྟོབས་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་གཞིར་གྱུར་པ་ནི་ཆོས་ཀྱི་སྐུར་བཤད།འཛམ་བུའི་གླིང་དུ་མངོན་པར་རྫོགས་པའི་བྱང་ཆུབ་པ་ནི་སྤྲུལ་བའི་སྐུར་བཤད་དོ།།ཞེས་འཕགས་པ་རྡོ་རྗེ་སྡེ་ཞེས་པ་སུ་ཡིན་མིན་མ་ཤེས་ལ།དེ་དང་འཕགས་པ་ཐོགས་མེད་ཀྱིས་གསུངས་ཚུལ་གཉིས་མི་འདྲ་བར་བཤད།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་གཉིས་སུ་མེད་ཅིང་ཐ་མི་དད་པར་གྱུར་པ་ནི་ཆོས་ཀྱི་སྐུའོ།།དེའི་བྱིན་གྱིས་བརླབས་ལས་བྱུང་བ་དེའི་གཞི་ལ་བརྟེན་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ།།དེའི་བྱིན་གྱིས་བརླབས་ལས་ངེས་པར་བྱུང་བ་གདུལ་བྱ་ལ་ཇི་ལྟར་མོས་པར་འབྱུང་བ་ནི་སྤྲུལ་བའི་སྐུ་ཡིན་ནོ།།ཞེས་རང་ལུགས་ཀྱི་ཆོས་ལོངས་སྤྲུལ་གསུམ་ངོས་བཟུང་བ་སྟེ།མདོར་ན་ཐེག་ཆེན་གྱི་ཟབ་རྒྱས་ཀྱི་ཆོས་སྟོན་པའི་སྣོད་གང་དག་ཡིན་པ་དང་ཞི་གནས་དང་ལྷག་མཐོང་བསྒོམ་ཚུལ་དང་ཤིན་ཏུ་ཕྲ་བ་ནི་གནས་སྐབས་ཀྱི་དབང་དུ་བྱས་ན་སེམས་ལས་གཞན་པའི་དངོས་པོ་ཅི་ཡང་མེད་ཚུལ་སོགས་རྒྱས་པར་བསྟན་ཏོ།།བསྒོམ་པའི་རིམ་པའི་སྐབས་ཏེ་བདུན་པའི་བཤད་པའོ།།

སློབ་དཔོན་ཀླུ་སྒྲུབ་ཀྱི་ཆེ་བ་བརྗོད་པ་དང་ལུང་བསྟན་པའི་ལེའུ།

སྐབས་བརྒྱད་པ་ནི་དེ་ལྟ་བུའི་ཟབ་རྒྱས་ཀྱི་ཆོས་སྟོན་པའི་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་ཆེ་བ་བརྗོད་པ་སྟེ།འདིར་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་ཤིང་།བྱང་ཆུབ་སེམས་དཔའ་རྣམས་ཀྱང་འཇིག་རྟེན་གྱི་ཁམས་གཞན་དུ་དེངས་པ་དང་།ལྷ་དང་ཀླུ་ལ་སོགས་པ་རྣམས་ཀྱང་།མཐོང་བའི་སྤྱོད་ཡུལ་དུ་མ་གྱུར་པ་ན།ཐེག་པ་ཆེན་པོའི་རིགས་ཅན་དག་ལ་ཟབ་ཅིང་རྒྱ་ཆེ་བའི་དོན་སུ་ཞིག་འཆད་པར་འགྱུར།སུ་ཞིག་གི་ཚིག་ལ་ཡིད་ཆེས་པར་བྱ་ཞེ་ན།འདི་ལྟར་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས།དོན་དེ་འཆད་པར་བྱེད་ཅིང་།དེའི་གསུང་ལ་ཡིད་ཆེས་པར་བྱ་སྟེ།བཅོམ་ལྡན་འདས་ཀྱིས་གཞུང་དུ་མ་ནས་ལུང་བསྟན་པའི་ཕྱིར་རོ།།འཕགས་པ་གསེར་འོད་དམ་པའི་མདོ་ལས།ལུང་བསྟན་པའི་ཚིག་ནི་མེད་ཀྱི།འདི་འོན་ཀྱང་ལི་ཙྪ་བཱི་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བས་དེ་བཞིན་གཤེགས་པའི་རང་སྲེལ་ལས་བརྩམས་ནས་ཟབ་མོ་འབའ་ཞིག་སྨྲ་བར་བྱེད་དོ།།ཞེས་སོགས་མགོན་པོ་ཀླུ་སྒྲུབ་ཀྱི་ཆེ་བ་བརྗོད་ཅིང་།གཞན་ལུང་བསྟན་པའི་ལང་གཤེགས་ཀྱི་མདོ་དང་།འཇམ་དཔལ་རྩ་རྒྱུད།དེ་བཞིན་དུ་འཕགས་པ་སྤྲིན་ཆེན་པོའི་མདོ་ལས་ཀྱང་།ལྷའི་བུ་དག་འདས་པའི་འོག་ཏུ་ལོ་བརྒྱ་ཕྲག་མང་པོ་འདས་པ་ན།ལྷོ་ཕྱོགས་ཀྱི་རྒྱུད་དུ་མཁར་གྱི་རྒྱལ་པོ་བདེ་སྤྱོད་བཟང་པོ་ཞེས་བྱ་བ་འབྱུང་བར་འགྱུར་ཏེ།དེའི་ཚེ་ལོ་བརྒྱད་ཅུན་དམ་པའི་ཆོས་ནུབ་པར་འགྱུར་བའི་ལྷག་མ་ཙམ་ལུས་པ་ན་ངའི་ཉན་ཐོས་འབྱུང་བར་འགྱུར།དམ་པའི་ཆོས་བྱིན་པར་འགྱུར།ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར།ཐེག་པ་ཆེན་པོ་གཞན་ལ་རྒྱས་པར་འཆད་པར་འགྱུར་རོ་ཞེས་པ་ནས་དགེ་སློང་དེ་ལུང་བསྟན་པ་ཉོན་ཅིགཅེས་སོགས་མགོན་པོ་ཀླུ་སྒྲུབ་ཀྱིས་རྒྱལ་པོ་བདེ་སྤྱོད་བཟང་པོ་བྱོན་ནས་ལོ་བརྒྱད་ཅུ་ནས་ཆོས་བསྟན་པར་གསུངས།དེ་ནི་ང་ལ་བརྟེན་པ་དང།ངའི་བསྟན་པ་རྒྱས་པར་བྱེད་པ་དང་།ཁུར་ཆེན་པོ་ཁྱེར་བ་དང་།ངའི་ཤཱཀྱ་གཞོན་ནུ་ཡིན་ཏེ།ང་འདས་པའི་འོག་ཏུ་ལྷོ་ཕྱོགས་ཀྱི་རྒྱུད་དུ་དྲང་སྲོང་རི་བོ་ཞེས་བྱ་བའི་ཡུལ་དུ་གྲོང་ཁྱེར་ཆེན་པོ་བསོད་ནམས་ལྡན་ཞེས་བྱ་བ་འབྱུང་བར་འགྱུར་ཏེ།གྲོང་ཁྱེར་ཆེན་པོ་དེའི་བྱང་ཕྱོགས་སུ་སྐྱེ་སྟེ།འབྲ་གོ་ཅན་གྱི་རྗེའུ་རིགས་རྣམས་རྣམ་པར་དག་པ་སྐྱེ་བར་འགྱུར་རོ།།ཞེས་སོགས་དང་།བསྐལ་བ་བཟང་པོ་དེའི་རྗེས་ལ་བསྐལ་བ་དྲུག་ཅུར་སངས་རྒྱས་མི་འབྱུང་ངོ་།།དེའི་རྗེས་ལ་སངས་རྒྱས་བདུན་འབྱུང་ངོ་།།དེ་ནས་འཇིག་རྟེན་གྱི་ཁམས་དང་བའི་འོད་ཅེས་བྱ་བར་དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བ་ལ་སོགས་པ་དང་།དེའི་མིང་ཐོས་པ་ཡང་དོན་ཆེའོ།།ཤཱཀྱ་ཐུབ་པ་གཉིས་པའོ།།ཞེས་སོགས་མགོན་པོ་ཀླུ་སྒྲུབ་སངས་རྒྱས་པའི་སངས་རྒྱས་ཀྱི་མཚན་དང་ཡུལ་སོགས་བསྟན་ལ།དེར་མ་ཟད་ཤཱཀྱ་ཐུབ་པའི་བསྟན་པ་འདི་ལ་མགོན་པོ་ཀླུ་སྒྲུབ་སངས་རྒྱས་གཉིས་པ་ལྟ་བུའི་སྐུ་དྲིན་ཆེན་པོ་ཡིན་པར་གསུངས།བློ་གྲོས་འབྲིང་བོ་རྣམས་ཀྱིས་ནི།སྔར་ཇི་སྐད་བཤད་པ་བཞིན་དུ་གནས་པས་བརྩོན་འགྲུས་དང་།དབང་བོ་རབ་ཀྱིས་བསྐལ་བ་གྲངས་མེད་གསུམ་གྱིས་སངས་རྒྱས་ཉིད་ཐོབ་ལ།དེ་ལས་གཞན་པ་ཉིད་ཀྱིས་བསྐལ་བ་གྲངས་མེད་པ་བདུན་དང་།བསྐལ་བ་གྲངས་མེད་པ་སུམ་ཅུ་རྩ་གསུམ་གྱིས་སོ།།ཞེས་བྱང་སེམས་དབང་པོ་རྣོ་འབྲིང་རྟུལ་གསུམ་གྱིས་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱེད་ཚུལ་བསྟན་ཏོ།།སློབ་དཔོན་གྱི་ཞལ་སྔ་ནས་ཀྱི་ཆེ་བ་བརྗོད་པའི་སྐབས་ཏེ་བརྒྱད་པའི་བཤད་པའོ།།

ཟབ་རྒྱས་ཀྱི་ཆོས་ལ་ཉན་སྒོམ་བྱས་པའི་ཕན་ཡོན་གྱི་ལེའུ།

སྐབས་དགུ་པ་སྟེ་ཐ་མ་ནི་གོང་དུ་བསྟན་ཟིན་པའི་ཟབ་རྒྱས་ཀྱི་ཆོས་དེ་དག་མཉན་གསུམ་བསྒོམ་གསུམ་བྱས་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་ཚུལ་དང་།ལྷག་ཏུ་སྟོང་ཉིད་ཀྱི་དོན་བསྒོམས་པས་དུས་མ་ཡིན་པའི་འཆི་བ་སོགས་མི་འདོད་པ་ཐམས་ཅད་བཟློག་པར་གསུངས་པ་སྟེ།འདི་ལྟར་འཁོར་བའི་འཇིགས་པ་ཐམས་ཅད་ཀྱང་མི་འབྱུང་ཞིང་།དུས་མ་ཡིན་པའི་འཆི་བ་ལས་ཀྱང་རྒྱལ་བར་འགྱུར་ཏེ།མཚན་ཉིད་མེད་པའི་བདེ་ཆེན་པོ།།སྟོང་ཉིད་རྣལ་འབྱོར་དམ་པ་ནི།།འཆི་བ་སླུ་བའི་གཙོ་བོ་སྟེ།།གཞན་གྱིས་འཆི་བདག་འཇོམས་མི་ནུས།།ཞེས་གསུངས་སོ།།ནད་ཐམསས་ཅད་ལས་རྒྱལ་བ་ཐོབ་སྟེ།འཕགས་པ་ལྷའི་ཞལ་སྔ་ནས།བཤང་དང་གཅི་བ་འབྱུང་བ་དང་།།རིམས་དང་ནད་ལ་སོགས་པ་དང་།།རང་བཞིན་རྒས་པ་ལ་སོགས་པ།།རྟག་ཏུ་སྒྱུ་མས་གསོ་བར་བྱ།།ཞེས་གསུངས་སོ།།ཞེས་དང་།སློབ་དཔོན་དྷརྨཱ་གྲས་ཀྱང་།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་བསྲུངས་པ་ལ་ནི་སྲུང་བ་གཞན་གྱིས་བསྲུང་མི་དགོས་སོ་ཞེས་གསུངས་སོ།།ཡང་གསུངས་པ།སྟོང་པ་ཉིད་ནི་རྣམ་བསྒོམས་ན།།འཆི་བདག་གིས་ནི་མ་མཐོང་ཞིང་།།གཞན་ཡང་བདུད་ནི་བྱེ་བས་ཀྱང་།།མཐོང་བར་འགྱུར་བ་མ་ཡིན་ནོ།།ཞེས་གསུངས་སོ།།ཞེས་སོགས་ཏེ་སྟོང་པ་ཉིད་བསྒོམས་པའི་ཕན་ཡོན་གནས་སྐབས་དང་མཐར་ཐུག་གི་དོན་ཐམས་ཅད་འགྲུབ་པར་གསུངས་སོ།།ཕན་ཡོན་གྱི་སྐབས་ཏེ་དགུ་བའི་བཤད་པའོ།།

མཛད་བྱང་དང་ལོ་ཙཱ་པའི་འགྱུར་བྱང་གི་སྐོར།

བསྔོ་བ་དང་མཛད་བྱང་།པཎ་ཊི་ཏ་དང་ལོ་ཙཱ་པ་གང་གིས་བསྒྱུར་པ་ནི།ཉམས་དགའ་འཚེ་བ་ཐམས་ཅད་བྲལ་བ་ཡི།།ཤིང་རྟ་ཆེན་པོའི་ལམ་འདི་བཤད་པ་ལས།།བསོད་ནམས་བསགས་པ་དེ་ཡིས་འགྲོ་བ་རྣམས།།རྐང་གཉིས་དབང་བོའི་གནས་སུ་འགྲོ་བར་ཤོག།བཀའ་མ་ལུས་པའི་སྙིང་པོ་བསྡུས་པ།དེ་ཁོ་ན་ཉིད་གསལ་པོར་སྟོན་པ་དབུ་མ་རིན་པོ་ཆེའི་སྒྲོན་མ།བདག་དང་གཞན་ཐམས་ཅད་ཀྱི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུ་མཁྱེན་པའི་ཕ་རོལ་ཏུ་ཕྱིན་པ་སྐུ་ཚེ་འདི་ཉིད་ལ་སྐུ་ལུས་དེ་ཉིད་ཀྱིས་རིག་འཛིན་གྱི་གནས་སུ་གཤེགས་པའི་སློབ་དཔོན་མཁས་པ་ཆེན་པོ་བྷ་བྱས་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་གསུང་བཞིན་དུ་མཛད་པ་རྫོགས་སོ།།བླ་མ་རྗེ་བཙུན་ཟངས་གླིང་པ་དགེ་བསྙེན་མགོན་པོ་ལ།པཎ་ཊི་ཏ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་བཀའ་དྲིན་ཞུས་པ་ལས།ཕྱིས་སོ་མ་པུ་རིའི་གཙུག་ལག་ཁང་དུ་རྒྱ་བརྩོན་འགྲུས་སེང་གེ་དང་།ནག་ཚུལ་ཁྲིམས་རྒྱལ་བ་གཉིས་ཀྱིས་ཡང་དང་ཡང་དུ་ཞུས་ནས་བསྒྱུར་ཅིང་གཏན་ལ་ཕབ་པའོ།།ཞེས་སོ།།འདིར་གསལ་བ་ལྟར་བྷ་བྱས་ཞེས་པ་ནི་བོད་སྐད་དུ་ལེགས་ལྡན་ཞེས་པའི་དོན་ཡིན་ལ།ཤེས་རབ་སྒྲོན་མའི་མཛད་བྱང་དུའང་།དེའི་འགྲེལ་པ་ཤེས་རབ་སྒྲོན་མ་ཐེག་པ་མཆོག་གི་ཚུལ་སྒྲུབ་པར་བྱེད་པ།ལྟ་བ་ངན་པའི་དྲི་མ་སེལ་བར་བྱེད་པ།རྗེས་སུ་དཔག་པ་དང་།སུན་དབྱུང་བའི་གསལ་བ་དང་།དེ་ཁོ་ན་སྟོན་པ།སློབ་དཔོན་ལེགས་ལྡན་བྱེད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དམ་པ་མཆོག་བརྙེས་པ།བདག་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་བྱེད་པ་བྱོན་པ།རིག་སྔགས་འཆང་གྲུབ་པའི་གནས་ཁྱད་པར་ཅན་དུ་གཤེགས་པ།སྐུ་ཚེ་དེ་ཉིད་ཀྱིས་རྡོ་རྗེའི་གདན་བགྲོད་པའི་ཐུགས་དམ་ཅན་གྱིས་ཉེ་བར་སྦྱར་བ་རྫོགས་སོ།།ཞེས་འབྱུང་བ་དང་ཁྱད་པར་ཆེར་མི་འདུག་ཀྱང་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་ཤེས་རབ་སྒྲོན་མར་རྗེས་དཔག་གམ་གཏན་ཚིགས་ཀྱི་སྒོ་ནས་སློབ་དཔོན་ཀླུ་སྒྲུབ་ཀྱི་དབུ་མའི་གཞུང་རྩ་ཤེའི་དགོངས་པ་གཏན་ལ་ཕབས་ལ།གཞུང་འདིར་རྗེས་དཔག་གམ་རྟོག་གེའི་རིག་པ་སྦྱང་བ་ལ་སྤྱིར་དགོས་པ་ཆེར་མེད་ཚུལ་གསུངས་པས།ཚུལ་འདིས་སྔ་རྩོམ་དང་ཕྱི་རྩོམ་ལ་ཁྱད་ཤོར་བའམ་ལྟ་གྲུབ་མི་གཅིག་པ་མཚོན་ཡོད།གཞན་ཡང་པ་ཚབ་ཀྱི་རྩ་ཤེའི་འགྲེལ་པར།བྷ་ཕྱ་གིར་ཏི་ན་རེ།ནང་གི་སྐྱེ་མཆེད་རྣམས་ཆོས་ཅན།དོན་དམ་པར་རང་ལས་སྐྱེ་བ་མ་ཡིན་ཏེ།ཡོད་པ་ཡིན་པའི་ཕྱིར་རོ།།དཔེར་ན་བདག་བཞིན་ནོ།།དམ་བཅའ་བ་ནི་རང་ལས་སྐྱེ་བ་མེད་པར་དགག་པ་ཙམ་སྟེ།མ་ཡིན་དགག་ཡིན་ན་ཤེས་རབ་ཕ་རོལ་ཕྱིན་པའི་མདོ་དང་འགལ་བར་འགྱུར་ཏེ།མདོ་ལས་གཟུགས་སྐྱེ་བ་མེད་པའོ་ཞེས་དཔྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ་ཞེས་པ་ལ་སྩོགས་པ་གསུངས་པས་སོ།།ཞེས་རང་རྒྱུད་ཀྱིས་འགོག་གོ།ཞེས་དང་།བྷ་ཕྱས་བུ་ཏ་པ་ལི་ཏ་ལ་སྐྱོན་བརྗོད་པའི་སྐྱོན་དེ་གསུམ།ཟླ་གྲགས་གྱི་སྐྱོན་སྤོང་བ་ལས་དང་པོ་མེད་དེ།ཞེས་བྷ་བྱས་བུདྡྷ་པཱ་ལི་ཏ་ལ་སྐྱོན་བརྗོད་ཅེས་འབྱུང་བ་ལ་གཞིག་ན་བྷ་ཕྱ་གིར་ཏི་ཞེས་པ་ནི་སློབ་དཔོན་ལེགས་ལྡན་འབྱེད་ཡིན་པར་ངེས།ཡང་སློབ་དཔོན་སྐལ་ལྡན་གྲགས་པའི་རྗེས་སུ་བརྗོད་ནས་སུན་དབྱུང་བ་ནི་གཉིས་ལས།དང་པོ་འདོད་པ་ནི་སློབ་དཔོན་རང་རྒྱུད་ཀྱིས་གཞན་ལས་སྐྱེ་བ་འགོག་པ་སྟེ།ནང་གི་སྐྱེ་མཆེད་རྣམས་ཆོས་ཅན།དོན་དམ་པར་གཞན་ལས་སྐྱེ་བ་མ་ཡིན་ཏེ།གཞན་ཡིན་པའི་ཕྱིར།དཔེར་ན་བུམ་པ་བཞིན་ཏེ་བུམ་པ་གཞན་ཡིན་པས་མིག་ཨེ་ཏེ་པ་ལ་མི་སྐྱེ་བ་བཞིན་ནོ་ཞེའོ།།ཞེས་སློབ་དཔོན་སྐལ་ལྡན་གྲགས་པའང་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་མཚན་གྱི་རྣམ་གྲངས་ཤིག་ཡིན་པར་རྩོད་ལན་བཏབ་ཚུལ་གྱིས་ཤེས་ལ།བྷ་བྱ་ཀིརྟི་དང་བྷ་བྱ་ཞེས་པ་གཉིས་མིང་རྒྱས་བསྡུས་ཙམ་ལས་མི་གཅིག་གི་མིང་ཡིན་མིན་དཔྱད་རྒྱུ་ཡོད་པར་སྣང་ལ།གལ་ཏེ་མིང་སོ་སོར་སྣང་བ་ལྟར་དོན་ཡང་སོ་སོ་ཡིན་ན་གཞུང་འདི་ཡང་ལེགས་ལྡན་ཟེར་བས་མཛད་པ་ཙམ་ལས་ལེགས་ལྡན་འབྱེད་ཀྱིས་བརྩམས་པའི་ཁུངས་སུ་མི་འགྲོ།འོན་ཀྱང་འགྱུར་བྱང་དུ་བཀོད་པ་ལྟར་ན་གཞུང་འདི་ཇོ་བོ་ཆེན་པོས་བླ་མ་དགེ་བསྙེན་མགོན་པོ་ལ་ཞུས་ལ།ཇོ་བོ་ལའང་ལོ་ཙཱ་པ་གཉིས་ཀྱིས་ཡང་ཡང་ཞུས་ནས་གཏན་ལ་ཕབ་པར་གསུངས་པས།འདི་བདེན་དུ་ཆུགས་ན་ཆེས་དཔྱད་གཞི་ཆེ་སྟེ། ཇོ་བོ་ཆེན་པོས་གཞུང་འདི་སློབ་དཔོན་ཆེན་པོ་ལེགས་ལྡན་འབྱེད་ཀྱིས་མཛད་པ་ཡིན་ཤག་བྱས་ཏེ་ལོ་ཙཱ་པ་ལ་རྣམས་ལ་བསྒྱུར་དུ་བཅུག་པར་སྣང་བས་དཔྱད་གཞི་ཤིན་ཏུ་ཆེ། དེ་བས་དགེ་འདུན་ཆོས་འཕེལ་གྱིས་གསུངས་པ་ལྟར་སྐབས་དེའི་རྒན་པོ་ཞིག་ད་ལྟ་ཡོད་ན་འདྲི་བར་ཟད་ཀྱི།གཞན་ལོ་རྒྱུས་ཀྱི་གཏན་ཚིགས་དང་ཁུངས་གང་བཙན་ལ་ཡིད་འགེལ་བ་ལས་ཐབས་གཞན་ཅི།།འོན་ཀྱང་ཕྱོགས་འདི་ལ་ཇོ་བོས་མཛད་པའི་བདེན་གཉིས་ལས་ཀྱང་མངོན་སུམ་དང་རྗེས་དཔག་ཚད་མ་ནི་མུ་སྟེགས་ཀྱི་རྒོལ་བ་བཟློག་པ་ཙམ་ལས་དགོས་པ་མེད་པར་སློབ་དཔོན་བྷ་བྱས་གསུངས་ཞེས།གཞུང་འདི་མ་གཏོགས་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་གཞུང་རྩོད་མེད་དག་ཏུ་དེ་འདྲའི་གསུང་མེད་ཚད་སྣང་བས་བདེན་གཉིས་ཀྱི་ཁུངས་གཏུག་སའང་གཞུང་འདི་ཉིད་ཡིན་པར་གོར་མ་ཆག་གོ།དེ་ལྟར་ན་བདེན་གཉིས་མཛད་པ་པོའང་ཇོ་བོ་ཡིན་ཞེས་ཁ་ཚོན་གཅོད་དཀའ་བར་མཐོང་ལ།དཔྱོད་ལྡན་དག་གིས་བདེན་གཉིས་ཇོ་བོས་མཛད་པར་དམ་བཅས་པ་དེ་སྲིད་དུ་འདིའང་བྷ་བྱས་ཀྱིས་བྱས་པ་མིན་པའི་ཐག་གཅོད་མི་ནུས་སྙམ་སྟེ།འདིར་སློབ་དཔོན་ཆེན་པོ་ལེགས་ལྡན་འབྱེད་ཀྱིས་མཛད་པའི་རྩོད་མེད་ཀྱི་གཞུང་རྣམས་སུ་མི་འབྱུང་བའི་སློབ་དཔོན་ཟླ་བའི་མཚན་གྱི་གྲངས༡༢དང་།ཟླ་གྲགས་ལ་ཆེ་བསྟོད་དང་།ཟླ་གྲགས་ཀྱི་གཞུང་ཁུངས་སུ་འདྲེན་པ་དང་།ཕྱོགས་གླང་དང་ཆོས་གྲགས་ཀྱི་གཞུང་སོགས་ཀྱང་ཁུངས་སུ་དྲངས་པ་མང་བས་དབུ་མའི་སློབ་དཔོན་ཆེན་པོ་ལེགས་ལྡན་འབྱེད་ཀྱིས་བརྩམས་པ་མིན་པའི་ཁ་ཚོན་དབུ་མའི་ཐལ་བཟློག་གི་རྩོད་པ་སོང་མྱོང་ཡན་ཆད་ཀུན་གྱིས་གཅོད་པར་ངེས་མོད།ད་དུང་ཇོ་བོས་མཛད་པར་གྲགས་པའི་བདེན་གཉིས་དང་འདིའི་འགྱུར་བྱང་དུ་བཀོད་པའི་ཇོ་བོའི་གསུང་དང་བདག་གིས་བཀོད་པ་རྟོག་གེ་འབར་བ་སོགས་ལ་དཔྱད་པ་ནན་ཏན་གཏོང་དགོས་པར་འདུག་གོ།ཞེས་ཀྱང་བརྗོད་པར་འདོད་དོ། །

བོད་རབ་བྱུང༡༧རབ་གནས་མེ་བྱ་ལོའི་དགུན་ཟླ་འབྲིང་བོའི་དགུན་གནང་ཚེས༢༢ཉིན།ངག་དབང་མཁས་གྲུབ་ཏུ་འབོད་པས་དབུ་མ་རབ་འབྱམས་པའི་རྒྱུགས་སྤྲད་ནས་ལྷོད་པོའི་ངང་མཇུག་ལེགས་པར་གྲུབ་པར་བྱས་པ་སརྦ་མངྒ་ལཾ།ཤེས་རབ་འཕེལ།

གསལ་བཤད། འདིའི་མ་ཕྱི་ལ་མཆན་བུ་མང་པོ་འདུག་ཀྱང་ངོ་བཤུས་སྐབས་གཅིག་ཀྱང་བཀོད་ཐབས་མ་བྱུང་བས་དགོངས་འགལ་མེད་པར་ཞུ།

                                                                                                       རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
         གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།